ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ།

ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ།

སློབ་དཔོན་ཀ་མ་ལ་ཤཱི་ལ་དང་ཧྭ་ཤང་མ་ཧྭ་ནའི་སྐོར།

 

དེའི་ཚེ་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་༼ཇ༡༡༥ན༽བྱ་བ་ཞིག་བྲག་དམར་དུ་མཆིས་པ་ལས། དེས་ལུས་ངག་གི་ཆོས་སྤྱོད་མི་དགོས། ལུས་ངག་གི་དགེ་བས་འཚང་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས་བོད་ཀྱི་བན་དྷེ་རིལ་པོ་ཐལ་གྱིས་ཁོའི་ཆོས་ལ་བསླབས་ཏེ་བསམ་ཡས་ཀྱི་གཙུག་ལག་ཁང་ལ་མཆོད་པ་འཕྲོ་ཆད། སློབ་གཉེར་དང་ལུས་ངག་གི་དགེ་བ་རྒྱུན་ཆད། རྦ་རཏྣ་དང་བཻ་རོ་ཙ་ན་ལ་སོགས་ཉུང་ཤས་ཅིག་བོ་དྷི་ས་ཏྭའི་ཆོས་སློབ་བོ། །དེར་ལྟ་བ་མ་མཐུན་ནས་རྩོད་སྟེ་འཁྲུགས་པས་བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མིན་ནམ་གསུངས་པས་སྟོན་མིན་པ་བྱ་བར་གྲགས། གཅིག་ཤོས་ན་རེ་དྲང་སྲོང་བཟོད་པར་སྨྲ་བས་ལུས་ལ་མེ་བཏང་ནས་ཀྱང་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་བསམ་པས་ཚོགས་བསག་པ་གལ་ཆེ་ཟེར་བས། རྒྱལ་པོ་ན་རེ་ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས།

 

སྤྱིར་ལྟ་བ་དང་སྤྱོད་པ་འཛོམ་པའི་ཆོས་ཤིག་ཡིན་པ་ལ་བརྩེ་མིན་པའི་ལྟར་ཡིན་གསུངས་པས་སྟོན་མིན་པ་ཡིད་ཆད་ནས་མ་ཧྭ་ཡ་ནའི་སློབ་མ་ཉང་ཤ་མིས་རང་གི་ཤ་བཏུབ། སྙགས་བྱེ་མ་ལ་དང་རྔོགས་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་ཧྭ་ཤང་མ་མགོས་རང་གི་མགོ་ལ་མེ་བཏང་སྟེ་འདས། གཞན་མ་རྣམས་ཆུ་གྲི་རྣོན་པོ་རེ་བསྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ་ངེད་ཀྱང་རིལ་ཕྲུ་མའི་ངོས་ལ་འཆིའོ་ཟེར་ནས་དེ་རྒྱལ་པོའི་སྙན་དུ་བདས་པས་གསན་ཏེ། རྒྱལ་པོས་བན་དྷེ་སྟོན་རྩེན་གཉིས་ཀྱི་བར་གཉའ་གཡོན་བསྒོར་བསྒོར་ནས་འདིར་བན་དྷེ་ཀུན་ལྟ་བ་མ་མཐུན་བར་འཁྲུགས་པ་ལ་ཇི་ལྟར་མཛད་ཀྱང་མཁྱེན་པ་དང་ཇི་ལྟར་བྱ་ཞེས་ནི་བཀའ་ཕྲིན་སྤྲིངས་ནས་ཡེ་ཤེས་དབང་པོ་འཕྲལ་དུ་ཤོག་ཅིག་ཅེས་ཕོ་ཉ་དུ་མ་ཞིག་བརྫངས་པ་ལས་མ་ཁུགས་ནས་ནང་བློན་གནོན་ཁམས་པ་བཏང་སྟེ་ཁྱོད་ཀྱིས་ཡེ་ཤེས་དབང་པོ་ཁུགས་ན་ཁྱོད་ལ་ཟངས་ཆེན་པོ་བྱ་དགར་བྱིན། མ་ཁུགས་ན་ཁྱོད་གསོད་ཏོ་ཞེས་བཀའ་བསྩལ་ཏེ་སྒྲོམ་བུ་བསྐུར་ནས་བཏང་ངོ༌། །གནོན་ཁམས་༼ཇ༡༡༥བ༽པས་མཁར་ཆུར་ཕྱིན། བཀའི་སྒྲོམ་བུ་བྲག་ཕུག་དུ་བསྐུར་ཏེ་ཞལ་མཇལ་བར་ཅི་གནང་ཞེས་ཞུས་པས་མཇལ་ནས་བདག་དངོས་རྐང་བཙུགས་ཏེ་འོངས་ན་བྱོན་ན་ཤིན་དུ་ཐུགས་ལ་བཏགས་ཏེ་བདག་ལ་ཡང་བྱ་དགའ་གནང་བར་བདོག །མ་བྱོན་ན་བདག་གསོད་པར་ཡོད་པས་བྲག་གཡང་འདི་ལ་བདག་འཕྱོངས་ཏེ་འགུམ་མོ་ཞེས་ཞུས་པས་ཡེ་ཤེས་དབང་པོའི་ཞལ་ནས། འདི་ངའི་དགེ་སྦྱོར་ལ་བར་ཆད་བྱེད་པའི་བདུད་ཆེན་པོ་ཞིག་འོང་ན་འོན་ཀྱང་ཁྱོད་ཀྱི་སྲོག་དབྱུང་གིས་ང་འོང་བས་རྟ་ཁྲིད་སྟེ་ཤོག་ཅིག་གསུངས་ནས་དགའ་ཆེས་ཏེ་ཕོ་བྲང་དུ་ལོག །འཕྲལ་དུ་ཟངས་ཆེན་པོ་དང་བྱ་དགའ་ཆེ་ཐང་དུ་བསྩལ། ཆིབས་གུ་རུབ་བཅུ་དྲུག་བཏང་བས་ཡེ་ཤེས་དབང་པོ་ཕོ་བྲང་དུ་འོངས་ནས་སྤྱན་སྔར་མཆིས་པ་དང༌། བཙན་པོའི་ཞལ་ནས་བན་དྷེ་དག་འདི་ལྟར་འཁྲུགས་ན་ཞེས་ལོ་རྒྱུས་ཞིབ་ཏུ་གསུངས་ནས་ད་ཇི་ལྟར་བྱ་ཞེས་གསུངས་པ་དང༌། ཡེ་ཤེས་དབང་པོས་གསོལ་པ། དེ་ལ་བདག་འདིར་དགུག་མི་འཚལ། བདག་འདིར་མ་མཆིས་ཏེ་སྒོམ་པའི་བར་ཆད་མ་བྱུང་ན་བཙན་པོའི་སྐུ་ཚེ་དང་བདག་གི་ཚེ་ཡང་ཡུན་རིང་དུ་གནས། ལྷ་ཆོས་ཀྱང་བྱམས་པ་གཤེགས་ཀྱི་བར་དུ་གནས་པར་འགྱུར་བ་ཞིག་ན་བོད་སྐལ་བ་མ་མཆིས་པས་ལན། མཁན་པོ་འདའ་ཁར་འདི་སྐད་གསུངས་ཏེ་ཡོང་ནི་སངས་རྒྱས་ཀྱི་བསྟན་པ་གར་བྱུང་བར་མུ་སྟེགས་ཀྱི་རྒོལ་བ་རེ་འགྲན་ཟླར་འོང་ན་ཡང་བོད་ཡུལ་དུ་བསྟན་པ་ལྔ་བརྒྱའི་ཐ་མ་ལ་བྱུང་བས་མུ་སྟེགས་ཀྱི་རྒོལ་པ་ནི་མི་འབྱུང༌། སངས་རྒྱས་པ་ཉིད་ལྟ་བ་མ་མཐུན་ཏེ་རྩོད་པར་འགྱུར་གྱིས་དེ་ལྟ་བུ་བྱུང་ན་ངའི་སློབ་མ་ཀ་མ་ཤཱི་ལ་བྱ་བ་ཞིག་བལ་ཡུལ་ན་འདུག་པ་སྤྱན་དྲོངས་ལ་དེ་དང་ཤེས་པ་འགྱེད་ཏུ་ཆུག་ལ་རྒྱལ་པོས་བསྡུམས་གྱིས་ཤིག །རྩོད་པ་ཆོས་ཕྱོགས་སུ་འདུམ་པར་འགྱུར་རོ་ཞེས་གསུང་གི་དེ་ཡང་དེ་ལྟར་མཛད་ཏུ་གསོལ་ཞེས་གསོལ་པ་དང༌། བཙན་པོས་ཀ་མ་ལ་ཤཱི་ལ་འགུགས་སུ་ཕོ་ཉ་བཏང་བ་དང༌། སྟོན་མིན་པ་དཔོན་གཡོག་སུམ་༼ཇ༡༡༦ན༽བརྒྱས་ཤེས་རབ་འབུམ་བླངས་ཏེ་བསམ་གཏན་གླིང་སྒོ་བཅད་ནས་ཟླ་བ་བཞིའི་བར་དུ་ཤགས་བསླབས། ཆོས་བྱ་མི་དགོས་ཉལ་བས་ཆོག་ཅེས་སྟོན་པ་བསམ་གཏན་ཉལ་ཆོག་གི་འཁོར་ལོ། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན་དང་ཡང་ལོན་གཉིས། རིགས་པས་སྒྲུབ་པ་ལྟ་བའི་རྒྱབ་ཤ་དང་ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་བཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རྡོག་པས་དྲིལ་ཏེ་འདི་ཆོས་མིན་ཟེར་ནས་བོར། དེར་ཀ་མ་ལ་ཤཱི་ལ་མ་བྱོན་གྱི་བར་དུ་ཡེ་ཤེས་དབང་པོའི་ཧྭ་ཤང་གི་ལྟ་བ་དང་བོ་དྷི་ས་ཏྭའི་ལྟ་བ་རྩེན་མིན་གྱི་ལུགས་ཇི་ལྟར་ལགས་པ་རིལ་སྙན་དུ་གསོལ་བ་ལས་ལྷ་སྲས་ཀྱི་དགོངས་པ་ཡང་འཁྲོལ་ཏེ་དགྱེས་ཆེས་ནས་དབུ་བཏུད་སྟེ་ཡེ་ཤེས་དབང་པོ་ནི་ངའི་ཨཱ་ཙརྻ་ཞེས་ཡང་ཡང་གསུངས་ཏེ་ཡེ་ཤེས་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ནས་ཕྱིས་ཀ་མ་ལ་ཤཱི་ལ་རླུང་ཚུབས་ཀྱི་གྲུ་ལ་འཐོན་ཞེས་ཕོ་ཉ་བ་བྱུང་ཏེ་རྗེ་བློན་ཡོས་ཆབ་ཁར་གསུ་བ་ལ་བྱོན་པས་ཧྭ་ཤང་འཁོར་དང་བཅས་པ་ཡང་ཆབ་ཁར་བྱོན། ཀ་མ་ལ་ཤཱི་ལས་ཧྭ་ཤང་ལ་སྒྲ་ཚད་འདྲི་གསུངས་ནས་ཁམས་གསུམ་དུ་ཅིས་འཁོར་བྱ་བའི་བརྡར་ཕྱག་ཤིང་དབུ་ལ་ལན་གསུམ་དུ་བསྐོར་བས་ཧྭ་ཤང་གིས་ཆུ་ཚུར་ཁ་ནས་གོ་སྟེ་གཟུང་འཛིན་གཉིས་ཀྱིས་ལན་བྱ་བའི་བརྡར་བེར་གྱི་ཐུ་བ་ནས་ལན་གཉིས་སྤྲུགས། ཧྭ་ཤང་ན་རེ་འཇིགས་པོ་ཞིག་འདུག་ཟེར་སྐད། དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་བྱང་ཆུབ་གླིང་དུ་སེང་གེའི་ཁྲི་བཅས་ཏེ་བཙན་པོ་དགུང་ལ་བཞུགས། ཧྭ་ཤང་གཡས་སུ་སེང་གེའི་ཁྲི་ལ་བཞག་མཇུག་ལ་སྟོན་མིན་གྱི་སློབ་མ་རྣམས་དངར་ཏེ་ཇོ་མོ་བྱང་ཆུབ་དང༌། སྲུ་ཡང་དག་དང༌། བནྡྷེ་ལངྐ་ལ་སོགས་པ་མང་སྟེ་གྲལ་རིང་པོ་བྱུང༌། ཀ་མ་ལ་ཤཱི་ལ་གཡོན་དུ་སེང་གེའི་ཁྲི་ལ་བཞག་རྗེས་ལ་བརྩེ་མིན་གྱི་སློབ་མ་རྦ་དཔལ་དབྱངས་དང༌། བཻ་རོ་ཙ་ན་དང༌། ཡེ་ཤེས་དབང་པོ་ལ་སོགས་པ་དགེ་སློང་མི་མང་བ་ཞིག་སྟེ་ཉུང་ཤས་ཤིག་ལས་༼ཇ༡༡༦བ༽མ་བྱུང༌། བཙན་པོས་མཁན་པོ་གཉིས་དང་སྟོན་རྩེན་གྱི་བནྡྷེ་ཀུན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་རེ་ལག་དུ་ཕུལ་ནས་བཀའ་བསྩལ་པ། ངའི་མངའ་རིས་ཀྱི་འབངས་བོད་ནག་པོ་ལ་ཞེན་པ་རྣམས་ཀྱི་དོན་དུ་རྒྱ་གར་ནས་བོ་དྷི་ས་ཏྭ་སྤྱན་དྲངས་ཏེ་བོད་མི་ཉུང་ཤས་ཤིག་ཆོས་ལ་བཀོད། དད་པ་ཅན་ཤས་ཤིག་རབ་ཏུ་བྱུང༌། ལྷ་ཁང་འགའ་ཟུང་བཞེངས་ཏེ་དཀོན་ཅོག་གསུམ་གྱི་རྟེན་བཙུགས་ནས་འབངས་ཀུན་ལ་ལྷ་ཆོས་སློབ་ཏུ་བཅུག་པ་ལས་དད་པ་ཅན་ཉུང་ཤས་ཤིག་རབ་ཏུ་བྱུང་བའི་འོག་དུ་ཧྭ་ཤང་མ་ཧཱ་ཡ་ན་འདིར་མཆིས་པ་ལས་བོད་ཀྱི་བནྡྷེ་ཕལ་ཆེ་བ་ཅིག་ཧྭ་ཤང་ལ་སློབས། ཅིག་ནི་བོ་དྷི་ས་ཏྭའི་སློབ་མ་ཡིན་པས་ཧྭ་ཤང་གི་ལྟ་བར་སློབ་ཏུ་མ་བཏུབ་སྟེ་སྟོན་རྩེན་གཉིས་སུ་ཆད། དེ་གཉིས་མ་མཐུན་པར་འཁྲུགས་པ་ལ་ངའི་ཞལ་ཅེས་ཧྭ་ཤང་གི་སློབ་མ་རྣམས་མ་རངས་ཏེ་ཉང་ཤ་མི་རང་གི་ཤ་བཏུབས་ནས་ཤི། ཧྭ་ཤང་མེ་མགོ་ནི་རང་གི་མགོ་ལ་མེ་བཏང་ནས་ཤི། རྔོགས་རིན་པོ་ཆེ་དང་སྙགས་བྱེ་མ་ལས་ནི་རང་གི་ཕོ་མཚན་བརྡུངས་ནས་ཤི། གཞན་རྣམས་ཀྱང་ཆུ་གྲི་རེ་བསྲེལ་ཞིང་བརྩེ་མིན་པ་རིལ་གྱིས་བསད་ལ་བདག་ཅག་ཀྱང་ཕྲུ་མའི་ངོས་ལ་འཆི་ཟེར་སྟེ་ངས་དེ་ལྟར་བྱེད་ཏུ་མ་གནང་བར་གཉའ་གཡོན་བསྐོར་བ་ཡིན། བརྩེ་མིན་པའི་མཁན་པོ་བོ་དྷི་ས་ཏྭ་ཡིན། དེའི་སློབ་མ་ཀ་མ་ལ་ཤཱི་ལ་ཡིན་པས་ཁྱེད་འདིར་འོངས་པ་དང་ཧྭ་ཤང་དང་གཉིས་ཁ་བདུར་ལ་གཏན་ཚིགས་གང་བཟང་བ་ལ་སུ་གཏན་ཚིགས་ངན་པ་དེས་ང་རྒྱལ་མ་བྱེད་པར་ཆོས་ལུགས་བཞིན་དུ་མེ་ཏོག་ཕྲེང་བ་ཕུལ་ཞིག་ཞེས་བཀའ་བསྩལ་བ་དང༌། ཧྭ་ཤང་ན་རེ་ང་གཞི་ལ་སྔ་བས་ངས་དྲིའམ་ལན་གདབ་གསུངས་ཀ་མ་ལ་ཤཱི་ལའི་ཞལ་ནས་ཁྱོད་ཀྱི་དགོངས་པའི་ལྟ་བ་ལ་ཤགས་ཐོབ་ཅིག་གསུངས་པ་དང༌། ཧྭ་ཤང་ན་རེ། ཐམས་ཅད་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པས་ལས་དགེ་མི་དགེས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་ཞིག་ཅི་ལ་ཡང་༼ཇ༡༡༧ན༽མི་སེམས་ཞིང་ཅི་ཡང་མི་བྱེད་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་རྣམ་པ་བཅུ་ལ་སྤྱོད་པ་ནི་སྐྱེ་བོ་དགེ་བའི་ལས་འཕྲོ་མེད་པ་བློ་ཞན་པ་དབང་པོ་བརྟུལ་བོ་རྣམས་ལ་བསྟན་པ་ཡིན། སྔོན་བློ་སྦྱངས་པ་དབང་པོ་རྣོན་པོ་དག་ལ་སྤྲིན་དཀར་ནག་གཉིས་གང་གིས་ཀྱང་ཉི་མ་སྒྲིབ་པ་ལྟར་དགེ་སྡིག་གཉིས་ཀས་ཀྱང་སྒྲིབ་པས་དེ་བས་ན་ཅི་ལ་ཡང་མི་སེམས། ཅི་ལ་ཡང་མི་རྟོག་ཅི་ལ་ཡང་མི་དཔྱོད་པ་ན་མི་དམིགས་པ་ཅིག་ཅར་དུ་འཇུག་པས་ས་བཅུ་པ་དང་འདྲའོ་ཞེས་སྨྲས་པ་དང༌། ཨཱ་ཙརྻ་ཀ་མ་ལས་གསུངས་པ། དེ་ལྟར་ཅི་ཡང་མི་བསམ་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་དབྱིངས་རྣམ་པར་མི་རྟོག་པ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་དགོས་པ་ཡིན། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ན་དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སམ་ཤེས་རབ་ཀྱང་སྤངས་པར་འགྱུར་སྟེ་སོ་སོར་རྟོག་པའི་ཤེས་རབ་མེད་པར་རྣལ་འབྱོར་པས་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར། གལ་སྟེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ཡིན་ན་ཉམས་སུ་མྱོང་བ་རྣམས་མི་དྲན་ཞིང་ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་སྟེ་བདག་གིས་ཆོས་གང་ཡང་དྲན་པ་མི་བྱ་ཡིད་ལ་མི་བྱའོ་སྙམ་ན་ནི་དེ་ཉིད་དྲན་པ་ཤིན་དུ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་དང་ཡིད་ལ་བྱ་བ་མེད་པ་ཙམ་ལ་བྱེད་ན་མེད་པ་ནི་རྒྱུར་མི་རུང་སྟེ་དྲན་པ་མེད་པ་ཙམ་གྱིས་རྣམ་པར་མི་རྟོག་པར་འགྱུར་ན་བརྒྱལ་བ་དང་ར་རོ་བ་དང་བོག་པའི་དུས་སུ་ཡང་དྲན་པ་མེད་པས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་བས་ན་ཡང་དག་པའི་སོ་སོར་རྟོག་པ་མེད་པར་རྣམ་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་ཏོ། །དྲན་པ་ཙམ་པོ་བཀག་ཀྱང་ཡང་དག་པའི་སོ་སོར་རྟོག་པ་མེད་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས།༼ཇ༡༡༧བ༽ ངོ་བོ་མེད་པ་སྟོང་པ་ཉིད་མ་རྟོགས་ན་སྒྲིབ་པ་སྤོང་བར་མི་འགྱུར་བ་ཁོ་ནའོ། །སྟོང་པ་ཉིད་མ་རྟོགས་ཀྱང་དྲན་པ་མེད་པ་ཙམ་གྱིས་ཐར་པ་ཐོབ་པ་དང་གྲོལ་བར་འགྱུར་ན་ཁམས་གོང་མའི་ལྷ་ཐམས་ཅད་ཐར་པ་ཐོབ་པ་དང་གྲོལ་བར་འགྱུར་རོ། །དྲན་པ་ཅི་ཡང་མེད་པའི་རྨོངས་པའི་སེམས་ཀྱིས་ཡང་དག་པའི་ལམ་རྣལ་འབྱོར་དུ་ཇི་ལྟར་འགྱུར། དེ་ནི་གཉིད་སྟུག་པོའི་རྨོངས་པའི་སེམས་དང་འདྲའོ། །དྲན་པ་བཞིན་དུ་ཡང་མི་དྲན་བྱར་མི་རུང་ངོ༌། །དྲན་མེད་དང་ཡིད་ལ་བྱར་མེད་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང༌། དེ་བས་ན་ཡང་དག་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་སྣང་བ་རྒྱང་སྲིང་བ་ཡིན་ནོ། །དེ་བསྲིངས་ཅིང་སྤངས་པས་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྣང་བ་རྣལ་མའི་དོན་ཇེ་གསལ་ཇེ་གསལ་རྟོགས་པར་འགྱུར་རོ། །དེ་ལྟ་བུའི་དོན་ངེས་པར་རྟོགས་པའི་རྣལ་འབྱོར་བས་དུས་གསུམ་ཕྱི་ནང་ཐམས་ཅད་སྟོང་པར་རྟོགས་ཏེ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ལྟ་བ་ངན་པ་སྤོང་བར་འགྱུར་རོ། །དེ་ལྟ་བུ་དེ་བརྟན་ཙ་ན་ཐབས་དང་ཤེས་རབ་གཉིས་ལ་མ་རྨོངས་པས་སྒྲིབ་པ་ཐམས་ཅད་སྟེ་ཉིད་ཏུ་བསལ་ནས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་ཆོས་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེར་བཙན་པོའི་ཞལ་ནས་སྟོན་ཆེན་ཤགས་གང་རྒྱལ་བའི་འཁོར་ཀུན་ཡང་མཆིད་ཤགས་ཐོབ་ཅིག་ཞེས་གསུངས་པ་དང་དཔལ་དབྱངས་ན་རེ། ཁྱེད་རྒྱའི་བཞེད་པ་ལྟར་ན་ཅིག་ཆར་དུ་འཇུག་ཅིག་རིམ་གྱིས་མཆི་ན་ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཐུན་པའི་ཕྱོགས་ལས་གདགས་པར་གསུངས་ཏེ་འཛིན་པ་མ་མཆིས་པའི་སླད་ཏུ་སྦྱིན་པའི་མིང་བཏགས་ཏེ་བདོག་པ་བཏང་ནས་ཡོངས་སུ་འཛིན་པ་མེད་ན་སྦྱིན་པ་བཏང་བ་ཡིན། སྒོ་གསུམ་ཆགས་སྡང་བཀག་ན་ཚུལ་ཁྲིམས་ཡིན། ཁྲོ་བ་མེད་ན་བཟོད་པའི་མཆོག་ཡིན། ལེ་ལོ་འདོར་བ་ལ་བརྩོན་འགྲུས་ཀྱི་མིང་བཏགས། སེམས་ལ་གཡེང་བ་མ་མཆིས་༼ཇ༡༡༨ན༽ན་བསམ་གཏན། ཆོས་རང་དང་སྤྱིའི་མཚན་ཉིད་ཤེས་ན་ཤེས་རབ་ཡིན། སྟོན་པ་འདས་ནས་རིང་ཞིག་དུ་ལྟ་བ་ལ་མཐུན་པ་མ་མཆིས། སླད་ནས་དབུ་མ་རྣམ་གསུམ་མ་མཐུན་ཏེ་རྩོད་པར་གྱུར། ད་ལྟ་སྟོན་རྩེན་གཉིས་ལྟ་བ་མ་མཐུན་སྟོན་མིན་ཅིག་ཆར་དུ་འཇུག་ཟེར་ཏེ་ཡང་དག་པ་མ་རྟོགས་མ་འཇལ་བས་དེ་ལྟར་གྱུར། འཇུག་སྒོ་ཐ་དད་ཀྱང་སངས་རྒྱས་འཐོབ་པར་འདོད་པར་ཅིག་ཅེས་འབྲས་བུ་འདོད་པ་ལ་སྤྱི་མཐུན་པ་སྐད་ཏུ་སྨྲས། ཡེ་ཤེས་དབང་པོས་སྨྲས་པ། ཅིག་ཆར་འཇུག་བྱ་བ་དང་རིམ་གྱིས་འཇུག་བྱ་བ་གཉིས་དཔྱོད་དགོས་ཏེ་རིམ་གྱིས་འཇུག་ན་རྩོད་རྒྱུ་མ་མཆིས་ཏེ་ངེད་དང་འདྲའོ། །ཅིག་ཅར་དུ་འཇུག་ན་ཁྱེད་ད་དུང་ཅི་བྱེད་དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེག་པ་ཡང་གོམ་པ་རེ་རེ་ནས་འཛེག་དགོས་ཏེ་གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར་ས་དང་པོ་ཐོབ་པ་ཡང་རབ་ཏུ་དཀའ་ན་ཐམས་ཅད་མཁྱེན་པ་ཐོབ་པ་ལྟ་ཅི་སྨོས། ཅི་ཡང་མ་བྱས་པར་འཚང་རྒྱ་བ་ནི་ཁྱེད་ལ་བསྟན་པའི་ཁུངས་དགོས། སྟོན་རྩེན་མི་འདྲ་སྟེ་ངེད་བརྩེ་མིན་གྱི་ལུགས་ཀྱིས་གསུང་རབ་ཀུན་ལ་བསླབས། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམ་གསུམ་ལ་བརྟེན་ནས་དོན་མ་ནོར་བར་ཤེས་ནས་ཆོས་སྤྱོད་བཅུ་ལས་བསླབས་ཏེ་བསྒོམས་པས་ས་དང་པོ་ལ་བཟོད་པ་ཡང་འཐོབ། ཡང་དག་པའི་སྐྱོན་མེད་པར་ཡང་འཇུག་དེ་ནས་ས་དགུར་ཡང་དག་པའི་ཤེས་རབ་རིམ་པར་སྦྱངས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསླབས། རྒྱུད་སྦྱངས་ཚོགས་གཉིས་རྫོགས་ནས་སངས་རྒྱས་བརྙེས་པ་ལགས་ན། ཁྱེད་ལྟར་གྱི་ཚོགས་མ་བསགས་བློ་མ་སྦྱངས་པའི་འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན་ཐམས་ཅད་མཁྱེན་པ་འཐོབ་པ་དང་ཤེས་བྱ་ཐམས་ཅད་ལ་འཇུག་པར་ཇི་ལྟར་འགྱུར། སངས་རྒྱས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེའི་རྒྱུ་ཅི་ལས་གྲུབ་ན་ཚོགས་གཉིས་ལས་གྲུབ་པ་ཡིན། སྟོང་པ་གཅིག་པུས་རང་ལ་ཡང་མ་ཕན་ན་གཞན་གྱི་དོན་ག་ལ་འགྲུབ། ཐ་ན་ལུས་༼ཇ༡༡༨བ༽སྲོག་འཚོ་བ་ལ་ཡང་ཟས་དང་སྐོམ་དང་གོས་ལ་སོགས་པ་རྩོལ་སྒྲུབ་བྱ་དགོས་པ་ལ་བརྟེན་སྟེ་འཚོ་དགོས་ལ་དེ་དག་ལ་མ་བརྟེན་ན་འགུམ་སྟེ་ཟས་མ་མྱོང་ན་ཞག་བདུན་ན་ལྟོགས་ཏེ་འཆི་ན་ཐར་པ་སྒྲུབ་པ་ལ་ཆོས་སྤྱོད་རྣམ་པ་བཅུ་བྱ་དགོས་པ་ལྟ་ཅི་སྨོས། དེ་ལྟར་ཁུངས་མེད་ཅིང་ཐབས་ཤེས་ཡ་བྲལ་བའི་ཆོས་ཀྱིས་སངས་རྒྱས་ལ་སྐུར་སྟེ་བསླུས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ནས་གཞན་དོན་ལྷུར་བྱས་བསོད་ནམས་ཀྱི་ཚོགས་བསགས་ཏེ་ཤེས་བྱ་ཐམས་ཅད་ལ་མཁས་པར་བསླབས། ཤེས་རབ་གསུམ་བློ་སྦྱངས་ཏེ་ཡེ་ཤེས་ཀྱི་ཚོགས་བསགས། སྒྲིབ་པ་གཉིས་སྦྱངས། བློའི་དྲི་མ་ཐམས་ཅད་སྤངས་ནས་མཐུ་རྫོགས་པ་དང་སངས་རྒྱས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་འཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བ་ལྷུན་གྱིས་གྲུབ་པ་ཡིན་པར་ལུང་དུ་མ་ནས་གསུངས་སོ། །ཅི་ཡང་མི་སེམས་པ་ནི་སྒོ་ང་དང་འདྲའོ། །མ་བརྟགས་པར་གོམ་པ་བོར་ཡང་བརྡབ་འཆོས་ཏེ་འགྲོ་ན་ཆོས་ག་ལ་རྟོགས། ཅི་ཡང་མ་བྱས་པར་ཉལ་བས་ཟན་ཡང་མི་མྱོང་བར་ལྟོགས་ཏེ་འཆི་ནས་སངས་རྒྱས་ག་ལ་འགྲུབ། དེ་བས་ན་ནངས་ལ་མདོ་སྡེ་བྱང་ཆུབ་པར་བཀླགས། དབེན་པར་ཞི་གནས་དང་ལྷག་མཐོང་ཡིད་ལ་བྱས། རྟོགས་པས་ཡིད་ལ་མྱོང་བ་ཤར། དེ་ལྟར་མ་རྟོགས་པའི་དོན་དུ་ཚོགས་གསག་སྟེ་སེམས་ཇི་ལྟ་བུ་ཞེ་ན་ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་དོན་དམ་པར་དེ་མ་སྐྱེས་པར་རྟོགས་ཏེ་ཆོས་ཐམས་ཅད་ཆུ་ཤིང་གི་སྙིང་པོ་ལྟ་བུར་མ་བཅོས་པར་རྟོགས་ན་དུས་གསུམ་མི་དམིགས་པར་འགྱུར་ཏེ་ཆོས་དང་གང་ཟག་ལ་བདག་མ་མཆིས་པར་རིག་པས་བྱིང་རྒོད་མ་མཆིས་པར་ཟུང་འབྲེལ་དུ་ངང་གིས་འཇུག་པ་ལགས་ཏེ་སྒོམ་པ་ཡང་དེ་ལྟར་ལགས། ཞེས་མཆི་བ་དང་སྟོན་མིན་པས་ཤགས་ལན་སྨྲ་བར་མ་སྤོབས་ཏེ་མེ་ཏོག་གཏོར་ནས་ཕམ་པར་ཁས་བླངས་སོ། །དེའི་ཚེ་གཟིམས་མལ་བ་ཅོ་རྨ་རྨ་རང་གི་དབང་པོ་བརྡུངས་ནས་ལྕེབས་སོ། །

དེ་ནས་བཙན་༼ཇ༡༡༩ན༽ པོའི་ཞལ་ནས། ཧྭ་ཤང་གི་ཆོས་སྟོན་མིན་པ་ཅིག་ཅར་དུ་འཇུག་ཟེར་བ་དེ་ནི་ཆོས་སྤྱོད་རྣམ་པ་བཅུ་ལ་སྐྱོན་བཀལ་ཏེ་མི་བགྱིད། སེམས་པ་ནི་བྱིང༌། བདག་དང་གཞན་གྱི་བློ་སྦྱོང་གི་སྒོ་བཀག་སྟེ་འཕྲོ་བཅད་ན་སེམས་བྱིང་ཞིང་ཆོས་ནུབ་པར་འགྱུར་བས་འཕྲོ་ཆོད་ལ་དེ་ལྟ་བུ་ནི་ཁྱེད་རང་སྒོམས་ཤིག་གཞན་ཁྱེད་ཀྱི་འཁོར་རྣམས་དང་བོད་རྣམས་ད་སླན་ཆད་ལྟ་བ་ནཱ་གརྫཱུ་ནའི་ལུགས་ཟུངས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྱིས་ལ་ཆོས་སྤྱོད་རྣམ་པ་བཅུ་ཉམས་སུ་ལོངས། སྒོམ་པ་ཤེས་རབ་རྣམ་པ་གསུམ་ལ་བློ་སྦྱོངས་ལ་ཐབས་དང་ཤེས་རབ་ཟུང་དུ་ཆུད་ཅིང་འབྲེལ་བ་ཞི་གནས་དང་ལྷག་མཐོང་ལ་སྒོམས་ཤིག་ད་སླན་ཆད་འོ་སྐོལ་བོད་རྗེ་བློན་འབངས་བཅས་ཀྱིས་ཀྱང་ཆོས་བྱ་བ་རྣམས་ཀྱིས་འདི་ལྟར་བྱ་སྟེ། སྤྱིར་བོད་ཐ་མཁོབ་ཏུ་གྱུར་པ་དང་རིག་པ་བླུན་ཞིང་རང་ག་བ་མང་ལ་ཆོས་འདི་རྟོགས་པར་དཀའ་ཞིང་ཟབ་པས། རྒྱ་གར་གྱི་མཁས་པ་རབ་ཏུ་གྱུར་པར་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ་ཡོན་བདག་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་དེ་ལ་འཇུག་བར་བྱའོ། །

རྒྱལ་པོས་ཡོན་བདག་མ་བྱས་ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་ལ་འཇུག་བར་མི་བྱའོ། །ཞེས་བཀའ་ནན་དྲག་དུ་བསྩལ་ནས་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་གསུམ་ཏུ་མཆིས་ཏེ་གསེའི་སྒྲོམ་བུར་བཅུག་ཁ་ལ་སྒོ་ལྕགས་བསྩལ་ཏེ་རྗེའི་ཕྱག་དབལ་ན་མཆིས་ཏེ་གནོད་སྦྱིན་དམ་རྒྱ་ནག་པོ་ལ་གཏད། ཆེ་ལོང་ཞིག་ནི་ཞང་བློན་རྣམས་ལ་དར་བར་བྱས། དེ་ནས་ཧྭ་ཤང་མ་ཧྭ་ཡ་ན་གཙུག་ལག་ཁང་ཞིག་བཞེངས་ནས་སླར་རྒྱ་ནག་དུ་གཤེགས། སྔོན་རྒྱལ་པོ་གདུང་རབས་ལྔར་ཆོས་མ་ཚུགས་པ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང༌། ཟ་ཧོར་རྒྱལ་པོའི་སྲས་བོ་དྷི་ས་ཏྭ་དང༌། རྦ་ཡེ་ཤེས་དབང་པོ་དང༌། སང་ཤི་ཏ་བཞིས་དཀོན་ཅོག་གི་རྟེན་མཆོད་གནས་པ་བཙུགས། དམ་པའི་ཆོས་བོད་ཁམས་སུ་རྒྱ་ཆེར་བསྒྲགས་སོ། །༼ཇ༡༡༩བ༽

དེར་རྗེ་བཙན་པོའི་ཐུགས་དགོངས་འགྲུབ་ནས་འབངས་ཐམས་ཅད་ཆོས་ལ་བཙུད་ཅིང་ལྷ་ཆོས་མི་བགྱིད་ཏུ་མི་གནང་བའི་ཕྱིར་དབུས་མཐའ་ཐམས་ཅད་ཏུ་སློབ་དཔོན་བསྐོས། ཞང་བློན་གྱི་བུ་ཚ་དང་བཙུན་མོ་ཐམས་ཅད་ཀྱང་ཀ་ཝ་ལི་རེ་རེ་ཐོགས་ནས་ཆོས་སློབ་ཏུ་བཅུག་གོ  །དེ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་བཙན་པོས་ཆོས་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱིས་བདག་མེད་པར་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ལགས་པ་ཡི་གེར་འགོད་པར་ཞུས་པས་སྒོམ་རིམ་དང་པོ་བརྩམས་ནས་གནང༌། རྗེས་གཟིགས་པས་དོན་དགོངས་ཏེ་ད་དེའི་དོན་སྟན་ཐོག་གཅིག་དུ་སྒོམ་ན་ཇི་ལྟར་སྒོམ་ཞུས་པས་སྒོམ་རིམ་བར་པ་བརྩམས་ནས་གནང༌། དེ་ལ་འབྲས་བུ་ཇི་ལྟར་མཆི་ཞུས་པས་སྒོམ་རིམ་ཐ་མ་འབྲས་བུ་བསྟན་པ་བརྩམས་ནས་གནང༌། འབྲས་བུ་བསྟན་པའི་ཞར་ལ་ཧྭ་ཤང་གི་ལྟ་བ་ནོར་བ་དེ་སུན་ཕྱུང་ནས་སྣང༌། དེ་ལ་ཤིན་དུ་དགྱེས་པས་དེའི་དོན་འགྲེལ་དུ་བོ་དྷི་ས་ཏྭའི་དགོངས་པ་ལ་རྒོལ་བ་བྱུང་གིས་དོགས་པའི་དོན་དུ་ལུང་དང་རིགས་པ་འབྲེལ་བར་དབུ་མ་སྣང་བ་བརྩམས་ནས་བཙན་པོ་ལ་གནང་ངོ་ཞེས་རྦ་བཞེད་ཁུངས་ཐུབ་ལས་བྱུང་བ་ཇི་ལྟ་བ་བཀོད་པའོ། །

