ཆོས་འབྱུང་ཕྱོགས་སྒྲིག

ཆོས་འབྱུང་ཕྱོགས་སྒྲིག
༄༅། །བོད་ཀྱི་ལོ་རྒྱུས་ཡིག་ཚགས་དཔེ་ཚོགས་ཞེས་པ་ལས་དེབ་ཉེར་དགུ་པ་ནི་ཆོས་འབྱུང་ཕྱོགས་སྒྲིག་ཡིན། འདིར་ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོས་ཤིང་ཕོ་འབྲུག་གི་ལོ་སྟེ་ཕྱི་ལོ་ ༡༤༨༤ ལོར་མཛད་པའི་བཀའ་གདམས་ཆོས་འབྱུང་ཉིན་མོར་བྱེད་པའི་འོད་སྟོང་ཞེས་བྱ་བ་དང་། ཤཱཀྱའི་དགེ་སློང་བསོད་ནམས་གྲགས་པའི་དཔལ་གྱིས་ལྕགས་ཕོ་ཁྱིའི་ལོ་སྟེ་ཕྱི་ལོ་ ༡༤༩༠ ལོར་རྩོམ་སྒྲིག་མཛད་པའི་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ཞེས་བྱ་བ་དང་།


འོལ་དགའ་མཁར་ནག་ཏུ་རྗེ་རིགས་ལས་སྐུ་འཁྲུངས་པའི་མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་དུས་རབས་བཅུ་དྲུག་པའི་མཇུག་ཏུ་མཛད་པའི་དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགྱེས་བྱེད་ཅེས་བྱ་བ་དང་། ལྔ་པ་ཆེན་པོའི་བཀའ་འབངས་སུ་གཏོགས་པའི་འོལ་དགའ་རྗེ་རིགས་ལས་སྐུ་འཁྲུངས་པའི་བཛྲའམ་མཚན་གཞན་དུ་མཁར་ནག་པ་རྡོ་རྗེ་ཚེ་བརྟན་གྱིས་མེ་མོ་ཡོས་ལོ་སྟེ་ཕྱི་ལོ་ ༡༦༨༧ ལོར་མཛད་པའི་འོལ་དགའ་ཆོས་འབྱུང་རྙོག་བྲལ་ནོར་ལྡན་གྱི་རྫིང་བུ་ཞེས་བྱ་བ་དང་། ཤེལ་དཀར་གྱི་མཁས་དབང་ངག་དབང་སྐལ་ལྡན་རྒྱ་མཚོའམ་འཇམ་དབྱངས་དགྱེས་པའི་འབངས་ཞུ་བས་ཆུ་ཕོ་བྱི་བའི་ལོ་སྟེ་ཕྱི་ལོ་ ༡༧༣༢ ལོར་གྲུབ་པར་མཛད་པའི་ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན་ཞེས་བྱ་བ་བཅས་ཆོས་འབྱུང་ཁག་ལྔ་ཕྱོགས་སྒྲིག་བྱས་ཡོད། ཆོས་འབྱུང་འདི་དག་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་བྲིས་མ་གཞིར་བཞག་སྟེང་། བྲིས་མ་ཁག་མ་འདྲ་བ་བཞུགས་པ་ཕན་ཚུན་བསྡུར་ཏེ་གང་ལེགས་སུ་རྩོམ་སྒྲིག་བྱས་པ་ཡིན་ནོ། །མངྒ་ལཾ།

 

བརྒྱུད་སྐུལ།

མཆན་སྤེལ།