ཆོས་བསྐོར་དུས་ཆེན་ངོ་སྤྲོད།

ཆོས་བསྐོར་དུས་ཆེན་ངོ་སྤྲོད།

བསྔགས་འོས་བསྔགས་བསྟོད་ལས།

 ཉིད་ཀྱི་དོན་ནི་ཡོངས་རྫོགས་ཤིང༌།  །གཞན་གྱི་དོན་ལ་མངོན་བརྩོན་པ།  །

དམ་ཆོས་བདུད་རྩི་སྩོལ་བ་པོ།  །འཚིམ་པར་མཛད་ལ་ཕྱག་འཚལ་ལོ།  །

༈ འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཞེས་མཚན་གྱི་སྒྲ་དབྱངས་རྣ་བར་ཐོས་པ་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་སེལ་བར་ནུས་པ་གང་དེས་ཚོགས་གཉིས་ཀྱི་མཐུ་ཕུལ་དུ་བྱུང་བ་བསགས་ནས་འོག་མིན་དུ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཟིན་ཀྱང༌། གདུལ་བྱའི་དོན་དུ་འཕགས་ཡུལ་རྡོ་རྗེ་གདན་དུ་མཆོག་གི་སྤྲུལ་སྐུར་འཚང་རྒྱ་བའི་ཚུལ་བསྟན་ཏེ། མཛད་པ་ཀུན་གྱི་མཆོག་ཏུ་གྱུར་པ་གསུང་གི་མཛད་པ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་ནང་ཚན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཚུལ་ནི། སྟོན་པ་དགུང་ལོ་སོ་ལྔ་ལ་བབ་པ་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔར་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་རྗེས་སུ་ཞག་བདུན་ཕྲག་བདུན་ཐུགས་ལས་ཆུང་ངུར་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་མ་སྐོར་བའི་ཚུལ་བསྟན་པ་ན།

ཕྱོགས་བཅུའི་ཞིང་ནས་བྱང་སེམས་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་ཐལ་མོ་སྦྱར་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བས་ཞལ་གྱིས་བཞེས་ཏེ་ཝ་ར་ཎ་སིར་བྱོན་ཏེ་དེའི་ཚེ་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་ལྔ་སྡེ་དག་ལ་བདེན་བཞི་ལན་གསུམ་དང༌། རྣམ་པ་བཅུ་གཉིས་སུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། དེའི་ཚེ་ཀུན་ཤེས་དགྲ་བཅོམ་པ་ཐོབ་ཅིང༌། རྟ་ཐུལ་དང༌། རླངས་པ། མིང་ཆེན། བཟང་ལྡན་བཞི་པོས་མཐོང་ལམ་ཐོབ། དེ་ལྟར་ལྔ་སྡེས་བདེན་པ་རྟོགས་མ་ཐག་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྱུར། ཡང་དགེ་སློང་དག་གཟུགས་ནི་བདག་མ་ཡིན་ནོ།  ། ཞེས་སོགས་བདག་མེད་ལས་བརྩམས་ཏེ་ཆོས་འཁོར་བསྐོར་བས། གཞན་བཞིས་ཀྱང་དགྲ་བཅོམ་པ་མངོན་དུ་བྱས། འཁོར་དུ་འདུས་པའི་ལྷ་བརྒྱད་ཁྲིས་ཀྱང་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།  །

ཆོས་འཁོར་བསྐོར་བའི་དུས་ཆེན་ནི་ཁྱད་པར་ཅན་གྱི་དུས་ཆེན་བཞིའི་ནང་གསེས། ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཞིའི་ཉིན་སྟོན་པ་ཐུབ་པའི་དབང་པོས་ཡུལ་ཝཱ་རཱ་ཎ་སིའར། འཁོར་གྱི་ཐོག་མ་ཀུན་ཤེས་ཀོ་ཌི་ཡ་ན་དང་རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཚིགས་ལ་བརྟེན་གཙུག་ལག་ཁང་དང་རྩེ་ཕོ་བྲང་སོགས་ལ་མཆོད་འབུལ་གཟབ་རྒྱས་བྱེད་སྲོལ་ཡོད་ཅིང༌། ལྷ་སའི་ཉེ་འཁོར་དུ་ཟླ་བ་༦ཚེས་༤ཉིན་སྟོན་པ་ཐུགས་རྗེ་ཅན་གྱིས་ཡུལ་ཝ་ར་ཎ་སིར་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་བརྟེན་རྟེན་མཆོག་རྣམས་ལ་མཆོད་འབུལ་དང༌། ལྷག་པར་ལྷ་ས་དང༌། ཉེ་འཁོར་གཞིས་གྲོང་མི་དམངས་མང་པོས་སེར་འབྲས་དགེ་གསུམ་དང༌། རི་ཁྲོད་ཁག་ལ་གནས་མཇལ་དུ་ཕྱིན་ནས་ཕྱིར་ལོག་སྐབས་ལྷ་སའི་བར་སྐོར་ནང་སེ་འབྲུམ་དང༌། གམ་བུའི་རྒྱན་ཆས་གྱོན་བཞིན་གླུ་གར་དང༌། སྒོར་གཞས་ལ་སོགས་པ་བྱེད། ལྷ་ལུང་རི་ཁྲོད་དང༌། ཕ་བོང་ཁ། ཆུ་བཟང༌། ཕུར་ལྕོགསེ་ར་དབུ་ལྕོགསེ་ར་དབུ་རྩེ། ཀེའུ་ཚང༌། ཤར་ནུབ། མི་ཆུང་རི། རི་རྒྱ་བསམ་གཏན་གླིང་སོགས་རི་ཁྲོད་ཁག་ལ་གནས་མཇལ་དུ་བསྐྱོད་སྲོལ་ཡོད། གཞོན་ནུ་མ་རྣམས་ཀྱིས་སེ་འབྲུ་དང་ལྗོན་ཤིང་ཡལ་འདབ་ཀྱི་སྤ་ཕྲུག་གྱོན་ཏེ་གླུ་གཞས་དང༌། རྣམ་ཐར་སོགས་གཏོང་བཞིན་མཆོད་མཇལ་ཚར་ནས་རང་རང་གི་ཁྱིམ་ལ་ཕྱིར་ལོག་སྐབས་ནང་མིས་ཇ་ཆང་དང་ཟ་ཆས་སོགས་འཁྱེར་ཏེ་བསུ་བར་འགྲོ་བ་དང་ཆབས་ཅིག་གཤོང་ག་གླིང་ག་དང༌༑གྲ་ཕྱི་གླིང་ཁ་སོགས་སུ་གུར་དང་ཡོལ་བ་བཏང་སྟེ་སྤྲོ་སྐྱིད་ཀྱང་གཏོང་སྲོལ་ཡོད་པའི་ཆོས་ཀྱི་དུས་ཆེན་ཞིག་ལགས་སོ།  །

ཉིན་འདི་ནི་སྔོན་སྟོན་པར་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང༌། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པས་ཡུལ་ཝཱ་ར་ཎ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བས། དེ་ལ་རྗེས་དྲན་གྱི་ཕྱིར་དགོན་པ་སོ་སོ་ནས་འདོན་པ་རྒྱས་པ་གསུང་པ་དང༌། གོས་སྐུ་བཤམས་པ་སོགས་ཀྱི་ཆོ་ག་ཕྱག་ལེན་བྱེད།

 

བརྒྱུད་སྐུལ།

མཆན་སྤེལ།