བུ་སྟོན་ཆོས་བྱུང་ལས་ནི་སྟོན་མིན་བརྩེ་མིན་ནི་རྒྱ་ནག་གི་སྐད་སྟེ་ཅིག་ཆར་པ་དང་རིམ་སྐྱེས་པ་ཞེས་ཟེར་རོ་ཞེས་བྱུང་ངོ༌། །སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཆོས་དང་ཆོས་མ་ཡིན་པ་བྱ་བ་ན་གང་ཆོས་མ་ཡིན་པའི་ཕྱོགས་དེ་ནི་ཞེ་སྡང་དྲག་པོས་ཁྲོ་བ་དང་འཁྲུགས་པར་བྱེད་ཅིང་མཚོན་ཆའི་སྦྱོར་བས་ཕ་རོལ་གསོད་པའི་བར་དུ་བརྩོན་པར་བྱེད་ལ། གང་ཆོས་ཀྱི་ཕྱོགས་དེ་ནི་ཕ་རོལ་པོ་ཇི་ཙམ་དུ་འཁྲུག་ཤིང་ཁྲོ་བ་ཙམ་གྱིས་སྙིང་རྗེ་དང་བཟོད་པ་འཕེལ་ཞིང་དུས་ལ་བབ་ན་ལུང་རིགས་དང་ལྡན་པའི་འབེལ་བའི་གཏམ་གྱིས་ཕ་རོལ་གྱི་ལོག་རྟོག་ཟློག་པ་ལ་བརྩོན་པར་བྱེད་ཀྱི། སྲོག་དང་ཟང་ཟིང་འཇོམས་པ་ནི་གཞན་གྱིས་བྱེད་པ་ཡང་ཟློག་ན་རང་གིས་བགྱི་བ་ལྟ་ཅི་སྨོས་ཏེ་དེས་ན་དེང་སང་༼ཇ༡༢༠ན༽དང་མ་འོངས་པའི་དུས་ཀྱང་རུང་སྟེ་བསྟན་པ་བྱེ་བ་ན་གང་ཆོས་ཀྱི་ཕྱོགས་དང་གང་ཆོས་མ་ཡིན་པའི་ཕྱོགས་སུ་གནས་པ་ནི་འདི་ཁོ་ནས་ཤེས་པར་ནུས་སོ། །ཆོས་མ་ཡིན་པའི་ཕྱོགས་རྣམས་ནི་ལྟ་བ་དང་གྲུབ་མཐའ་ཡང་ཉ་འབྲིད་པ་ལ་ལྕགས་ཀྱུའི་རྩེའི་ཟས་ལྟར་སྐྱེ་བོ་ཆོས་ལྟར་སྣང་བས་སླུ་བའི་ཕྱིར་དང་པོར་སྨྲ་བ་ཙམ་དུ་ཟད་ཀྱི། གང་ཁས་ལེན་པའི་ལྟ་སྤྱོད་སྟེ་ལ་ཡང་རང་ཉིད་གནས་པ་མ་ཡིན་ཏེ་དཔེར་ན་ཧྭ་ཤང་འཁོར་བཅས་ཀྱང་ཅི་ཡང་དྲན་པར་མི་བྱ་ཞིང་དགེ་སྡིག་གཉིས་ཀ་མི་བྱེད་པ་རང་གི་ལྟ་གྲུབ་ཏུ་སྨྲས་མོད་ཀྱང་བརྩེ་མིན་གྱིས་དེ་ལྟར་མི་རིགས་སོ་ཞེས་སྨྲས་པ་ན་དེ་མ་ཐག་ཁྲོ་བོ་དང་འཁྲུག་པ་རྩ་ཉོན་དང་ཉེ་ཉོན་ཐམས་ཅད་དྲན་ཞིང་ཡིད་ལ་བྱེད་ལ་ཆུ་གྲི་བསྲེ ལ་ནས་གསོད་འདོད་ཀྱི་མི་དགེ་བ་དྲག་པོས་རྒྱུད་ཁེངས་ཅིང་ལྡོག་པར་མི་བྱེད་པས་དེ་མ་ཐག་རང་གི་ལྟ་གྲུབ་རང་གིས་བཤིག་པའི་ཕྱིར་རོ། །ཆོས་བཞིན་གྱི་ལྟ་བ་དང་གྲུབ་མཐའ་ནི་དེ་འདྲ་བ་མ་ཡིན་ཏེ། གནོད་བྱེད་སོགས་རྐྱེན་དྲག་པོ་དང་ཐུག་པ་ན་གོ་ཆ་ལྟར་རང་རྒྱུད་ལ་མི་གནོད་པ་དང་མཚོན་ཆ་ལྟར་ཉོན་མོངས་པ་འཇོམས་པའི་བྱེད་ལས་གཉིས་ཀ་ལྟ་བ་དེས་ལྷན་ཅིག་དུ་འགྲུབ་ཅིང་བུད་ཤིང་བསྣན་པའི་མེ་ལྟར་ལྟ་བའི་བསོས་འདེབས་པ་ཅིག་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འཕྲོས་པའི་དོན་ཏོ། །

རྦ་བཞེད་ལ་ལར་སྔར་གྱི་མེ་ཏོག་གཏོར་ནས་ཕམ་པར་ཁས་བླངས་སོ་ཞེས་པའི་འོག་དུ་ཡང་ལུགས་གཅིག་ལ་རྒྱ་ནག་གི་དགེ་སློང་བྱུང་ནས་ཁོ་ན་རེ་ཚིག་ལ་སྙིང་པོ་མེད། ཐ་སྙད་ཀྱི་ཆོས་ཀྱིས་འཚང་མི་རྒྱ། སེམས་རྟོགས་ན་དཀར་པོ་ཆིག་ཐུབ་ཡིན་པས་དེས་ཆོག་ཟེར་ནས་དཀར་པོ་ཆིག་ཐུབ་འདི་བོད་ཐམས་ཅད་འཕེལ་ལོ་ཞེས་སོགས་དང༌། མཁན་པོའི་ཞལ་ཆེམས་ཀྱི་སྐབས་སུ་ང་འདས་པའི་འོག་དུ་རྒྱ་ནག་གི་མཁན་པོ་གཅིག་འབྱུང་སྟེ་དེས་ཐབས་དང་ཤེས་རབ་ལ་སྐུར་པ་འདེབས་པ་དཀར་པོ་ཆིག་ཐུབ་བྱ་བ་སེམས་རྟོགས་པ་འབའ་ཞིག་གིས་འཚང་རྒྱའོ་ཟེར་བ་འབྱུང་སྟེ་མདོ་ལས་༼ཇ༡༢༠བ༽རྙིགས་མ་ལྔའི་ནང་ནས་ལྟ་བའི་རྙིགས་མ་ཞེས་བྱ་བ་སྟོང་པ་ཉིད་ལ་དགའ་བ་ཡོང་བར་གསུངས་པས་བོད་ཁོ་ནར་མ་ཟད་རྙིགས་མ་ལྔ་བདོ་བའི་གང་ཟག་ཐམས་ཅད་དེ་ལ་དགའ་བ་ཆོས་ཉིད་ཡིན། དེའི་ཆོས་ལུགས་དེ་འཕེལ་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པས་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ཞེས་དང༌། ཁྱེད་བརྩེ་མིན་བ་སྐྱབས་འགྲོ་སེམས་སྐྱེད་ནས་རིམ་པས་བྱེད་པ་སྤྲེའུ་ལྟར་མས་འཛེག་ཡིན། ངེད་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས་སེམས་རྟོགས་པ་ཉིད་ཀྱིས་འཚང་རྒྱ་སྟེ་ཁྱུང་ཤིང་རྩེར་བབ་པ་ལྟར་ཡས་བབ་ཡིན་ཟེར་བ་ལ་ཀ་མ་ལས་དཔེ་མི་འཐད་སྟེ་ཁྱུང་དང་པོ་ནས་འདབ་གཤོག་རྫོགས་སམ་ཚར་ནས་རིམ་པར་རྫོགས་ནས་ཤིང་རྩེར་བབ། དང་པོ་མི་སྲིད་ལ་ཕྱི་མ་རིམ་གྱིས་ཕའི་དཔེར་རུང་གི་ཅིག་ཆར་བར་མི་རུང་ངོ༌། །དོན་མི་འཐད་སྟེ། རྣམ་པར་མི་རྟོག་པ་སྒོམ་པ་དེ་རྟོག་པ་ཕྱོགས་གཅིག་བཀག་པ་ཡིན་ནམ་ཐམས་ཅད་བཀག་པ་ཡིན། དང་པོ་ལྟར་ན་གཉིད་དང་བརྒྱལ་བ་སོགས་ཀྱང་སྒོམ་ཡིན་པར་འགྱུར། མཐའ་དག་བཀག་དགོས་ན་མི་རྟོག་པ་སྒོམ་པའི་ཚེ་སྒོམ་སྙམ་པའི་རྟོག་པ་སྔོན་དུ་བཏང་དགོས་སམ་མི་དགོས། མི་དགོས་ན་སེམས་ཅན་ཐམས་ཅད་ལ་སྒོམ་སྐྱེ་བར་ཐལ་ཏེ་སྒོམ་བློ་མེད་ཀྱང་སྒོམ་སྐྱེ་བའི་ཕྱིར། དགོས་ན་དེ་ཉིད་རྟོག་པ་ཡིན་པས་མི་རྟོག་པ་སྒོམ་པའི་དམ་བཅའ་ཉམས་ཏེ་སྨྲ་བཅད་བྱས་པ་ཡིན་ནོ་བྱས་ན་སྨྲ་བཅད་ཤོར་བ་བཞིན་ནོ་ཞེས་གསུངས་པས་རྒྱ་ནག་མཁན་པོས་མགོར་ཐོག་བརྒྱབ་པ་དང་མཚུངས་པས་ལན་མི་ཤེས་སོ་ཞེས་སྨྲས་སོ་ཞེས་དང༌། དེང་སང་ཆོས་རྣལ་མ་རྣམས་བོར་ནས་སེམས་ངོ་འཕྲོད་པས་འཚང་རྒྱ་བར་འདོད་པ་དཀར་པོ་ཆིག་ཐུབ་ཏུ་འགྲོ་བའི་རྒྱུ་མཚན་དེ་ཡིན་གསུང༌། ཞེས་སོགས་དང༌། ཅོ་རྨ་རྨ་ལྕེབས་པ་མན་སྔར་བཤད་པ་དང་མཐུན་ནོ། །

དེ་ནས་ཡང་སྔར་གྱི་འཕྲོར་ཞུགས་ཏེ་བཙན་པོའི་ཞལ་ནས་ཧྭ་ཤང་གི་ཆོས་སྟོན་མིན་ཅིག་ཅར་དུ་འཇུག་ཅེས་ཟེར་བ་དེ་ནི་ཞེས་སོགས་བྲིས་སྣང་མོད། འདི་འདྲ་བ་མཁན་པོའི་གསུངས་དང་མཁས་པ་ཀ་མ་ལའི་རིགས་པ་ག་ལ་༼ཇ༡༢༡ན༽ ཡིན་ཏེ་སྤྱིར་སངས་རྒྱས་ཕལ་ཆེར་རྙིགས་མའི་དུས་སུ་མི་འབྱུང་ཡང་འོ་སྐོལ་གྱི་སྟོན་པ་འདི་ཐུགས་རྗེ་རྨད་ཏུ་བྱུང་བས་བྱང་སེམས་གཞན་གྱིས་སྤངས་པའི་རྙིགས་མ་ལྔ་བདོའི་སེམས་ཅན་རྣམས་ཀྱི་ནང་དུ་འཚང་རྒྱ་བར་སྨོན་ལམ་མཛད་སྟེ་སྙིང་རྗེ་པད་དཀར་ལས་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་ཆེན་པོ་ལྔ་བརྒྱའི་གཅིག་འདི་ཡིན་ལ། དུས་ཀྱི་རྙིགས་མ་རྩོད་ལྡན། ལྟ་བའི་རྙིགས་མ་འཇིག་ཚོགས་སུ་ལྟ་བ་དྲུག་བཅུ་རྩ་གཉིས་སོགས་ཚངས་པ་འདྲ་བའི་མདོ་ལས་བཤད་པའི་མུ་སྟེགས་ཀྱི་ལྟ་བ་རྒྱས་པ་ཉོན་མོངས་པའི་རྙིགས་མ་སེམས་ཅན་རྣམས་དུག་གསུམ་རབ་ཏུ་རྒྱས་པ། སེམས་ཀྱི་རྙིགས་མ་ཤིན་དུ་གདུལ་དཀའ་བ། ཚེའི་རྙིགས་མ་ཚེ་ལོ་བརྒྱ་པ་སྟེ་རྙིགས་མ་ལྔའི་དུས་ལ་གཟིགས་ནས་དགའ་ལྡན་ནས་འཕོ་བ་ནས་སངས་རྒྱས་པ་དང་ཆོས་འཁོར་བསྐོར་བར་བསྟན་ཏེ་ལྟ་བའི་རྙིགས་མ་བཅོམ་ནས་བྱང་གྲོལ་ལ་འགོད་པར་གསུངས་ཀྱི། སངས་རྒྱས་ཀྱིས་ཆོས་གསུངས་པས་ལྟ་བའི་རྙིགས་མ་བྱུང་ཟེར་བའི་སངས་རྒྱས་ལ་སྐུར་པ་འདི་འདྲ་བདུད་སྡིག་ཅན་གྱིས་ཀྱང་སྔོན་མ་བཏབ་བོ། །སྟོང་པ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་ཡིན་ཏེ་མདོ་རྒྱུད་ཕལ་ཆེར་ལས་ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་དང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། བཞི་སྟོང་ཇི་སྙེད་གསུངས་པ་ཀུན། །སྟོང་པ་ཉིད་ལ་གཞོལ་ཞིང་འབབ། །ཅེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་དང༌། ན་མཁའ་མཛོད་ཀྱི་མདོ་ལས། ཚངས་པ། གནས་གཅིག་དུ་ཐམས་ཅད་ཡང་དག་པར་འདུའོ། །དེ་ཅིའི་ཕྱིར་ཞེ་ན་སྟོང་པ་ཉིད་ནི་གནས་ཏེ་སྟོང་པ་ཉིད་ཏུ་ཆོས་ཐམས་ཅད་ཡང་དག་པར་འདུའོ་ཞེས་སོ། །༼ཇ༡༢༡བ༽མདོ་སྡུད་པར། ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོགས་བགྲང་ལས་འདས་པར་གསུངས་ཅིང༌། །མཁན་པོ་བོ་དྷི་ས་ཏྭ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་འཛིན་པ་ཡིན་ལ་དེས་ནི་དབུ་མ་རྩ་བར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་སྟོང་ཉིད་ནི་ལྟ་བའི་རྙིགས་མ་སེལ་བའི་བཀྲུ་སྨན་ལྟ་བུར་གསུངས་ཅིང་རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཀྱང༌། ལུས་ཅན་རྣམས་ལ་ཡོད་པ་ཡི། །ལྟ་བ་རྣམ་པར་སྤང་བའི་ཕྱིར། །སྟོང་པ་ཉིད་ཀྱི་ཚུལ་བསྟན་ཏོ། །ཅེས་བཤད་ཏོ། །འཕགས་པ་ཀླུའི་རྗེས་སུ་འབྲང་བ་རྒྱལ་སྲས་ཞི་བའི་ལྷས་ཀྱང༌། རྨོངས་པ་སྡུག་བསྔལ་ཅན་དོན་དུ། །འཁོར་བར་གནས་པ་འགྲུབ་འགྱུར་བ། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། །དེ་བས་སྟོང་པ་ཉིད་ཕྱོགས་ལ། །སུན་འབྱིན་པ་ནི་འཐད་མ་ཡིན། །དེས་ན་ཐེ་ཚོམ་མི་ཟ་བར། །སྟོང་པ་ཉིད་ནི་བསྒོམ་པར་བྱ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །དངོས་གང་སྡུག་བསྔལ་སྐྱེད་བྱེད་པ། །དེ་ལ་སྐྲག་པ་སྐྱེ་འགྱུར་མོད། །སྟོང་ཉིད་སྡུག་བསྔལ་ཞི་བྱེད་པ། །དེ་ལ་འཇིགས་པ་ཇི་ལྟར་སྐྱེ། །

ཅེས་བཞེད་པ་ཡིན་ལ་སློབ་དཔོན་ཀ་མ་ལའི་སྒོམ་རིམ་གསུམ་དང་དབུ་མ་སྣང་བར་སྟོང་པ་ཉིད་ལྟ་བའི་རྙིགས་མ་ཡིན་ནོ་ཞེས་བྲིས་པ་འདུག་གམ་ལྟོས་ཤིག་དེས་ན་སྟོང་དང་སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུ་སོགས་ལ་སྡང་ཞིང་སྨོད་པར་བྱེད་པ་དེ་ནི་དམིགས་པ་ཅན་ཞེས་བྱ་སྟེ་དད་པའི་རྫས་ཆུ་ཕོར་གང་ཡང་མ་གནང་ཞིང་དེ་ངའི་ཉན་ཐོས་མ་ཡིན་ང་ཡང་དེའི་སྟོན་པ་མ་ཡིན་ཞེས་འཇིག་རྟེན་འཛིན་གྱི་མདོ་དང་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས་རྒྱས་པར་གསུངས་སོ། །

ཧྭ་ཤང་གི་ལུགས་དེ་༼ཇ༡༢༢ན༽ནི་འཁོར་བ་དངོས་པོར་ཞེན་པས་དེར་ལྷུང་གིས་དོགས་པས་དགེ་སྡིག་གཉིས་ཀ་མི་བྱེད་པ་དང་མྱང་འདས་དངོས་པོར་ཞེན་པས་ཅི་ཡང་མ་བྱས་པ་དེས་ཐོག་དུ་རེ་བའི་ཕྱིར་དམིགས་པར་ལྟ་བ་སྟུག་པོ་ཡིན་ནོ། །སེམས་ངོ་རྟོགས་ན་གྲོལ་བར་འཆད་པ་རྣམས་ཀྱང༌། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་དང༌། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །ཅེས་སོགས་བཤད་པ་ལྟར་མཐར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མཐོང་བས་འཚང་རྒྱ་བར་གསུངས་པ་དང༌། སྦྱོར་ལམ་ཆོས་མཆོག་གི་མཐར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མཐོང་བའི་ལམ་རྟོགས་པ་དང༌། དེ་དང་རྗེས་སུ་མཐུན་པ་རང་སའི་ཤེས་རབ་ཀྱི་མཐོང་བས་དྲོད་རྩེ་བཟོད་མཆོག་གི་མཐོང་བསྐྱེད་པ་སོགས་ལ་སེམས་ངོ་རྟོགས་པ་ཞེས་མིང་བྱས་པར་ཟད་ལ་ཤེས་རབ་ཀྱི་མཐོང་བ་དེས་ཟིན་པའི་ཚོགས་གཉིས་ཟུང་འཇུག་དུ་སྤྱད་པས་འཚང་རྒྱ་བར་འདོད་པ་ཡིན་ལ་ཧྭ་ཤང་གི་སྒོམ་པ་དེ་ནི་འདུ་ཤེས་བཀག་པའི་སྒོམ་པ་སྟེ་འདུ་ཤེས་མེད་པ་པར་གོལ་བའི་ཆ་མཐུན་ཡིན་ཡང་དེའི་གོལ་ས་དངོས་ནི་མ་ཡིན་ཏེ་བསམ་གཏན་བཞི་པའི་དངོས་གཞི་ཐོབ་ནས་འདུ་ཤེས་དང་ཚོར་བ་བཀག་སྟེ་བསྒོམས་ན་དེར་འགྱུར་བ་ཡིན་ཡང་བསམ་གཏན་བཞི་པའི་དངོས་གཞི་ཡང་འཐོབ་དཀའ་བའི་ཕྱིར་རོ། །ཧྭ་ཤང་གི་དཔེ་དོན་དགག་པ་དེ་དག་ཀྱང་ནུས་པ་དམན་ཏེ་ན་མཁའ་ལྡིང་གཅིག་ཆར་དུ་འདབ་གཤོག་རྫོགས་པ་ལོས་ཡོང་སྟེ་འཇིག་རྟེན་གདགས་པ་ལས་ན་མཁའ་ལྡིང་བརྫུས་སྐྱེས་ཀྱིས་ཀླུ་སྐྱེ་གནས་བཞི་ཀ་ཟ་བ་སོགས་མཁའ་ལྡིང་བརྫུས་སྐྱེས་བཤད་པའི་ཕྱིར་དོན་ཡང་མ་ཁེགས་ཏེ་རྣམ་པར་མི་རྟོག་པ་སྒོམ་པ་ནི་རང་ལུགས་ལ་ཡང་འདོད་དགོས་ལ་དེའི་ཚེ་སྔར་གྱི་ཐལ་འགྱུར་ཚུར་ལྡོག་ན་འཁོར་གསུམ་ག་ལ་ལན་གྱིས་དབེན་པའི་ཕྱིར་རོ། །

དེས་ན་རྒྱ་གར་གྱི་མཁས་པ་ཉི་ཟླ་ལྟ་བུ་ལ་དེ་འདྲའི་རིགས་པའི་མུ་གེ་གར་ལྡང༌། དེ་དག་ནི་ཕྱིས་ཀྱི་རྟོག་གེ་པ་ཟབ་དོན་ལ་སྡང་བ་ཆོས་སྤོང་ལ་མཁས་ཉམས་དང་ཕྲག་དོག་ལ་ཁྱད་ནོར་རེ་བ་༼ཇ༡༢༢བ༽ རྣམས་ཀྱིས་བཅུག་པར་གོ་སླའོ། །སྟོན་རྩེན་གྱི་རྩོད་པ་ཞི་ནས་སླར་བསྟན་པ་ལ་བྱ་བ་མཛད་ཚུལ་ནི་རྦ་བཞེད་ལས། དེ་ནས་ཆོས་འཁོར་གྱི་རྐྱེན་ཉིས་བརྒྱ་ལྔ་བཅུ་བླ་ནས་གནང་སྟེ་བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་ལོ་རེའི་ཟླ་བ་གཅིག་ལ་ནས་ཁལ་བདུན་བཅུ་རྩ་ལྔ། ན་བཟའ་ནི་མང་སྟེ་འཕན་གྱི་བྲུངས་ལ་སྦྱོར། ན་བཟའ་ཕྲུགས་རེ་རེ། སྤོད་མར་སྲང་སྟོང་དང་བརྒྱ། ཆིབས་དངོག་ཐེག་པ་རེ་རེ། ཤོག་བུ་དེབ་བཞི། གནག་ཚ་ཡུག་གསུམ། ལན་ཚྭ་ཟད་ལེན། མཆིམས་ཕུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ། སྤོད་མར་སྲང་བརྒྱད་བརྒྱ་རེ། ཆིབས་པ་རེ། ན་བཟའ་དྲུག་ཕྲུགས་རེ། ཆོས་གྲའི་སློབ་དཔོན་དུ་བསྐོ་བ་བཅུ་གསུམ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ་ལྔ། ན་བཟའ་ཕྲུགས་རེ། ཆབ་མར་སྲང་བརྒྱད་བརྒྱ་རེ། མཚམས་ཀྱི་བནྡྷེ་རང་ག་མ་རྣམས་ལ་གང་ཟག་རེ་རེ་ལ་ནས་ཁལ་བརྒྱད་རེ། ཤོག་བུ་དེབ་གཉིས་རེ། སྣག་ཚ་ཡུག་རེ། སློབ་གཉེར་བ་ཉི་ཤུ་རྩ་ལྔ་ལ་རེ་རེ་ལ་གནས་ཁལ་ཉི་ཤུ་རྩ་ལྔ་རེ་གོས་སུམ་ཕྲུགས་རེ་རྒྱུན་དུ་གནང་ནས། དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པའི་ཆེད་ཏུ་དཀོན་མཆོག་གི་རྟེན་ལ་འབངས་མི་ཁྱིམ་བརྒྱ་བནྡྷེ་རེ་རེ་ལ་འབངས་མི་ཁྱིམ་གསུམ་གསུམ་དུ་བཅད། འབངས་ལྷ་རིས་ལ་བླ་ནས་དབང་མི་བྱ་བར་ཆད་ནས་དབང་དགེ་འདུན་ལ་བསྐུར། ལྷ་ཆོས་དར་བར་མཛད་པས་རྗེ་ལྷ་སྲས་བཀའ་དྲིན་ཆེ་བ་ལགས་སོ། །སླད་ཀྱིས་བཙན་པོ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་ཀྱང་འཕྲོ་ལ་ལུས་པས་ཐུགས་མ་ཚིམ་ནས་བཻ་རོ་ཙ་ན་དང་གཙང་བཙུན་ལེགས་གྲུབ་གཉིས་འཚོལ་དུ་བཏང༌། སླར་ལོག་པ་ལ་པཎྜི་ཏ་མ་བྱོན་པས་གོ་བ་མ་ཆེ་སྟེ་རྒྱ་གར་གྱི་སྙན་ཕྲའི་དབང་དུ་ཐལ་ནས་བཻ་རོ་ཙ་ན་ཚ་བ་རོང་དུ་བསྐྲད། ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་ནས་ནུབ་མོ་སྒྲ་བསྒྱུར་གྱི་ཁང་པར་གཟིམས་མན་དུ་མཁལ་མ་མཉེས་ནས་བཀྲོངས་སོ་ཞེས་བྱུང་ངོ༌། །

 

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མྱ་ངན་ལས་འདས་ཚུལ།

 

དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་ཡིས། །ཞང་བློན་དབུ་རིངས་བསད་པས་བྱང་དུ་སྤྱུགས། །མགོས་ཀྱིས་ཞལ་ལྕེ་དགའ་གསུམ་བྱ་བར་བཅད། །ཡེ་ཤེས་༼ཇ༡༢༣ན༽དབང་པོས་ཁམ་གྱི་ཟས་སྤངས་ཏེ། །འདས་ནས་རིང་སྲེལ་མཆོད་རྟེན་བརྒྱ་རྩ་བྱས། །སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །ལྷ་སྲས་ཐུ་བོ་མུ་ནེ་བཙན་པོ་ལ། །རྒྱལ་སྲིད་གཏད་སྟེ་ཆོས་ཀྱི་རྒྱལ་པོར་བསྐོས། །ཟུར་མཁར་སྨིག་མའི་ཚལ་དུ་སྒོམ་དུ་གཤེགས། །སྐུ་ཡི་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད། །ཡབ་ཀྱི་འོད་པ་སྲུང་བ་ཡིན་ནོ་སྐད། །ནང་དུ་དཀོར་ནོར་རིན་ཆེན་སྣ་ཚོགས་བཀང༌། །མིང་དུ་འཕྲུལ་རི་གཙུག་སྣང་བྱ་བར་བཏགས། །རྩ་བར་རྡོ་རིང་ཡི་གེ་ཅན་ཞིག་བཙུགས། །འདི་ནི་བོན་བློན་རྣམས་ཀྱི་སེམས་སྲུང་ཕྱིར། །རྒྱལ་པོ་བཞུགས་དུས་ཉིད་ཏུ་བརྩིགས་སོ་སྐད། །མུ་ནེ་བཙན་པོས་མཆོད་ཆེན་བཞི་བཙུགས་ཅིང༌། །བོད་འབངས་ལྟོགས་ཕྱུག་ལན་གསུམ་བར་དུ་བསྙམས། །ལོ་གཅིག་ཟླ་དགུ་སྲིད་མཛད་ཡུམ་གྱིས་བཀྲོངས། །ཨག་ཚོམས་བང་སོའི་གཡས་ངོས་མདུན་དུ་བརྩིགས། །བང་སོའི་མིང་ལ་སྐྱ་རི་ལྡེམ་བུ་ཟེར། །མུ་ཏིག་བཙན་པོ་སྣ་ནམ་པ་ཡིས་བཀྲོངས། །དོན་མཁར་མདའ་རུ་བང་སོ་སྐྱ་ལྡེམ་བརྩིགས། །

དེ་ཡང་རྦ་བཞེད་ལས། རྦ་རཏྣ་འདའ་ཀར་ཇོ་མོ་ཡིད་བཞིན་འཁོར་ལོས་བསྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་ཕྱུང༌། ཡེ་ཤེས་དབང་པོ་ཚེ་འདའ་ཀར་མི་མ་ཡིན་དག་གིས་བསུ་བའི་སྒྲ་བྱུང༌། ན་མཁའ་ལ་ཡང་མཆོད་པ་དཔག་མེད་བྱུང༌། འཕགས་པ་ལ་ཡེ་ཤེས་དབང་པོ་ཐེ་ཚོམ་ཞུ་ཞིང་མཆིས་པའི་དྲུང་དུ་བཙན་པོ་ལྷ་སྲས་གཤེགས་ནས་འབྲས་ཐུག་དྲངས་པ་གསོལ་ནས། རྗེ་ལྷ་གཅིག་གི་ཕམ་ཕབས་འདི་འཚལ་ནས་དེང་སླན་ཆད་ཁམ་གྱི་ཟས་སྤངས་སོ། །ཏིང་ངེ་འཛིན་དང་ཟས་སུ་བརྗེའོ། །ཆོས་དང་ཟས་སུ་བརྗེའོ་ཞེས་མཆིས་ནས་སྐུ་འདས་སོ། །དེའི་ཚེ་ན་མཁའ་ནས་སྒྲ་བྱུང༌། བྱ་ཐམས་ཅད་གདུང་བའི་སྐད་འདོན། གདུང་ཁང་ཧས་པོ་རིའི་ཡར་སྣར་བརྩིགས་ན་ལེགས་༼ཇ༡༢༣བ༽བྱ་བ་བྱུང་སྟེ་བརྩིགས། ཡེ་ཤེས་དབང་པོའི་བུ་མོ་སྤྱན་རས་གཟིགས་དང་དགེ་ལྡེམ་གཉིས་ལས་སྤྱན་རས་གཟིགས་ལ་ཕའི་མཆོད་རྟེན་རྩར་མཆོད་རྟེན་བརྩིག་པའི་ས་བཟང་པོ་ཀླུས་བསྟན་ཏེ་རྗེ་འབངས་མི་མང་པོའི་བསོད་ནམས་ཀྱི་རྟེན་དུ་བྲག་དམར་མས་གོང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བརྩིགས། མཆོད་རྟེན་མ་ཚར་གྱི་བར་དུ་ཆུ་མིག་དང་ས་བཟང་པོ་ཀླུས་བཏང༌། རྡོ་བ་རྒྱ་གར་གྱི་ཡི་གེ་ཅན་བྱུང་སྟེ་བརྩིགས་པས་ལྷ་མོ་བཅོ་བཅོ་བརྒྱན་བརྒྱན་བ་གསུམ་གྱིས་བསྐོར་བ་བྱས་ཏེ་སུ་བདེ་བ་ཅན་དུ་འགྲོ་འདོད་པ་དེ་མཆོད་རྟེན་བརྒྱ་རྩ་བརྒྱད་པོ་འདི་ལ་བསྐོར་བ་གྱིས་ཤིག་ཟེར། སྤྱན་རས་གཟིགས་ཀྱི་རྨི་ལམ་དུ་ཁྱེད་སྤུན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་འགྲོ་བར་འདོད་ན་མཆོད་རྟེན་འདི་ཞལ་སྲོས་ཤིག་ཞེས་པ་བྱུང༌། ཆབ་འོག་གི་འབངས་སུམ་པ་ལས་ཆོས་ལ་གནག་པ་མ་མཆིས་ནས་ཆོས་ལ་གནས་པར་དམིགས་ཀྱིས་བཏུལ་ནས་དགེ་བ་ལ་གཟུད་པའི་སླད་ཏུ་རྦ་བཟའ་ལྷ་ལྡེམ་ཞང་བློན་ཁྲི་སུམ་བརྩིགས་ལ་བསྩལ། བླའི་བཀའ་ལུང་བཞིན་སུམ་པ་ཁྲི་ལྡེ་བཞི་དགེ་བ་བཅུ་ལ་བཙུད། སློབ་མ་ཡང་བནྡྷེ་རླངས་སུ་ག་ཏ་དང༌། དཔལ་གྱི་སེང་གེ་དང༌།  ཨཱརྻ་ལ་སོགས་པ་སྟེ་བླ་ནས་སློབ་མ་གང་བཟང་གང་མཁས་གང་མང་ཉང་ཤ་མི་དང་རིང་ལུགས་བསྒྲུན་པས་ལྷ་ལྡེམ་སྟངས་བཟང་ནས་བྱ་དགའ་ཆེ་ཐང་དུ་བྲན་ཁྱིམ་བཅུ་གཉིས་ལ་སོགས་པ་བསྩལ། རླངས་རིལ་དགེ་བ་ལ་བཙུད། རླངས་ཀླུ་རྒོད་དང་སྟག་ཚ་བ་ནི་ཆོས་བགྱིད་ཏུ་མ་ཉན་པས་སྟག་ཚབ་རྒྱས་མགོ་བཅད་སྟེ་བཀུམ། ཀླུ་རྒོད་ནི་རྦ་བཟའི་ནང་ན་དད་པ་ཆེ་བ་རྦ་བཟའ་ལེགས་བཙུན་བླངས་ནས་མནའ་མར་བསྩལ་ཏེ་བོན་བཅད་ལྷ་ཆོས་བགྱིས་དད་པ་སྐྱེས་པས་ཕྱིན་ཆད་ལེགས་པ་མང༌། དྷརྨ་མཛངས་བླུན་མཐོང་བས་ཀླུ་རྒོད་རབ་ཏུ་བྱུང་སྟེ་སུམ་པ་བློན་དཔོགས་འདི་ཕན་ཆད་ཆོས་ལ་དགའ་བར་གྱུར་ཏོ་ཅེས་བྱུང་ངོ༌། །

 

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མཛད་རྣམ་མདོར་བསྡུས་སུ་བཀོད་པ།

 

མདོར་ན་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དེ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་སྟེ་ཕྱག་ལ་ཨུཏྤ་ལའི་རི་མོ་མངའ། རྒྱ་གར་༼ཇ༡༢༤ན༽ནས་རིང་སྲེལ་ལན་དུས་རྟ་དམག་སྤྲུལ་པ་སོགས་རྫུ་འཕྲུལ་དང་ལྡན། གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེང་པའི་ཐུགས་དམ་བཅས་ཏེ་སྟོན་རྩེན་མ་མཐུན་པའི་དུས་ཅུང་ཟད་ཆག་ཀྱང་ཕྱིས་མཐར་ཕྱིན་པར་བཞེངས༌། སྔར་ཡབ་མེས་ཀྱི་རིང་བཀའ་ཁོན་བྱུང་བའི་རྒྱ་ཧོར་ལྗང་གསུམ་དང་འཐབ་པས་རྩང་མ་ཚོད་བསད་པས་མི་མ་ཟད་ནས་བློན་པོ་ཁྲི་སུམ་རྗེ་སྟག་སྣར་གྱིས་མཇལ་དུམ་བགྱི་བར་གླེངས་པས་རྒྱ་ན་རེ་ཉི་ཟླ་གཟའ་སྐར་ངའི་ཐོག་ནས་འཆར་ཏེ་གནམ་གྱི་མགོ་བོ་ང་དབང་བས་དུམ་ངའི་མདུན་དུ་བྱ་དགོས་ཟེར། ཧོར་ན་རེ་སྐར་མ་སྨིན་བདུན་གནམ་གྱི་གཞུང་ཕུར་ཡིན། དེའི་འོག་ན་ང་འདུག་སྟེ་གནམ་གྱི་གཞུང་ང་དབང་བས་སྡུམ་ངའི་གོ་ཁར་བྱ་དགོས་ཟེར། ལྗང་ན་རེ་དགུ་ཚིགས་སྐྱ་མོ་གནམ་གྱི་གཞུང་ཐིག་ཡིན། དེའི་འོག་ན་ང་འདུག་སྟེ་གནམ་གྱི་གཞུང་ཐིག་ང་དབང་བས་སྡུམ་ངའི་སར་བྱ་དགོས་ཟེར། སླད་ནས་མཇལ་བའི་དུས་བྱས་ཏེ་དེ་རེས་གྱེས༌། ཁྲི་སུམ་རྗེས་འཕྲུལ་བཤམས་ཏེ་དབྱར་མ་ཐང་དུ་ཚོགས་ཐིང་ཤུན་ཏུ་བཅུག་པའི་ཐག་པ་ན་མཁའ་ལ་བརྐྱངས་པ་ལ་ལྷང་ཚེར་གྱི་ཉི་ཟླ་གཟའ་སྐར་གྱི་གཟུགས་བཏགས། ཐིང་ཤུན་བསྐྱིལ་བའི་འོག་དུ་མེ་བུས་ཏེ་རླངས་པ་ན་བུན་དུ་ཆགས་པར་བྱས། ངང་པ་གསེར་གྱིས་བྱུགས་པ་རོལ་དུ་ཁྲིད་ནས། ཉིན་མོ་གནམ་ལ་སྐར་མ་འཆར་བའི་ཡུལ། །ཉི་ཟླ་གཟའ་སྐར་དུས་གཅིག་འཆར་བའི་ཡུལ། །ལོ་སར་སྒང་ལ་ན་བུན་ཆགས་པའི་ཡུལ། །གངས་རི་ཤེལ་གྱི་མཆོད་རྟེན་ཆགས་པའི་ཡུལ། །མི་རྗེ་ལྷས་མཛད་གསེར་བྱ་རོལ་དུ་ཁྲིད། །ཁྱེད་ཐམས་ཅད་ལས་ང་ཁྱད་ཏུ་འཕགས་པས་སྡུམ་ངའི་མདུན་དུ་བྱེད་དགོས་ཞེས་སྨྲས་པས་ལན་མ་ཐེབས་ཏེ་བོད་རྒྱལ་པོའི་དྲུང་དུ་མཇལ་དུ་མ་བྱས་སྐད། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་མཛད་སྟེ་བཙན་ཉིད་ཀྱིས་ཀྱང་བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན། དེ་མདོར་བསྟན་པ་བམ་པོ་གཅིག་དེ་བཞིན་གཤེགས་༼ཇ༡༢༤བ༽པའི་སྐད་བརྡ་བམ་པོ་ལྔ། བྱམས་པའི་བསྟོད་ཆེན་བམ་པོ་གཅིག་ལྷག་པ་སོགས་བསྟན་བཅོས་གཞུང་ཚན་ཆེ་བ་དང༌། གྲུབ་པའི་མཐའ་དགྲོལ་བ། དབུ་མའི་གཟེར་བུ། བསམ་གཏན་གྱི་དོགས་པ་བརྒྱད་བསལ་བ་ལྷ་བཙན་པོའི་བཀས་བཅད་སོགས་དང༌། འཕགས་པ་རྣམ་སྣང་དང༌། ཤཱཀྱ་ཐུབ་པ་དང༌། འཇམ་དཔལ་དང༌། བྱམས་པ་དང༌། མི་གཡོ་མགོན་དང༌། བྱང་ཆུབ་སེམས་དཔའ་བརྒྱ་ལ་བསྟོད་པ་སོགས་གཞུང་ཚད་ཆུང་བའི་བསྟན་བཅོས་དུ་མ་མཛད་ཏོ། །དཀར་ཆག་འཕང་ཐང་མར་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན་བམ་པོ་དོན་བརྒྱད་པ་ཁྲི་སྲོང་གིས་མཛད་པར་བཤད་ཀྱང་དཀར་ཆག་མཆིམས་ཕུ་མ་དང་ལྡན་དཀར་མ་གཉིས་སུ་དེ་གཉིས་རྒྱ་གར་མར་བཤད་པས་དཾཥྚ་སེ་ནའི་འབུམ་ཊཱིཀ་དེ་ཡིན་ནོ་ཞེས་ཀུན་མཁྱེན་བུས་བཤད་ཏོ། །གཞན་ཡང་དགོངས་པ་ངེས་འགྲེལ་གྱི་མདོའི་འགྲེལ་པ་མུ་ཏིག་བཙན་པོས་མཛད་པ་དང༌། ཇོ་མོ་བྱང་ཆུབ་རྗེའི་སྨོན་ལམ་སོགས་ལྷ་སྲས་དང་བཙུན་མོས་མཛད་པ་དང༌། བཻ་རོ་ཙ་ནས་མཛད་པའི་དོན་གསལ་སྒྲོན་མེ། རིགས་པ་དྲུག་བཅུ་པ་ལས་བཏུས་ཏེ་མདོར་བཤད་པ། སྣང་མཐའི་མཚན་བརྗོད་ལ་སོགས་དང༌། དཔལ་དབྱངས་ཀྱིས་གཅེས་པ་བསྡུས་པའི་འཕྲིན་ཡིག །ཀ་བ་དཔལ་བརྩེགས་ཀྱིས་གསུང་རབ་རིན་པོ་ཆེའི་གཏམ། ཕྱིའི་ཡུལ་དྲན་རྒྱུད་ཏུ་ཡོད་པར་འདོད་པ་སེལ་བ། མཚན་ཉིད་གསུམ་མདོར་བསྟན། ཞང་ཡེ་ཤེས་སྡེས་ལྟ་བའི་ཁྱད་པར། བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས། འཇིག་རྟེན་ཕ་རོལ་སྒྲུབ་པ། དགོངས་ལྡེམ་དགོངས་བཞིའི་བརྗེད་བྱང༌། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་བམ་པོ་བཞི་བཅུ། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཕྲེང་བའི་རྒྱན། ཆོས་གཏན་ལ་དབབ་པའི་གལ། དཔལ་བརྩེགས་དང་ཀླུའི་རྒྱལ་མཚན་གྱི་བརྒལ་ལན་བཞི་ཕྲུགས། སློབ་དཔོན་ཤེས་རབ་༼ཇ༡༢༥ན༽སྙིང་པོའི་དགོངས་འགྲེལ་བྱམས་ལེའི་བརྗེད་བྱང༌། པྲ་ཤ་སེ་ནའི་ཤེར་སྙིང་ཊཱི་ཀ། སློབ་དཔོན་བཀྲ་ཤིས་ཀྱི་དབུ་མ་རྒྱན་གྱི་བརྗེད་བྱང་བམ་པོ་བཅུ་དང་སྡོམ་པ་ཉི་ཤུ་པའི་འགྲེལ་པ། དཔལ་གྱི་ལྷུན་པོའི་དགེ་སློང་མའི་སོ་ཐར་གྱི་འགྲེལ་པ། ཨ་ཙརྻ་ཀ་ལ་ཡ་ན་དང༌། རིན་ཆེན་ཟླ་འབྱུང་དང༌། ཀོང་ཨུཏྤལ་ཀོ་ཥ་སོགས་ཀྱི་དྲིན་ལན། ལྕེ་ཁྱི་འབྲུག་གི་སྒྲའི་གནས་བརྒྱད་རྩ་འགྲེལ་དང༌། མ་བྱིན་ལེན་གྱི་སྐབས་ནས་མཁན་པོ་བཞིས་དཔྱད་པ་སོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཀྱང་བསྟན་བཅོས་མང་དུ་མཛད་ཅིང༌། བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་སྟེ་ལོ་ཙཱ་བ་རབ་དགུ་དང་ཕྱིས་བརྒྱ་རྩ་བརྒྱད་ཚང་བར་བྱུང་ཞིང་རབ་འབྲིང་ཐ་གསུམ་དུ་ཕྱེ་ནས་རབ་ཀྱིས་ཞུས་ཆེན། འབྲིང་གིས་བར་ཞུས། ཐ་མས་མཆན་བུའི་ལོ་ཙཱ་བ་བྱེད་སྐད།

སྲས་ལ་ཆབ་སྲིད་བསྐོ་བ་སོགས་མཛད་ཚུལ་ནི་རྦ་བཞེད་ལས། ཡེ་ཤེས་དབང་པོ་འདས་པའི་ཚེ་བཙན་པོའི་ཞལ་ནས་ཨཱ་ཙརྻ་ཆེན་པོ་ཚེ་འདའ་བ་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་རིང་པོ་མི་ཐུབ་བོ་གསུངས། ཡང་བཙན་པོའི་ཞལ་ནས། བར་དུ་སྟོན་མིན་གྱི་ཚིག་ཉན་ཏེ་ཆོས་སློབ་པ་དང་དྷརྨའི་དཔེ་ལེན་དུ་ཡང་མི་ཀུན་མ་བཏུབ། རྒྱ་གར་གྱི་ཆོས་དཔེ་ཡིད་ལ་མ་བཅགས་པ་ཙམ་དུ་བླངས་ཏེ་བསྒྱུར་ཟིན་ན་ཤྲི་ནཱ་ལེན་དར་རྒྱ་གར་གྱི་དྷརྨ་མེས་ཚིག་སྟེ་མ་ཚང་བ་རྒྱ་ཡུལ་དུ་ཆོས་བྱུང་ནས་ལོ་སྟོང་ཉིས་བརྒྱ་ལོན་ཏེ་གསུང་རབ་ཀྱི་དཔེ་ཚང་བར་བཞུགས་ན་རྒྱའི་ཆོས་མ་བསྒྱུར་བ་ཡིད་ལ་བཅགས་སོ་ཞེས་གསུངས་ནས་ཐུགས་ངན་མཛད། དགེ་འདུན་ལ་ཆོས་སློབ་ཀྱི་གྲ་བཙུགས་པ་ལས་ཡེ་ཤེས་དབང་པོ་འདས་ནས་བུ་མོ་སྤྱན་རས་གཟིགས་ཀྱིས་ཇོ་མོ་ཁྲོ་མོ་ལེགས་ལ་ཆོས་སློབ་ཀྱི་གྲ་གཟུགས་པར་གསོལ་བ་དང་ཇོ་མོས་བཙན་པོ་ལྷ་༼ཇ༡༢༥བ༽སྲས་ཀྱི་སྙན་དུ་གསོལ་ཏེ་བཙན་པོས་ཆོས་སློབ་ཀྱི་གྲ་བཙུགས་སོ། །དེ་ནས་བཙན་པོ་ལྷ་སྲས་ཀྱི་ཞལ་ནས། ཨ་ཙརྻའི་གསུང་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་ཡུན་རིང་པོ་མི་ཐུབ་གསུངས་ནས་ཐུགས་ལས་ཆུང་ངུ་གཞོལ་བར་བཞེད་ནས་པཎྜི་ཏ་ཞིག་སྤྱན་འདྲེན་དུ་བཏང་བས་ཨ་ཙརྻ་བི་མ་ལ་མི་ཏྲ་བྱོན་པ་ལ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་འཕྲོ་ཞུས་ནས་སྒོམ་མཛད་པར་བཞེད་སྟེ། སྲས་མུ་ནེ་བཙན་པོ་ཆབ་སྲིད་ལ་བསྐོ་བ་དང༌། བློན་པོ་ཞང་དབུ་རིང་བློན་པོ་ལ་བསྐོ་བའི་གྲོས་དབུ་རྩེ་ན་བྱེད་ཅིང་བཞུགས་པ་ཇོ་མོ་མེ་སྒྲོན་གྱིས་མཐོང་སྟེ་ཐུགས་གཏུམ་པོས་ཆབ་སྲིད་སྣ་ནམ་པ་སྟེར་ངེས་སྙམ་སྟེ་མུ་ཏིག་བཙན་པོ་ལ་གསོལ་བས་ལྷ་སྲས་ཀྱིས་སྒོ་བར་དུ་ཆུ་གྲིས་བཀུམ། ཡབ་ཀྱིས་བཙུར་བཞེར་གར་སོང་ཞེས་གསུངས་པས་གྲི་ཁྲག་ཅན་དེ་བོར་ནས་དབུ་རིང་རྒྱང་རིང་པོར་སོང་ཟེར་ཏེ་བར་ཁང་དུ་བྲོས། རྗེའི་ཐུགས་ངམ་འགྱངས་ནས་གཡར་མཆུ་བྱུང་བར་དོགས་ཐུགས་མ་བདེ་བློན་མཛངས་བ་ཀུན་གྲོས་བྱས་ཏེ་བློན་ཆེན་པོ་མགོས་ཀྱིས་ཞལ་ཅེ་དགའ་གསུམ་དུ་བཅད། ཆབ་སྲིད་མུ་ནེ་བཙན་པོ་མངའ་བར་གྱིས་ཟེར་ནས། མི་ཆོས་ཐུན་བཙུགས་ལྟར་མཛད་ནས་བཏང༌། ཡབ་ཟུར་མཁར་དུ་སྒོམ་ཏུ་གཤེགས་སོ་ཞེས་བྱུང་ངོ༌། །ཡི་གེ་གཞན་ལས་འཛམ་གླིང་སུམ་གཉིས་མངའ་འོག་དུ་འདུས་ནས་སུམ་གཅིག་བསྡུ་བའི་ཕྱིར་ཞང་རྒྱ་ཚ་ལྷ་སྣང་གིས་དབུ་རྩེ་བར་ཁང་དུ་རྒྱལ་པོ་ལ་གྲོས་ཞུས། ཞང་གི་བུ་དབུ་རིང་སྒོ་སྲུང་བ་ན་ལྷ་སྲས་མུ་ཏིག་བཙན་པོ་ནང་དུ་འབྱོན་རིངས་པ་བཀག་པས་ཁྲོས་ཏེ་དབུ་རིང་བསད། དབུ་ངང་རིང་རིང་པོ་དེ་རྒྱང་རིང་རིང་པོར་བཏང་ཡོད་གསུངས་པས་ཞང་ལ་ངོ་ནག་པ་ཙམ་ཡང་མ་བྱུང་ཞེས་སྣང༌། ཞལ་ཅེ་དགའ་གསུམ་ནི་མགོས་ཀྱི་མཆིད་ནས་ཟུར་མཁར་མཆོད་རྟེན་གྱི་རྩར་ཞལ་ཅེ་ལེན་དུ་ཤོག་ཅིར་ཟེར་ཏེ་རྟ་བཞོན་ནས་སོང༌། དེར་ཕྱིན་པས་རྡོའི་མཆོད་རྟེན་འོག་མ་ལ་ཡི་གེ་བྲིས་ནས་རྗེས་འབངས་བསད་ན་མས་བརྡུང་བ་དང་འདྲ་སྟེ་ཐབས་མེད་ད་དུང་མཆོད་རྟེན་བར་མར་དྲིས་༼ཇ༡༢༦ན༽ཟེར་བ་བྱུང་བས་རྒྱལ་པོ་ཡབ་སྲས་མཉེས། བར་པ་ལ་འོན་ཀྱང་རེ་རེ་ནས་བསད་ན་འབངས་ཀྱིས་མི་ལང་རྒྱལ་པོ་འབངས་ལ་མིག་ཆེས་ཏེ་འགྲོ་ད་དུང་གོང་མར་དྲིས་ཞེས་པ་མཐོང་བས་འབངས་རྣམས་དགའ། གོང་མ་ལ་རྒྱལ་པོ་ཉིད་ཀྱིས་ཁྲིམས་མ་བསྲུངས་ན་འབངས་ལ་ཁྲིམས་མི་འཆགས་པས་ལྷ་སྲས་ལོ་དགུ་བྱང་དུ་སྤྱུགས་ལ་ཞང་ལ་སྟོང་དུ་ཡུལ་གྲུ་གཅིག་བྱིན་ཞེས་བྱུང་བས་སྣ་ནམ་པ་དགའ་སྟེ་དགའ་གསུམ་དུ་གྲགས་སྐད།

 

རྒྱལ་རབས་སོ་དགུ་པ་མུ་ནི་བཙན་པོ།

 

རྗེ་ཁྲི་སྲོང་ལྡེ་བཙན་དེ་དང་བཙུན་མོ་ཚེས་སྤོང་བཟའ་མེ་ཏོག་སྒྲོན་གྱི་སྲས་བཞི་ལས་ཆེ་བ་མུ་ཁྲི་སྲོང་པོ་སྐུ་ཆུང་ངུ་ལ་གཤེགས་པས་བང་སོ་མེད། གཉིས་པ་མུ་ནེ་བཙན་པོ་ཡབ་ཀྱི་དགུང་ལོ་སོ་བཞི་པ་ཆུ་ཕོ་སྟག་ལ་འཁྲུངས། དེའི་ཕྱི་ལོ་ཆུ་ཡོས་ལ་མུ་ཏིག་བཙན་པོ་འཁྲུངས། དེའི་ཕྱིར་ལོ་ཤིང་འབྲུག་ལ་ཁྲི་ལྡེ་སྲོང་བཙན་རྣམས་རིམ་པར་འཁྲུངས། ཡབ་ཀྱིས་ང་ལྔ་བཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་ཟུང་མཁར་སྨྱུག་མ་ཚལ་གྱི་ཕོ་བྲང་དུ་སྒོམ་པར་གཤེགས་ཏེ་སྲས་མུ་ནེ་དགུང་ལོ་ཉེར་གསུམ་པ་རྒྱལ་སར་བསྐོས། བཙུན་མོ་ཕོ་ཡོངས་བཟའ་ཡུམ་གྱི་སྐྱེ་བ་ཐུགས་བརྩེ་བས་སྲས་ལ་གཏད་གཉེར་མཛད། མུ་ནེས་བཙུན་མོ་རུ་ཡོངས་བཟའ་མདོ་རྒྱལ་ཁབ་ཏུ་བཞེས། བསམ་ཡས་སུ་དྲིལ་ཕྲེང་དང་བ་དན་དང་འཕན་ཆེན་པོ་མང་དུ་ཕྱར། ལྷ་ས་དང་ཁྲ་འབྲུག་དུ་འདུལ་བ་དང་མངོན་པའི་མཆོད་པ། བསམ་ཡས་སུ་མདོ་སྡེ་དང་མངོན་པར་བྱང་ཆུབ་པའི་མཆོད་པ་སྟེ་མཆོད་ཆེན་བཞི་བཙུགས། མཆོད་པའི་རྒྱུར་འབངས་རྣམས་ཀྱིས་ཡོ་བྱད་ཕུལ་ཞིག་གསུངས་པས་ལ་ལས་གསེར་གཡུ་དང་ཟབ་ཆེན་སོགས་ཕུལ། དབུལ་པོ་རྣམས་ཀྱིས་གོས་ཧྲུལ་སོགས་ཕུལ་བས་ངའི་འབངས་རྣམས་དད་པའི་ཁྱད་འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས་བློན་པོ་རྣམས་ཀྱིས་འབྱོར་པ་ཆེ་ཆུང་གི་ཁྱད་པར་ཡིན་ཞུས་པས་ངའི་འབངས་ཕྱུག་དབུལ་མི་མཉམ་པ་མི་འོས་གསུང་ནས་ལྟོགས་ཕྱུག་༼ཇ༡༢༦བ༽བསྙམས། ཡང་དེ་མ་ཐག་སྔར་ལྟར་ཕྱུག་དབུལ་ཁྱད་ཞུགས་པས་ཡང་ལན་གཉིས་སུ་ལྟོགས་ཕྱུག་བསྙམས། ཡང་དེ་མ་ཐག་ཕྱུག་དབུལ་གྱི་ཁྱད་སྔར་ལྟར་ཞུགས་པས་འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས་མཆོད་གནས་ལོ་པཎ་རྣམས་ཀྱིས་སྔར་གྱི་སྦྱིན་ཤུགས་ཡོད་མེད་ཀྱི་ཁྱད་ཡིན་ཞེས་རྒྱུ་འབྲས་སྙན་དུ་གསོལ་བས་གཤིན་དུ་ཐུགས་ཆེས་ཏེ་དཀོན་མཆོག་ལ་མཆོད་པ་ཆེར་མཛད། ཡབ་ཀྱི་བཙུན་མོ་ཕོ་ཡོངས་བཟའ་ལ་བྱམས་པར་མཛད་པས་ཡུམ་མེ་སྒྲོན་ཁྲོས་ཏེ་དུག་ཅན་གྱི་ཟས་དྲངས་པས་དགུང་ལོ་ཉེར་བཞི་པ་ཤིང་གླང་ལ་ཕོ་བྲང་ཡུམ་བུར་གཤེགས་ཏེ་ཆབ་སྲིད་ལོ་གཅིག་དང་ཟླ་བ་དགུ་བསྐྱངས་སོ། །

དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་ཆད་པ་འཁེལ་བ་བྱང་ནས་སྤྱན་དྲངས་ཏེ་བསྐོ་བར་བྱས་པ་ལམ་དུ་སྣ་ནམ་བས་ཆིབས་བཀྲོགས་ཏེ་ལྷུང་ནས་རྟ་གྲིར་འདས། རྒྱལ་རབས་ཁུངས་ཐུབ་སྔ་ཕྱི་ཐམས་ཅད་ལས་འདི་ཀ་བྱུང་ལ། སློབ་དཔོན་ཆེན་པོ་པདྨའི་རྣམ་ཐར་ཐང་ཡིག་ལེའུ་བརྒྱ་དང་གཅིག་པ་སོགས་ན། དོ་ཞག་དྲུག་བཅུ་རྩ་གཅིག་གླང་གི་ལོ། །རྒྱལ་པོ་ཉིད་ཀྱང་མི་རྟག་མྱ་ངན་འདའ། །ཞེས་སོགས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གླང་ལོ་པ་དྲུག་བཅུ་རྩ་གཅིག་ལ་ལོ་སར་ལ་མཚན་མོ་རྟ་བརྒྱུགས་པས་ཆིབས་ཀྱིས་བསྐྱུར་ནས་འདས། དེ་གསངས་ནས་ལོ་གསུམ་སློབ་དཔོན་གྱིས་རྒྱལ་སྲིད་བཟུང་ནས་མུ་ཏིག་བཙན་པོ་བསྐོས། དེའི་དུས་སློབ་དཔོན་སྲིན་ཡུལ་དུ་གཤེགས་པ་ལ་ཐམས་ཅད་ཀྱིས་གཤེགས་སྐྱེལ་བྱས་ཞེས་སྣང་ཡང་འདི་སྐབས་ཕལ་ཆེར་ན་བོད་ཕྱི་རབས་ཀྱི་རྩོམ་རིགས་ཁོ་ན་སྣང་བས་ལྷད་བསྲེས་པ་ཅིག་ཡིན་པས་དོགས་ལ། རྒྱལ་སྲས་ལྷ་རྗེ་ཁྲིད་ཤོག་གསུངས་ནས་ལུང་བསྟན་མཛད་ཟེར་བ་ལ་དཔགས་ན་སད་ན་ལེགས་དང་མུ་ཏིག་བཙན་པོ་ནོར་བ་སོགས་ཀྱིས་དཔྱད་མི་བཟོད་པ་ཅིག་སྣང་ལ། གཏེར་མར་གྲགས་པ་ཁ་ཅིག་ལས་ཁྲི་སྲོང་གི་སྐུ་ཚེའི་ཚད་ལྔ་བཅུ་རྩ་ལྔ་ལས་མེད་པ་ལ་སོགས་སློབ་དཔོན་གྱིས་ཚེ་སྒྲུབ་མཛད་པས་བཅུ་གསུམ་བསྲིངས་ཏེ་དྲུག་༼ཇ༡༢༧ན༽བཅུ་རྩ་དགུ་ལ་གཤེགས་ཞེས་ཀྱང་སྣང་ཞིང༌། བུ་སྟོན་ཆོས་བྱུང་ལས་ཀྱང་དྲུག་བཅུ་རྩ་དགུ་ལ་གཤེགས་པར་བྲིས་སོ། །

རྒྱལ་རབས་སྔ་མ་ཕལ་དུ་ལྔ་བཅུ་རྩ་ལྔ་ལ་གཤེགས་པ་ཉིད་བྱུང་ལ་རྦ་བཞེད་ཏུ་ང་ལྔ་ལ་སྒོམ་དུ་གཤེགས་ཟེར་བ་ལས་མ་བྱུང་ཡང་ཨཱ་ཙརྻ་ཆེན་པོ་ཚེ་འདའ་བ་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་རིང་པོ་མི་ཐུབ་གསུང་བ་སོགས་ཡེ་ཤེས་དབང་པོ་དང་རྒྱལ་པོ་སྐུ་ཚེ་ཚད་མཚུངས་པར་བཞེད་པ་ཡིན་པས་སྒོམ་དུ་གཤེགས་པའི་ལོ་དེ་ཉིད་ལ་གཤེགས་པར་དོན་གྱིས་གྲུབ་ལ་བང་སོ་ནི་སྔོན་ནས་བརྩིགས་ཟིན་པས་སྐུ་གདུང་མཆོད་རྟེན་ཞིག་དུ་སྦས་ཐབས་ཀྱིས་བཞུགས་པ་སྙམ་མོ། །

མུ་ནེ་བཙན་པོ་ལོ་ཉེར་དགུ་བཞུགས་བྱ་བ་དང༌། བཅུ་བདུན་ལ་ཡུམ་གྱིས་བཀྲོངས་ཞེས་དང༌། སད་ན་ལེགས་ལོ་བཞི་པ་ལ་རྒྱལ་སར་བཏོན་ཞེས་བྲིས་པ་རྣམས་ཀྱང་དག་པར་མ་མཐོང་ངོ༌། །བཻ་རོའི་འདྲ་འབག་ཆེན་མོ་ལས་ནི་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པའི་བཀའ་ཆད་ཀྱིས་དེ་ནས་ཟླ་བ་གསུམ་ལོན་པ། བི་མ་ལ་མི་ཏྲ་མ་ཕེབས་ཙམ་དེར་ཆོས་རྒྱལ་ཁྲི་སྲོང་སྐུ་གཤེགས། ཕྱི་ལོར་མུ་ནེ་བཙན་པོ་ཡང་གཤེགས་ནས་དེའི་གཤེད་ཀྱི་ཆོས་འཁོར་གྱི་དུས་གཡུ་སྒྲས་ལ་ཡོགས་དོར་དུ་འོངས་ནས་རྒྱལ་བློན་རྣམས་ཀྱིས་བཻ་རོ་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ཕུལ་ཏེ་སད་ན་ལེགས་ཀྱི་དུས་བཻ་རོ་བོད་ཏུ་བྱོན་པར་བཤད་ཏོ། །

 

རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ནམ་ལྡིང་ཁྲི།

 

དེ་ནས་ཁྲི་ལྡེ་སྲོང་བཙན་རྒྱལ་སར་བསྐོས། །འཇིང་ཡོན་སད་ན་ལེགས་ཞེས་མཚན་དུ་གྲགས། །དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །ལོ་པཎ་མང་མཆོད་ཏམ་ཆོས་དུ་མ་བསྒྱུར། །ནམ་ཡང་སངས་རྒྱས་བསྟན་པ་མི་གཞིག་པར། །བྲོ་བོར་བ་ཡི་བཀའ་གཙིགས་ཡང་ཡང་བསྩལ། །ལོ་གྲངས་སུམ་བཅུ་རྩ་གཉིས་སྲིད་བསྐྱངས་ཏེ། །དགུང་ལོ་ང་བཞི་པ་ལ་སྦྲགས་ཕུར་འདས། །དེ་ཡི་བང་སོ་འཕྲུལ་རྒྱལ་མདུན་ན་ཡོད༌། །ཡུམ་གྱིས་ཆག་གང་བསྐོངས་༼ཇ༡༢༧བ༽པས་ནངས་ཀྱིས་མཐོ། །རིན་ཆེན་ནོར་བཀང་རྒྱལ་ཆེན་འཕྲུལ་རིང་གྲགས། །དེ་ཡང་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་ནམ་ལྡིང་ཁྲི་དགུང་ལོ་ཉེར་གསུམ་བཞེས་པ་མེ་ཕོ་སྟག་ལོ་ལ་རྒྱལ་སར་བསྐོས། བློན་པོ་རྣམས་ཀྱིས་དང་པོར་བཙན་པོ་ཐུ་ཆུང་འདིས་རྒྱལ་པོ་འོང་མི་འོང་སད་ན་ལེགས་ཞེས་བགྲོས་པ་དང་སྐུ་འགྱིང་བག་དུ་བཞུགས་པ་ཅིག་ཡོད་པས་སད་ན་ལེགས་འཇིང་ཡོན་ཞེས་མཚན་དུ་གྲགས། སྐབས་དེ་ཤེད་ཏུ་བསམ་ཡས་ཅུང་ཟད་ཉམས་པ་ཅིག་ཡང་བྱུང་བར་སྣང་སྟེ་རྦ་བཞེད་ལས། བར་དུ་བསམ་ཡས་ཀྱི་དགེ་འདུན་བཤོས་ཆད་ནས་ཁ་ཤུགས་སུ་བཏང་ཁབ་སོ་ནི་ཞིག་གཙུག་ལག་ཁང་གི་རྨང་བྱི་བྲུན་གྱིས་གང༌། གནས་ཁང་ཀུན་གྱི་སྒོ་ཡང་རྐུན་མས་ཁྱེར་སྐད། དེ་འགེམ་ཤཱནྟི་ཁམས་ན་འདུག་པས་ཐོས་ནས་མི་དགའ་སྟེ་གསོལ་བྱང་བྲིས་གསེག་ཤང་ཐོགས་ནས་བོད་ཏུ་མཆིས། ཇོ་མོ་ཁྲི་ལེགས་ཀྱི་སྙན་དུ་འདས་ནས་བྱང་བུ་སྤྱན་དར་བྲིམས་ཏེ་བཀའ་བསྩལ་པ། བནྡྷེ་སྤྱིར་དད་པ་ཆེ་ཞིང་ཆོས་གཟུགས་པར་དགོངས་པ་ནི་མ་ནོངས་ན་རླངས་ཆིགས་བསྡོས་པས་ཆད་པས་བཅད་ན་མ་ལེགས་སོ་ཞེས་བྱུང་བ་ཐོས་ནས་ཤཱནྟི་མ་དགའ་སྟེ་ཉལ་བའི་རྨི་ལམ་ན་བུད་མེད་དཀར་མོ་བཅོ་བཅོ་བ་ཞིག་ན་རེ། ཁྱོད་བསམ་ཡས་ཁབ་སོ་གཟུགས་པར་འདོད་ན་ཆོས་དང་པོ་བོད་ཁམས་སུ་རྦ་ཡེ་ཤེས་དབང་པོས་བཙུགས་ཏེ་དེའི་སྲས་མོ་གཉིས་ཤིག་ཧས་པོ་རིའི་དྲུང་ན་འདུག་གིས་དེ་དང་འཕྲོད་ལ་དཀོན་མཆོག་གི་མཆོད་པ་གྱིས་ཅིག་འོན་ཏང་བསམས་པ་འགྲུབ་པར་འགྱུར་རོ་ཞེས་ཐོས་ནས་བྲག་མར་དུ་མཆིས་ནས་བཙལ་བས་བུ་མོ་སྤྱན་རས་གཟིགས་ཤཱནྟི་ལ་ཕྱག་འཚལ་དུ་མཆིས་པ་དང་རྫིང་གོང་དུ་མཇལ་ནས་གཉི་ག་འགྲོགས་ཏེ་དགེ་ལྡེམ་བཙལ་ཏེ་ཤཱནྟིས་རྨི་ལམ་བཟླས་ནས་ཁབ་སོ་ཚུགས་ཞིང་ཚེས་བརྟན་པར་དགྱི་བའི་སླད་ཏུ་བྱམས་པ་དང་མངོན་པར་བྱང་ཆུབ་པ་གཟུགས་པའི་ཡོ་བྱད་ཤཱནྟིས་ནི་ཚོགས་ལ་བསླངས་དགེ་ལྡེམ་གྱིས་སྒོས་སུ་སྦྱར་ཏེ་མཆོད་པ་བགྱིད་པར་ཆད་པ་ལས། རིང་ལུགས་བནྡྷྱ་ལངྐའི་མཆིད་ནས་འདི་ལྟར་མཆོད་པ་བྱེད་ཅིང་དགེ་ལྡེམ་ཆ་བར་ནོས་ཀྱི་ཆད་པས་༼ཇ༡༢༨ན༽བཅད་ཏོ་ཞེས་བསྒོ་ནས་གནས་བརྟན་གཉིས་ཀྱང་སྐྲག་སྟེ་ཡོ་བྱད་འགའ་ཡང་གཡར་མ་སྟེར། ཤཱནྟི་དང་སྤྱན་རས་གཟིགས་སོགས་ཡོན་བདག་སྟོད་རིམ་ཀུན་སྐྲག་སྟེ་མཆོད་པ་གཏང་བར་བགྱི་བ་ལས་དགེ་ལྡེམ་གྱིས་ཇོ་མོ་བྱང་ཆུབ་རྗེ་ཡོན་བདག་དུ་གསོལ་ནས་ཇོ་མོས་ཀྲོ་ནས་ཁལ་བདུན་མར་ཕ་ལམ་གཅིག་འཐུད་ནས་མཆོད་པ་མ་ཤོར་བར་བགྱིས། བསམ་ཡས་ཀྱི་སྐུ་གཟུགས་ལྡེར་ཚོ་རེ་རེ་ལ་ལྷ་བཤོས་བྲེ་ཐག་པའི་རྐྱེན། བག་ཕྱེ་གསུམ་གསུམ་གྱི་རྐྱེན་ཐང་དུ་དྲངས་ཏེ་མཆོད། དགེ་འདུན་དང་སྐྱེ་བོ་ཀུན་ལ་ཆོས་སྟོན་གསོལ། ལྡེ་བློན་ཆེན་གླུ་མས་གསེར་སྲང་ཉི་ཤུ་རྩ་ལྔའི་སྐེ་རགས་གཡུས་སྤྲས་པ་གཅིག་དར་ཡུག་གཉིས། རས་ཡུག་གསུམ་ཕུལ། དགེ་ལྡེམ་གྱིས་འབྲུ་སྣ་ལྔ་ལས་ཁལ་སུམ་བཅུ་རྩ་གཉིས་ཕུལ། བནྡྷེ་སྤྱན་རས་གཟིགས་ཀྱིས་འབངས་ཁྱིམ་གཅིག་ཕུལ། རྒྱལ་བློན་ཀླུ་སྐྱེས་ཀྱིས་ནས་ཁལ་བཅུ་གཅིག་སོགས་བུས་པ་ཡན་གྱིས་རལ་གུ་ཡན་ཆད་ཕུལ། ཇོ་མོ་སྤལ་གྱིས་ཆིབས་གཅིག །གྲོ་ནས་ཁལ་ཉི་བརྒྱ། ཟ་འོག་ཡུག་གཅིག་དར་ཡུག་གཅིག་ཕུལ། དགེ་འདུན་གྱིས་ཀྱང་བྱམས་པ་དང་མངོན་པར་བྱང་ཆུབ་པ་ལ་ཡོན་བསྣན་ནས་ཇོ་མོ་ལྕམ་ཕོ་ཡོངས་བཟའ་མཆེད་དང་མཁན་པོ་ཤཱནྟི་དང་དགེ་ལྡེམ་རྣམས་ཀྱིས་བྱམས་པ་དང་མངོན་པར་བྱང་ཆུབ་པ་སྔ་མ་བཞིན་དུ་བཙུགས་སོ། །དེ་ནས་སྤྱན་རས་གཟིགས་རང་གིས་རང་འགུམ་བའི་དུས་བཙལ་ཏེ་མཆིམས་ཕུ་ན་སྒོམ་ཞིང་མཆིས་པ་ལས་ཚེ་འདས་སོ་ཞེས་བྱུང་ངོ༌། འདི་རྦ་བཞེད་ཀྱི་དཀྱུས་ལ་རྗེ་ཁྲི་སྲོང་སྒོམ་དུ་མ་བྱོན་པའི་གོང་ན་འདུག་མོད་ཀྱང་མངོན་བྱང་གི་མཆོད་པ་མུ་ནེ་བཙན་པོས་བཙུགས་པ་དེ་ཉམས་ནས་སླར་བསོས་པར་སྣང་བས་སད་ན་ལེགས་ཀྱི་དུས་ཡིན་པར་གསལ་ལོ། །རྒྱལ་པོ་འདིས་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ། ཛྙཱ་ན་སེ་ན། བལ་པོ་ཧཱུྃ་ཀ་ར་སོགས་སྤྱན་དྲངས། ཆོས་མང་དུ་བསྒྱུར། སྐྱི་ཤོད་ཏུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་༼ཇ༡༢༨བ༽གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཅིང་མནའ་བོར་དུ་བཅུག་པའི་བཀའ་གཙིགས་ནི། སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ཏེ་འཕྲ་མྱེན་གྱི་སྒྲོམ་བུར་བསྩལ་ནས། བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་གཙུག་ལག་ཁང་དུ་ཡབ་ཀྱི་ཟླ་ལ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ། དམ་པའི་ཆོས་ནམ་དུ་ཡང་མི་གཞིག་པར། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཐུགས་དམ་བཤེས་ཏེ། དབུ་སྙུང་བོར་ནས། གཙིགས་ཀྱི་ཡི་གེར་བྲིས་པ། གཙིགས་ཇི་ལྟར་གནང་བའི་གཏན་ཚིགས་མགོ་ནན་ལ་བྲིས་པ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་འདི། བཟང་ཞིང་ཆེད་ཆེ་སྟེ། མི་མཛད་ཏུ་མི་རུང་ནི་ངན་རྟགས་དང་གཏན་ཚིགས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཆོས་ནམ་དུ་ཡང་མྱི་གཞིག་པར་གཙིགས་མཛད་པའི་བླང་ནན་དང༌། ཆོས་ཇི་ལྟར་བརྙེས་པའི་གཏམ་གྱི་ཡི་གེ་ལས་སྨོས་ཅིང༌། ཆོས་ཀྱི་ཡི་གེ་ཉིད་ཞིབ་ཏུ་འབྱུང་བ་ཡིན་ནོ། །

འདི་ལྟར་སངས་རྒྱས་ཀྱི་ཆོས་འདི་བཟང་ཞིང་ཆེར་ཆེ་སྟེ། མྱྀ་མཛད་ཏུ་མྱྀ་རུང་བར། དང་པོ་མེས་སྲོང་བཙན་གྱིས་མཁྱེན་ནས། ལྷ་སའི་དཔེ་ཧར་བརྩིགས་པ་ཚུན་ཆད། ཡབ་ཁྲི་སྲོང་ལྡེ་བཙན་གྱིས། ཆོས་རྒྱ་ཆེར་ཐུགས་སུ་ཚུད་ནས། བསམ་ཡས་ལྷུན་གྱིས་གྲུབ་པ་ལ་སྩོགས་ཏེ། བོད་ཁམས་སུ་གཙུག་ལག་ཁང་མང་པོ་བརྩིགས་པ་དང༌། བཙན་པོ་ཁྲི་སྲོང་ལྡེ་བཙན་ངའི་ཞ་སྔ་ནས། ཆོས་ཐུགས་སུ་ཆུད་སྟེ་མཛད་པ་ཕན་ཆད། གདུང་རབས་བདུན་གྱི་བར་དུ་མཛད་ཀྱིས་ཀྱང༌། མྱྀ་དགེ་བ་དང་མ་ལེགས་པ་མེད་པ་ལས། ཆོས་ཁོང་དུ་མ་ཆུད་པ་ཁ་ཅིག་གིས་མེས་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་ནས། ཆོས་མཛད་པ་ལས། ཡབ་ཁྲི་སྲོང་ལྡེ་བཙུན་སྐུ་ཆུང་བའི་ཚེ་བཤིག་སྟེ། ཕྱིན་ཆད་ཆོས་བྱེད་ཏུ་མྱྀ་གནང་བར། བཀའ་ཁྲིམས་སུ་ཡང་བྲིས་པ་ལས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་༼ཇ༡༢༩ན༽སྐུལ་དངོའ་བར་གྱུར་ནས། སླར་སངས་རྒྱས་ཀྱི་ཆོས་མཛད་པས་སྨན་པར་གྱུརད་ཏེ། ཆོས་ཀྱང་རྒྱ་ཆེར་མཛད་སྟེ། ནམ་དུ་ཡང་ཆོས་མྱྀ་གཞིག་པར། གཙིགས་ཀྱང་དམ་དུ་བྲིས་པ་ལས། ཕྱིས་ཡབ་དགུང་དུ་གཤེགས་པའི་རྗེས་ལ། ངེད་རྗེ་བློན་གྱི་སྙན་དུ་མོ་དང་རྨིས་ལྟས་ལས་དཀྲིས་ཏེ། ཆོས་མཛད་པ་འདི། བཙན་ཕོའི། སྐུ་དང་ཆབ་སྲིད་ལ་ཡང་དངོའ་སྟེ་མ་ལེགས་ཀྱིས། བཙན་ཕོའི། ཕོ་བྲང་ན་དཀོནད་ཅོག་གསུམ་གྱི་རྟེན་བཙུགས་པ་ཡང་གུད་ཏུ་སྤགས་ཏེ། བསྐང་ཞིང་ཆོས་མཛད་པའི་མྱྀ་རིགས་ཅེས་གསོལད་པ་དག་ཀྱང་བྱུང་ནས། མོ་དང་རྨིས་ལྟས་ལྟ་བུ་བརྫུན་པའི་ཚིག་གིས། དཀོནད་ཅོག་གསུམ་གྱི་རྟེན་དང་ཆོས་ལྟ་བུ་དོན་ཆེན་པོ་སྤངས་པར་གྱུརད་ན། མཐའ་ཡུན་དུ་ཡང་མྱྀ་དགེ་ཞིང་མ་ལེགས། རྗེ་བློན་སྔ་རབས་ཀྱིས་དམ་གཙིགས་བཞེས་པའི་དབུ་སྙུང་དང་ཡང་འགལ་ནས། སྔ་རབས་ཀྱི་རིང་ལ་གདུང་རབས་རེ་རེ་ཞིང་ཆོས་མྱི་གཞིག་པར་ཐུགས་དམ་བཞེས་སོ་ཞེས་འབྱུང་བ་དང་སྦྱརད་ཏེ། ཡབ་ཀྱི་རིང་ལ་དབུ་སྙུང་གཙིགས་མཛད་པའི་རྣམས་དང༌། ངའི་ཐུགས་ལ་དགོངས་ཏེ། གཙིགས་གསེར་དུ་བསྣན་ནས། ཡི་གེ་འདི་ལས་བྱུང་བའི་རྣམས། ནམ་ཞར་འདི་བཞིན་དུ་མྱྀ་མཛད་རེ་ཞེས། ངའི་ཞ་སྔ་ནས་དབུའ་སྙུང་པོར་ཏེ། ཐུགས་དམ་བཞེས། ཕྱི་ནང་གི་བློན་པོ་ཆེ་ཕྲས་ཀྱང་མནའ་བོར་ཏེ་གཙིགས་ཀྱི་ཡི་གེར་བྲིས་པའོ། །

ཐུགས་དམ་དང་དབུའ་སྙུང་བཞེས་ཏེ་གཙིགས་སུ་མཛད་པས། ཆོས་མཛད་པ་འདི་གཅེས་སྤྲས་ཅི་ལ་ཡང་སྡིག་གོ་ཞེ་ནམ། མ་ལེགས་སོ་ཞེས་མོ་དང་རྨིས་ལྟས་ལས་སོགས་ཏེ་ཅིའི་ཕྱིར་ཡང་རུང་སྟེ། དཀོནད་ཅོག་གསུམ་གཞིག་རེ་སྤང་རེ། དེ་སྐད་ཅེས་ཆེ་ཆུང་སུ་གསོལད་ཀྱིས་ཀྱང་དེ་ལྟར་མཛད་རེ། བཙན་ཕོ། དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཆད། ཆབ་སྲིད་ཀྱི་༼ཇ༡༢༩བ༽མངའ་བདག་མཛད་པ་མན་ཆད་ཀྱང་དགེ་སློང་ལས་དགེ་བའི་བཤེས་གཉེན་བསྐོས་ཏེ། ཆོས་ཐུགས་སུ་ཅི་ཆུད་ཆུད་ཏུ་བསླབ་ཅིང༌། བོད་ཡོངས་ཀྱིས་ཀྱང་ཆོས་སློབ་ཅིང་སྤྱད་པའི་སྒོ་བཅད་སྟེ། ནམ་དུ་ཡང་བོད་ཡ་རབས་མནད་ཅད་བོད་འབངས་ལས་ཐརད་པར་གཟུང་བའི་སྒོ་མི་བགག་པར། དད་པའི་རྣམས་ལས་ཐར་པར་བཙུད་སྟེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱི་རིང་ལུགས་རྟག་དུ་བསྐོ་ཞིང༌། བཅོམ་ལྡན་འདས་ཀྱི་རིང་ལུགས་བྱེད་པའི་རྣམས། ཆོས་འཁོར་ནས་བྱའོ་ཅོག་གི་བཀའ་ལ་ཡང་གཏོགས་ཏེ། ཆོས་འཁོར་གྱི་ལས་དང་དབང་བྱེད་ཅིང༌། དགེ་བའི་བཤེས་གཉེན་བྱེད་པར་མི་བསྐོ་རེ། རབ་ཏུ་བྱུང་བའི་རྣམས་གཞན་གྱི་བྲན་དུ་མི་སྦྱིན། ནན་གྱིས་མི་དབབ། ཁྱིམ་པའི་ཁྲིན་ལ་བཏགས་ཏེ་གྱོད་ལ་མི་གདགས་ཅིང༌། ངེད་ཡབ་སྲས་ཀྱིས་མཆོད་གནས་སུ་གནང་བ་བཞིན་དུ་བྱས་ཏེ། བཙན་ཕོའི། ཕོ་བྲང་ན་དཀོནད་ཅོག་གསུམ་གྱི་རྟེན་བཙུགས་ཅིང༌། མཆོད་པ་ཡང་གུད་ཏུ་སྤང་ཞིང་བསྐར་རེ། མཆོད་གནས་སུ་མི་བྱ་རེ། མདོར་ན། བཙན་ཕོའི། ཕོ་བྲང་དང་བོད་ཁམས་ན། དཀོནད་ཅོག་གསུམ་མྱེད་པ་དང་སྤང་བའི་ཐབས་ཅི་ཡང་བྱ་རེ། ཡབ་མེས་དབོན་སྲས་གང་གི་རིང་ལ་ཡང་རུང་སྟེ། དཀོནད་ཅོག་གསུམ་གྱི་རྐྱེན་བཅད་པའི་རྣམས་ཀྱང༌། མ་དམས་མ་ཞིག་པའི་ཆོས་སུ་མི་བྱ་རེ། འདི་ལྟར་རྗེ་བློན་མན་ཆད་ཀུན་གྱིས་མནའ་བོར་བ་ལས། བཙན་ཕོའི། གདུང་རྒྱུད་ལས་དབུའ་སྙུང་བཞེས་དགོས་པའམ། ཕྱིས་ཇོ་མོའམ། ཆབ་སྲིད་ཀྱི་བློན་པོ་ལ་སྩོགས་པ་སར་དུ་བསྐོས་ཅིང་ཆུད་པ་ཅིག་ཡོད་ལ། མནའས་བསྒག་པའི་རིགས་པ་ལས། མནའ་མ་བོར་བ་ཞིག་ཡོད་ན། དེ་བཞིན་དུ་མནའ་མྱྀ་བསྒག་རེ། ཇོ་མ་མཆེད་བྲོ་སྩལད་པ། ཇོ་མོ་འབྲོ་བཟའ་ཁྲི་མོ་ལེགས། ༼ཇ༡༣༠ན༽ཇོ་མོ་མཆིམས་རྒྱལ་བཟའ་ལེགས་མོ་བརྩན། ཇོ་མོ་ཅོག་རོ་བཟའ་བརྩན་རྒྱལ། རྒྱལ་ཕྲན་བྲོ་བསྩལད་པ། དབོན་འ་ཞ་རྗེ་དུད་ཀྱི་བུལ་ཞི་ཁུད་བོར་མ་ག་ཐོ་གོན་ཁ་གན། རྐོང་ཀར་པོ་མང་པོ་རྗེ། མྱང་བཙུན་ཁྲི་བོ། ཆབ་སྲིད་ཀྱི་བློན་པོ་མན་ཆད་བློན་པོ་ཆེ་ཕྲ་བྲོ་སྩལད་པ་ལ། བན་དེ་བཀའ་ཆེན་པོ་ལ་གཏོགས་པ། བན་དེ་བྲན་ཀ་ཡོན་ཏན། བན་དེ་མྱང་ཏིང་འཛིན། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ། བློན་ཆེན་པོ་ཞང་འབྲོ་ཁྲི་གཟུ་རམ་ཤགས། ཞང་མཆིམས་རྒྱལ་བཙན་བཞེར་ལེགས་ཟིགས། དབའ་བློན་མང་རྗེ་ལྟ་ལོད། དབའས་བློན་ཁྲི་སུམ་བཞེར་མདོ་བཙན། ཞང་མཆིམས་རྒྱལ་ལྷ་བཞེར་ནེ་ཤགས། རླང་བློན་ཁྲི་སུམ་རྗེ་སྤེག་ལྷ། ནང་བློན་ལ། ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་ཚེ་སྤོང་མདོ་བཞེར་ཕེས་པོ། ཞང་ཚེ་སྤོང་ལྷ་བཟང་ཀླུ་དཔལ། ཞང་སྣ་ནམ་རྒྱལ་ལེགས་དགེ་ཚུག་ཞང་སྣ་ནམ་ལྷ་བཞེར་སྤེ་བཙན། བྲན་ཀ་བློན་རྒྱལ་བཟང་འདུས་ཀོང༌། མྱང་བློན་ཁྲི་བཟང་ལེགས་འདུས། ལེའུ་བློན་ལྷ་བཟང་བྱིན་བྱིན། ཏོང་བློན་སྟག་སླེབས། ཞང་མཆིམས་རྒྱལ་མདོ་གཟིགས། རང་བློན་བསམ་སྐྱེས། ཞང་ཚེ་སྤོང་ལྷ་ལུང་སྟོ། ཞང་སྣ་ནམ་གཉན་ལོད། འོང་ཀ་ལྷ་སྦྱིན། འབྲིང་ཡས་བློན་སྟག་རྨ། རྩང་རྗེ་བློན་ཁྱེའུ་ཅུང༌། འབལ་བློན་འབྲོ་མ། སྙ་ཤུར་བློན་ད་ཙུག་སྙམ། སྣམ་ཕྱི་པ་ལ། ཁར་བ་རྗེ་བློན་བཙན་སླེབས། ཁུ་སྟག་ཚབ། ཞ་སྔ་གཅན་སྟག་ལོད། བྱུང་བོ་བློན་རྒྱལ་འབྱུང༌། ཤུད་པུ་བློན་ཁོང་ཁྲི། ལེའུ་བློན་ཀླུ་གཞེར། ཞང་ཚེ་སྤོང་ཀླུ་མཚོ་སྟོ། པ་ཙབ་བློན་འཚོ་གཟིགས། མྱང་བློན་ལེགས་བཙན། རླང་བློན་གསས་སླེབས། དབང་བློན་ལྟ་བོ་བཙན། བྲན་ཀ་བློན་བསམ་པ། ཉི་བ་བློན་ལྡོན་ཀོང༌། ཤུད་བུ་བློན་སྟག་སླེབས། ཞ་སྔ་གསས་བཙན་༼ཇ༡༣༠བ༽ཁུ་ཐོག་བཙན། སྣ་ནམ་ལྷ་འབངས། དབང་པོ་དང༌། དམག་དཔོན་དང༌། ཕྱིས་བློན་བཀའ་ལ་གཏོགས་པ༌། ལྷོ་བློན་ཁྲི་བཟང་གཡུ་བརྩན། དབས་བློན་ཁྲོམ་བཞེར། ཞང་མཆིམས་རྒྱལ་སྟོང་སྙ་སྨོན་བཙན། ཞང་ཚེ་སྤོང་ཁྲི་གཟིགས་སྤུང་རེ་ཙུང༌། ཞང་མཆིམས་རྒྱལ་སྟག་བཞེར་རྒྱལ་སླེབས། ཞང་སྣ་ནམ་བཙན་སྒྲ་ཁྲི་སླེབས། འབྲོམ་བློན་རྒྱལ་བཞེར་ཁར་ཙི། ལྷ་ལུང་བློན་མང་པོ་རྗེ་སྐར་ཀོང༌། ཞང་འབྲོ་སྟག་བཞེར་པྲ་བལ་སྟང༌། དཔའས་རྒྱལ་ཏོ་རེ་སྟག་སྙ། ཅོག་རོ་བློན་ལྷོ་གོང༌། ལང་གྲོ་བློན་ཁྲོམ་ལེགས། དཔའ་བློན་མདོ་བཙན། ལེའུ་བློན་ཀུ་རྨ། ཞང་འབྲོ་སྟག་དང༌། མང་སྒྲ་བློན་ཀླུ་རྨ། ཞང་མཆིམས་རྨ་བཙན། རྩེ་འབྲོམ་བློན་སྒ་འགུ། ཁྱུང་པོ་བློན་མས་ཀོལ། པ་ཙབ་བློན་སྤེ་མ། འབྲོམ་སེ་རི་སྟང༌། དབའས་བློན་འཕན་ལེགས། དབས་བློན་ཁྲོམ་ལེགས། སྐ་བ་བློན་མཚོ་ལོད། ཅོག་རོ་བློན་གོང་ཀེང༌། དབས་བློན་མྱེ་སླེབས། ཁུ་མྱེ་གཟིགས། ཞ་སྔ་མུ་གཉེན། ཞང་འབྲོ་གུང་སྟང༌། ཞང་མཆིམས་རྒྱལ་མ་རྨྱན་བརྩེ། ཞང་ཚེ་སྤོང་མ་བཙན། ཅོག་རོ་བརྟན་ཀོང༌། གནང་ཡུལ་བཟུང༌། ཅོག་རོ་ཁྱི་བཙན། སྦྲང་མོ་རྨ། འབྲོ་ལྡོག་སྲོང་སྟོན། འབྲོམ་ཡང་གཟིགས། ཅེས་བྱུང་ངོ༌། །

བཀའ་གཙིགས་གོང་འོག་འདི་རྣམས་སྡེབས་ཕུལ་རྟེན་སོགས་ཀྱང་རྙིང་པ་ངོས་བཤུས་ཡིན་ལ་དམ་པའི་ཆོས་ལ་བཀའ་བ་འདི་ལྟ་བུ་མཛད་ཏོ་ཞེས་ཆོས་ཀྱི་ཆེ་བ་དང༌། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཤེས་ཅིང་རེས་དང་བ་འཕེལ་བའི་དགོས་པ་མཐོང་ནས་བྲིས་པ་ཡིན་ནོ། །

དེ་ལྟར་ལོ་སུམ་བཅུ་སོ་གཉིས་རྒྱལ་ས་མཛད། རྒྱལ་ཁྲིམས་ཆོས་བཞིན་དུ་བསྐྱངས་པས་བོད་འབངས་བདེ་བ་ལ་བཀོད་སྟེ་དགུང་ལོ་ལྔ་བཅུ་ང་བཞི་པ་མེ་མོ་བྱའི་ལོ་ལ་སྦྲགས་ཀྱི་ཕུར་འདས་སོ། །

ས་སྐྱ་༼ཇ༡༣༡ན༽དཔལ་ལྡན་བླ་མའི་ཆོས་བྱུང་དུ་སད་ན་ལེགས་ཀྱི་ལོ་བཅུ་དགུ་བཞེས་པ་ན་བཙུན་མོ་ལྷ་རྩེ་ལ་སྲས་ལྡེང་ཁྲི་བལྟམས། ལོ་བཅུ་གསུམ་ན་ཡབ་འདས་ནས་རྒྱལ་ས་མཛད་པའི་སྲས་གཙང་མ་མཆེད་ལྔ་ཡིན་ནོ་ཞེས་སད་ན་ལེགས་དང་རལ་པ་ཅན་གྱི་བར་དུ་ལྡེང་ཁྲི་གདུང་རབས་གཅིག་དུ་བྱས་པ་དང༌། རྒྱའི་དེབ་ལས་ཁྲི་སྲོང་ལྡེ་བཙན་ང་གཅིག་བཞེས་པ་ལྕགས་སྤྲེ་ལ་གཤེགས་ནས་མུ་ནེ་བཙན་པོ་བསྐོས། ལོ་བཅོ་བརྒྱད་སྲིད་བསྐྱངས་ནས་མེ་གླང་ལ་འདས་ཏེ་ཇུ་ཙེ་བཙན་པོ་བསྐོས། ལོ་བརྒྱད་སྲིད་མཛད་ནས་ཤིང་སྤྲེ་ལ་འདས་ཏེ་སད་ན་ལེགས་བསྐོས། ཞེས་མུ་ནེ་བཙན་པོ་དང་སད་ན་ལེགས་ཀྱི་བར་དུ་སྐུ་མཆེད་འབྲིང་པོ་ཇུ་ཙེ་བཙན་པོས་རྒྱལ་ས་བྱས་པ་སོགས་ཅུང་ཟད་མི་མཐུན་པར་སྣང་ཡང་བོད་ཀྱི་རྒྱལ་རབས་ཕལ་ཆེར་དང་ཚལ་བ་ལ་སོགས་ཡིག་ཚངས་ལ་མཁས་པ་རྣམས་ཀྱིས་བཤད་པ་ལྟར་བྲིས་སོ། །

རྒྱལ་པོ་དེ་ལ་སྲས་ལྔ་སྟེ་ལྷ་སྲས་གཙང་མ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན། ཁྲི་དར་མ་ཨུ་དུམ་བཙན། ལྷ་རྗེ། ལྷུན་གྲུབ་སྟེ་ལྔའོ། །ཀུན་མཁྱེན་བུས་ལྷ་རྗེ་ལྷུན་གྲུབ་ཅེས་གཅིག་དུ་བྱས་ཁྲི་ཆེན་པོ་བསྣན་ནས་ལྔར་མཛད་སྣང༌། འདི་རྣམས་བཙུན་མོ་ཆེ་བའི་སྲས་སྔ་མ་གསུམ་དང་ཆུན་མའི་སྲས་ཕྱི་མ་གཉིས་ཞེས་ཁ་ཅིག་འཆད་ལ། ཇི་ལྟར་ན་ཡང་སྲས་ཆུང་བ་གཉིས་སྐུ་ཆུང་ངུར་གཤེགས་པས་བང་སོ་ཡང་མེད་ཏོ། །

 

རྒྱལ་པོ་ཁྲི་རལ་པ་ཅན། མཚན་དངོས་ཁྲི་གཙུག་ལྡེའི་སྐབས།

 

ལྷ་སྲས་གཙང་མ་རྒྱལ་སྲིད་རྩ་ལྟར་སྤངས། །ཐུབ་པའི་བསྟན་ལ་རབ་ཏུ་བྱུང་བ་མཛད། །དར་མ་སྡིག་ལ་དགའ་བས་རྗེར་མ་འོས། །བར་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། །མེ་ཕོ་ཁྱི་ལ་སྐུ་འཁྲུངས་བཅུ་གཉིས་དུས། །ཡབ་འདས་ལོ་དེ་ཉིད་ལ་རྒྱལ་སར་བཏོན། །བཀའ་ཡི་བློན་པོ་བྲན་ག་དཔལ་ཡོན་ཡིན། །བཙུན་མོ་ཅོག་བཟའ་དཔལ་གྱི་ངང་ཚུལ་སོགས། །ཆེ་ཆུང་ལྔ་བཞེས་དགེ་བཅུའི་བཀའ་ཁྲིམས་བཙན། །འདི་ནི་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཡིན། །རྒྱ་ཡུལ་ཆམ་ལ་ཕབ་ནས་གཙིགས་བཟུང་སྟེ། །བོད་རྒྱའི་མཚམས་༼ཇ༡༣༡བ༽སུ་དབོན་ཞང་ལྷ་ཁང་བརྩིགས། །གནམ་ལ་ཆེ་བ་ཉི་ཟླ་ཟུང་གཅིག་སྟེ། །ས་ལ་ཆེ་བ་བཙན་པོ་དབོན་ཞང་གྲགས། །བཀའ་གཙིགས་ཡི་གེ་རྡོ་རིང་གསུམ་ལ་བརྐོས། །ཕྱིན་ཆད་བོད་རྒྱ་རང་རང་ཡུལ་ན་བདེ། །དམག་མི་བྱ་བར་གཙིགས་བཟུང་བྲོ་ཡིས་བསྩལ། །མ་འོངས་བོད་ཀྱི་རྒྱལ་ཁྲིམས་འཇིག་མཁྱེན་པས། །སྤྱན་རྒྱང་བསྲིངས་ནས་སྨན་ཡོན་མཛད་པ་སྟེ། །རྗེ་འདིའི་བཀའ་དྲིན་བོད་མི་སུ་ཡིས་ཁོར། །བཀའ་དྲིན་ཅན་གྱི་ལོ་པཎ་གསུམ་སོགས་ཀྱིས། སྔོན་ཆད་བསྒྱུར་བའི་དམ་ཆོས་མ་ལུས་པ། །ལྷག་ཆད་སྤང་ཕྱིར་དམ་ཆོས་དཀར་ཆག་བཀོད། །ཐམས་ཅད་སར་བཅད་སྐད་ཀྱིས་གཏན་ལ་ཕབ། །བཀའས་བཅད་ཆེན་པོ་རྣམ་པ་གསུམ་གྱིས་བསྡམས། །སྒོམ་གྲ་བཤད་གྲ་འདུལ་གྲ་སུམ་བཅུ་བཙུགས། །རྒྱལ་པོའི་དབུ་རལ་ཚན་གཉིས་བྱས་པ་ལ། །དར་ཡུག་བཏགས་ཏེ་གཡས་གཡོན་བཏིང་བའི་སྟེང༌། །དགེ་འདུན་བཞུགས་པས་དབུ་སྟེ་གཉིས་ཞེས་གྲགས། །ཐུགས་དམ་རྟེན་དུ་ལྷ་ཁང་འུ་ཞང་རྡོ། །དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང༌། །གཙང་ཁང་དགུ་ཐོག་བྱ་འདབ་དགུ་ཡིས་མཛད། །ཕ་གུ་དོ་ཤལ་ཤར་བུ་མདའ་ཡབ་དང༌། །རྟ་བབས་ལ་སོགས་རྒྱན་རྣམས་ཀུན་གྱིས་བཀྲ། །རྩེ་མོར་རྒྱ་ཕུབས་གསེར་འཕྲུ་གཡུ་འབྲུག་བཅས། །རླུང་གིས་བསྐྱོད་ཚེ་མཁའ་ལ་གདུགས་ལྟར་འཁོར། །གསེར་གྱི་གཎ་ཇི་ར་ཡི་ཏོག་གི་རྩེ། །རྒྱབ་རིའི་ལྕོག་དང་མཐོ་དམན་མེད་པར་མཉམ། །འཛམ་གླིང་ཙམ་ན་འགྲན་ཟླ་བྲལ་བར་བཞེངས། །ལུགས་གཉིས་བཀའ་ཁྲིམས་ཆོས་བཞིན་གཏན་ལ་ཕབ། །དགེ་བཅུའི་ཁྲིམས་དམ་སྡིག་སྤྱོད་མིང་མི་གྲག །མཁྱེན་པས་འཕྲུལ་ཆགས་མཛད་པ་ལྷ་ལས་ལྷག །མངའ་ཐང་དཔལ་འབྱོར་ས་ལ་བརྒྱ་བྱིན་བཞིན། །༼ཇ༡༣༢ན༽སྟོབས་དང་མཐུ་ཡིས་དགའ་རབ་དབང་ཕྱུག་སྐྲག །མཐའ་བཞི་ཀུན་ལས་རྣམ་པར་རྒྱལ་གྱུར་ཏེ། །འཛམ་གླིང་གསུམ་གཉིས་ལས་ལྷག་མངའ་དབང་མཛད། །

དེ་ཡང་གཅེན་ལྷ་སྲས་གཙང་མ་ནི་ཆོས་ལ་དགྱེས་ཆེས་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་ནང་ན་བཞུགས། གཉིས་པ་ཁྲི་དར་མ་ཨུ་དམ་བཙན་སྡིག་ལ་དགའ་བས་རྗེར་མ་འོས་ཏེ། གསུམ་པ་ཁྲི་གཙུག་ལྡེ་བཙན་དགུང་ལོ་བཅུ་གཉིས་ལོན་པ་མེ་མོ་བྱའི་ལོ་ལ་རྒྱལ་སར་བསྐོས། རྒྱ་ནག་གི་རྒྱལ་པོ་དང་དབོན་ཞང་དུམས་བྱ་བར་མ་མཐུན་ནས་བོད་རུ་རེ་ནས་དམག་སྟོང་སྡེ་བཅོ་བརྒྱད་རེ་དར་ཚན་ཁྲིག་གེ་བ་ཁྲིད་སྟེ་རྒྱའི་གེན་པོ་རྣམས་བཀུམ། རྒྱ་ཆམ་ལ་ཕབ། དཔོན་པོ་མཉེས་པའི་སྐྱེས་ཕུལ། བོད་ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧ་ཤང་རྣམས་ཀྱིས་དཔང་པོ་མཛད། རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བར་བོད་རྒྱའི་ས་མཚམས་བྱས་ཏེ་དེར་བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱ་རྗེའི་གཙུག་ལག་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་བཙན་པོ་དབོན་ཞང་ལས་མེད་ཏོ་བར་བགྲོས་ནས་ཕ་བོང་ལ་ཉི་ཟླའི་གཟུགས་བྱས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། སོ་མཚམས་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲང༌། གལ་སྟེ་དྲངས་ན་རྒྱ་རྗེའི་ཕོ་བྲང་གི་མདུན་གྱི་རྡོ་རིང་ཡི་གེ་ལན་གསུམ་ཀློག་པས་བོད་ཐམས་ཅད་འཕུང་བར་འགྱུར། རྨེ་རུ་ཡན་ལ་རྒྱའི་དམག་མི་དྲང༌། གལ་སྟེ་དྲངས་ན་ལྷ་སའི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་འཕུང་བར་གྱུར་ཅིག་ཅེས་བཙན་པོ་དབོན་ཞང་གིས་བདེན་པ་བཙུགས་ཏེ་དམོད་བོར། བོད་རྒྱའི་ཕོ་བྲང་གི་མདུན་སོ་མཚམས་རྨེ་རུ་དང་གསུམ་དུ་རྡོ་རིང་རེ་རེ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གི་གཙིགས་ཡིག་དང་བྲོ་ཚིག་ངོས་ཆུང་གཉིས་ལ་བོད་རྒྱའི་བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱི་གཙིགས་ཡིག་དང་བྲོ་ཚིག་བྲིས་ཏེ། དཀོན་ཅོག་གསུམ་ལྷ་ཀླུ་གཟའ་སྐར་སྐུ་ལྷ་ཐམས་ཅད་དཔང་དུ་བཙུགས་ཏེ་བཙན་པོ་དབོན་ཞང་གིས་དབུ་༼ཇ༡༣༢བ༽སྙུང་མཛད། བཙན་པོས་ལོ་བཅུ་བདུན་བཞེས་ཅིང་རྒྱ་རྗེ་མུ་ཛུང་གིས་རྒྱལ་ས་བྱས་ནས་ལོ་བཅུ་བཞི་པ་ཆུ་ཕོ་སྟག་གི་ལོ་ལ་ཆད་མལ་བྲོ་བོར་པ་རྣམས་བྱས་ཅིང་བོད་ཀྱི་མནའ་ཆད་ནི་ཆུ་ཕོ་སྟག་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་དྲུག་ལ་དཀྱིལ་འཁོར་ལ་འཛེགས་ཏེ་བོད་ཀྱི་གཙིགས་བཟུང་ངོ༌། །ལྷ་སའི་རྡོ་རིང་གི་ཡི་གེ་བཤུ་བར་ནུས་ན་བར་འདིར་ཆུག་ཅིག་སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་ཞིག་བྱུང་ཞིང་རྒྱ་ནག་དང་ལི་དང་ཡུལ་དབུས་དང་ཟ་ཧོར་དང་ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བས་བརྡ་མི་འདྲ་བ་མང་པོས་མི་གོ་ཞིང་སློབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨ་ཙརྻ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ཤཱི་ལེནྡྲ་བོ་དྷི་དང༌། བོ་དྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་དྷརྨ་རཀྵི་ཏ་དང༌། དྷརྨ་ཏཱ་ཤཱི་ལ་དང༌། ལོ་ཙཱ་པ་མཁས་པ་ཛྙཱ་ན་སེ་ན་དང༌། ཛ་ཡ་རཀྵི་ཏ་དང༌། མཉྫུ་ཤྲི་ཝརྨ་དང༌། རཏྣེནྡྲ་ཤཱི་ལ་ལ་སོགས་པ་རྣམས་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་ལ་ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་བ་དང༌། ཆད་ལྷག་སྤང་པའི་ཕྱིར་དཀར་ཆག་ཀྱང་བྲིས་ཤིག་ཅེས་བཀའ་བསྩལ་ཏེ། ལོ་པཎ་དེ་རྣམས་དང་ཁྱད་པར་དྲིན་ཅན་གྱི་ལོ་པཎ་གསུམ་ཞེས་གྲགས་པ་ཛི་ན་མི་ཏྲ་དང་ད་ན་ཤཱི་ལ་དང༌། ཞང་ཡེ་ཤེས་སྡེ་གསུམ་གྱིས་སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ཅིང་སར་བཅད་ཀྱིས་གཏན་ལ་ཕབ་སྟེ་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་ཏུ་མ་མྱ་ད་དྲག་རྐྱང་པའི་འ་བརྟེན་སོགས་དོར་ཏེ་གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་དུ་བསྣན་ཏེ་སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང༌། ཕྱིས་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ་དཀོར་མཛོད་ཏུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ །

རྒྱལ་པོས་བཀས་བཅད་རྣམ་པ་གསུམ་མཛད། གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་པའི་སྡེ་པ་མི་གཟུགས་ཅིང་དེ་དག་གི་སྡེ་སྣོད་མི་བསྒྱུར། སྔགས་༼ཇ༡༣༣ན༽མ་རྒྱུད་རྣམས་མ་སྒྱུར་ཞིག་ཅེས་བཀའ་བསྩལ། བྲེ་སྲང་དང་ཞོ་ཆ་ཚུན་རྒྱ་གར་གྱི་དབུས་འགྱུར་ཚལ་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། དབུ་སྐྲ་གསིལ་བ་སོགས་ལ་མི་མཉེས་པས་དབུ་སྐྲ་རལ་པར་ཆགས་ཏེ་བཙན་པོ་རལ་པ་ཅན་དུ་མཚན་ཐོགས། རྒྱལ་པོ་དགུང་ལ་བཞུགས། གཡས་གཡོན་ལ་དགེ་འདུན་གྱི་སྟན་བཟང་པོ་བཤམས། དབུ་རལ་ཚན་གཉིས་སུ་བྱས་པའི་སྣ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་གྱི་སྟེང་དུ་བཀྲམ་པ་ལ་དགེ་འདུན་བཞུགས་ཏེ་དབུ་གཙུག་དུ་འཁུར་བས་དགེ་འདུན་དབུ་སྡེ་གཉིས་ཞེས་གྲགས། ཐུགས་དམ་གྱི་རྟེན་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་ཏེ། དེའི་ས་ཕུད་ལ་ལྷ་སར་བྱམས་པ་ཆོས་འཁོར་གྱི་སྒོ་སྲུང་ཚངས་པ་དང་བརྒྱ་བྱིན་བཞེངས། ཤིང་ཕུད་ལ་གནམ་ཡངས་ཀ་བ་བཞི་རིན་པོ་ཆེས་བརྒྱན་སྟེ་ཕུལ། བྲིས་ཕུད་ཏུ་བེ་བུམ་བརྒྱ་དང་རྩ་བརྒྱད་སོགས། ལུགས་མའི་ཕུད་ལ་ཅོང་དྲིལ་ཆེན་ཕུལ། ཡང་ཕུད་ལ་ཡེར་པར་མཆོད་རྟེན་བཞེངས། རྒྱ་བལ་གྱི་གཟོ་བོ་མཁས་པ་མང་པོས་ལྷ་ཁང་དངོས་ཐོག་དགུ་ལྡན་འཕྲུལ་སྣང་གི་ཚད་ཙམ་དུ་བཞེངས་ཏེ། འོག་གི་ཐོག་གསུམ་རྡོ་ལས་བརྩིགས་ཏེ་དེ་ན་རྗེ་བློན་རྣམས་བཞུགས། བར་ཐོག་གསུམ་སོ་ཕག་གིས་བརྩིགས་ཏེ་ལོ་པཎ་དགེ་འདུན་རྣམས་བཞུགས། སྟེང་ཐོག་གསུམ་ཤིང་གི་འཕྲུལ་གྱིས་བཏེག་སྟེ་ཐུགས་དམ་གྱི་རྟེན་རྣམས་བཞུགས། སྐུའི་རྟེན་ཐམས་ཅད་རྒྱ་གར་གྱི་ཡུལ་དབུས་ཀྱི་ལྷ་ལ་དཔེ་བྱས་ལི་དཀར་དམར་ལས་ལུགས་སུ་བླུག་པ་ཛམྦུ་ཆུ་བོའི་གསེར་གྱིས་གཡོགས་པ་འབའ་ཞིག་དུ་མཛད། ཐོག་རེ་རེ་ཞིང་མཐིང་གི་བྱ་འདབ་དང་ཕ་གུ་དྲ་ཕྱེད། ཤམ་བུ། མདའ་ཡབ་ཀྱིས་མཛེས་པ། བྱ་འདབ་ཀྱི་བར་རེ་རེ་ཞིང་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བ་དང་འཆད་རྩོམ་བྱེད་པ། ཐོག་རེ་རེ་ཞིང་གློ་འབུར་གྱི་སྒོ་དང༌། སྒོ་ཁྱམས་དང༌། རྟ་བབས་ཀྱིས་མཛེས་པ། ཡང་རྩེའི་བྱ་འདབ་ཀྱི་རྩེར་གསེར་གྱི་གྷཎྜི་ར་རྩེ་མོ་རྒྱབ་རི་མདུན་མའི་རྩེ་དང་མཉམ་པའི་གཡས་༼ཇ༡༣༣བ༽གཡོན་དུ་གཡུ་འབྲུག་གིས་སྦས་བ། ཡང་རྩེའི་རྒྱ་ཕུབས་རླུང་གིས་བསྐྱོད་པ་ན་མཁའ་ལ་གདུགས་ལྟར་དུ་འཁོར་བ། རླུང་ཧ་ཅང་ཆེ་བ་ན་ཟུར་བཞིར་ལྕགས་ཐག་གིས་རྡོའི་སེང་གེ་ལ་གཏོད་པའམ་མཆོད་རྟེན་ཆེན་པོ་བཞིའི་ངོས་སུ་འདོགས་ཀྱང་སྐད། རིན་པོ་ཆེའི་ཕྲེང་བ་དང༌། གདུགས་དང༌། རྒྱལ་མཚན་དར་འཕན་དང༌། གསེར་གྱི་དྲིལ་ཕྲེང་གིས་ཀུན་དུ་འཁྲོལ་བ། ལྟ་བས་ཆོག་མི་ཤེས་པ་ཛམྦུའི་གླིང་ཙམ་ན་འགྲན་ཟླ་དང་བྲལ་བར་བཞེངས་སོ། །

སྤྱིར་འདི་ཡན་ལ་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་གཙུག་ལག་ཁང་སྟོང་དང་བརྒྱད་བཞེངས་བར་འདོད་ཏོ། །གཞན་ཡང་དེའི་ཚེ་བློན་པོ་འགའ་དང་མྱང་བན་ཤའི་སྤྱན་ཅན་ལ་སོགས་པས་ལྷ་སར་ཤར་དུ་དཀར་རུ་དང་དམར་རུ་གཉིས། ལྷོར་དགའ་བ་དང་དགའ་བའི་འོད། ནུབ་ཏུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་སོགས་པའི་ལྷ་ཁང་བྱས་ཏེ་བོད་འབངས་ཐམས་ཅད་དགེ་བཅུ་ལ་ལོངས་སྤྱོད་བདེ་སྐྱིད་ལྷ་དང་མཚུངས། ཆབ་འབངས་རྒྱ་ཆེ་སྟེ་སྔར་ཡབ་མེས་ཀྱི་སྐུ་རིང་ལ་མ་འདུས་པ་ཤར་སྐར་མ་སྨིན་དྲུག་འཆར་བའི་འོག་རྒྱ་ནག་སོ་ལོན་ཤན་གྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་ལ་གཏུགས། བྱང་ཧོར་གྱི་སོ་མཚམས་བྱེ་མ་སྒང་རིང་ཉ་རྨང་མའི་རྒྱབ་འདྲ་བ་ལ་གཏུགས། ནུབ་སྟག་གཟིག་གི་སོ་མཚམས་སྤ་སྟག་ཤ་དུང་གི་སྒོ་མོ་ལ་གཏུགས། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལས་བརྒལ་བར་གཏུགས་ཏེ། འཛམ་གླིང་སུམ་གཉིས་ལས་ཆེས་ལྷག་པར་མངའ་མཛད་ཏོ། །

ལྷ་ཐོ་ཐོ་རི་ནས་རྒྱལ་པོ་འདིའི་བར་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་མུ་ནེ་བཙན་པོ་ཡུན་ཐུང་བས་ཕྱེད་ཏུ་བྱས། མང་སྲོང་མ་བགྲངས་པར་དེ་ལྟར་གྲགས་ལ། མེས་ཨག་ཚོམས་ནས་འདིའི་བར་ལ་ཤིན་དུ་སྐྱིད་པའི་གདུང་རབས་ལྔ་ཞེས་སྔ་རབས་གྲགས་སོ། །

ལོ་ཙཱ་བ་ཀ་ཅོག་ཞང་གསུམ་ཡང་འུ་ཤང་རྡོ་ཚར་བའི་སྐབས་དེ་ཤེད་ཏུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའི་སྐོར་དུ་བརྩིགས་སོ། །

དེ་ལྟར་ཆོས་རྒྱལ་འགྲོ་ཀུན་གཉེན་གཅིག་རྣམས། །གཞན་གྱི་དོན་ལ་རྟག་དུ་བརྩོན་པ་ནི། །བྱིས་རྣམས་རང་གི་དོན་ལ་བརྩོན་པ་ཡིས། །བྱེ་བའི་༼ཇ༡༣༤ན༽ཆར་ཡང་བསྒྲུན་པར་མ་ནུས་སོ། །བླུན་ཞིང་ཤེས་ཞན་དུད་འགྲོའི་གནས་ལྟ་བུའི། །བོད་འབངས་རྣམས་ལ་ཆོས་ཀྱི་བློ་སྐྱེད་པ། །ངོ་མཚར་ནང་ན་ཤིན་དུ་རྨད་བྱུང་སྟེ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཡིན་པར་གོ །ངན་འགྲོ་ལས་ལྡོག་མི་ཡི་སྐྱེ་བར་བཀོད། །ཐབས་ཀྱིས་བློ་སྦྱངས་ཡང་དག་ལམ་རབ་བསྟན། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱི། །བཀའ་དྲིན་བདག་ཅག་བོད་མིས་ཇི་ལྟར་ཁོར། །བྱས་ཤེས་བྱས་གཟོ་བྱས་པའི་ནང་ན་དཀོན། །དམ་པ་རྣམས་ནི་ཕན་བཏགས་ལེན་མི་བཞེད། །བཀའ་དྲིན་དྲན་པའི་བོད་མི་ཡོད་སྲིད་ན། །དེ་དག་དགྱེས་པའི་དམ་པའི་ཆོས་ལ་འབུངས། །བར་སྐབས་ཀྱི་ཚིགས་བཅད་ཏོ། །

དེ་ནས་བོད་ཡུལ་འགྲོ་བའི་བསོད་ནམས་ནི། །སོས་ཀའི་ཆབ་རོམ་བཞིན་དུ་ཞུ་ཞིང་གཏུགས། །བདུད་ཀྱི་བྲན་གྱུར་བློན་པོ་དུ་མ་བྱུང༌། །དགེ་བཅུའི་ཆོས་ཀྱི་ཁྲིམས་ཀྱིས་སྐྱོ་གྱུར་ཏེ། །ཆོས་ཁྲིམས་གཞིག་པར་ལྐོག་དུ་བགྲོས་ནས་ནི། །ལོག་པའི་ཐབས་དང་སྙན་ཕྲ་གསོལ་བ་ཡིས། །ལྷ་སྲས་གཙང་མ་སྤྱུགས་ཏེ་བཞུགས་མ་སྟེར། །བྲན་ཀ་དཔལ་ཡོན་ཉེས་མེད་སྐྱོན་ཕབ་བཀུམ། །རྒྱལ་པོའི་སྐུ་ལ་ནོངས་པ་བགྱིས་ནས་བཀྲོངས། །དོན་མཁར་མདའ་ཡི་གཡོན་ཕྱོགས་བང་སོ་བརྩིགས། །མིང་དུ་ཁྲི་སྟེང་རྨང་རེ་ལགས་སོ་སྐད། །

དེ་ཡང་འབངས་ཀྱི་བུ་བྱིས་པ་སྤྲེའུའི་མགོ་འདྲ་བ་རྣ་བ་ལ་སྟག་རིས་ཡོད་པ་དབའས་རྒྱལ་ཏོ་ཞེས་པ་ཅིག་བྱུང་སྟེ་བྱིས་པ་མང་པོའི་ཁྲོད་ན་རྩེ་ཞིང་ཡོད་པའི་ཚེ་བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་རྟ་ཞོན་ཏེ་ཕྱིན་པ་ན་བྱིས་པ་དེ་དག་རྩེ་པ་ལས་ཆར་བྱུང་བས་གཞན་ཐམས་ཅད་བྲོས། དེ་གོས་ཕུད་ནས་བྱེ་མའི་ཕུང་བོར་སྦས། གཅེར་བུར་ཆུ་ནང་དུ་ཞུགས། ཞིབ་མ་མགོ་ལ་བཀབ་སྟེ་བསྡད་པ་བློན་ཆེན་པོས་མཐོང་བས་མ་རུངས་པ་ཅིག་དུ་ཤེས་ཏེ་ནས་སུ་མ་སྨིན་པར་སྲུབས་སུ་བཅར་དགོས་པ་ཅིག་དེ་ན་འདུག་ཞེས་པ་ཁ་ནས་ཤོར་སྐད། ཕ་ཚད་སླེབས་པ་དང་དེ་སྐད་ངག་དུ་ཤོར་བ་བྱིས་པ་དེས་དྲན་༼ཇ༡༣༤བ༽ནམ་བལྟ་དགོས་སྙམ་ནས་ཕྱིར་ལོག་སྟེ་རྟ་ལྕག་བོར་བ་ལྟར་བྱས་ནས་མཐོང་ངམ་དྲིས་པས་དེ་ན་རེ། ཁྱེད་རང་སྲུབས་གཅོར་ཟེར་ཙ་ན་ལག་ན་འདུག་ཟེར་སྐད་སྟེ་ཐེ་རང་གི་སྤྲུལ་པ་ཡིན་པས་ཤེས་ནས་ཞེ་བཞག་བྱས། ཕྱིས་དེ་བློན་པོར་ཚུད་ནས་དཔའས་སྟག་རྣ་ཅན་དུ་གྲགས། ཆོས་ཁྲིམས་ཤིན་དུ་དམ་པས་བློན་པོ་སྡིག་ལ་དགའ་བ་རྣམས་སྐྱོ་སྟེ་རང་ཅག་འདི་ཙམ་དུ་གུ་དོག་པ་ཅིས་ལེན་ཟེར་བ་ལ་འགའ་ཞིག་གིས་རབ་ཏུ་བྱུང་བ་ལ་སྡང་མིག་བལྟས་མཛུབ་མོ་ཀེར་ཏེ་འདི་རྣམས་ཀྱིས་ལོན་ཟེར་བ་རྒྱལ་པོས་གསན་ནས་དཀོན་མཆོག་ལ་དེ་ལྟར་བྱེད་པ་མི་རིགས་ཀྱིས་དེའི་མིག་ཕྱུང་མཛུབ་མོ་ཆོད་ཅེས་བཀའ་བསྩལ་ཏོ། །དེ་ནས་ནང་བློན་གདུག་པ་ཅན་འགའས་ཆོས་ཁྲིམས་བཤིག་པར་བགྲོས་པ་ལ་རྒྱལ་པོ་མ་བཀྲོངས་ན་ཆོས་ཁྲིམས་གཞིག་པར་མི་ནུས་ཟེར། ལ་ལ་ན་རེ་རྒྱལ་པོ་བཀྲོངས་ཀྱང་ལྷ་སྲས་གཙང་མ་དང་བཙུན་མོ་ངང་ཚུལ་མ་དང་བན་ཆེན་པོ་རྣམས་ཡོད་པས་བཤིག་མི་ནུས་ཟེར། དེར་འབའ་ས་སྟག་རྣ་ཅན་གྱིས་སྔོན་དུ་དེ་དག་མེད་པར་བྱས་ལ་དེ་ནས་རྒྱལ་པོ་བཀྲོང་ཟེར་ནས་མོ་མ་ཕྱྭ་མཁན་རྣམས་ལ་རྔན་པ་བྱིན་ཏེ་ལྷ་སྲས་གཙང་མ་འདིར་བཞུགས་ན་རྒྱལ་ཁྲིམས་འཇིག་པས་སྤྱུག་དགོས་ཟེར་དུ་བཅུག་དེ་ཀུན་དུ་གྲགས་པའི་ཚེ་རྒྱལ་པོའི་སྙན་དུ་གསོལ་ནས་མོན་ཡུལ་དུ་སྤྱུག་པར་བྱས། དགེ་འདུན་ལོ་པཎ་རྣམས་ཀྱིས་གཙང་པོའི་ཆབ་ཁ་བར་བསྐྱལ་བས།

རྒྱལ་བློན་ཐམས་ཅད་བཀའ་ཡིས་བགྲོས་པ་ལགས། །བདག་ལ་སྡོད་པའི་དབང་མེད་ས་མཐར་འགྲོ། ཉེས་པ་མེད་པར་སྐྲོད་ལ་ཐབས་ཅི་ཡོད། །དགེ་འདུན་ཐུགས་བདེ་འདི་ནས་ལྡོག་པར་ཞུ། །སེམས་ཐག་ཆད་ཟིན་གྲུ་ཡི་ཉག་ཐག་ཐོང༌། །གསུང་ལྷོ་བྲག་ཁོ་ཐིང་གི་བར་དུ་བྱོན། །

དེར་སྣ་ནམ་བཟའ་མང་རྗེས་དུག་གིས་བཀྲོངས་སྐད། དེ་ནས་བཙུན་མོ་ངང་ཚུལ་མ་དང་བྲན་ཀ་དཔལ་ཡོན་མཛའ་འོ་ཞེས་སྙན་ཕྲ་གསོལ་བས་ཁྲིམས་ལ་སྦྱོར་ཞིག་ཅེས་གསུང་བ་ན་བཙུན་མོ་ངང་ཚུལ་མ་ཤིན་དུ་སྡུག་བསྔལ་ཏེ་རང་ལྕེབས་ནས་ཤི། བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་ཁོ་རང་བསད་ན་རྒྱལ་པོ་ཡང་དགྲོངས་ཀྱིས་དོགས་ཏེ་བྱང་དུ་བྲོས་ནས་ས་འོག་དུ་ལྕགས་ཀྱི་སྲོག་པ་རྩ་བསྒྲུབས། ༼ཇ༡༣༥ན༽སྤྱི་བོར་སོར་བཞི་མ་གཏོགས་གྲུབ་པའི་ཚེ་དམུས་ཏེ་ལོང་བ་ཞིག་ལོང་ཁྲིད་དང་བཅས་པས་ཕྱོགས་དེར་སླེབས་ནས་ལོང་བས་ཡུལ་འདི་གང་ཡིན་དྲིས་པས་ལོང་ཁྲིད་ཀྱིས་ལུང་སྟོང་ཡིན་ཞེས་སྨྲས་པས་འོ་ན་དུ་བའི་དྲི་བསྣམ་པས་མི་ཡོད་པར་ངེས་ཀྱིས་ཚོལ་ཟེར་ནས་ལོང་བས་ས་ལ་མནམས་ནས་འདི་ན་འདུག་ཟེར་བ་བལྟས་པས་སེར་ག་ལ་དུ་བ་བྱུང་བའི་རྗེས་མཐོང༌། ལོང་བས་དྲི་ལ་བརྟགས་པས་སྒོ་བརྙེད་ནས་ཟས་སྐོམ་སློང༌། མི་སྨྲ་བའི་རྔན་པར་གོས་རེ་བྱིན་པས་ལོང་བའི་གོས་རྩུབ་པར་ཤེས་ནས་ཁོས་སྨྲས་ཏེ་དབའས་སྟག་རྣ་ཅན་ལ་སོགས་པས་བློན་ཆེན་པོ་བཟུང་ནས་མཚོན་ཅི་བཏབ་ཀྱང་མ་ཕེད། ཤིན་དུ་སྡུག་ཡུན་རིང་བ་ན་སྐྱོ་སྟེ་སྤྱི་བོ་ན་སོར་བཞི་མ་གྲུབ་པར་ཡོད་པས་དེར་ཁབ་ཚུགས་ལ་སོང་ཞེས་ཁོང་རང་གིས་སྨྲས་པ་ལྟར་བྱས་པས་ལྟག་པ་སྒུར་གྱིས་སོང་སྟེ་ཤི། པགས་པ་བླུད་བུར་བཤུས་ཏེ་གསོབ་ཏུ་བརྒྱངས། ཉེ་དུ་རྣམས་ཀྱིས་རོ་ལྷག་མ་བསྡུས་ཏེ་ཡེར་པར་བསྲེགས་པས་དུ་བའི་ནང་ནས་འོད་དཀར་པོ་རྫ་མ་ཙམ་ཞིག་ན་མཁའ་ལ་རྗེ་མཐོ་རྗེ་མཐོར་སོང་བས་ཁོང་རང་གི་སྲིང་མོ་ཞིག་གིས་ངུས་ཅིང་བོས་ཏེ་བློན་ཆེན་པོ་ཁྱེད་གར་འབྱོན། དགྲས་ཉེས་མེད་ཏུ་བསད་པ་ལ་ལན་མི་འཇལ་ལམ་ཞེས་བོས། འོད་དེ་ཇེ་དམར་བབས་པ་དང་རླུང་དམར་ཆེན་པོ་ཞིག་དུ་གྱུར་ཏེ་ས་རྡོ་རི་བྲག་ལྡེག་པ་ཙམ་དུ་བྱུང་སྟེ་དེ་མ་ཐག་ལས་ཀྱི་གནོད་སྦྱིན་ཆེན་པོ་འཇིགས་སུ་རུང་བར་སྐྱེས་ཏེ་ཕྱིས་ཇོ་བོ་རྗེས་བཏུལ་ནས་ཡེར་པ་རྫི་ཁང་གི་སྲུང་མ་བྱེད་ཅིང་གསོབ་ཀྱང་སྙེ་ཐང་རྒྱ་རིང་ན་འཕྱམས་སྐུར་ཡོད་ཅིང་ཡུལ་ལྷ་བྱེད་ཏོ། །

དེ་ནས་མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་བཞེས་པའི་ལྕགས་མོ་བྱའི་ལོ་ལ་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པ་ལ་དབའས་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད་དང༌། ལེགས་སྡུག་བཙན་ཏེ་སྡིག་བློན་གསུམ་གྱིས་དབུ་ལྟག་དུ་བསྐོར་ནས་བཀྲོངས་སོ། །

ཀྱེ་མ་སྲིད་པ་འདི་ན་ཅི་ཡང་སྣང༌། །འགྲོ་ཀུན་སྐྱོབ་པའི་ཕ་དང་སྐྱོང་བའི་མ། །སྣང་བྱེད་ཉི་མ་བརྟེན་པའི་ས་གཞི་བཞིན། །ཡིད་བཞིན་ནོར་ལས་སྲིད་པར་འབྱུང་དཀའ་བའི། །༼ཇ༡༣༥བ༽ཆོས་རྒྱལ་ཡོན་ཏན་ཀུན་ཚང་དེ་དག་ནི། །རང་སྲོག་ལན་སྟོང་བཏང་ནས་བསྟེན་འོས་ལ། །ཐུགས་སུ་བྱོན་པའི་ནང་འཁོར་པར་བྱས་པས། །མི་རིགས་གནོད་བྱེད་འདི་འདྲའི་དུས་ཀྱང་བྱུང༌། །བོད་འབངས་བདེ་སྐྱིད་ཐམས་ཅད་ཅིག་ཅར་བཤིག །སྤྲུལ་པའི་ཆོས་རྒྱལ་ཐོས་པའི་ལམ་དུ་བསྐྱལ། །བྱམས་པས་བསྐྱངས་པའི་དྲིན་ལན་ལོག་པར་གཞལ། །དེ་དག་མངོན་སུམ་མནར་མེད་ཅིས་མ་སོང༌། །ད་ལྟའི་སྐྱེ་བོའང་མི་ལྟུང་འཛིན་པའི་ཕྱིར། །ས་འདི་དཔྱོད་པ་མེད་པར་ད་གཟོད་གོ །དེ་ལྟའི་དུས་ཀྱང་ཡལ་བར་འདོར་བའི་ཕྱིར། །འཇིག་རྟེན་སྐྱོང་རྣམས་གཏམ་དུ་གྲགས་པར་ཟད། །སྡིག་བློན་དེ་དག་མཆིལ་མས་མི་འདེབས་པ། །བོད་འབངས་སྐྱེ་བོས་བླུན་པོའི་རྣམ་ཐར་བསྟན། །འཇིག་རྟེན་ལྷ་ལ་སྐྱོབ་པའི་ནུས་མེད་ཅེས། །སྐུ་ལྷ་རྣམས་ཀྱིས་རང་མཚང་བསྒྲགས་པ་སྙམ། །བཟོད་པར་དཀའ་བའི་ཡུལ་དུས་དེ་མཐོང་བའི། །དཔྱོད་ལྡན་རྣམས་ཀྱི་གནས་སྐབས་ཅི་ཞིག་འདྲ། །འོན་ཀྱང་ལེགས་པར་བརྟགས་ན་རང་རང་གི །མ་དག་པ་ཡི་ལས་སྣང་མཐོང་བར་ཟད། །ས་ཐོབ་ཙམ་ཡང་འཇིགས་པ་ལྔ་མེད་ན། །ཕྱག་ན་རྡོ་རྗེ་སུ་ཡིས་དགྲོང་བར་ནུས། །སྐྱེ་འཆི་བྲལ་ཡང་སྐྱེ་འཆི་ལྟར་སྟོན་པ། །རྒྱལ་སྲས་རྣམས་ཀྱི་ངོ་མཚར་སླར་ཡང་རྨད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

 

རྒྱལ་པོ་གླང་དར་མ། མཚན་དངོས་ཁྲི་དར་མ་ཨུ་དུམ་བཙན་གྱི་སྐབས།

 

དེ་ནས་བོད་འབངས་ཡོངས་ཀྱི་བསོད་ནམས་ནི། །སྣུམ་ཟད་མར་མེ་ལྟ་བུར་ཡལ་ལ་ཐུག །རྗེ་ཡི་མངའ་ཐང་དགུན་ཁའི་ཆུ་བཞིན་བྲི། །རྒྱལ་ཁྲིམས་སོག་རུལ་ཕོན་ཐག་བཞིན་དུ་ཞིག །ཆབ་སྲིད་ཕན་བདེ་ན་མཁའི་འཇའ་བཞིན་ཡལ། །ནག་ཕྱོགས་སྤྱོད་པ་དཔྱིད་ཀྱི་རླུང་བཞིན་ལངས། །བཟང་བྱེད་བསམ་པ་རྨི་ལམ་བཞིན་དུ་བརྗེད། །ལོ་པཎ་མཆོད་གནས་རྣམས་ལ་ཞབས་ཏོག་༼ཇ༡༣༦ན༽མེད། །དམ་ཆོས་མང་ཞིག་བསྒྱུར་བའི་འཕྲོ་ལ་ལུས། །ལོ་པཎ་ཕལ་ཆེར་རང་རང་ཡུལ་དུ་བཞུད། །བློན་འབངས་དད་པ་ཅན་རྣམས་ཤུགས་རིང་འབྱིན། །དར་མ་ཨུ་དུམ་བཙན་ལ་རྒྱལ་སྲིད་གཏད། །ལོ་གཉིས་འདས་ནས་ཐུགས་སུ་གདོན་གསོལ་ཏེ། །སངས་རྒྱས་བསྟན་པ་མ་ལུས་འཇིག་པར་བརྩམས། །ཇོ་བོ་རྣམ་གཉིས་བྱམས་པ་ཆོས་འཁོར་བཅས། །ཆུ་བོར་འདོར་བརྩམས་བློན་པོས་ཐབས་ཀྱིས་སྦས། །ར་སའི་སྒོ་སྲུང་ཕྱག་རྡོར་གཞིག་པའི་ཕྱིར། །མགུལ་ལ་ཐག་པ་བཏགས་པས་འདོགས་མཁན་དེ། །ཁྲག་བསྐྱུགས་གུམ་པས་སྐྲག་སྟེ་འཇིག་འཕྲོ་བཅད། །ར་ས་འཇིག་པ་ལན་རེ་བསྐྱབས་པའི་ཕྱིར། །སྒོ་སྲུང་འདི་གཉིས་བྱིན་རླབས་ལྷག་པར་ཆེ། །བསམ་ཡས་གཞིག་ཕྱིར་མཆོད་རྟེན་ཆུང་ངུ་ཞིག །བཤིག་པའི་མོད་ལ་ཐོག་བབ་འཇིག་མཁན་ཤི། །སྐྲག་སྟེ་ལྷག་མ་མ་བཤིག་ལུས་པར་གྱུར། །ར་ས་བསམ་ཡས་ཝ་ཚང་སྤྱང་ཚང་བཅས། །སྐུ་གསུང་ཐུགས་རྟེན་ལྷ་ཁང་མང་དུ་བཤིག །གསུང་རབ་ཕལ་ཆེར་མེར་བསྲེགས་ཆུ་ལ་བསྐུར། །ཆོས་པ་རབ་བསད་འབྲིང་སྤྱུགས་ཐ་མ་བཀོལ། །བཙུན་པ་རྔ་གཤང་བསྐུར་ནས་ལིངས་ལ་གཏོང༌། །ལ་ལ་རྟ་ཡི་ཞོན་སྟེགས་འབབ་སྟེགས་བྱེད། །དེ་ཚེ་དཀར་ཕྱོགས་སྲུང་མ་ཀུན་ཁྲོས་ཏེ། །བོད་རྒྱའི་མཚམས་སུ་བོད་ཀྱི་བླ་རི་འགྱེལ། །ཀླུ་ཆུ་ཞག་གསུམ་བར་འཁྱིལ་ཆུ་ནང་ནས། །འོད་དང་སྒྲ་བྱུང་ཐོགས་བབ་ས་ཡང་གཡོས། །ཕྱོགས་ཚིག་སྐར་མདའ་སྣ་ཚོགས་འཁྲུག་ཅིང་ལྷུང༌། །རྒྱལ་ཁྲིམས་འཇིག་པའི་ལྟས་ངན་སྣ་ཚོགས་བྱུང༌། །དེ་ཚེ་སྣུབས་བན་སངས་རྒྱས་ཡེ་ཤེས་ཀྱི། །སྔགས་ཀྱི་ནུས་པས་རྒྱལ་པོ་སྐྲག་པར་བྱས། །དགེ་སློང་བྱང་ཆུབ་སེམས་༼ཇ༡༣༦བ༽དཔའ་རྩེ་གཅིག་དུ། །སྒྲུབ་པ་མཛད་པ་ལྷ་ལུང་དཔལ་རྡོར་གྱིས། །སྙིང་རྗེ་ཆེན་པོས་བྱང་ཆུབ་ཐུགས་བསྐྱེད་སྟེ། །རྒྱལ་པོ་ངན་འགྲོའི་གནས་ལས་ལྡོག་ཕྱིར་དང༌། །དམ་ཆོས་ལྷག་མ་གནས་པར་བྱ་བའི་ཕྱིར། །བདུད་ཀྱི་ཆས་ཞུགས་རྒྱལ་པོ་མཚོན་གྱིས་བཀུམ། །ལྷ་ཡི་ཆས་ཞུགས་བྲོས་པས་མ་ཟིན་སྟེ། །ཐ་དད་མཐོང་སྣང་སྤྲུལ་པ་རེ་རེ་བྱུང༌། །རྒྱལ་པོ་བསྒྲལ་ནས་མདོ་ཁམས་ཡུལ་དུ་བྱོན། །སྨར་གཡོ་གཙང་གསུམ་མདོ་ཁམས་སྨད་ཏུ་བྲོས། །དར་མའི་བང་སོ་འཕྲུལ་དང་རྒྱལ་ཆེན་བར། །བང་རིམ་འཁོར་ལོ་ཅན་བརྩིགས་རྩིག་འཕྲོར་ལུས། །རྒྱལ་པོ་འདི་ལ་སྨད་ཀྱིས་སྟེངས་ཅེས་ཟེར། །ཕྱི་ལོ་གདུང་བརྒྱུད་ཡུམ་བརྟན་འོད་སྲུང་བྱུང༌། །སྟག་རྣ་ཅན་ལ་སོགས་པའི་སྡིག་བློན་རྣམས། །དཀོན་མཆོག་བཀའ་ཆད་མི་འཚམ་དུ་མས་བརླག །དམ་ཆོས་བསྣུབས་པས་ལན་པར་ཁ་འཆམ་ནས། །ཇོ་བོ་མཆེད་དང་བྱམས་མགོན་ལ་སོགས་པ། །རང་རང་ཁྲིར་བཞུགས་ལྷ་ཁང་ཞིག་པ་བསོས། །བསྟན་པ་མེད་ཀྱང་མཆོད་པ་ཙམ་ཞིག་དར། །དགྲ་བཅོམ་གཙུག་ཕུད་ཅན་གྱི་ཆོས་ལུགས་དང༌། །སྔགས་ལ་སྒྲུབ་གཞུང་བོན་དུ་གྱེར་པ་བྱུང༌། །དཀའ་བས་བསྒྲུབས་པའི་དམ་ཆོས་བསྣུབས་པ་ལས། །རྗེ་འབངས་ཀུན་ལ་དཀོན་མཆོག་དབུ་ཡོགས་བྱུང༌། །ཡུམ་བརྟན་འོད་སྲུང་མངའ་རིས་གཉིས་སུ་ཆད། །དབུ་གཡོར་གཉིས་སོགས་བོད་ཡུལ་ཀུན་ན་རྩོད། །མཐའ་ཡི་སོ་ཤོར་འདུན་ས་ཆེ་ཆུང་ཞིག །རྒྱལ་ཁྲིམས་ཆག་ཞིང་ཆོས་ཁྲིམས་དར་མདུད་གྲོལ། །མི་ཀུན་རྟག་དུ་ཁྲལ་དང་འུ་ལག་རྩི། །གཙོ་བོ་ཐམས་ཅད་སྒྲིབ་ཤིང་མནའ་ལ་ཟ། །དེ་ཡི་ཆད་པས་ཕ་ཚན་སྡེར་བཅས་བརླག །སད་སེར་ཡམས་ནད་མུ་གེས་རྟག་དུ་མནར། །གསེར་ཁུང་ལ་སོགས་རིན་ཆེན་འབྱུང་༼ཇ༡༣༧ན༽ཁུངས་ནུབ། །དེ་ནས་བྲན་ཀ་དཔལ་ཡོན་སྨོད་བའི་མཐུས། །འབངས་རྣམས་ཀུན་གྱིས་རྗེ་ལ་ཁེང་ལོག་བྱས། །འོད་སྲུང་བང་སོ་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་དུ་སྐྱེ་འུ་ལྷ་རྟེན་ལགས་སོ་སྐད། །དེ་ཕྱིན་བཙན་པོའི་བང་སོ་རྩིག་པ་ནུབ། །རྗེ་ཁེང་ཁྱད་མེད་བོད་ཁམས་སིལ་བུར་སོང༌། །བང་སོ་རྣམས་ཀྱང་བགོས་ཏེ་ཕལ་ཆེར་བྲུས། །རྗེ་ཡི་མགུར་ལྷ་རྣམས་ཀྱི་གཡར་ངོ་ལས། །རྗེ་ཚན་རྣམ་དགུ་རྗེ་ལྷུས་བཅུ་རུ་ཆགས། །

དེ་ཡང་ཁྲི་རལ་འཁྲུངས་པ་ལས་ལོ་གསུམ་གྱིས་སྔ་བའི་ཆུ་མོ་ལུག་ལ་ཁྲི་དར་མ་ཨུ་དུམ་བཙན་འཁྲུངས། བ་ལང་གི་ཤ་ཚུགས་འདྲ་ཞིང་མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་གླང་དར་མར་བཏགས། སོ་དགུ་པ་ལྕགས་བྱ་ལ་རྒྱལ་སར་བཏོན། བཙུན་མོ་ཆེ་ཆུང་གཉིས་ཁབ་ཏུ་བཞེས། བློན་པོ་དབའས་སྟག་རྣ་ཅན་གྱིས་བྱས།

དེའི་ཚེ་པཎྜི་ཏ་དཱ་ན་ཤཱི་ལས་ར་ས་དམེར་རུར་མཚམས་བཅད་ནས། ཛམྦྷ་ལ་བསྒྲུབས་པས་ཡུན་རིང་དུ་མ་གྲུབ་པས་པཎྜིཏ་ཁྲོས་ནས་ལྕགས་ཀྱི་རྡོ་རྗེ་ཡིན་ཡང་ཟེར་གསེག་ཤང་གི་བཤམ་ཡིན་ཡང་ཟེར་ཏེ་ཛམྦྷ་ལའི་འཇིམ་གཟུགས་ཀྱི་ལྟོ་བར་བསྣུན་པས་གསེར་དངུལ་གྱི་འོད་པ་ཆེན་པོ་བྱུང་སྟེ་དེས་རྒྱུ་བྱས་ནས་ཁཱརྶ་པཱ་ཎ་དང༌། གསེར་གྱི་ཉི་ཁྲི། དངུལ་བྱ་ཁུན་བུ་ཅན་ལ་སོགས་པ་མང་དུ་བཞེངས། དེའི་ཉེ་གནས་ཁ་ཆེ་ཨུཏྤ་ལས་གསེར་དངུལ་བྱམས་པ་མཆེད་བཞི་བཞེངས།

དེའི་ཚེ་སད་སེར་དང་ཡམས་ནད་བྱུང་བས་ཆོས་བྱེད་པ་བཀྲ་མི་ཤིས་སོ་ཞེས་དེ་ལ་བསྙད་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས། ལྷ་ས་གཞིག་པའི་ཕྱིར་མར་མེ་མཛད་ཀྱི་སྒོ་སྲུང་ཕྱག་རྡོར་གྱི་མགུལ་ལ་ཐག་པ་བཏགས་པས་དེ་མ་ཐག་འདོགས་མཁན་ཁྲག་བསྐྱུགས་ནས་དེ་ཀར་ཤི་བས་འཇིག་མ་ནུས། དེས་ན་རྨེ་བརྩེགས་དང་འདི་གཉིས་ཀྱིས་ལྷ་ས་འཇིག་ཐེབས་རེ་བསྐྱབས་པས་བྱིན་རླབས་ལྷག་པར་ཆེའོ། །ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་ཆུ་ལ་སྐྱུར་ཟེར་བ་ལ་བློན་པོ་ཆོས་ལ་དགའ་བ་འགས་བསྐྱུར་ཟིན་པ་སྐད་ཏུ་ཐབས་བྱས་ནས་སོ་སོའི་ཁྲི་འོག་དུ་སྦས། གཙང་ཁང་གི་སྒོ་བརྩིགས་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག །བསམ་༼ཇ༡༣༧བ༽ཡས་གཞིག་པར་བསྒོས་ནས་མཆོད་རྟེན་འོད་འབར་ཡིན་ཡང་ཟེར། ཁམས་གསུམ་དང་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་ངུ་ཞིག་ཡོད་ཀྱང་ཟེར་ཏེ་དེ་བཞིག་པས་ཐོག་བབ་ནས་བཤིག་མཁན་རྣམས་ཤི་བས་འཇིག་འཕྲོ་བཅད། ལྷ་ས་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་བྱས། ཕྱིས་ཝ་ཚང་དང་སྤྱང་ཚང་བཅས། གཞན་ལྷ་ཁང་མང་དུ་བཤིག་གསུང་རབ་གང་རྙེད་མེར་བསྲེགས་ལ་ཆུར་བསྐྱུར། ལ་ལ་སའི་འོག་དུ་སྦས། པཎྜི་ཏ་བྲོས་མ་ཐར་བ་ལ་ལ་མོན་དུ་བཙོངས། རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་དམ་པ་མང་དུ་བཀྲོངས། རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས་ཅིང་མ་ཐར་བ་རྣམས་ཁྱིམ་པར་ཕབ། མ་ཉན་པ་བསད། ལ་ལ་ཁྲིད་ནས་རྒྱལ་བློན་རྣམས་ཀྱི་རྟ་འབབས་འཛེག་གི་ཚེ་སྒུར་དུ་བཅུག་ནས་སྟེགས་བྱེད། ལ་ལ་རྔ་གཤང་བསྐུར་ཏེ་རྔོན་པ་ལ་གཏོང་སྐད།

དེའི་ཚེ་ལྷ་སྲིན་ཐམས་ཅད་འཁྲུགས་ནས་རྒྱལ་ཁྲིམས་འཇིག་པའི་ལྟས་ངན་སྣ་ཚོགས་པ་བྱུང་སྟེ། ས་ཆེར་གཡོས། ཕྱོགས་ཚིག་སྟེ་ན་མཁའ་ཁྲག་མདོག་དུ་གྱུར། སྐར་མདའ་འཁྲུག་བོད་རྒྱའི་མཚམས་སི་ཧ་ཅི་འུ་ལ་ཐང་དཀྱིལ་ན་བོད་དབང་རི་བརྩིགས་ཡོད་པ་འགྱེལ་བས་ཀླུ་ཆུ་ཞག་གསུམ་འགགས་ཏེ་བསྐྱེལ་ནས་གྱེན་ཏུ་ལོག་ཆུ་ནང་ནས་འོད་དང་སྒྲ་ཆེན་པོ་དང་ཐོགས་འབབ་པ་བྱུང༌། དེའི་ཚེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡེར་པ་བྲག་ལྷར་རྩེ་གཅིག་དུ་སྒོམ་པའི་ཚེ་འོད་དང་སྒྲ་དང་ས་གཡོས་མང་པོས་ཐེ་ཚོམ་དུ་གྱུར་ཏེ་ཕྱིར་གཟིགས་པས་བཙུན་པ་རྔ་གཤང་ཐོགས་ཏེ་ཁྱི་ཁྲིད་ནས་ལིངས་བྱེད་པ་མཐོང་བས་རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ་སྙིང་རྗེ་ཁྱད་པར་ཅན་སྐྱེས། དཔལ་མགོན་པོ་དང་མ་གཅིག་དཔལ་ལྷ་དང་གྲིབ་ཀྱི་རྫོང་བཙན་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཕྱིར་རྒྱལ་པོ་སྡིག་ཅན་དགྲོལ་ཞིག་བདག་ཅག་གིས་གྲོགས་བྱའོ་ཞེས་ཡང་ཡང་དུ་བསྐུལ། ཕོད་ཀ་དང་ཞྭ་ནང་དཀར་ཕྱི་ནག་པོ་གྱོན། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག་རྟ་དཀར་སོལ་བ་བྱུགས་པ་ལ་ཞོན་ནས་ཕྱིན། དེའི་ཚེ་བློན་འབངས་ཆོས་ལ་དགའ་བ་ཐམས་ཅད་འདུས་༼ཇ༡༣༨ན༽ནས་ངུ་འབོད་དང་མྱ་ངན་བྱས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འདི་ལྟ་བུ་མཛད་པར་མི་རིགས། ཡབ་མེས་ཐམས་ཅད་ཀྱི་ཡིག་ཚངས་དང་དཀོར་མཛོད་ཀྱི་སྒྲོམ་བུ་རྡོ་རིང་གི་ཡི་གེ་ཐམས་ཅད་གཟིགས་ཤིག་ཅེས་མགྲིན་གཅིག་ངུ་འབོད་ཆེན་པོ་བྱས། རྒྱལ་པོ་ནུབ་ཕྱོགས་གླ་བའི་ཚལ་ན་མིག་མང་རྩེ་ཞིང་ཡོད་པ་འབངས་རྣམས་ཀྱི་ངུ་འབོད་ཐོས་པ་སེམས་མ་བདེ་སྟེ་རྡོ་རིང་གི་ཡི་གེ་ཀློག་གིན་ཡོད་པས་མཐོང་སྟེ་མགོན་པོ་ནག་པོ་བྱུང་ཟེར་སྐད། དེར་རྟ་བབ་རྒྱལ་པོ་རྡོ་རིང་གི་རུས་སྦལ་ལ་སྒུ་སྟེགས་སུ་འདུག་པ་ལ་ཕྱག་བྱེད་པ་ལྟར་བཅོས་ཏེ་ཕྱག་དང་པོ་ལ་ཕུ་ཐུང་གི་ནང་དུ་མཐེབ་ལྟོང་སྤྲད་གཉིས་པ་ལ་མདའ་བཀང༌། གསུམ་པ་ལ་འཕངས་པས་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང༌། ཡང་ན་ལོ་གསུམ་གྱིས་སྔས་ཡང་ན་ལོ་གསུམ་གྱིས་འཕྱིས་ཞེས་པ་ཁ་ནས་ཤོར་ཏེ་ཕྱག་གཉིས་མདའ་ལ་འཇུས་ནས་གྲོངས། དེར་རྟ་ལ་བཞོན་ཏེ་ང་བདུད་ཡབ་བཞེར་ནག་པོ་བྱ་བ་ཡིན། རྒྱལ་པོ་སྡིག་ཅན་གསོད་ན་དེ་ལྟར་གསོད་པ་ཡིན་ཟེར་ན་བྲོས།

བློན་པོ་ཐམས་ཅད་ཀྱིས་རྗེས་བསྙེགས་པས་མི་ནག་མཚོ་ལ་རྟ་གཤན། བེར་དང་ཞྭ་ཕྱི་ནང་ཟློག་སྟེ་ང་ལྷ་གནམ་ཐེ་དཀར་པོ་བྱ་བ་ཡིན་ཟེར་ནས་བྲོས་པས་མི་མ་ཡིན་པར་དོགས་ནས་འདེད་མི་རྣམས་འཚོམས། འོན་ཀྱང་རྒྱང་དེ་ནས་དེད་པས་ཕྱོགས་བཞི་ཀར་འདེད་རྒྱུ་རེ་བྱུང་སྟེ་ཤར་ལ་འདེད་མི་རྣམས་དགའ་མོ་གདུང་ནས་ས་སྲོས་ཏེ་ཟིན་ལ་ཁད་ཙམ་ན་ཤོར་ཟེར་སྐད། ལྷོ་པ་རྣམས་གྲིབ་ཆུ་འགྲམ། ནུབ་པ་རྣམས་ཤུན་གྱི་འཕྲང༌། བྱང་པ་རྣམས་མོང་མཁར་གདོང་ནས་ས་སྲོས་ཏེ་ཤོར་ཟེར་སྐད། དེར་གྲོས་བགྲོས་པས་འདི་རྫུ་འཕྲུལ་དང་ལྡན་པར་འདུག་པས་ཡེར་པའི་ལྷ་ལུང་དཔལ་རྡོར་ཡིན་ངེས་ཟེར་ནས་བལྟ་བར་བྱས། ལྷ་ལུང་དཔལ་རྡོར་གྱིས་ཀྱང་ཡེར་པར་ལོག་སྟེ་སྒྲུབ་ཁང་དུ་ཕུག་རོན་གྱི་རྐང་པ་ནས་བཟུང་སྟེ་འཕུར་སྟངས་བྱེད་བཅུག་པས་རྡུལ་ཕབ། མུག་མ་སྦར་གང་གཏོར་ཏེ་འགྲོ་འོང་གི་རྗེས་མེད་པར་བྱས་ནས་བཞུགས་པས་ལྟ་མཁན་རྣམས་འདི་ལ་མིས་ཕར་ཚུར་དུ་མ་ཕྱིན་པར་འདུག་ཟེར་ནས་ལོག །མི་རིག་པ་ཅན་༼ཇ༡༣༨བ༽ཞིག་ནང་དུ་གོ་ལེ་བྱུང་ནས་ཁོང་གི་སྙིང་གར་ལག་པ་བཞག་པས་སྐྲག་སྟེ་སྙིང་འཕར་བ་ཤེས་ནས་ནག་ཅན་གྱི་མི་འདི་ན་འདུག་སྟེ་སྤྱིའི་ཐ་པ་ལ་སྒོས་ཀྱི་གཤོལ་མི་གཅོག་ཟེར་ནས་སོང་བས་སྐྲག་སྟེ་མདོ་ཁམས་སུ་བྲོས་ནས་སྒོམ་ཞིང་བཞུགས་སོ། །

ཡིག་ཚངས་རྙིང་པ་ཁ་ཅིག་ལས་རྒྱལ་པོས་ད་ནི་ཆོས་ཐམས་ཅད་ངས་བསྣུབས་སོ་ཞེས་ང་རྒྱལ་དུ་མུ་ཅོར་སྨྲས་པས་བཙུན་མོ་ཆེན་མ་ན་རེ་ད་དུང་གཙང་རོང་སྣུབས་ཡུལ་ན་སྣུབས་སངས་རྒྱས་ཡེ་ཤེས་བྱ་བའི་སྔགས་པ་ནུས་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་དང༌། ཡེར་པའི་བྲག་ཁུང་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པ་པོ་དངོས་གྲུབ་ཐོབ་པ་ཡོད་སྟེ་རྒྱལ་པོས་སྔར་བསད་སྤྱུགས་ཕབ་པ་ཐམས་ཅད་ལས་དེ་གཉིས་ལྷག་གོ་ཞེས་སྨྲས་པས་ཁྲོས་ཏེ་གཉི་ག་ལ་ཕོ་ཉ་བཏང་སྟེ་བཀུག་པས་སྣུབས་སངས་རྒྱས་ཡེ་ཤེས་བྱ་བ་ལ་ཁྱོད་སུ་ཡིན་ལས་སུ་ཅི་བྱེད་པ་ཡིན་དྲིས་པས། ང་དཀོན་མཆོག་སྔགས་པ་བྱ་བ་ལས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན་བྱས་པས། འོ་ན་བསྟན་པ་ངས་བཤིག་ཟིན་གྱིས་ཁྱོད་ལ་ད་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་འཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་གྲུས་པོ་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང༌། དེར་རྒྱལ་པོ་འཇིགས་ཅིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་ཏོ་ཟེར་ནས་བཏང༌། ཁོང་གིས་ཡེར་པར་ཕྱིན་ཏེ་ངས་རྒྱལ་པོ་སྡིག་ཅན་སྐྲག་པར་བྱས་ཡོད་ཀྱིས་ཁྱོད་ཀྱིས་དགྲོལ་ཞིག་ཟེར་ནས་བསྐུལ་ཏེ་དགྲོལ་ཞེས་ཀྱང་བྱུང་ངོ༌། །

ཡེར་པའི་དཀར་ཆག་ཕྱི་མ་ལས་ནི་དེའི་ཚེ་བསམ་ཡས་དང་ལྷ་ས་ཀུན་དུ་ཝ་ཚང་བཅས། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་ཁྱོད་མར་ཤོག་ལ་རྔོན་པ་དང་ཉ་པའི་དཔོན་གྱིས་ཟེར་ཞིང་འཕྲིན་བསྐུར་བྱུང་བ་ལ་མ་ཕྱིན་པར་ཡི་དམ་གྱི་༼ཇ༡༣༩ན༽གནང་བ་བྱུང་ནས་མར་གནོན་དུ་འབངས་གཡོག་ལྔ་ལ་རྒོད་མ་དཀར་མོ་ཞིག་དབྱར་རིལ་གྱིས་ལེགས་པར་གསོར་བཅུག་ཕྱེ་མར་སྒྱིའུ་གང༌། གཞུ་གཅིག་མདའ་བྱ་རྒོད་མ་གཉིས་བཟུང་ནས་ཕྱིན། དེ་རྣམས་སྦས་ནས་སྟོང་པར་ལྷ་སར་ཕྱིན་པས་ཁོལ་མོ་ཞིག་ཆུ་ལེན་པ་དང་འཕྲད་རྒྱལ་པོ་སྐུ་ཁམས་བདེ་འམ་ཕྱག་བྱེད་པ་ཡིན་ཏེ་བྱས་པས། ད་ལྟ་གྲོ་རྟིང་ལ་ཕྱིར་འབྱོན། ཡེར་པའི་དཔལ་གྱི་རྡོ་རྗེ་ཆབ་གསོལ་ཟེར། དེ་ནས་ལོག་སྟེ་མི་ནག་རྟ་ནག་ཅན་ཞིག་དུ་བྱས་ནས་ཡོང༌། ལྷ་སའི་ནེ་ཐང་དུ་རྒྱལ་པོ་གསུས་པ་ཉི་མ་ལ་བསྟན་ནས་བཞུགས་འདུག་པ་ལ་མདའ་སྔ་བསར་གཅིག་དང་ཕྱི་བསར་གཅིག་བརྒྱབ་པས་སྣ་བུག་ལ་ཟུག་སྟེ་དཀར་ལྷུག་གིས་བྱུང༌། སྔགས་པ་རྣམས་ཀྱིས་མཐུ་བྲུབས་པ་ཡིན་ནམ་ཡང་ཟེར། རྒྱལ་པོའི་ཆིབས་རྒོད་ཀྱི་བྱ་དམར་བྱ་བ་ཞོན་ནས་དེད་པས། མ་ཡོང་ང་བདུད་ཡབ་རྗེ་ནག་པོ་ཡིན་ནོ་བྱས་པས་ཅུང་ཟད་འཚོམས། གྲིབ་ཀྱི་མཚོ་ལ་རྟ་ཉལ་བྱས་པས་མི་དཀར་རྟ་དཀར་ཅན་དུ་སོང་བས་དེ་མི་མིན་ངེས་ཟེར་ནས་ལོག་རྒོད་མ་སྒྲགས་སུ་བསྐྱལ་བས་རྒོད་མ་ཐང་དུ་མིང་ཐོགས། དེ་ནས་མཆོག་གི་དངོས་གྲུབ་ཐོབ། སྤེའུར་བྱ་རྒོད་ཀྱི་ཐུལ་པ་རྡུལ་ཚོམ་མེ་གསོལ་ནས་བཞུགས་པས་མི་རྣམས་ཀྱིས་འདི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་ངེས་ཟེར་ནས་སྔ་མས་ཡེར་པ་གང་ཙ་ན་ཕྱི་མ་མཇུག་མ་རྫོགས་པ་བྱུང་བ་ལ། ན་མཁའ་ནས་རྒྱལ་པོ་གླང་དར་མ་གྲུ་གུ་ཧོར་གྱིས་བཀྲོངས། ལྷ་ལུང་དཔལ་གྱི་རྡོ་རྗེ་སངས་རྒྱས་ཟང་མ་ཡིན་ནོ་བྱ་བའི་སྒྲ་བྱུང་བས་ལོག་ཞེས་སྣང་ངོ༌། །

དེ་ལྟར་བཙན་པོ་གླང་དར་མས་རྒྱལ་ས་ལོ་དྲུག་བྱས་ཏེ་ཞེ་བཞི་པ་མེ་སྟག་ལ་འདས། སྤྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་ལན་གཉིས་མཛད་པ་སོ་སོར་བགྲངས་ཏེ་འདི་ཡན་ལ་རྒྱལ་པོ་བཞི་བཅུ་རྩ་གཉིས་སོང་ངོ༌། །འདི་མན་ལ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བས་སྨད་སིལ་ཆད་ཏུ་འཆད་པ་ཞེས་གྲགས་སོ། །

 

བོད་སིལ་བུའི་སྐབས།

 

ཕྱི་ལོ་མེ་མོ་ཡོས་ལ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་བཙན་མོ་འཕན་ལ་ལྟོ་བོར་གྱི་སྲས་གཅིག་བྱུང་བ་ཆེན་མས་བསད་༼ཇ༡༣༩བ༽དམ་ཕྲོགས་ཀྱིས་དོགས་ནས་འོད་དང་མ་བྲལ་བར་བསྲུངས་པས་གནམ་ལྡེ་འོད་སྲུང་དུ་ཐོགས། དེའི་ཚེ་ཆེན་མ་སྣ་ནམ་བཟས་ཀྱང་བུ་ཆུང་སོ་སྐྱེས་པ་ཅིག་ང་ལ་མདང་སྐྱེས་སོ་ཞེས་བསྟན་པས་བློན་པོ་རྣམས་ན་རེ་མདང་སྐྱེས་ཀྱི་བུ་ཆུང་སོ་ནི་ཙེག་གེ་ཙེག་འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་ཁྲི་ལྡེ་ཡུམ་བརྟན་དུ་ཐོགས་ཞེས་ཡི་གེ་མང་པོ་ལས་འབྱུང་ཞིང་ཡུམ་བརྟན་གདུང་རྒྱུད་མ་ཡིན་པར་གྲགས་ནའང་རྗེ་ཚན་དགུ་པོ་ཕལ་ཆེར་ཡུམ་བརྟན་ཡིན་ལ་གདུང་རྒྱུད་མིན་ན་རྗེའི་སོ་ཁ་གཏོར་བར་མི་འགྱུར་བས་ཆེན་ཆུན་གྱི་སྲས་གཉིས་གདུང་རྒྱུད་ཁྱད་མེད་ཏུ་སྣང་ལ་ཡི་གེ་དེ་དག་ཀྱང་འོད་སྲུང་ལ་ཞེན་པ་རྣམས་ཀྱིས་བྲིས་པར་ཟད་ཏོ། །

དེའི་ཚེ་མུ་གེ་དང་ཡམས་ནད་བྱུང༌། ཆོས་བཤིག་པའི་བློན་པོ་རྣམས་ཀྱང་བཀའ་ཆད་མི་འདྲ་བ་མང་པོས་གུམ་པས་ཆོས་བཤིག་པས་ལན་པར་ཁ་འཆམ་ནས་ཇོ་བོ་མཆེད་གཉིས་བྱམས་པ་ཆོས་འཁོར་རྣམས་ཁྲི་ཐོག་དུ་སྤྱན་དྲངས་ནས་མཆོད་པ་བྱས། རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་པ་ཅན་གོན། སྐྲ་གཞན་བྲེགས་གཙུག་ཕུད་བཞག་པ་དབྱར་ཟླ་གསུམ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་ནས་གཏན་ཁྲིམས་ལྔ་སྲུང༌། དེ་ནས་དགག་དབྱེ་བྱེད་ཟེར་སྟེ་གྲོང་དུ་ཁྱིམ་ཐབ་བྱེད། མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་ནས་སྐྱེ་བོའི་མཆོད་གནས་བྱེད། མི་དར་མ་ཤི་ན་འབུམ། གཞོན་པ་ལ་ཉི་ཁྲི། བྱིས་པ་ལ་བརྒྱད་སྟོང་པ་འདོན། ཀློག་མཁན་ཤེས་རབ་ཆེ་བ་འགའ་ཟུང་གིས་ཊཱིཀ་བཀླགས་ནས་དམར་པོ་འདི་དོན་བསྡུས་པ་དེ་ཡིན་པར་འདུག་ནག་པོ་འདིས་དེ་རྒྱས་སུ་འཆད་པར་འདུག་ཡིག་ཆུང་འདིས་དེ་ལ་དོགས་པ་དཔྱད་པར་འདུག་ཟེར་ནས་རྩལ་བཤད་བྱེད་པ་བག་རེ་བྱུང༌། སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ། གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ། སྦྱོར་དགྲོལ་དང་བམ་སྒྲུབ་དར་བས་མི་ལ་གསོན་དགྲོལ་བྱེད་པ་ཅིག་༼ཇ༡༤༠ན༽བྱུང༌།

དེ་ནས་བཙུན་མོ་གཉིས་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུང་གིས་གཡོ་རུ་བཟུང་ནས་དབུ་གཡོར་འཁྲུག་པ་བྱས། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་མང་ཚན་ཉུང་ཚན་གསེར་པ་གཡུ་པ་ཤ་ཟན་ཙམ་ཟན་ཞེས་སྡེ་གཉིས་གཉིས་སུ་ཆད་སྟེ་རྩོད། བཙན་པོ་གཉིས་ལོ་ཉེར་གསུམ་རེ་ལོན་པའི་ས་གླང་ནས་བཟུང་སྟེ་འབངས་ཀྱི་ཁེང་ལོག་རྣམས་རིམ་པར་བྱུང་སྟེ་དེ་ཡང་བར་སྣང་གི་བྱ་གཅིག་ལ་ཀུན་རུབ་པ་མཐོང་བ་ལ་དཔེ་བྱས་དང་པོ་དབའས་ཁོ་བཞེར་ལེགས་སྟོང་གིས་ལག་དཔོན་བྱས་ཏེ་མདོ་ཁམས་སུ་ཁེང་ལོག་བྱས། དེ་ནས་དབུ་རུར་འབྲོ་སྦས་འཁྲུགས་པ་ལ་བསྟེན་ནས་དཔའས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་ཁེང་ལོག་དེ་ནས་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དབོན་གཡུ་སྣེ་བསད། རི་མགུལ་ལ་ཡུར་བ་བཅོས། འབེ་བཟའ་འ་མོ་སྐྱིད་བཙུན་མོར་མ་གསུས་པས་དེས་རི་མགུལ་ལས་མི་མགུལ་གཅོད་པ་སླ་ཞེས་སྨྲས་ཏེ་མཆིམས་ཀོང་མི་དྲུག་གིས་ལག་དཔོན་བྱས། ཏར་ཀའི་མེ་ཏོག་སྲོད་ལ་འཆར་པ་བལྟ་བར་བསྙད་ནས་འོད་འབར་ཁེང་ལྡོག་དུ་གྲགས་པ་བྱས། དེ་ནས་ཀོང་ཡུལ་བྲེས་སྣ་འབེ་མོའི་གཡོ་སྒྱུས་ཕབ་བོ། །དེ་ཐམས་ཅད་ཀྱང་གནོད་སྦྱིན་བྲན་ཀ་དཔལ་ཡོན་གྱིས་བྱས་སྐད་སྟེ།

ཁེང་ལོག་བྱེད་པའི་ཕྱྭ་མཁན་མེས་པོ་ནི། །བྲན་ཀ་དཔལ་གྱི་ཡོན་ཏན་ཁོ་ཡིས་བྱས། །མི་བས་སས་ཀྱང་རྗེ་རུ་མ་ཐེག་ནས། སྤྱིར་ན་ལྷ་འདྲེ་ཕན་ཚན་ཀུན་གྱིས་བྱས། །མནའ་ཐོ་འུག་པ་ཐང་དུ་འདུན་མ་ཚོགས། །དེ་ཚེ་བྲན་ཀ་དཔལ་གྱི་ཡོན་ཏན་ཁོ། །ལྕགས་ཀྱི་སྤྱང་ཀི་སྔོན་པོ་བཞོན་ནས་ནི། །ལྕགས་ཀྱི་བེར་ཀས་ས་ལ་བརྡུང་བཞིན་དུ། །ལྷ་འདྲེ་ཀུན་ལ་ཞུ་བ་འདི་སྐད་གསོལ། །རྗེ་དཔོན་གཅིག་ཀྱང་མ་ལུས་བསད་པར་ཞུ། །ཡང་ན་སོ་ཁ་བརྒྱད་ཏུ་གཏོར་བར་ཞུས། །དེ་ཚེ་ཡར་ལྷ་ཤམ་པོ་ལ་སོགས་པས། །དཔལ་གྱི་ཡོན་ཏན་ཁོ་ལ་ཞུ་བ་ཕུལ། །ལྷ་རིའི་རྩེ་རུ་རྗེ་དཔོན་ཚན་རེ་ཞུས། །ལྷ་འདྲེ་ཕ་ཚན་འདུན་༼ཇ༡༤༠བ༽མ་དེ་ལ་འཆམ། །གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། །གྲོམ་པ་ལྷ་རྩེ་བཙན་པའི་མཁར་ལ་བསྟེན། །འབྲོ་དང་ཅོག་རོ་གཉིས་ཀྱིས་མ་ཕྱར་བྱས། །གཙང་སྟོད་ཡུལ་དུ་རྗེ་དཔོན་ཚན་གཅིག་ཆགས། ༡། ཁ་རག་ཁྱུང་བཙུན་ལྷ་ཡིས་ཞུ་བས་བྱས། །འབྲང་མཁར་བྱེ་བཙན་བཙན་པའི་མཁར་ལ་བསྟེན། །བྱང་དང་སྣང་གིས་མ་ཕྱར་བྱས་ནས་ནི། །རུ་མཚམས་གཞུ་སྙེར་རྗེ་དཔོན་ཚན་གཅིག་ཆགས། ༢། ཐང་ལྷ་ཡ་བཞུར་ལྷ་ཡིས་ཞུ་བ་བྱས། །ཟྭ་དང་དོམ་པ་བཙན་པའི་མཁར་ལ་བསྟེན། །སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཚན་གཅིག་ཆགས། ༣། ཡར་ལྷ་ཤམ་པོ་ལྷ་ཡིས་ཞུ་བ་བྱས། །སྣ་མོ་ཡར་རྩེ་མར་རྩེ་གཉིས་ལ་བསྟེན། །མཆིམས་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །ཡར་ལུངས་སྟོད་ཏུ་རྗེ་དཔོན་ཚན་གཅིག་ཆགས། ༤། གཏམ་ལྷ་སྤུན་དགུ་ལྷ་ཡིས་ཞུ་བ་བྱས། །བྱ་ཚང་གུང་སྣང་བཙན་པའི་མཁར་ལ་བསྟེན། །སྙེ་བ་ཤུད་པུས་མ་ཕྱར་བྱས་ནས་ནི། །གཏམ་ཤུལ་ལྷོ་བྲག་རྗེ་དཔོན་ཚན་གཅིག་ཆགས། ༥། འཆོས་ལྷ་དཀོན་པ་ལྷ་ཡིས་ཞུ་བ་བྱས། །ཕུ་གུད་ཅོ་མཁར་བཙན་པའི་མཁར་ལ་བསྟེན། །ཁུ་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །འཆོས་སུ་རྗེ་དཔོན་ཚན་གཅིག་ཆགས་སོ་སྐད། ༦། ཅེས་སོགས་ནས། དེ་ལྟར་རྗེ་དཔོན་རྗེ་ཚན་རྣམ་པ་དགུ། ཆོས་འཁོར་རྐྱེན་དུ་རྗེ་ལྷུ་གཅིག་དང་བཅུ། །ལྷ་ཡིས་ཞུ་བ་བྱས་ནས་ཆགས་པ་ཡིན། །དེ་ནས་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས། །སྙི་བ་བསམ་པོར་སྤྲུལ་ནས་རྗེ་འབངས་བསྡུམས། །ཞེས་ལོ་རྒྱུས་ཆེན་མོ་ལས་སྣང་ངོ༌། །

ཁེང་ལོག་ན་ས་ལོ་དགུ་པ་མེ་བྱ་ལ་ཤུད་པུ་སྟག་རྩེ་སོགས་བཞིས་གྲོས་བྱས་ནས་བང་སོ་རྣམས་བགོ་བཤའ་བྱས་ཕལ་ཆེར་བྲུས་ཏེ། གཉགས་ཀྱིས་དོན་མཁར་མདའ་ཡི་བང་སོ་བྲུས། །ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས། །འཕྲུལ་རྒྱལ་བང་སོ་གྲེང་འཕྱོས་ཁུ་ཡིས་བྲུས། །སྔོ་བཞེར་སྙི་བས་ཐོབ་སྟེ་འབྲུ་འཕྲོར་ལུས། །སྲོང་བཙན་འབྲོ་ཅོག་གཉིས་ཀྱིས་ཐོབ་སྟེ་ལུས། །༼ཇ༡༤༡ན༽ཅེས་སྣང་ངོ༌། །

མངའ་བདག་འོད་སྲུང་སྲས་པོ་དཔལ་འཁོར་བཙན། །ལྷ་ཁང་འགའ་བཞེངས་སྟག་རྩེ་གཉགས་ཀྱིས་བཀྲོངས། །དེ་སྲས་མཆེད་གཉིས་སྟོད་ཀྱི་ཕྱོགས་སུ་བྱོན། །མངའ་རིས་བསྐོར་གསུམ་ལ་སོགས་མངའ་མཛད་སྟེ། །སྟོད་ཏུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཞེས་གྲགས། །དེ་ཡི་གདུང་རྒྱུད་འགའ་ཞིག་སྨད་ཏུ་ཆད། །མདོ་སྨད་ཙོང་ཁའི་ཡུལ་ཆེན་མངའ་མཛད་པས། །སྨད་ཏུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་སོ་སྐད། །བར་དུ་དབུས་གཙང་རུ་བཞི་སིལ་བུར་གྱུར། །ཡུམ་བརྟན་འོད་སྲུང་ལས་གྱེས་རྗེ་ཕྲན་ནི། །ཡུལ་གྲུ་རེར་ཡང་མང་དུ་གནས་པར་གྱུར། །འོན་ཀྱང་རྒྱལ་རྒྱུད་མ་ཉམས་ཡིན་ངེས་རྣམས། །གཟུགས་དང་བློ་གྲོས་གཞན་ལས་ཁྱད་པར་འཕགས། །ཡ་རབས་སྤྱོད་བཟང་སྐྱེ་བོ་མགུ་བར་བྱེད། །དེ་ཕྱིར་དམ་པ་རྣམས་ཀྱིས་བསྔགས་པའི་གནས། །དེ་ཡང་ཁྲི་ལྡེ་ཡུམ་བརྟེན་གྱི་སྲས་ཁྲི་ལྡེ་མགོན་མཉེན། དེའི་སྲས་ཁྲི་ལྡེ་རིག་པ་མགོན་དང་ཉི་མ་མགོན། ཉི་མགོན་གྱི་སྲས་ཉི་འོད་དཔལ་མགོན། དེའི་རྒྱུད་ཀླུང་ཤོད་འཕན་ཡུལ་མདོ་སྟོད་ན་མང་ངོ༌། །

གཅེན་རིག་པ་མགོན་གྱི་སྲས་ལྡེ་བོ་རྡོ་རྗེ་འབར། ལྡེ་པོའི་སྲས་ལྷ་བུག་པ་ཅན་དང་ཐང་ལྷ་བྲག་པ་རྣམས་སོ། །

རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ་ཡབ་སྲས་འདི་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། དེའི་དུས་དབུས་གཙང་གི་མི་བཅུ་ཁམས་ནས་བྱོན་ནོ། །

ཁྲི་པའི་སྲས་ཨ་ཙ་ར། དགེ་སློང༌། བླ་མ་བོདྷི་རཱ་ཛཱའོ། །དང་པོའི་རྒྱུད་ཕྲེང་བོ་བ། ལྕང་རྒྱབ་པ། བླག་པ་ལམ་པ། གྲིབ་པ། སྙེ་ཐང་པ། ལུམ་པ་རྩད་པོ་སོགས་སོ། །

དགེ་སློང་གི་རྒྱུད་སྤེལ་ཞི་བ། བོདྷི་རཱ་ཛཱའི་རྒྱུད་ལྷ་བཙུན་སྔོན་མོ། སྨྱུག་རུམ་པ། ལྷ་འབྲི་སྒང་པ་སོགས་ཏེ། འོན། རྡོ། ཆབ་ཐང༌། བསམ་ཡས་རྩང་པོ་སོགས་ཏེ་མང་དུ་འཕེལ་བ་ཡུམ་བརྟན་གྱི་རྒྱུད་ཏོ། །

མངའ་བདག་གནམ་ལྡེ་འོད་སྲུང་༼ཇ༡༤༡བ༽ཞེས་བྱ་བ་རྒྱལ་རྒྱུད་རྩོད་པ་མེད་པ་དེ་ནི་ཕོ་བྲང་ཡུམ་བུ་བླ་སྒང་དུ་འཁྲུངས། སོ་དགུ་པ་ཤིང་སྤྲུལ་ལ་ཕོ་བྲང་འཕང་ཐང་དུ་འདས། དེའི་སྲས་མངའ་བདག་དཔལ་འཁོར་བཙན་ཡབ་ཀྱི་བཅུ་དགུ་པ་ཤིང་བྱ་ལ་འཁྲུངས། ལོ་ཉེར་གཅིག་ལ་ཡབ་འདས་ནས་རྒྱལ་ས་མཛད། སྨན་ལུང་ལ་སོགས་པ་ལྷ་ཁང་བརྒྱད་བཞེངས། སོ་གཅིག་ལ་འདས། དེའི་བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན། ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལོ། །འདི་གཉིས་ཀྱི་སྲིད་ཕལ་ཆེར་ཡུམ་བརྟན་གྱིས་ཁྱེར་བས་སྟོད་ཏུ་བྱོན་ཏེ་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་ཏུ་བཞུགས།

ཉི་མ་མགོན་མངའ་རིས་སུ་བྱོན་པ་ན། བློན་པོ་ཞང་བ་ཚབ་རིན་ཆེན་སྡེ་དང་ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་བྱེ་མ་གཡུང་དྲུང་དུ་བསྐྱལ་ནས་པ་ཚབ་ཀྱིས་སྤྱང་ཐུལ་གྱི་ན་བཟའ་དང་ཅོག་རོས་དྲེའུ་གཅིག་ཕུལ་ནས་ངུས། རྗེས་ང་མངའ་རིས་སུ་རྒྱལ་སྲིད་འདྲ་ཟིན་སྲིད་ན་ཁྱེད་གཉིས་ཀྱི་བུ་མོ་རེ་བརྫང་པར་ཞུ་ཟེར་ནས་བྱོན། རིགས་ནི་སྤྱོད་པས་སྟོན་པར་བྱེད། ཅེས་གྲགས་པ་ལྟར་སྤྱོད་པ་ལེགས་ཅིང་བློ་གྲོས་ཆེ་བས་མངའ་རིས་བསྐོར་གསུམ་གྱི་མི་རྣམས་མགུ་སྟེ་རྗེ་ཞུས། སྤུ་རངས་སུ་སྐུ་མཁར་ཉི་བཟུངས་བརྩིགས། བློན་པོ་གཉིས་ཀྱིས་བུ་མོ་རེ་བཙུན་མོར་ཕུལ། ཅོག་རོ་བཟའ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་ལས་ཆེ་བ་དཔལ་གྱི་རིག་པ་མགོན་གྱིས་མང་ཡུལ་བཟུང༌། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང༌། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང༌།

ལྡེ་གཙུག་གི་སྲས་སྲོང་ངེ་དང་ཁོར་རེ་གཉིས། སྲོང་ངེ་དང་པོར་ཁབ་བཞེས་པའི་སྲས་ནཱ་ག་རཱ་ཛཱ་དང་དེ་ཝ་རཱ་ཛཱ་གཉིས་ཡིན། ཕྱིས་ཡབ་མེས་ཀྱི་ཡིག་ཚངས་གཟིགས་པས་ཐུགས་སྐྱོ་ནས་རབ་བྱུང་མཛད་པས་ལྷ་བླ་མ་ཡེ་ཤེས་འོད་ཏུ་གྲགས། མཐོ་ལིང་དཔལ་གྱི་ལྷ་ཁང་བཞེངས། ཁྱེའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་བརྫངས་པས་ལོ་ཆེན་རིན་བཟང་དང་ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ལོག་སྟེ་བསྟན་པ་ལ་ཤིན་དུ་ཕན། པཎྜིཏ་ཤཱི་ཀ་ར་ཝ་རྨ་དང༌། དྷརྨ་པཱ་ལ་དང༌། པྲཛྙཱ་པཱ་ལ་སྤྱན་དྲངས། དྷརྨ་པཱ་ལ་༼ཇ༡༤༢ན༽ནས་སྟོད་འདུལ་དང༌། ལྷ་བླ་མ་འདིས་ཇོ་བོ་རྗེ་སྤྱན་འདྲེན་པའི་ཕྱིར་སྐུ་ལུས་གར་ལོག་གི་རྒྱལ་པོ་ལ་བཏང་ནས་འདས།

གཅུང་ཁོར་རེས་ཀྱང་ཁ་ཆར་གྱི་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེས་པཎྜིཏ་སུ་བྷ་ཥི་ཏ་སྤྱན་དྲངས། དེའི་སྲས་འོད་ལྡེ་དང༌། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་གསུམ་ལས། ལྷ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་དྲངས། བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་ཀྱང་ཡོད་སྟེ་དེས་ཇོ་བོ་སྤྱན་འདྲེན་པའི་ཡོ་བྱད་གསེར་ལིང་བ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་ཅིག་ལ་སོགས་པ་ཟད་མེད་ཏུ་ཕྱུང༌། སངས་རྒྱས་ཀྱི་བསྟན་པ་ཉམས་པ་གསོས་ཏེ་ཤིན་དུ་རྒྱས་པར་མཛད་ཏོ། །འོད་ལྡེས་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས། དེའི་སྲས་རྩེ་ལྡེས་པཎྜིཏ་ཞི་བ་བཟང་པོ་སོགས་སྤྱན་དྲངས། རྔོག་ལོ་ཙཱ་བ་བློ་ལྡན་རྒྱ་གར་དུ་བརྫངས་ཏེ་བསྟན་པར་ཤིན་དུ་རྒྱས་སོ། །

རྩེ་ལྡེའི་སྲས་འབར་ལྡེ། དེ་ནས་རིམ་བཞིན་བཀྲ་ཤིས་ལྡེ། ལྷ་ལྡེ། ན་ག་དེ་ཝ་རྣམས་ནས་མངའ་རིས་ཀྱི་བཙན་པོ་ཕལ་ཆེར་བྱུང༌། ན་ག་དེ་ཝའི་སྲས་བཙན་ཕྱུག་ལྡེས་ཡ་ཙེའི་མངའ་བདག་མཛད་དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་གྲགས་བཙན་ལྡེ། དེའི་སྲས་གྲགས་པ་ལྡེས་གསེར་བྲེ་བདུན་བཅུ་ལ་འཇམ་དབྱངས་ཀྱི་སྐུ་དང་དངུལ་བྲེ་སྟོང་ཕྲག་བཅུ་གཉིས་ཀྱིས་བྱམས་པ་སོགས་གསེར་དངུལ་གར་བླུགས་དང་ལྗང་བརྡུངས་ཀྱི་ལྷ་ཆེན་དང་མཆོད་རྟེན་དུ་མ་བཞེངས། དེའི་སྲས་ཨ་སོག་ལྡེས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕུལ་བའི་གྲོང་བཞི་བཅུ་ཞེ་གཉིས་སོག་པོ་ལ་ཉོས་ནས་ཕུལ། དེའི་སྲས་འཛི་ཐར་སྨལ་དང་ཨ་ནན་སྨལ་གཉིས་ཀྱི་ཕུ་བོས་དངུལ་གྱི་དགྱེས་རྡོར་བཞེངས། ནུ་བོས་རྡོ་རྗེ་གདན་བསོས། འདི་ཡན་འབྲི་ཁུང་པའི་སྦྱིན་བདག་ཡིན། ཨ་ནན་སྨལ་གྱི་སྲས་རེའུ་སྨན་གྱིས་རྒྱ་གར་གྱི་རྒྱལ་ཁམས་མང་པོའི་བདག་བྱས། དངུལ་ལས་བདེ་གཤེགས་བརྒྱད་བཞེངས། ལྷ་སར་གཙང་ཁང་དབུས་མའི་གསེར་ཐོག་ཕུལ། དེའི་སྲས་སམ་གྷ་སྨལ་ཡིན། འཇི་ཐར་སྨལ་ཀྱི་བུ་ཨ་འཛིད་སྨལ་གྱིས་༼ཇ༡༤༢བ༽ས་སྐྱར་ལྷ་བཙུན་བྱས། ཕྱིས་རྒྱལ་ས་བྱས་ཅིང་གདུང་རབས་གཉིས་ནས་ཡ་ཙེའི་རྒྱལ་རྒྱུད་ཆད། སྤུ་རངས་ནས་བསོད་ནམས་ལྡེ་སྤྱན་དྲངས་པུ་ཎ་སྨལ་དུ་གྲགས། དེའི་བུ་པྲི་ཏི་སྨལ་དང་བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང༌། ལྷ་སར་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ་ལོ། །འདི་རྣམས་བུ་སྟོན་ཆོས་བྱུང་དང་ཡར་ལུངས་ཇོ་བོའི་ཆོས་བྱུང་ལྟར་བྲིས་ཀྱི། གཞན་ལས་ལྡེ་གཙུག་མགོན་གྱིས་མང་ཡུལ་བཟུང་ཞེས་སོགས་དང༌། བཀྲ་ཤིས་མགོན་གྱི་སྲས་ཁོར་རེ་དང་སྲོང་ངེ་ཞེས་སོགས་སྣང་ངོ༌། །

དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་དང༌། འོད་ལྡེ། སྐྱིད་ལྡེ་སྟེ་སྨད་ཀྱི་ལྡེ་གསུམ་དུ་གྲགས། དཔལ་ལྡེའི་རྒྱུད་སྔོན་པོ་ཚོན་པོར་ཐུག་སྟེ་ཁབ་གུང་ཐང་པ། ཀླུ་རྒྱལ་པ། སྤྱི་པ་ལྷ་རྩེ་བ། གླང་ལུང་རྩད་སྐོར་བ་སོགས་ཡིན་ནོ། །གཅུང་སྐྱིད་ལྡེ་འཇད་རྟ་ནག་དུ་ཕོག་སྲས་དྲུག་ལས་ལྔ་བྱང་དུ་གཤེགས་ཏེ་གཡས་རུ་དང་རུ་ལག་གི་བཙན་པོ་རྣམས་ཡིན། འབྲིང་པོ་འོད་ལྡེ་ལ་སྲས་བཞི་ལས་ཕ་བ་དེ་སེའི་རྒྱུད་གཙང་རོང་སྣུབས་ཡུལ་དང་ཉང་སྟོད་སོགས་ན་ཡོད། གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་ཏུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཅིང་སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང༌།

གསུམ་པ་ཉག་ལྡེའི་རྒྱུད་གཡས་རུའི་སྐྱི་མཁར་བཙན་པོ་ལ་ཐུག་བཞི་པ་ཁྲི་ཆུང་གིས་ཡར་ལུངས་སུ་བྱོན། །འབངས་ཀྱིས་ཕོ་བྲང་བརྩིགས་ནས་ཕུལ་བའི་འབངས་བརྩིགས་དང་སྐུ་མཁར་མཆིང་ང་སྟག་རྩེ་བཟུང༌། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་གྱི་གཅེན་ཞང་རྗེ་ཚ་ཁྲི་ལྡེ་འབར། གཅུང་གཙང་ཚ་སྤུན་དྲུག་ཅེས་པ་ལྷ་སྤྱན་གཡུ་སྤྱན་གཉིས། ད་ར་ལྷུན་པོ་གཉིས། འོད་བཙན་གུང་བཙན་གཉིས་ཏེ་དྲུག་གོ །གཅེན་ལ་སྲས་དྲུག་གི་གཡུ་ཐོག་གི་རྒྱུད་སྣ་མོ་བ། མཆིང་ང་བ། དོན་མཁར་བ། ཐང་ཁོར་བ་རྣམས་སོ། །

བྱེ་ཆུང་ལྷ་སྒོམ། གུང་ལྡེ། ཁྲི་ཐོག་ཐག་གསུམ་གདུང་ཆད། ཟླ་བའི་རྒྱུད་༼ཇ༡༤༣ན༽རྟ་ཤགས་པ་དང་པྲ་སྣ་བའོ། །བཞེངས་ཅན་འབར་གྱི་རྒྱུད་མོན་མཁར་བ། ཞང་མདའ་བ། སྤུན་བདུན་ཐང་པ། ལྷ་སྟོན་དཀར་མོའི་རྒྱུད་བྱི་ཆུང་བའོ། །

གཙང་ཚ་དྲུག་གི་ཕྱི་མ་བཞི་ལས་ཁྲ་འབྲུག་བྱིང་བྱར་གྱི་བཙན་པོ་རྣམས་འཕེལ་ལོ། །བཙན་པོ་གཡུ་ཅན་གར་མི་ཡོན་ཏན་གཡུང་དྲུང་གིས་བྱ་སར་སྤྱན་དྲངས། དེའི་སྲས་ཇོ་དགའ། དེའི་སྲས་གསུམ་གྱི་ཆེ་བ་བྱ་ས་ལྷ་ཆེན་གྱིས་བྱ་སའི་ལྷ་ཁང་སོ་མ་བཞེངས། རྒྱ་མའི་དབོན་སྟོན་གྱིས་རབ་གནས་མཛད། དཔལ་ཕག་མོ་གྲུ་པ་བླ་མར་བསྟེན། གཅུང་པོའང་རབ་ཏུ་བྱུང་སྟེ་ལྷ་ཞི་བར་གྲགས་ཏེ་ལོ་མོ་སྒོམ་ཁང་དུ་བཞུགས། བར་པ་ཁྲི་དར་མ་གཙུག་ལྡེ། ཁྲི་གཙུག་ལྡེ། རྣལ་འབྱོར། སྨོན་ལམ་སྟེ་སྲས་བཞི་ལས་ཁྲི་གཙུག་གིས་བྱ་ས་དང་དོ་སྔོན་སོགས་བཟུང་སྟེ་ཡར་མདའི་བཙན་པོ་རྣམས་བྱུང༌། སྨོན་ལམ་རབ་ཏུ་བྱུང་སྟེ་པུ་གུ་དོའི་གཟིམས་ཁང་དཀར་པོ་བརྩིགས་ཏེ་ཆོས་ཁྲིམས་དང་བསྟན་པའི་བྱ་བ་དུ་མ་མཛད། ཇོ་བོ་རྣལ་འབྱོར་གྱིས་འབངས་བརྩིགས་སུ་རྒྱལ་ས་བསྐྱངས་ཏེ་མཆེད་འདི་རྣམས་ཀྱིས་རྗེ་སྤྱན་སྔ་དང་རྒྱལ་བ་ཐོག་བརྡུགས་པའི་སྦྱིན་བདག་བྱས། རྣལ་འབྱོར་གྱི་སྲས་གསུམ་ལས་བར་པ་རབ་ཏུ་བྱུང་ནས་ལྕིལ་བུའི་གདན་ས་མཛད་སྟེ་ལྷ་ཆེན་པོའམ་ལྷ་ལུང་གི་དབང་ཕྱུག་དུ་གྲགས། གཅུང་པོ་འབྲི་ཁུང་གཅུང་རིན་པོ་ཆེ་ལས་ལྷ་བཙུན་མཛད་སྟེ་ལྷ་ངམ་ཤོད་པར་གྲགས། གཅེན་ཇོ་འབག་གིས་རྒྱལ་ས་མཛད་པའི་སྲས་ལྔ་ལས་གཉིས་པ་རབ་ཏུ་བྱུང་སྟེ་ལྷ་འགྲོ་མགོན་དུ་གྲགས་ཏེ་ལྕིལ་བུའི་གདན་ས་མཛད་སྟེ་ངོ་མཚར་མཐའ་ཡས་པ་མངའ། གསུམ་པ་ལྡེ་བོས་འབངས་བརྩིགས་བཟུང་སྟེ་དེའི་སྲས་ཤཱཀྱ་རྒྱལ་གྱིས་གཡེ་ཆེ་ཆུང་ལ་དབང་མཛད། དེའི་སྲས་ཤཱཀྱ་དཔལ་གྱི་བློ་གྲོས་བཟང་པོ་བླ་མ་འཕགས་པ་ལས་རབ་ཏུ་བྱུང་སྟེ་ཉེ་གནས་མཛད། བཞི་པ་ལྡེ་ཆུང་གཞོན་ནུར་གཤེགས། ལྔ་པ་ཇོ་རྒྱལ་བུ་ལུར་ཕོག་དེའི་སྲས་ཇོ་འཕེལ། དེའི་སྲས་ཆབ་ལྷ་ཟུར་ཁང་པ་སྟེ་ལྕིལ་བུ་བཟུང༌། གཅུང་པོའི་༼ཇ༡༤༣བ༽རྒྱུད་ཁྲོམ་པོ་བ་རྣམས་ཡིན། ཇོ་འབག་གི་སྲས་ཆེ་བ་ཤཱཀྱ་མགོན་གཅུང་རྣམས་སོ་སོར་ཕོག་ཕོ་བྲང་གནས་ཆུང་བཏབ། ས་སྐྱ་པཎྜི་ཏའི་སྦྱིན་བདག་བྱས། དེ་སྲས་ཤཱཀྱ་བཀྲ་ཤིས་ཀྱི་ཕོ་བྲང་རྙིང་མ་བཏབ། དེའི་སྲས་ཆེ་བ་ལྕིལ་བུའི་ལྷ་བྲག་ཁ་བ་ཡིན། ཆུང་བ་གྲོགས་པ་རིན་ཆེན་གྱིས་རྒྱལ་བ་ཐོག་བརྡུགས་པའི་ཉེ་གནས་མཛད། ཕྱིས་བླ་མ་འཕགས་པའི་ཉེ་གནས་མཛད། སེ་ཆེན་གྱི་དམ་ཁ་བླངས་ཏེ་ཕོ་བྲང་བྲག་ཁ་སོགས་བཏབ། སྐུ་གསུང་ཐུགས་རྟེན་འགའ་བཞེངས། ཇོ་སྟོན་ཚོགས་པའི་ཆོས་བཞི་གཏན་དུ་འདེགས་པའི་སྲོལ་མཛད། དགུང་ལོ་ང་གསུམ་པ་ལ་སྲས་ཤཱཀྱ་མགོན་པོ་ལ་རྒྱལ་ས་གཏད་ནས་ཐུགས་དམ་མཛད་སྟེ་བདུན་བཅུ་རྩ་བཞི་ལ་གཤེགས། དེའི་སྲས་བཞིའི་ཆེ་བ་ལྕིལ་བུ་བློ་གྲོས་འོད་ཡིན། གསུམ་པ་ཕག་མོ་གྲུར་རབ་ཏུ་བྱུང་སྟེ་ལྷ་བཙུན་ཚུལ་ཁྲིམས་བཟང་པོར་ཐོགས། བཞི་པ་འབལ་གཞོན་ནུར་འདས། གཉིས་པ་ཤཱཀྱ་མགོན་པོས་རང་གི་སྲིད་བསྐྱངས་ཏེ་ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བསྟེན། ཕོ་བྲང་ཡུམ་བུ་བླ་སྒང་ལ་གཙུག་ལག་ཁང་བཞེངས། ཆོས་འཁོར་དུ་མའི་སྦྱིན་བདག་མཛད་ནས་བསྟན་པ་ལ་ཕན་པར་མཛད་ཏོ། །

ཕྱི་མ་འདི་རྣམས་ཡར་ལུངས་ཇོ་བོས་བསྒྲིགས་པའི་ཆོས་བྱུང་ལས་བསྡུས་པ་སྟེ་འདི་ཕྱིན་ཡང་དཔྱོད་ལྡན་རྣམས་ཀྱིས་སྟོད་སྨད་བར་གསུམ་གྱི་རྒྱལ་བརྒྱུད་ལས་བསྟན་པ་ལ་བྱ་བ་བྱས་པ་དང་ཕན་བདེའི་སྲོལ་གཏོད་པ་མཐོང་ན་རང་རང་གི་ཕྱོགས་བཟུང་བ་མ་ཡིན་པར་གཟུ་བོར་གནས་པའི་བློས་འདི་སྐབས་སུ་བསྣན་པར་བྱོས་ཅིག །

དེ་ལྟར་རྒྱལ་བརྒྱུད་སིལ་ཆད་འདི་རྣམས་རྗེའི་སྐུ་ལྷ་སོ་སོའི་བསྟེན་ཡུལ་དུ་བགོས་པས་རྗེ་ཆེན་རྣམ་པ་དགུ། ཆོས་འཁོར་བསམ་ཡས་ཀྱི་རྐྱེན་དུ་རྗེ་ལྷུ་གཅིག་དང་བཅུ་ཞེས་གྲགས་པ་ཡིན་ལ་རྒྱལ་བརྒྱུད་མ་ཉམས་པ་ཡིན་ཕྱིན་ཡོན་ཏན་དུ་མས་ཁྱད་པར་དུ་འཕགས་ལ། ཇོ་བོ་བོད་ཏུ་ཕེབས་དུས་ཀྱང་བོད་ཀྱི་རཱ་ཛཱ་བོ་དྷི་ས་ཏྭའི་བརྒྱུད་པ་གསུང་ནས་བཙན་པོ་ཐམས་ཅད་ལ་ལྡང་བ་དང་བཀུར་སྟི་ཆེར་མཛད་པས་འབངས་རྣམས་༼ཇ༡༤༤ན༽ཇོ་བོ་ལྟ་བུ་འདི་ལྟར་མཛད་ན་རང་ཅག་འབངས་རྣམས་བཀུར་སྟི་ཅིས་མི་བྱེད་ཟེར་ནས་གུས་པར་གྱུར་ཞེས་བཤད་པ་ལྟར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཡོན་ཏན་དང་སྐུ་དྲིན་ལ་བསམས་ནས་མངའ་ཐང་ཡོད་ཏམ་མེད་ཀྱང་རུང་སྟེ་བཀུར་སྟི་དང་སྲི་ཞུ་ཆེར་བྱ་བའི་གནས་ཡིན་ནོ། །

རིགས་ཀྱི་ནང་ན་དམ་པ་རྨད་ཏུ་བྱུང་བ། །འཁོར་ལོས་བསྒྱུར་དང་སངས་རྒྱས་བྱུང་བའི་རིགས། །གདུང་གི་དམ་པ་གཽ་ཏམ་ཤཱཀྱའི་བརྒྱུད། །བབས་པའི་ཁུངས་བཟང་འོད་གསལ་ལྷ་ལས་བབས། །ལོངས་སྤྱོད་རྨད་བྱུང་ན་མཁའི་མཛོད་ལ་དབང༌། །བློ་གྲོས་ཡངས་པས་ཇི་ལྟ་ཇི་སྙེད་མཁྱེན། །ཐུགས་རྗེ་ཁོ་ནས་སྤྲུལ་པའི་སྐུར་བསྟན་པ། །འཁོར་ལོས་བསྒྱུར་བའི་དཔལ་ལས་ཆེས་ལྷག་པར། །སྤྲུལ་པའི་ཆོས་རྒྱལ་གདུང་རབས་བཞི་བཅུར་བྱོན། །བོད་ཡུལ་སྐྱེ་འགྲོ་བྱུང་དང་འབྱུང་འགྱུར་ཀུན། །ཉེས་སྐྱོན་ཀུན་བསལ་གནས་སྐབས་མཐར་ཐུག་གི །ཡོན་ཏན་བདེ་ལེགས་ཀུན་ལ་བཀོད་པ་ཡི། །བཀའ་དྲིན་དེ་ལྟ་གཞལ་གྱིས་ག་ལ་འཁོར། །ལྷ་འམ་དྲང་སྲོང་ཕ་མ་མཛའ་བཤེས་སོགས། །འདི་ལྟའི་སྨན་ཡོན་སྦྱིན་མཛད་སུ་ཞིག་ཡོད། །བརྒྱ་བྱིན་གྱིས་ཀྱང་མི་བསྒྲུན་དབང་ཕྱུག་དེ། །དེང་སང་དུས་ན་མིང་གི་ལྷག་མ་ཙམ། །ཆོས་རྒྱལ་དེ་དག་རྣམས་ཀྱི་རིགས་སྲས་ཕལ། །ཕྱི་དུས་འདི་ན་འབངས་དང་ཡང་འབངས་སྤྱོད། ཁེང་དང་ཡང་ཁེང་མང་པོ་དྲེགས་པས་འགྱིང༌། རང་རང་རིགས་རུས་ཆེ་བ་སྨྲ་བཞིན་དུ། །ཀུན་གྱིས་རྩོད་མེད་རིགས་མཆོག་སྨད་པ་མཚར། །ཀྱེ་མ་སྲིད་པ་འདི་ཡི་ངང་ཚུལ་ལྟོས། །གྲོགས་དག་ཀུན་ལ་སྙིང་པོ་ཅི་འདུག་སོམས། །སྐྱེས་པའི་མཐའ་འཆི་འདུས་པའི་ཐ་མ་འབྲལ། །བསགས་པའི་མཐའ་མཛད་མཐོན་པོའི་མཐའ་ལྷུང་ཞེས། །མངོན་སུམ་ཉིད་ཏུ་བསྟན་པར་མི་གདའ་འམ། །འཁོར་ལོས་བསྒྱུར་ལྟའི་དཔལ་འབྱོར་དེ་དག་རྣམས། །སྦྲང་ཚང་ཞིག་ཤུལ་༼ཇ༡༤༤བ༽ལྟར་གྱུར་འདི་མཐོང་ནས། །གནག་རྫི་ཙམ་གྱི་ལོངས་སྤྱོད་ཀྱིས་འཚོ་བ། རང་རང་དབང་ཕྱུག་འདི་ལ་སུ་ཞིག་ཆགས། །ཛམྦུ་གླིང་བདག་པོ་རྣམས་ཀྱི་མངའ་ཐང་ཡང༌། །མི་རྟག་སྙིང་པོས་དབེན་པ་འདི་འདྲ་ན། །དུས་ངན་ད་ལྟའི་སྐྱེ་བོ་འགའ་ཡི་དབུས། །ཚངས་ལྟར་བསྙེམས་པ་ངོ་ཚའི་གནས་མིན་ནམ། །ལྷ་དང་མཚུངས་པའི་ལོངས་སྤྱོད་སྟེ་རྣམས་ཀུན། །སྟོན་ཀའི་སྤྲིན་བཞིན་ཡལ་བ་འདི་མཐོང་བཞིན། །ད་ལྟའི་ཟིང་ཟིང་ངན་དོན་ཁམ་འགའི་ཕྱིར། །འདི་ཕྱི་ཀུན་འདོར་འདི་རྣམས་ཅི་ཞིག་དྲན། །སྲིད་པ་འདི་ཡིས་རང་གི་ངང་ཚུལ་རྣམས། །རབ་ཏུ་གསལ་བར་རྟག་དུ་བསྟན་ན་ཡང༌། །ད་དུང་ཚེ་འདིའི་རྙེད་གྲགས་ལྷུར་ལེན་པའི། །སྡེ་སྣོད་འཛིན་པར་ཁས་འཆེ་འདི་འདྲ་ཅི། །འདོད་པའི་རྣམ་རྟོག་ཅུང་ཟད་ཁ་མ་བྲི། །རྙེད་བཀུར་སྒྲུབ་ཕྱིར་མི་བྱེད་ཅི་ཡང་མེད། །དེ་དག་སྤྲུལ་པའི་ལུས་ཅན་ཡིན་པར་རློམ། །ས་སྟེང་འདི་འདྲས་གང་བས་རབ་ཏུ་སྐྱོ། །རང་སེམས་གདུལ་ཕྱིར་དམ་པའི་ཆོས་གསུངས་མོད། །དེང་དུས་ཆོས་ལ་བསྟེན་ནས་དྲེགས་ཅིང་ཁེངས། ཁྱིམ་པ་ཀུན་ལས་ལྷག་པར་ཆགས་སྡང་འཕེལ། །ཀྱེ་མ་འདི་ལྟའི་གནས་སྐབས་སྔོན་བྱུང་ངམ། །རྒྱལ་པོ་གླང་གིས་རབ་བྱུང་ཕབ་པ་སོགས། །བསྟན་ལ་གནོད་པར་ཀུན་གྱིས་ཤེས་མོད་ཀྱང༌། །ཕྱི་དུས་མཛའ་བ་ལྟར་བཅོས་རབ་བྱུང་ཀུན། །ཐབས་བརྒྱས་འབེབས་འདི་དེ་འདྲར་གོ་བ་མེད། །རབ་བྱུང་མ་ལུས་རྟག་དུ་དམག་ལ་འདེད། །རྟོག་ཆེན་རྫོང་བསླུ་དུག་སྟེར་སོགས་ཀྱི་གླར། །སྡིག་ཅན་རྣམས་ལས་དགེ་འདུན་གནས་བརྟན་བསྐོ། །ཁྱིམ་པས་ཆོས་པ་ཀུན་གྱི་ཕྱག་མཆོད་ལེན། །མཁས་པར་ཁས་ལེན་བླུན་པོ་ཁ་བརྡར་ཀུན། །ཇ་ཆང་གྲལ་གྱི་བཞད་གད་མཁན་པོར་འབེབས། །གསང་སྔགས་ཚིག་རེ་འཛིན་པ་ཡན་ཆད་ཀྱང༌། །ངན་སྔགས་མཐུ་གཏད་སེར་གསུམ་བྱེད་ལ་འགོད། །༼ཇ༡༤༥ན༽འདི་འདྲའི་ངང་ཚུལ་གཞན་ཡང་བགྲང་མི་ལང༌། །རྒྱལ་པོ་དར་མས་བསྟན་པ་བསྣུབས་པ་དེས། །བྱེ་བའི་ཆ་ཡང་འདི་དག་ལ་མི་ཕོད། །དེ་ཚེ་བསྟན་པ་མེད་པར་གོ་བ་ཡིས། །སླར་ཡང་བསྟན་པའི་མེ་རོ་བསླང་དུ་བྱུང༌། །དེང་སང་བསྟན་མིན་འདི་འདྲར་བསྟན་ཞེས་གྲགས། །འདི་འདྲར་འགོད་ལ་བསྟན་པ་འཛིན་པོ་དང༌། །བསྟན་པའི་སྦྱིན་བདག་ཅེས་བྱར་སྒྲོག་པའི་ཕྱིར། །འཕགས་པའི་གནས་བརྟན་བཅུ་དྲུག་བྱོན་ན་ཡང༌། །ད་ནི་བསྟན་པ་དངོས་ཅིག་ཇི་ལྟར་གཟུགས། །རྒྱལ་པོ་གླང་གི་དགོངས་པ་ད་རྫོགས་སམ། །ཀྱེ་མ་དཔྱོད་ལྡན་ཡོད་ན་དུས་འདིར་དཔྱོད། །སེམས་ཡོད་མཆིས་ན་སངས་རྒྱས་བསྟན་ལ་སོམས། །མཁས་པ་ཡོད་ན་དམ་ཆོས་གང་ཡིན་ལྟོས། །ཞིག་པོ་ཡོད་ན་འཁྲུལ་པའི་རྗེས་མ་འབྲང༌། །དད་ལྡན་ཡོད་ན་ཟོག་པོས་བསླུས་དོགས་གྱིས། །ཤེས་རབ་ཅན་འགའ་ཡོད་ན་རྒྱལ་བསྟན་དངོས། །གང་ཡིན་གཟུ་པོར་ལྟོས་ལ་གཙུག་དུ་ལོང༌། །ཐུབ་བསྟན་འདི་ལྟར་གྱུར་པའི་དུས་སྐྱེས་ཕྱིར། །བདག་ཅག་སྐལ་དམན་ཕྱོགས་གཅིག་འདུས་པར་གོ །དམ་པའི་དོན་དུ་དུས་ལ་བཟང་ངན་མེད། །རང་རྟོག་ཕྱི་རོལ་ཡུལ་དུ་འཁྲུལ་པ་སྐྱེས། །དེ་ལ་ཉིད་འཁྲུལ་བཟང་ངན་ཞེན་པས་བཅིངས། །སྒྱུ་མའི་དམག་དཔུང་བདེན་པར་ཞེན་ལྟར་ཟད། །མངའ་ཐང་ལོངས་སྤྱོད་རྨི་ལམ་ནོར་བརྙེད་འདྲ། །རིགས་རུས་མཆོག་དམན་ཞེན་པས་བཏགས་པ་ཙམ། །འདི་དག་ཐམས་ཅད་སྙིང་པོས་དབེན་ནོ་ཞེས། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱིས། །དམ་ཆོས་རྣམ་ཐར་ཚུལ་དུ་བསྟན་པ་ཉིད། །འདོད་པའི་འདམ་ན་པདྨ་ལྟར་མ་གོས། །བདག་གཞན་མ་དམིགས་འགྲོ་བ་སྒྲོལ་ལ་བརྩོན། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱི། །བཀའ་དྲིན་དྲན་པས་སླར་ཡང་ཕྱག་བགྱིད་ཏོ། །༼ཇ༡༤༥བ༽

ཕྱི་དུས་འདིར་དམག་མི་ནམ་དགོས་འབྱུང་བ་ཁོ་ན་ལ་དམིགས་ནས་ཆོས་སྡེར་མིང་བཏགས་པ་རེ་འདེབས། དེ་དག་གི་བླ་མའི་གནས་རྣམས་ཀྱང་རྒྱལ་པོ་དང་བློན་པོ་དག་རྔན་པས་མགུ་བར་བྱས་པའམ། གཡུལ་གྱི་ཚེ་བྱ་མ་རྟ་དང་ཉན་སྣ་པ་དང་རྟོག་ཆེན་དུ་ཕྱིན་པའམ། གཞན་གྱི་རྫོང་སླུ་དུག་སྟེར་སོགས་བྱས་པའམ། ཐ་ནའང་ཁ་གསག་གིས་མགུ་བ་ཙམ་གྱི་སྐྱེ་བོ་ཞིག་བསྐོ། སྐྲ་བྲེགས་མིང་བརྗེས་རེ་མ་གཏོགས་སྡོམ་པ་འབོགས་པའི་སྲོལ་མེད། སློབ་དཔོན་དང་རྒན་པར་བྱས་པ་རྣམས་ཀྱིས་ཆགས་སྡང་དང་ཆོས་མིན་གྱི་མིག་ལྟོས་འགའ་ཞིག་བསླབས། སྔར་ཁྱིམ་པའི་དུས་ལས་བརྒྱ་སྟོང་གིས་སེམས་མ་རུངས་ཅིང་རྩུབ་པ། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་འཕགས་པ་ཐོགས་མེད་ཀྱི་རིགས་ཆད་ཀྱི་མཚན་ཉིད་ཏུ་གསུངས་པ་དེ་ཐམས་ཅད་ཚང་བ་བརྒྱ་སྟོང་སོགས་འདུས་ཅིང་ཐོས་པ་སྣ་རེ་བྱས་ཀྱང་ཤེས་ཚད་ང་རྒྱལ་དང་ཆགས་སྡང་གི་རྒྱུར་སོང༌། སྔགས་ཀྱི་ནུས་པ་ཕྲ་མོ་རེ་བརྙེད་ན་བྱིས་པས་བཙན་དུག་ཟོས་པ་ལྟར་སླར་ལ་སྡུག་བསྔལ་མཐའ་མེད་ཀྱི་རྒྱུ་བྱེད། ཆོས་ཀྱི་བསམ་པ་སྐད་ཅིག་ཡང་མི་སྐྱེ་བ་ཤ་སྟག་འདུས་པ་ལ་དགེ་འདུན་གྱི་སྡེར་གྲགས་ནས་ཉམ་ཆུང་ཐམས་ཅད་ལ་བརྙས་ཅིང་འཇོམས། དམག་གི་གཡུལ་དུ་འཇུག་པ་ལ་ཚམ་ཚོམ་ཅུང་ཟད་ཀྱང་མེད་པ་འདི་རྣམས་དང༌། རྗེ་དཔོན་རྣམས་ཀྱིས་ཀྱང་རབ་བྱུང་ཐམས་ཅད་ཚེ་འདིར་ཁྲལ་དམག་འུ་ལག་ཐམས་ཅད་ལ་སྦྱར་ནས་ཆོས་དང་ཕྲལ་ཏེ་ཕྱི་མར་ངན་འགྲོ་ལ་འགོད་པའི་གནོད་པ་དགྲ་བོ་འབུམ་ཕྲག་གིས་ཀྱང་མི་ནུས་པ་འདི་ལྟ་བུ་བྱས་ཏེ་འདི་ཕྱི་གཉིས་ཀའི་བདེ་པ་དང་ཕྲལ་བ་ལ་གནོད་པར་གོ་བ་ཡང་སུ་ཡང་མེད་ཀྱི། སྟེང་དུ་རྗེ་དཔོན་འདི་ངེད་ཀྱི་སྦྱིན་བདག་གོ་ཞེས་དེའི་ཆེད་ཏུ་སྲོག་དང་ཚམ་ཚོམ་མེད་པར་འདོར་བ་འདི་ལྟ་བུས་བོད་ཡུལ་ཐམས་ཅད་གང་ཞིང་དེ་དག་ལ་སངས་རྒྱས་༼ཇ༡༤༦ན༽ཀྱི་བསྟན་པར་གྲགས་པ་འདི་ལྟ་བུ་ནི་སྔོན་རྒྱལ་པོ་གླང་གིས་བསྟན་པ་བསྣུབས་པས་འབུམ་གྱི་ཆ་ཡང་དོ་བར་མི་སྣང་སྟེ་སྨན་མ་རྙེད་པ་ཙམ་ནི་སླའི་སྨན་གྱི་དོད་པོར་དུག་ཧ་ལ་ཧ་ལ་ཆེན་པོ་བྱིན་པ་ནི་དེ་ལྟ་མ་ཡིན་པ་བཞིན་ནོ། །

རྒྱལ་སྲས་རིན་པོ་ཆེས་ཕག་གྲུའི་ཁྲི་དཔོན་ཆེན་པོ་བྱང་རྒྱལ་ལ་བནྡྷེ་རྣམས་ལ་ཁྲལ་དམག་འུ་ལག་འགེལ་བ་མི་འཐད་གསུངས་པས་ཁོང་ན་རེ་ཆོས་ཚུལ་བཞིན་བྱེད་པ་རྣམས་ལ་ནི་ཞབས་ཏོག་བྱེད་ཅིང་ཡོད། གཞན་ཕུར་འབྲོག་འཛིན་མདར་ཞིང་འདེབས་ཉོ་ཚོང་དང་ཁྱིམ་ཐབ་བྱེད་པ་འདི་རྣམས་ལ་ཁྲལ་དམག་འུ་ལག་མི་འགེལ་ན་གཞན་སུ་ལ་འགེལ་དུ་བཏུབ་པར་གདའ་ཟེར་བས་འོ་སྐོལ་གྱིས་ལན་མ་ཐེབས་ཟེར་བ་བྲིས་འདུག་ཡང་དེའི་ལན་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་སྟོན་པ་ཉིད་ཀྱིས་བཏབ་ཟིན་པ་ཡིན་ཏེ་མདོ་དེར་ཚངས་པ་ལྷའི་སྙིང་པོས་ཞུས་པའི་ལན་དུ་བཀའ་བསྩལ་པ། རྒྱལ་པོ་དང་བློན་པོ་སོགས་ཀྱིས་རབ་ཏུ་བྱུང་བ་ཚུལ་ཁྲིམས་སྣ་གཅིག་མེད་པ་ལ་ཡང་ཆད་པས་གཅོད་ཏུ་མི་གནང་སྟེ་གླང་ཆེན་དང་གླ་བའི་རོ་དང་ཙམ་པ་ཀ་བརྙིངས་པ་དང་སྤོས་ཚིག་པ་རྣམས་དངོས་པོ་ཉམས་ཀྱང་གི་ཝཾ་དང་གླ་རྩི་དང་དྲི་བསུང་ཡོད་པས་གཞན་ལས་ལྷག་པར་ལྟར་རབ་ཏུ་བྱུང་བའི་རྟགས་ཙམ་མཐོང་བས་ཀྱང་སངས་རྒྱས་དྲན་ཞིང་མུ་སྟེགས་ལ་མི་བསྟེན་པ་དང་ཚུལ་ཁྲིམས་དྲན་ནས་སྡིག་པ་སྤོང་པ་དང༌། སྦྱིན་པ་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་རབ་ཏུ་འབྱུང་བ་རྣམས་དྲན་ནས་དེ་ལ་སྦྱོར་ཞིང་དགེ་བ་བསྐྱེད་པའི་ཕྱིར་རོ་ཞེས་རྒྱས་པར་གསུངས་ཅིང༌། ཙམ་པ་ཀ་ཡི་མེ་ཏོག་བརྙིངས་གྱུར་ཀྱང༌། །མེ་ཏོག་གཞན་པ་རྣམ་པས་ཤིན་དུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཅིང་སྡིག་སྤྱོད་ཀྱང༌། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་པས་མཆོག །ཞེས་སོགས་དང༌།

བཅོམ་ལྡན་འདས་ཉིད་སྔོན་སློབ་པའི་ཚེ་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པར་སྐྱེས་པ་ན་ལུས་འཕགས་ཀྱི་རྒྱལ་པོའི་བུ་མོས་དེའི་མཆེ་བ་དོན་དུ་གཉེར་ནས་རྒྱལ་པོས་རྔོན་པ་ཅིག་བཏང་སྟེ་དེས་གླང་པོ་ཆེ་དེ་རང་སངས་རྒྱས་རྣམས་ལ་བག་འབེབས་༼ཇ༡༤༦བ༽པ་མཐོང་ནས་ངུར་སྨྲིག་བསྒོས་མདའ་གཞུ་སྦས་ཏེ་གླང་པོ་ཆེ་དེ་མི་དོགས་པར་བག་ཕབ་པའི་གནད་ཏུ་བསྣུན་པ་ན་གླང་མོ་བཟང་མོ་སོགས་གླང་ཆེན་གྱི་ཁྱུ་ཐམས་ཅད་ཁྲོས་པ་ལས་མི་དེ་གླང་པོའི་རྒྱལ་པོས་རང་གི་བྲང་འོག་དུ་སྦས་ནས་བསྐྱབས། ཁྱུ་རྣམས་དོང་བའི་འོག་དུ་རྒྱུ་མཚན་དྲིས་པས་མཆེ་བའི་ཕྱིར་ཏེ་མ་རྙེད་ན་རྔོན་པ་ཐམས་ཅད་རྒྱལ་པོས་གསོད་ཏོ་ཞེས་སྨྲས་པས་དེ་རྣམས་བསྐྱབ་པའི་ཕྱིར་དང་ངུར་སྨྲིག་འདི་ནི་འཕགས་པ་ཐམས་ཅད་ཀྱི་རྒྱལ་མཚན་ནོ་ཞེས་ངུར་སྨྲིག་གི་གོས་ལ་གུས་པ་ལྷུར་བྱས་ཏེ་མཆེ་བ་དྲུག་རང་གིས་ཕྱུང་ནས་སྣ་ཞགས་ཀྱིས་བཟུང་སྟེ་བྱིན་པ་དང༌། ཡུལ་པཉྩ་ལར་རྒྱལ་པོ་དགྲ་ལས་རྒྱལ་བྱ་བའི་ཆད་པ་གཅོད་པའི་མི་ཐམས་ཅད་དུར་ཁྲོད་ཆེན་པོ་ཁ་ལམ་པ་ཅེས་པ་འཇིགས་སུ་རུང་བར་སྐྱེལ་ཞིང་སྲིན་མོས་ཟ་བ་ལས་ནམ་ཞིག་མི་ཞིག་ལ་ཉེས་པ་བྱུང་ནས་ཆད་པས་འཇིགས་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ཀྱི་ཚལ་བུ་ཞིག་རྙེད་པ་མགུལ་དུ་བཏགས་པ་ལས་གཤེད་མས་དུར་ཁྲོད་ཏུ་ཤིང་ལ་བཅིངས་ཏེ་བཞག་པས་སྲིན་མོ་མཚོན་ཆའི་མིག་བུ་ལྔ་བརྒྱ་དང་བཅས་པ་ལྷགས་ཏེ་སྲིན་མོས་ཕྱག་དང་བསྐོར་བ་བྱས་ཏེ། སྐྱེས་བུ་ཁྱོད་ནི་མ་བསྙེངས་བདེ་བར་བཞུགས། །ཁྱོད་ལ་བདག་ཅག་གནོད་པ་མི་བགྱིད་ཏོ། །སྐྲ་བྲེགས་ཆོས་གོས་གྱོན་པ་ཁྱོད་མཐོང་ནས། །བདག་ཅག་སངས་རྒྱས་རྗེས་སུ་དྲན་པར་གྱུར། །ཞེས་བསྟོད་པ་བྱས། སྲིན་མོའི་བུ་རྣམས་ཀྱིས་མི་འདི་བདག་ཅག་བཟང་སྩོལ་ཞིག་ཞེས་སྨྲས་པས་མོ་ན་རེ། །སངས་རྒྱས་གངྒཱ་ཀླུང་གི་བྱེ་སྙེད་ཀྱི། །རྣམ་པར་གྲོལ་བའི་རྒྱལ་མཚན་གོས་གྱོན་པ། །འདི་ལ་མི་དགེ་སྡིག་པའི་སེམས་བསྐྱེད་ན། །ངེས་པར་མཚམས་མེད་སེམས་ཅན་དམྱལ་བར་ལྷུང༌། །ཞེས་སོགས་སྨྲས་ཏེ་ཟློག །དེ་བཞིན་དུ་སྲིན་མོ་བོང་བུའི་སོ་དང་ཁྲོ་གཉེར་དཔྲལ་སྐྲ་ཅན་དང་མཚོན་ཆའི་གདོང་རྣམས་རེ་རེ་བཞིན་འཁོར་ལྔ་བརྒྱ་དང་བཅས་པ་རེ་ལྷགས་ཏེ་སྔ་མ་བཞིན་གནོད་པ་སྤངས་ཏེ་ཕྱག་བསྐོར་དང་ངུར་སྨྲིག་ལ་བསྟོད་པ་བྱས། ཐ་མ་དེས་བཅིངས་པ་ལས་བཀྲོལ་ཏེ་བཏང་བས་རྒྱལ་པོ་དེས་ཐམས་ཅད་༼ཇ༡༤༧ན༽ཏུ་རྟགས་ཅན་ལ་བཀུར་སྟི་བྱེད་པའི་དྲིལ་བསྒྲགས་པའི་སྔོན་བྱུང་དང༌། མ་འོངས་པ་རྒྱལ་པོ་གདོལ་པ་དང་བྲམ་ཟེ་གདོལ་པ་དང་བློན་པོ་གདོལ་པ་སོགས་ཀྱིས་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་རབ་ཏུ་བྱུང་བ་ལ་ཆད་པས་གཅོད་པ་སོགས་བྱེད་པ་དེ་རྣམས་ལྷས་མི་སྲུང་ཞིང་ཡན་ལག་ཆད་པ་དང་ལྕེ་ལྐུགས་པས་ཤི་སྟེ་མནར་མེད་པར་ལྷུང་བར་གསུངས་ཅིང་རྡོ་རྗེ་སྙིང་པོས་དེའི་རྒྱུ་མཚན་ཞུས་པ་ན་ལན་དུ། རབ་ཏུ་བྱུང་བ་ལ་ལ་ནི་ལྷག་པའི་སྤྱོད་པ་ཉམས་ལ་མོས་པ་མ་ཉམས་པ་ཡོད། ལ་ལ་ནི་མོས་པ་ཉམས་ལ་ལྷག་པའི་སྤྱད་པ་མ་ཉམས་པ་ཡོད། གཉིས་ཀ་ཉམས་པ་དང་གཉིས་ཀ་མ་ཉམས་པ་ཡང་ཡོད། ཚུལ་ཁྲིམས་ཉམས་ལ་ལྟ་བ་མ་ཉམས་པ་དང་ལྟ་བ་ཉམས་ལ་ཚུལ་ཁྲིམས་མ་ཉམས་པ་དང་གཉིས་ཀ་ཉམས་པ་དང་གཉིས་ཀ་མ་ཉམས་པ་དང༌། དེ་ཐམས་ཅད་མ་ཉམས་ཅིང་སྡིག་གྲོགས་ཀྱི་དབང་དུ་གྱུར་པ་དང༌། དགེ་བའི་བཤེས་གཉེན་ལ་བསྟན་ཡང་ལུག་ལྟར་ལྐུགས་པ་ཡང་ཡོད་ལ་དེ་དག་ལ་ཐབས་དེ་དང་དེས་གདུལ་བ་ཡིན་པར་རྒྱས་པར་གསུངས་ཅིང་མདོ་གཞན་ལས་ཀྱང་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པས་རྔོན་པའི་ངུར་སྨྲིག་ལ་གུས་པ་བསྐྱེད་སྟེ་ཡིག་འབྲུ་བརྒྱད་སྨྲས་ཏེ་པགས་པ་བཏང་བ་དང༌། ངའི་བསྟན་པ་ལ་ངུར་སྨྲིག་ཙམ་གྱོན་ཏེ་བུ་དང་བུ་མོའི་ལག་པ་ནས་བཟུང་ཏེ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་ནས་ཆང་མའི་ཁྱིམ་དུ་འཕྱན་པར་བྱེད་པ་དེ་རྣམས་ཀྱང་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་འོ་ཞེས་གསུངས་ཅིང་སྟོན་པ་ཉིད་ཀྱང་ལྷས་སྤྲུལ་བའི་རབ་བྱུང་གཟིགས་པས་རྐྱེན་བྱས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གཤེགས་པའི་ཕྱིར་རོ། །

དེས་ན་རྟགས་ཅན་གྱིས་ཉེས་པ་ཆེར་བྱས་ཀྱང་ཆད་པ་གཅོད་ཏུ་ཡང་མ་གནང་ན་དཔྱ་ཁྲལ་དང་དམག་དང་བྲན་དུ་བསྐུལ་བ་ནི་ག་ལ་རུང་སྟེ་རབ་བྱུང་ལ་འདི་ལྟར་བྱེད་པ་རྣམས་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བརྙས་པ་མི་༼ཇ༡༤༧བ༽བཟད་པ་ཡིན་ནོ། །གལ་སྟེ་རྒྱལ་པོ་ལ་སོགས་པ་དེ་དག་རང་ཉིད་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅིག་ཡིན་ན་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །སྲོག་བྲལ་བྱེད་པ་གསུམ་པ་འོ། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇོམས་པ་དག །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་བསླབ་བཏུས་ལས་རྒྱལ་པོ་དང་བློན་པོའི་རྟེན་ཅན་གྱི་བྱང་སེམས་ལ་རྩ་ལྟུང་དུ་བཤད་པ་དེ་རྣམས་ཕལ་ཆེར་ཅིག་ཅར་ཏུ་འབྱུང་བ་ཡིན་ལ་ངུར་སྨྲིག་གི་ཚལ་བུ་འཛིན་པ་ལའང་སྟོན་པའི་འདུ་ཤེས་སྐྱེད་ཅེས་པའི་སྐྱབས་འགྲོའི་བསླབ་བྱ་དང་ཡང་འགལ་བ་ཡིན་ནོ། །

ཕུ་འབྲོག་མདའ་ཞིང་སོགས་འཛིན་པ་ཡང་ཐུན་མོང་གི་འདུལ་བ་ལས་གང་ཟག་ལ་དེ་ལྟ་བུ་མ་གནང་ཡང་དགེ་འདུན་གནང་ཞིང༌། ཐེག་ཆེན་གྱི་བྱང་ཆུབ་སེམས་དཔའ་དགེ་སློང་གི་རྟེན་ཅན་ལ་གཞན་དོན་དུ་གང་བ་ཡང་ཡོད་པས་བསམ་པ་ཀུན་སློང་གཙོ་ཡི་ཡོ་བྱད་བསྙུངས་པ་ཙམ་གཙོ་བ་ཡང་མ་ཡིན་ནོ། །དེ་ལྟར་ཆད་པས་བཅད་ཏུ་མ་གནང་ཡང་ཚུལ་ཁྲིམས་དང་མི་ལྡན་པ་དེ་རྣམས་དགེ་འདུན་གྱི་ནང་དུ་བཞག་པར་བྱ་བ་ནི་མ་ཡིན་ཏེ་ལྔ་ཕྲུགས་དང་ལྡན་པའི་དགེ་སློང་གིས་དགེ་འདུན་གྱི་ནང་དུ་གནང་བ་དྲིས་ཏེ་བྱིན་ན་ཉེས་པ་གླེང་ཞིང་གནས་ནས་འབྱིན་པར་བྱ་ལ་དེ་རྒྱལ་པོ་སོགས་ལ་བརྟེན་པས་འབྱིན་མ་ནུས་ན་དགེ་འདུན་རྣམས་གནས་གཞན་དུ་འགྲོ་བར་གསུངས་ཅིང༌། དེས་ན་སོ་སྐྱེ་འཆིང་བ་ཀུན་ལྡན་རྒྱལ་པོ་དང་བློན་པོ་དང་དགེ་འདུན་གྱི་གནས་བརྟན་སོགས་བླ་མའི་གནས་དང་ཞལ་ཏ་པ་བཅུ་གཉིས་དང་ཁྱད་པར་དེང་སང་ཆོས་ཁྲིམས་པར་གྲགས་པའི་མཛེས་ཆོས་པ་རྣམས་བྱེད་པ་ནི་དཀོན་མཆོག་གི་དཀོར་ལེན་པ་དང༌། ཆོས་༼ཇ༡༤༨ན༽སྤོང་དང༌། གང་ཟག་དམ་པ་ལ་བརྙས་པ་སོགས་ཉེས་པ་དུ་མའི་འབྱུང་གནས་སུ་མཐོང་ནས་བྱང་ཆུབ་སེམས་དཔའ་མང་པོས་བདག་བཟོད་པ་མ་ཐོབ་ཀྱི་བར་དུ་ནམ་ཡང་རྒྱལ་པོར་མ་གྱུར་ཅིག་བློན་པོར་མ་གྱུར་ཅིག་སོགས་ནས་དགེ་འདུན་གྱི་གནས་བརྟན་སོགས་སུ་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་སའི་སྙིང་པོ་འཁོར་ལོ་བཅུ་པ་ཉིད་ལས་རྒྱས་པར་བཤད་ཏོ། །

 

བོད་སིལ་བུར་གྱུར་པའི་འོག་མཁས་སྒྲུབ་སྐྱེས་ཆེན་རྣམས་ཀྱིས་བསྟན་པ་སླར་བསོ་བ།

 

བོད་ཀྱི་རྒྱལ་ཁྲིམས་སིལ་བུར་གྱུར་པའི་འོག །མཁས་གྲུབ་སྐྱེས་ཆེན་དཔག་མེད་བྱོན་གྱུར་ཏེ། །བསྟན་པའི་སྲོག་ཤིང་ར་ས་བསམ་ཡས་སོགས། །ཉམས་པ་བསོས་ཅིང་བསྟན་པ་དར་བར་མཛད། །དེ་ཡང་བསྟན་པ་ཕྱི་དར་གྱི་རྣམ་གཞག་གཞན་དུ་འཆད་ལ་སྐྱེས་བུ་དམ་པ་ཕྱིས་བྱོན་པས་ར་ས་བསམ་ཡས་ལ་བྱ་བ་བྱས་ཚུལ་ནི། ཁེང་ལོག་གི་འོག་དུ་ར་ས་གཉིས་ཞབས་ཏོག་མེད་པར་སྤྲང་ཚང་བཅས་ཏེ་ལྷ་ཁང་ཐམས་ཅད་ཏུ་ཐབ་བཅས་པས་དུ་བས་མོག་པོར་བྱས་པ་རིང་ཞིག་བྱུང༌། དེའི་ཚེ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་དང་མདོལ་ཆུང་བསྐོར་དཔོན་གྱིས་སྤྲང་ཁང་ཟུར་དུ་བརྩིགས། དམག་སྦས། ཕྱོགས་གཅིག་དུ་འགྱེད་སྟོན་བཏང་བ་ལ་སྤྲང་པོ་རྣམས་འདུས་པའི་ཤུལ་ཕྲོགས་ཏེ་སྤྲང་ཚང་བཏོན། གཙང་ཁང་དབུས་མའི་རྟེན་རྣམས་སྐུ་ཆུངས་པས་མི་མཛེས་པར་མཐོང་ནས་སྟེང་ཁང་དུ་གདན་དྲངས་པས་མི་འཁྲུགས་པའི་སྐུས་ཁོ་བོ་གཞན་དུ་མི་འགྲོ་གསུངས་པས་ཇོ་བོ་མི་འགྲོ་གསུང་འབྱོན་དུ་གྲགས། སླར་ཐུབ་པ་གངས་ཆེན་མཚོ་རྒྱལ་སེམས་དཔའ་སེམས་མ་སྒོ་སྲུང་དང་བཅས་པ་བཞེངས། ཞིག་གསོ་དང་ཞབས་ཏོག་ཆེར་མཛད། ཕྱིས་མདོལ་ཆུང་བསྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་པ་ལ་སྤྱི་བོ་ནས་རིམ་པས་མར་མེར་སྤར་ཏེ་ཇོ་བོའི་དྲུང་དུ་ཕུལ་ནས་འགྲེང་བཞིན་དུ་བཟང་སྤྱོད་སྨོན་ལམ་གཉིས་བཏོན་ནས་གསུམ་པའི། མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པའི་སྐབས་སུ་ཉམས་འུར་ནས་བཀྲབས་ཏེ་སྐད་ཅིག་དེ་ལ་སྤྱི་བོ་ནས་ཐོད་པ་གོག་པའི་ཤུལ་ནས་འོད་ཆེན་པོ་ཞིག་ནམ་མཁར་སོང༌། དེ་མ་ཐག་ས་གཡོས་མེ་ཏོག་གི་ཆར་ཆེན་༼ཇ༡༤༨བ༽པོ་བབ་སྐད། ར་སར་ཀླུ་མེས་རྦ་རག་འབྲིང་ཚོ་སྟེ་སྨད་འདུལ་གྱི་སྡེ་བཞི་ཆགས་ནས་བཤད་ཉན་དར། ཕྱིས་རྦ་འབྲིང་གི་སྡེ་འཁྲུག་བྱུང་བས་གཙུག་ལག་ཁང་ཐམས་ཅད་དམག་གིས་ཞིག་ཉམ་རྨས་པའི་ཚེ་ཆོས་རྒྱལ་གྱི་ལུང་བསྟན་ལྟར་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོ་མ་མགོན་དང་རྫོང་བཙན་གྱིས་སྤྱན་དྲངས་ཏེ་བྱོན་ནས་སྡེ་འཁྲུག་བསྡུམས་པས་ཤིན་དུ་དཀའ་ནས་འབྱོན་པར་བརྩམས་པའི་ཚེ་ཇོ་བོ་ལས་སྤྱན་ཆབ་བྱུང༌། འཁྲུག་པ་འདི་ཁྱོད་ཀྱིས་མི་བསྡུམ་ནས་སུས་བསྡུམ་ཞེས་གསུང་བ་སྐུ་འཁོར་ཐམས་ཅད་ཀྱིས་ཐོས། ཡང་ཤིན་དུ་དཀའ་བ་ན་བླ་མ་ལྷ་རྗེ་ཉིད་བྱོན་ནས་སྒོམ་ཚུལ་ཁྱོད་ཀྱིས་ང་འཇོག་ཕོད་ཏམ་གསུང་སྟེ་ཇོ་བོ་དང་རྗེ་སྒམ་པོ་པ་ཐ་མི་དད་པར་འདུག་གསུང་སྟེ་དེ་མ་ཐག་འཁྲུག་པ་དུམ། སླར་ཁྱམས་ཁྲ་བར་བསྐོར་སོགས་ཀྱི་ཐོག་རྩིག་པ་རི་མོ་སོགས་ཐམས་ཅད་གཞི་ནས་བཅོས། ཇོ་བོ་གཙང་ཁང་ལྷོ་མར་བཞུགས་པ་དབུས་མར་སྤྱན་དྲངས་ཏེ་སྔོན་ཞལ་བསྒྱུར་བར་ལུང་བསྟན་པ་དེ་ཡིན། མཆོད་པ་དཔག་མེད་མཛད། བསྟན་པ་བཞི་བཞེངས་སུ་བཏང༌། སྙིང་རྗེ་པད་དཀར་གྱི་མདོར། དགེ་སློང་འཚོ་བྱེད་དེས་ངའི་མཆོད་རྟེན་གསེར་གྱིས་བརྒྱན་པ་སོགས་ལོ་ལྔ་པ་བྱེད་ཏུ་འཇུག་པར་འགྱུར་ཞེས་ལུང་བསྟན་པ་དེ་རྗེ་སྒོམ་ཚུལ་ལོ་ལྔ་ལོན་པ་ཅིག་རྗེ་སྒོམ་པོ་པའི་ཞབས་ཕྱིར་བྱོན་པ་དེ་ལ་དགོངས་པ་ཡིན་ཞེས་དཔལ་མཁའ་སྤྱོད་དབང་པོས་གསུངས།

དེ་ནས་ར་སའི་གཙུག་ལག་ཁང་གཉིས་སློབ་མ་དམ་པ་ཞང་རིན་པོ་ཆེ་ལ་གཏད། དེའི་ཉེ་གནས་ཚལ་དཔོན་དར་མ་གཞོན་ནུ་ལ་སོགས་པ་རིམ་པར་བྱུང་བ་རྣམས་དང་ཕྱིས་བློན་པོ་མགར་གྱི་མི་བརྒྱུད་ཚལ་དཔོན་སངས་རྒྱས་དངོས་གྲུབ་ཕྱིན་མི་བརྒྱུད་ལ་འཇགས་པ་རྣམས་ཀྱིས་ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བཞེང་པ་དང་སྒོ་ཁང་ཕྱི་མ་སྒོ་སྲུང་མ་མགོན་སེང་ལྡེང་གི་སྒོ་གླེགས་དང་བཅས་པ་ཕུལ། ཆུ་རགས་ཆེན་མོ་སོགས་ཞབས་ཏོག་དཔག་མེད་བྱས། གཞན་ཡང་ལྷ་རྗེ་དགེ་བ་འབུམ་དང་དེའི་ལྕམ་མོ་ཡེ་ཤེས་མཆོག་དང་ཞིག་པོ་བདུད་རྩི་ལ་སོགས་པ་མང་པོས་ཆུ་རགས་དང་ཞབས་ཏོག་མཛད། ཡ་ཙེའི་རྒྱལ་པོ་༼ཇ༡༤༩ན༽རེ་འུ་སྨལ་གྱིས་མཁས་ཅིང་ཡོན་ཏན་དང་ལྡན་པའི་སྟོན་པ་རིན་རྡོར་དང་མཛོད་པ་ཨར་ཛུ་ལ་སོགས་མངགས་ཏེ་ཟངས་ཁལ་བཅོ་བརྒྱད་ལ་དོས་རེར་བྱས་པའི་ཟངས་དོས་བརྒྱ་དང་བཞི་གསེར་སྲང་ལྔ་བརྒྱ་རྣམས་ལས་ལྕགས་ཕོ་ཁྱི་ལོ་ལ་ཇོ་བོའི་དབུ་ཐོག་དུ་གསེར་ཐོག་ཕུབ། ལྷག་མ་ལ་གསེར་ཐོག་ཆུང་ངུ་ཞིག་བཅུ་གཅིག་ཞལ་གྱི་དབུ་ཐོག་དུ་ཕུབ་པ་ཕྱིས་ཡ་ཙེའི་རྒྱལ་པོ་པུ་ཎ་སྨལ་གྱིས་གསེར་ཐོག་ཆེ་བར་བཀྱེད། དེ་ཕྱིན་ཡང་འགྲོ་མགོན་དུང་མཚོ་རས་པ། གྲུབ་ཐོབ་མགོན་ཡེ་ཤེས། སྣེལ་པ་ཡོན་མཆོད་ལ་སོགས་པ་མང་པོས་རྙིང་གསོ་སར་བཞེང་དུ་མ་བྱས། རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་དང་རྗེ་དེ་བཞིན་གཤེགས་པས་མཆོད་པའི་ཁྱད་པར་མང་པོ་དང་ཇོ་བོའི་སྐུ་ལ་མུ་ཏིག་གི་སྣམ་སྦྱར་རིན་ཐང་མེད་པ་གསོལ་བར་མཛད་ཏོ། །

དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕྱིས་ས་སྐྱེ་དཔལ་ལྡན་བླ་མ་དམ་པ་ཁོ་ན་བཀའ་དྲིན་ཆེ་སྟེ་ཞིག་གསོ་དང་ཞབས་ཏོག་མཐའ་ཡས་པར་མཛད་ཏོ། །སྔོན་ཆོས་རྒྱལ་སྲོང་བཙན་ཉིད་ཀྱིས་ཐུགས་དམ་རྣམས་ལ་མདོ་སྐོར་དང་སྒྲུབ་སྐོར་དང་ཞལ་གདམས་ཀྱི་སྐོར་གསུམ་དུ་ཕྱེ་ཞིང་མདོ་སྐོར་གྱི་མདོ་རྒྱུད་ཉེར་གཅིག་པོ་དབོན་སྲས་ལ་དར་དུ་བཅུག་མཛད་པ་ལོ་རྒྱུས་ཀྱི་སྐོར་དུ་མ་དང་སྐྱེས་རབས་ཀྱི་ཚོགས་དང༌། སྒྲུབ་སྐོར་ཆེ་ཕྲ་བཅུ་གསུམ། ཞལ་གདམས་ཀྱི་སྐོར་ལས་བཀའ་ཆོས་ཐོག་ཐ་བར་གསུམ་གྱི་ཤོག་དྲིལ་བསྡོམས་པས་ཞལ་གདམས་ཆེ་ཚོའམ་རྒྱ་ཆེ་བ་གཞན་དོན་དུ་གདམས་པའི་ཆོས་སྐོར་བརྒྱད་བཅུ་རྩ་ལྔ། ཞལ་གདམས་ཆུང་ཚོའམ་ཟབ་པ་རང་དོན་དུ་གདམས་པའི་ཆོས་སྐོར་བདུན་བཅུ་དོན་བཞི་རྣམས་སྤྲུལ་པའི་རྒྱལ་པོས་གསུངས། ཐོན་མིས་ཡི་གེར་བྲིས་དབུ་རྩེ་བྱང་གི་རྟ་མགྲིན་གྱི་ཞབས་འོག་དང་གདུང་ཁོལ་དང་གནོད་སྦྱིན་ཁང་པ་རྣམས་སུ་སྦས། ཕྱིས་སློབ་དཔོན་པདྨས་གཏེར་ཁ་ཕྱེ་སྟེ་ཆོས་རྒྱལ་ཁྲི་སྲོང་ལ་བསྟན་ནས་སླར་རྒྱས་བཏབ། ཕྱིས་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ནས་ཆོས་རྒྱལ་ཁྲི་སྲོང་གི་སྤྲུལ་པ་མྱང་ཉི་མ་འོད་ཟེར་ལ་གནང༌། ཐུགས་རྗེ་ཆེན་པོ་ན་མཁའ་རྒྱལ་པོའི་མངོན་རྟོགས་དང་གབ་པ་མངོན་དུ་ཕྱུང་༼ཇ༡༤༩བ༽ལ་སོགས་ལོགས་སུ་བཀའ་བརྒྱ་བཏབ་པ་ལྔ་པོ་གནོད་སྦྱིན་ན་ག་ཀུ་བེ་རའི་བརླ་གཡས་པའི་དར་ཤམ་འོག་དུ་སྦས་པ་གཏེར་བཏོན་ཤཱཀྱ་བཟང་པོས་ཕྱུང་སྟེ་ལྷ་རྗེ་དགེ་འབུམ་ལ་གནང༌། དེ་རྣམས་ནས་རིམ་པར་ལས་ཅན་མང་པོ་ལ་འཕེལ་ཞིང་རྒྱས་ཏེ་སྨིན་གྲོལ་གྱི་གཞིར་བྱས་སོ། །

དེ་ལྟར་བོད་ཡུལ་སྐྱེ་འགྲོ་སྣོད་ལྡན་རྣམས། །དངོས་དང་བརྒྱུད་ནས་བྱང་ཆུབ་ལ་བཀོད་སྟེ། །འདི་ནས་མ་འོངས་རིང་ཞིག་འདས་པ་ན། །འགྲོ་བའི་རྟག་པར་འཛིན་བློ་ཟློག་པ་དང༌། །རྣམ་དག་རྫོགས་པའི་རིམ་པ་སྟོན་པའི་ཆད། །མཆོག་སྤྲུལ་མྱ་ངན་འདའ་སྟོན་ཇི་བཞིན་དུ། །ར་ས་འཕྲུལ་སྣང་སྤྲུལ་པའི་ཕོ་བྲང་གི །སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་ཡང༌། །རྣམ་འཕྲུལ་ཆོས་དབྱིངས་ཞི་བའི་དབྱིངས་སུ་སྡུད། །དེ་ཚེ་རབ་ཀྱིས་མཁའ་འགྲོས་སྤྱན་དྲངས་ཏེ། །འོག་མིན་སྟུག་པོའི་དབྱིངས་སུ་གཤེགས་པར་མཐོང༌། །ཐུན་མོང་མཐོང་སྣང་འཇའ་འོད་གུར་གྱིས་དཀྲིགས། །ལྷ་ཀླུ་ཀུན་གྱིས་མཆོད་པ་བྱེད་བཞིན་དུ། །ཆུ་བོའི་གཞུང་ལས་རྒྱ་མཚོར་གཤེགས་པར་སྣང༌། །ས་འོག་མུན་པ་མ་ལུས་སེལ་བར་མཛད། །བསམ་ཡས་ཕོ་བྲང་ཆེན་པོའི་སྤྲུལ་པ་ཡང༌། །ཡེ་ཤེས་མེ་ཡིས་བསྲེགས་པའི་ཚུལ་གྱིས་སྡུད། །དེ་བས་གཙུག་ལག་ཁང་ཆེན་འདི་རྣམས་ལ། །མེ་ཆུའི་གནོད་པ་བསྐྱབ་ཕྱིར་སུས་བརྩོན་པ། །དེ་ཡི་བསོད་ནམས་ན་མཁའི་ཁམས་ལས་བརྒལ། །རྡོ་རྗེའི་གདན་མཆོག་འབྱུང་བས་མི་ཤིགས་ཀྱང༌། །བྱིས་པའི་འཇིག་རྟེན་མཐུན་འཇུག་སྤྱོད་སྟོན་པ། །བདག་ཅག་བོད་འབངས་སྡིག་སྦྱོང་དགེ་སྐྱེད་པའི། །ཐབས་ཀྱི་མཛད་པ་ཐུགས་རྗེས་བསྟན་པ་ཉིད། །

དེ་ཡང་ར་ས་འཕྲུལ་སྣང་དང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་གཉིས་ནི་བདེ་བ་ཅན་གྱི་ཞིང་ཁམས་ལྟར་སྤྲུལ་པའི་རྟེན་བརྟེན་པ་དངོས་ཡིན་པས་མཐར་ཡང་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བ་སྟོན་པ་ལྟར་སྤྲུལ་སྐུ་སྡུད་པའི་༼ཇ༡༥༠ན༽སྣང་བ་སྟོན་པ་སྟེ་སློབ་དཔོན་ཆེན་པོ་པདྨས་ལུང་བསྟན་པ་ཁོ་ཐིང་གི་གཏེར་མ་ལས།

སློབ་དཔོན་གྱིས།

གཙུག་ལག་ཁང་རྣམས་བཞེང་བའི་ཚེ། །སེམས་ཅན་བསོད་ནམས་ཡར་ལྡན་ཡིན། །

གཙུག་ལག་ཁང་རྣམས་བསྐོར་བའི་ཚེ། །འགྲོ་བའི་བསོད་ནམས་འབྲིང་པོ་ཡིན། །

གཙུག་ལག་ཁང་རྣམས་འཇིག་པའི་ཚེ། །འགྲོ་བའི་བསོད་ནམས་མར་འགྲིབ་ཡིན། །

ཁྱེད་ཀྱི་གདུང་རབས་གསུམ་པ་ནས། །རྒྱལ་ས་སྟོངས་ཅིང་རྒྱལ་ཁྲིམས་འཇིག །

བོད་འབངས་འཁྲུགས་པས་ལྷ་སྲིན་གཡོ། །ལྷ་སྲིན་གཡོས་པས་འབྱུང་བ་འཁྲུགས། །

ནམ་ཞིག་དུས་ཀྱི་ཐ་མ་ལ། །ལྷ་ས་ཆུ་ཡིས་འཇིག་བྱེད་ཅིང༌། །

བསམ་ཡས་མེ་ཡིས་འཇིག་པར་བྱེད། །ལར་ན་སེམས་ཅན་བསོད་ནམས་ཡིན། །

ཐབས་ཀྱིས་ཅུང་ཟད་སྲིང་ཐབས་ཡོད། །ཅེས་གསུངས་པ་ལ།

རྒྱལ་པོས།

སྤྱིར་ནི་མཆོད་རྟེན་བསམ་ཡས་དང༌། །ལྷ་ས་བོད་ཀྱི་སྲོག་ཤིང་ཡིན། །

འདི་ལ་ཞིག་ཐབས་ག་ལ་ཡོད། །ཀྱེ་ཧུད་བོད་འབངས་སྙིང་རེ་རྗེ། །

ཐོས་པས་ཆོག་པའི་གཙུག་ཁང་ཡིན། །དྲན་པས་ཆོག་པའི་གཙུག་ཁང་ཡིན། །

འདི་ལ་ཞིག་ཐབས་ག་ལ་ཡོད། །ཀྱེ་ཧུད་བོད་འབངས་ཉོན་རེ་མོངས། །

མཁའ་ལ་ཉི་ཟླ་ལྟ་བུ་ཡིན། །འདི་ཞིག་མུན་པ་གང་གིས་སེལ། །

གཤེད་མ་གྲི་ཐོགས་ལྟ་བུའི་དགྲ། །མེ་ཆུ་གཉིས་ལས་སྐྱབ་ཏུ་གསོལ། །

ཞེས་གསོལ་བས་སློབ་དཔོན་གྱིས་བཀའ་བསྩལ་པ། །ཀྭ་ཡེ་ཆོས་རྒྱལ་མ་བཤུམ་ཞིག །

འཁོར་བ་སྒྱུ་མར་མཁྱེན་པར་མཛོད། །རྐྱེན་ངན་ལས་སུ་མཁྱེན་པར་མཛོད། །

སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །རྟག་པ་མ་ཡིན་ཐུགས་ཁྲལ་སྐྱུངས༌། །

ཆད་པ་མ་ཡིན་ཐུགས་མ་མུག །དག་སྣང་ཅན་གྱི་གང་ཟག་ལ། །

རྒྱལ་བ་མྱ་ངན་འདས་པ་མེད། །རྒྱལ་བའི་ཞིང་ཁམས་སྟོངས་པ་མེད། །

སེམས་ཅན་འཁོར་བར་འཁྱམས་པ་མེད། །འཁོར་བ་བདེན་པར་གནས་པ་མེད། །

འབྱུང་བཞི་རྩུབ་འགྱུར་སྣང་བ་མེད། །བསམ་ཡས་ལྷ་ས་འཇིག་མི་མངའ། །

སྒྲིབ་གཡོགས་འཁྲུལ་པའི་༼ཇ༡༥༠བ༽སེམས་ཅན་རྣམས། །བསམ་ཡས་ལྷ་སའི་རྩར་སྐྱེས་ཀྱང༌། །

དེ་ཡི་གཙུག་ཁང་མཐོང་བ་མེད། །འགྲོ་བ་ཚོགས་བསག་སྒྲིབ་སྦྱོང་ཕྱིར། །

མེ་ཆུ་གཉིས་ནི་བརྩོན་འགྲུས་ལྷ། །ཐུགས་རྗེ་ཆེན་པོའི་རང་བཞིན་ཡིན། །

འདི་དག་དགྲ་མིན་ལོག་ལྟ་སྤོངས། །ཆོས་རྒྱལ་ཆེན་པོ་ཐུགས་དགོངས་གློད། །

ཐབས་ཀྱི་རྒྱལ་པོ་ང་ཡིས་བསྟན། །

གསུངས་ནས་ལྕགས་ཀྱུའི་ཕྱག་རྒྱ་མཛད་པས་ཀླུ་རྒྱལ་འཇོག་པོ་བྱུང་སྟེ་རིན་པོ་ཆེ་ཆུ་ཤེལ་ཕུལ་བ་བསམ་ཡས་ཀྱི་སྲོག་ཤིང་དུ་བཅུག་ནས་འདི་དང་མ་བྲལ་གྱི་བར་དུ་གཙུག་ལག་ཁང་མེས་མི་འཚིག་པར་འོང༌། ནམ་ཞིག་འབྱུང་བ་བརྙིགས་ནས་གཙུག་ལག་ཁང་ཉམས་འོང་པས་དེའི་དུས་གསོ་བ་ལ་བརྩོན་འགྲུས་གྱིས་ཤིག་དེའི་ཚེ་འཁོར་ཞིང་ཞབས་ཏོག་བྱེད་པ་དང་མཆོད་ཅིང་བསྐོར་བ་དང་ཐ་ན་སེར་ཀལ་འདམ་ཕྲ་ཙམ་ཞིག་སྦྱར་ནས་གསོ་བ་ཐམས་ཅད་ཀྱང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་བསྟི་བསྟང་བྱས་པ་ཡིན། ཆོས་ཐམས་ཅད་བསྒྲུབས་པ་ཡིན། བདེ་བར་གཤེགས་པ་ཐམས་ཅད་ལ་བཀུར་སྟི་བྱས་པ་ཡིན། གཙུག་ལག་ཁང་སར་དུ་བརྩིགས་པའི་བསོད་ནམས་འཐོབ་པ་ཡིན་ནོ། །དེ་ཚེ་འཕོས་ནས་བདེ་བ་ཅན་དུ་པདྨའི་སྡོང་པོ་ལས་སྐྱེ་བར་འགྱུར་རོ་ཞེས་གསུངས་ཏེ་གཙུག་ལག་ཁང་གསོ་བའི་དཀོར་ནོར་དུ་མ་ཡང་གཏེར་དུ་སྦས་སོ། །

ཡང་བཀའ་བསྩལ་པ། སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི་ཐུགས་རྗེ་ཆེན་པོ་དངོས་ཡིན་མངོན་པར་མཁྱེན་པ་དང་ལྡན་པས་ལྷ་སའི་གཙུག་ལག་ཁང་འདི་གཙང་པོའི་འགྲམ་དུ་བཞེངས་པ་ཡིན་ནོ། །གཙང་པོ་འདི་གཙུག་ལག་ཁང་གི་རྩར་འོང་པ་ཡིན་ཕྱི་མའི་དུས་ཀྱི་མི་རྣམས་དེའི་ཆེད་ཏུ་ཆུ་རགས་བྱེད་ཏོ། །དེས་ནི་འགྲོ་བ་རྣམས་ཀྱི་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་བྱང་ཆུབ་ཀྱི་ས་བོན་འདེབས་ཏེ་དེའི་ཆེད་ཏུ་ཐུགས་རྗེ་ཆེན་པོའི་སྤྲུལ་པས་གཙང་པོ་འདི་སླར་ཉེ་བར་སྟོན་ཏོ། །དེའི་ཚེ་འགྲོ་བ་གང་ཆུ་ལ་རགས་བྱེད་ཅིང་གཙུག་ལག་ཁང་སྐྱོབ་པའི་ཕྱིར་ལུས་འཁོལ་བ་རྣམས་ནི་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །ངག་གིས་ཁ་བཀོད་བྱེད་པ་རྣམས་ནི་གསུང་ལོངས་སྐུ་ཐོབ་པར་འགྱུར་རོ། །ཡིད་ཀྱིས་སེམས་ཁྲལ་བྱེད་ཅིང་གཙུག་ལག་ཁང་སྐྱོབ་པར་སེམས་པ་རྣམས་ནི་ཐུགས་ཆོས་སྐུ་ཐོབ་པར་༼ཇ༡༥༡ན༽འགྱུར་རོ། །དེའི་ཚེ་ལུས་ངག་ཡིད་གསུམ་གས་འབད་སྟེ་ཆུ་རགས་དང་བསྐོར་མཆོད་དང་ཡི་རང་སྐྱེས་པ་དེ་ཐམས་ཅད་སྒོ་གསུམ་གྱི་སྒྲིབ་པ་བྱང༌། ཐེག་པ་ཆེན་པོ་འཐོབ་པ་ལ་ཐེ་ཚོམ་མེད་ཏོ་ཞེས་གསུངས་ཏེ་ཕན་ཡོན་འདི་རྣམས་ནི་ཆོས་རྒྱལ་ཉིད་ཀྱིས་བཀའ་ཆེམས་ལས་བྱུང་བ་དང་ཡང་ཐ་དད་མི་སྣང་ངོ༌། །ཡང་བཀའ་བསྩལ་པ། ལྷ་སའི་གཙུག་ལག་ཁང་འདི་ཡང༌། །ཕྱི་ལྟར་འགྲོ་བ་དང་བ་འདྲེན། །ནང་ལྟར་ཐ་མལ་ཞེན་པ་ལྡོག །གསང་བ་རང་སྣང་རིག་པའི་རྩལ། །གཙུག་ཁང་འཇིག་རྐྱེན་གཙང་ཆབ་འདི། །ཕྱི་ལྟར་རྟེན་གསུམ་གདན་འདྲེན་ཀླུ། །ནང་ལྟར་འགྲོ་བའི་སྒྲིབ་སྦྱོང་ཆུ། །གསང་བ་རང་བྱུང་རྣམ་དག་ཁྲུས། །གཙུག་ཁང་སྐུ་སྐྱོབ་མཆོད་མེ་ཡང༌། །ཕྱི་ལྟར་ལམ་ལ་བརྩོན་འགྲུས་ཅན། །ནང་ལྟར་འཕགས་པའི་སྤྲུལ་པ་དངོས། །གསང་བ་བྱང་ཆུབ་ཐོབ་པའོ། །ཨེ་མ་ཧོ། མ་འོངས་དུས་ཀྱི་འགྲོ་བ་ཀུན། །སྐལ་ལྡན་གསན་འཚལ་ཐབས་མཆོག་བཤད། །ལྔ་བརྒྱའི་ཐ་མར་ཤཱཀ་ཐུབ་སྐུ། །མ་དྲོས་ཀླུ་དབང་གདན་འདྲེན་ཚེ། །གཙང་ཆབ་ས་རྒྱ་གཅོད་ཚུལ་ནི། །གཙང་ཆབ་གཡས་ལག་རྐྱོང་བའི་ཚེ། །འུར་ཐོག་སྟེང་དུ་རྡོ་བཞག་འདྲ། །ཀླུ་རྒྱལ་དུང་མགྲིན་ཞུ་འབུལ་དུས། །དེ་དུས་བསྙེན་རགས་བྱེད་པ་ཀུན། །འཁོར་བ་ངན་སོང་བདུད་རིས་ཀྱི། །གཡུལ་ངོ་བཟློག་པར་སྨོས་ཅི་དགོས། །གཙང་པོའི་གཡས་ལག་རགས་ཀྱིས་བཅད། །རགས་ཁར་མཆོད་རྟེན་སྒོ་མང་རྩིགས། །དེས་ནི་ཀླུ་རྒྱལ་དུང་མགྲིན་ཟློག །གཙང་ཆབ་ཕྱེད་ཏུ་གྱེས་པའི་ཚེ། །པགས་རློན་སྟེང་དུ་བྲེ་བཞག་འདྲ། །ཀླུ་རྒྱལ་གླང་སྣའི་གསུ་བ་ཡིན། །དེ་དུས་གཙུག་ཁང་རགས་བྱེད་ཀུན། །རྣམ་སྨིན་ལས་སྦྱངས་བདེ་ཆེན་ཐོབ། །ཆུ་རགས་གོང་སྐོར་ལྟ་བུར་རྩིག །སྟོབས་ལྡན་ཀག་ནི་ཟུར་གསུམ་པ། །རགས་ཁར་བརྩིགས་ན་གླང་སྣ་ཟློག །གཙང་ཆབ་སྐོར་བ་༼ཇ༡༥༡བ༽བྱེད་པའི་ཚེ། །རང་ཐག་ཕུབ་སྟེང་བཞག་པ་འདྲ། །ཀླུ་རྒྱལ་མ་དྲོས་གདན་འདྲེན་ཡིན། །དེ་ཚེ་མི་ཡི་གང་ཟག་གིས། །གཙུག་ཁང་མཆོད་སྐོར་རགས་བྱེད་ཀུན། །སྨོན་ལམ་ཅི་དང་ཅི་བཏབ་འགྲུབ། །ཆུ་རགས་གཙུག་ཁང་གྲུ་བཞིར་བསྐོར། །ཟུར་བཞི་ཀུན་དུ་མཐོ་རེ་རྩིགས། །ཁྲོ་བོ་གཤིན་རྗེའི་གཤེད་པོ་དང༌། །རྟ་མགྲིན་དང་ནི་བདུད་རྩི་འཁྱིལ། །སྟོབས་པོ་ཆེ་བཞིར་མངའ་གསོལ་བྱ། །དེ་ལྟར་བགྱིས་ན་ཅུང་ཟད་ཕན། །ཀླུ་རྒྱལ་གསུ་བ་བྱུང་བའི་ཚེ། །ཀོ་བ་མཚོ་ལ་བྱེད་འདྲའི་དུས། །རྒྱང་ནས་མཆོད་ཅིང་གསོལ་བ་གདབ། །སྨོན་ལམ་རྒྱ་ཆེན་དཔག་མེད་ཐོབ། །དེ་ཚེ་འདུས་ཚོགས་འགྲོ་བ་ཀུན། །ཐུགས་རྗེ་ཆེན་པོ་དངོས་ཡིན་ནོ། །དེ་སོགས་དག་དང་མ་དག་གི །མཐོང་སྣང་རབ་ཐ་འདི་ལྟར་འབྱུང༌། །དག་སྣང་ཅན་ལ་གཙུག་ལག་ཁང༌། །འོག་མིན་གནས་སུ་གཤེགས་མཐོང་སྲིད། །ཐ་མའི་སྣང་བར་གཙུག་ལག་ཁང༌། །སྦྲུལ་གྱིས་དཀྲིས་ནས་ཆབ་ལ་ནི། །འཇའ་འོད་གུར་བཅས་གཤེགས་མཐོང་འགྱུར། །ལར་ན་མཐོང་ཐོས་རེག་པ་ཀུན། །ཐར་པ་འཐོབ་པའི་གནས་ཡིན་ནོ། །ཞེས་གསུངས་ནས་རྫུ་འཕྲུལ་གྱིས་རྒྱལ་པོ་ཁྲིད་སྟེ་ལྷ་སའི་གཏེར་རྣམས་དངོས་སུ་བསྟན། གབ་པ་མངོན་ཕྱུང་སོགས་ཁ་ཅིག་ཐུགས་དམ་གྱི་རྟེན་དུ་བཤུས་ནས་ཕྱིས་བསམ་ཡས་སུ་རྣམ་སྣང་གི་ཕྱག་དུ་ཕུལ་ཞེས་བྱུང་ལ་འདི་དང་ཆོས་རྒྱལ་ཉིད་ཀྱིས་ལུང་བསྟན་པ་མཐུན་པ་སྟེ། གཙང་ཆབ་གཡས་ལག་བརྐྱང་པ་ལྷ་ས་གཉིས་ཀྱི་བར་ཆུ་རྒྱས་པ་ནི་སྐམ་ས་ཉ་འདྲ་བའམ་འུར་ཐོག་གི་མཐིལ་འདྲ་བ་ནར་མོར་གནས་པ་སྟེ་ཀླུ་དུང་མགྲིན་གྱི་སྤྱན་འདྲེན་ཡིན་ལ་དེའི་ཚེ་ཉ་འདྲའི་དུས་སུ་གཞོག་ལྟར་སྦྲོན་ཞེས་གཡས་ལག་རགས་ཀྱིས་བཅད་ནས་རགས་ཁར་མཆོད་རྟེན་བཀྲ་ཤིས་སྒོ་མང་བརྩིག་གོ །

གཙང་པོ་ཕྱེད་ཏུ་གྱེས་ནས་སྐམ་ས་ཐུར་གསུམ་དུ་གནས་པ་ནི་འཇོང་འདྲའི་དུས་ཏེ་ཆུ་རགས་ཞྭ་ལྟར་བཀོན་ཞེས་གཉའ་ནས་ཟུར་གསུམ་དུ་བསྐོར་ཏེ་གཙུག་དུ་ཀག་ནི་ཟུར་གསུམ་དུ་བརྩིགས་པས་ཀླུའི་རྒྱལ་པོ་༼ཇ༡༥༢ན༽གླང་སྣའི་སྤྱན་འདྲེན་བཟློག་གོ །དེ་ནས་སྐམ་ས་གྲུ་བཞི་ཁོལ་བུར་སོང་ཞིང་ཆུ་བསྐོར་འཁོད་པ་ནི་ཀླུའི་རྒྱལ་པོ་མ་དྲོས་པ་ཉིད་སྤྱན་འདྲེན་དུ་འོངས་པ་སྟེ་དེའི་ཚེ་ཆུ་རགས་གདན་ལྟར་འདིངས་པ་ཞེས་ལྕགས་རི་ལྟ་བུ་གྲུ་བཞིར་བྱས་ཏེ་ཟུར་བཞིར་མཐོའམ་མཆོད་རྟེན་རེ་བརྩིགས་པ་ཁྲོ་བོ་བཞིར་བསྐྱེད་ཅིང་མངའ་གསོལ་ན་ཅུང་ཟད་ཕན་ལ་དེ་ནས་སྐམ་ས་གྲུ་བཞིའི་ཟུར་ཉམས་ཏེ་སྒོར་མོ་རྔ་འདྲ་བར་གྱུར་པ་ནི་པིར་འདྲའི་དུས་ཏེ་དེའི་ཚེ་མཆོད་པ་བཟང་པོ་བཤམས་ནས་གསོལ་བ་དྲག་དུ་བཏབ་ན་ཅུང་ཟད་བཞུགས་པ་སྲིད་ཏོ། །སྤྱིར་འདི་རྣམས་ལ་སོ་སོའི་བྱེད་པ་སྨོན་ལམ་གྱི་མཐུ་ཅན་རེ་ཡོང་བར་གསུངས་སོ། །

དེ་ནས་ཀོ་བ་མཚོ་ལ་བྱིང་འདྲ་ནི་གཤེགས་པ་ཉིད་ཀྱི་དུས་ཏེ་སྣང་བ་ཐ་དད་པ་དུ་མ་འབྱུང་ཞིང་མི་རྣམས་རི་ལོགས་ནས་བལྟས་ཏེ་སྨོན་ལམ་འདེབས་སྐད་ཏོ། །ར་ས་བསམ་ཡས་སོགས་གཙུག་ལག་ཁང་ཕལ་ཆེར་ཉམས་པའི་འོག་དུ་ཁྲ་འབྲུག་གི་རིན་པོ་ཆེའི་གཏེར་ཁང་ཁ་འབྱེ་ཞིང་སྲོང་བཙན་བང་སོའི་སྒོ་བྱེ་ནས་ནང་གི་ལྷ་ཁང་ལྔ་པོ་རྣམས་དང་བཅས་པ་ལ་བསྐོར་མཆོད་བྱེད་ཅིང་རང་བྱུང་གི་རྟེན་ཁ་ཅིག་ཀྱང་སར་དུ་འོང་ཞེས་གཏམ་རྒྱུད་པ་ལས་ཐོས་སོ། །

དེ་སླད་ཕྱིན་ཆད་དད་ལྡན་སྐྱེ་བོ་རྣམས། །བསྟན་པའི་སྲོག་རྩ་ལྷ་ས་བསམ་ཡས་སོགས། །ཉམས་པ་གསོ་ཞིང་མ་ཉམས་སྤེལ་བ་དང༌། །རྒྱལ་བློན་སྤྲུལ་སྐུ་རྣམས་ཀྱི་ཐུགས་དམ་རྟེན། །ལྷ་ཁང་ཀུན་ལ་མཆོད་ཅིང་དད་པར་གྱིས། །ཕྱག་དང་སྐོར་བ་མཎྜལ་བྱས་པ་དང༌། །མེ་ཏོག་སྦོས་དང་མར་མེ་ཕུལ་སོགས་ཀྱི། །ཕན་ཡོན་བསམ་མི་ཁྱབ་པར་མདོ་ལས་བཤད། །ལུས་ངག་ཡིད་གསུམ་དགེ་བར་མ་བཀོལ་ན། །མི་ལུས་ཐོབ་ཀྱང་མུན་བསྐལ་སྐྱེས་དང་མཚུངས། །དཀོན་མཆོག་མཆོད་དང་སྦྱིན་ལ་མི་འབད་ན། ལོངས་སྤྱོད་འབྱོར་ཡང་མཛོད་སྲུང་ཁྱི་དང་མཚུངས། །དཀར་ནག་ལས་འབྲས་བདེན་པར་མི་༼ཇ༡༥༢བ༽ཤེས་ན། །འཕྲལ་དུ་བསྒྲིན་པར་སྣང་ཡང་སྤྲེའུ་བཞིན། །དགོས་པའི་དམ་ཆོས་རྒྱུད་ལ་མ་འཁེལ་ན། །མི་ལུས་ཐོབ་ཀྱང་དོན་མེད་སྟོང་ལོག་ཡིན། །སྒྱུ་མའི་ལོངས་སྤྱོད་སྐྱེ་འགྲོའི་སྤྱི་རྫས་ལས། །ནམ་ཞག་གཏན་རྒྱགས་སུས་ཐོབ་བྱེད་དུས་ཡིན། །སྙིང་པོ་མེད་པ་མི་གཙང་ཆུ་བུར་འདྲའི། །ལུས་ལ་སྙིང་པོ་ལེན་སྐབས་ད་ལྟ་ཙམ། །ཚེ་འདིའི་སྣང་བ་རྨི་ལམ་ཙམ་འདིས་སླུ། །གཏན་གྱི་འདུན་མ་དམ་པའི་ཆོས་ལ་དྲིལ། །ཐར་པ་དགེ་བའི་བཤེས་ལ་རག་ལས་ཀྱི། །ཚད་ལྡན་ཡོངས་འཛིན་འཚོལ་ལ་སྲོག་བཞིན་བསྟེན། །ཚིག་གི་ལོ་མ་མང་པོས་དགོས་དུས་སླུ། །གདམས་ངག་སྙིང་པོ་སེམས་ཀྱི་གནད་ཏུ་དྲིལ། །སང་བྱ་གནངས་བྱའི་ངང་ལ་འཆི་བས་སླེབ། །ད་ལྟ་ནམ་དྲན་དེ་ཀར་ཉམས་ལེན་འབུངས། །ཅི་བྱེད་དགེ་ལ་རང་འདོད་མི་འཁྲིས་པ། །མཁའ་ཁྱབ་ཕ་མའི་གཏན་དོན་ཁོ་ནར་གྱིས། །བདག་གཞན་འཁོར་འདས་ལ་སོགས་སྒྲོ་བཏགས་ཏེ། །ཤེས་རབ་དྲི་མེད་མདུན་ན་དེ་མི་གནས། །དེ་ལྟར་མ་ཤེས་རྨི་ལམ་ལྟར་འཁྲུལ་བའི། །མར་གྱུར་འགྲོ་འདི་སྙིང་བརྩེ་ལས་བརྩིའི་ཡུལ། །དེ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། །མ་རྟོགས་འགྲོ་ལ་སྙིང་རྗེ་ཚད་མེད་ཐབས། །མི་ཕྱེད་རོ་མཉམ་ཟུང་དུ་ཆུད་པ་ཡིས། །རྫོགས་སྨིན་སྦྱང་ཕྱིར་ཕར་ཕྱིན་བཅུ་ལ་འབད། །ཆོས་ཀུན་གཟོད་ནས་རྣམ་པ་ཐམས་ཅད་དུ། །རྫོགས་བྱང་ཆུབ་པར་ཡང་དག་མཐོང་ནས་ནི། །སྲིད་ཞི་བདག་གཞན་ལ་སོགས་མི་དམིགས་བཞིན། །གང་འདུལ་འཕྲིན་ལས་མཁའ་མཉམ་རྒྱུན་མི་འཆད། །མཚན་ཙམ་གྱིས་ཀྱང་སྡུག་བསྔལ་ཀུན་སེལ་ཞིང༌། །རྒྱལ་བ་ཀུན་ལས་ལྷག་པའི་འཕྲིན་ལས་ཅན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དེའི། །བཀའ་དྲིན་དྲན་ཆེད་གོ་འཕང་༼ཇ༡༥༣ན༽འཐོབ་པར་གྱིས། །དེས་ན་གཙུག་ལག་ཁང་ཡུན་དུ་གནས་པའི་ཕྱིར་བློ་གྲོས་ཅན་རྣམས་ཀྱིས་འབད་པར་བྱ་ཞིང༌། ནང་གི་ལྷ་དང་ཕྱིའི་རགས་གསོ་བ་ལ་འབད་པར་བྱ་ལ་ཁྱད་པར་ལྷ་སའི་སྲོག་ཤིང་ཡེར་པ་ཡིན་པས་དེར་རྟེན་འབྲེལ་སྒྲིག་པ་གལ་ཆེ་སྟེ་ཡེར་པའི་དཀར་ཆག་སྔ་མ་ལས། སྤྲུལ་པའི་རྒྱལ་པོའི་ཞལ་ནས། ངའི་སྒྲུབ་གནས་དང་རྟེན་མཆོད་ཀྱི་ཕྱོགས་སུ་འབུངས་པ་ནི་རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་རིམ་གྲོ་དང་བསྙེན་བཀུར་བྱས་པའོ། །སྟོང་གསུམ་མི་འབྱེད་ཀྱི་ཞིང་ཐམས་ཅད་ཁྱབ་པའི་མཆོད་རྟེན་བཞེངས་པ་བས་ཡེར་པའི་སཱ་ཚ་ཞིག་བྱས་པའམ་ཞིག་པ་བསོས་པ་སྟོབས་ཆེའོ། །སྟོང་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་འབུམ་ཕུལ་བ་བས་ཡེར་པར་མཆོད་པ་ཚར་གཅིག་བྱས་པ་སྟོབས་ཆེའོ། །གཞན་དུ་ལོ་བརྒྱ་བསྒོམས་པ་བས་ཡེར་པར་ཞག་གཅིག་བསྒོམས་པ་སྟོབས་ཆེའོ། །ལྷ་ས་བོད་ཀྱི་སྲོག་ཤིང་ཡིན། །ལྷ་སའི་སྲོག་ཤིང་ཡེར་པ་ཡིན། །ཡེར་པའི་མཆོད་རྟེན་མ་ཞིག་ན། །ལྷ་སར་བསྟན་པ་རྒྱུན་དུ་གནས། །ས་གཡོས་བྱི་བ་མེ་ཆུ་དང༌། །རླུང་གིས་ལྷ་སར་མི་གནོད་ཏོ། །ཡེར་པ་མི་ཞིག་ན་ལྷ་ས་གསོ་མཁན་རེ་ཡང་རྒྱུན་ཏུ་འོང༌། གསོ་མཁན་དེ་ཡང་རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱས་པ་ཡིན་ནོ། །ཡེར་པ་མ་ཞིག་གི་བར་དུ་ལྷ་སའི་འདུན་མ་ཞིག་དོགས་མེད་ཏོ། །ལྷ་སར་གསོ་མཁན་དང་དཀོན་གཉེར་ཚེ་རིང་བར་འདོད་ན་ཡེར་པའི་རྟེན་དང་ཐིགས་ཚགས་དང་ཞལ་བ་གསོས་ཤིག་ཐིགས་ས་དང་ཞལ་བའི་གསེབ་ཏུ་སྤོས་དཀར་གཏོང་བ་གཅེས་སོ། །འདི་ཕྱིན་ལྷ་ས་དང་ཡེར་པ་ཞེས་སོ་སོར་སྦྱར་ཏེ་འདུན་མ་ཞིག་ན་ནས་ཕྱེས་སེར་ག་གསུབ་ཅིང་ཀ་བ་ཡོ་བ་སྲོང༌། ས་གཡོས་བྱུང་ན་མཎྜལ་ལ་རིན་པོ་ཆེས་ཆག་ཆག་གདབ། མེའི་གནོད་པ་བྱུང་ན་ཝ་ཆུ་གསོ་ཞིང་སེར་ག་དར་མཐིང་ནག་གིས་འཁྱིག་རླུང་གི་གནོད་པ་བྱུང་ན་སྒོ་གསོ་ཞིང་སྒོའི་སེར་ག་བ་དམར་མོའི་རྣམ་ལྔས་བསུབ། མིའི་ནད་བྱུང་ན་དམ་རྫས་བདུད་རྩི་ལྔས་དཀྱིལ་༼ཇ༡༥༣བ༽འཁོར་གསོ། ཕྱུགས་ནད་བྱུང་ན་བྲག་ལྷར་ཁྲུས་དང་ཆག་ཆག་འདེབས། མཐའ་དམག་དང་མཚོན་གྱིས་འཇིགས་ན་རྟེན་མཆོད་གསོ་ཞིང་དར་ལྕགས་ཁའི་ཅོད་པན་དང་མདའ་དར་འཛུགས། གཏིང་རྡོལ་དང་ཆུས་ཉེན་ན་མཆོད་ཁང་དང་སྤོས་ཁང་མེ་ཁང་གསོ། ཇོ་བོ་ལ་རྒྱལ་པོའི་གདན་འདྲེན་བྱུང་ན་ལྷ་དང་མཆོད་རྟེན་གྱི་གདན་ཁྲི་གསོ། རྒྱལ་པོའི་ཆད་པ་བྱུང་ན་རོལ་ཆ་དང་དྲིལ་བུ་དང་རྔ་གསོ། །འཁྲུག་པ་བྱུང་ན་གཡག་ཤིང་གསོ་ཞིང་སྤྱིན་དང་ཐང་ཆུས་སྦྱོར། མི་སྨྱོན་དང་ཁྱི་སྨྱོན་བྱུང་ན་ཤིང་སྟག་པ་དང་ཤུག་པས་ཐོག་གསོ། མུ་གེ་བྱུང་ན་གཡོས་ཁང་གསོ་ཞིང་འབྲུ་སྣའི་ཕྱིའི་ཞལ་བ་བྱ། ཇག་པ་དང་ཆོམ་རྐུན་དང་མི་རྒོད་ཀྱི་གནོད་པ་བྱུང་ན་གྱང་རིས་ཀྱི་དབུ་དང་ཕྱག་གསོ། ལོ་ཐོག་དུས་སུ་མ་སྨིན་ན་ཆུ་མིག་གསོ་ཞིང་དཀར་གསུམ་དང་མངར་གསུམ་གྱི་གཏོར་མ་བཏང༌། འབྲུ་ཉུང་ན་ཁྲི་དང་གཏོར་སྣོད་གསོ་ཞིང་འབྲུའི་གཏོར་མ་བཏང༌། ཆར་མ་བབ་ན་ཀླུ་ཁང་གསོ་ཞིང་ཀླུ་གཏོར་གཏོང༌། ཚེ་ཐུང་ན་མཆོད་རྟེན་གྱི་སྲོག་ཤིང་ཤུག་པའི་སྡོང་པོ་ལ་རིན་པོ་ཆེ་ལྔ་སྨན་འབྲུ་ཙནྡན་ཨ་ག་རུ་སོགས་དང་དར་སྣ་དང་ཚོན་སྐུད་ཀྱིས་དཀྲིས་པས་གསོ། ནོར་མ་འཕེལ་ན་ནོར་ཁང་གི་སྒྲོམ་གསོ་ཞིང་སེར་ག་རིན་པོ་ཆེས་བསུབ་པ་དང་ཚོགས་འཁོར་གཏོང༌། བསྲིས་མ་རྨེ་ན་ཐབ་ཁུང་གསོ་ཞིང་རིན་པོ་ཆེ་དང་ཟས་སྣ་ཚོགས་ཀྱི་སྦྱིན་སྲེག་བྱ། གོས་སྟན་གྱིས་ཕོངས་ན་སྐུ་དཀར་དང་རྒྱབ་ཡོལ་གསོ་ཞིང་དར་སྣ་དང་རས་སྣམ་གྱིས་ཞལ་བ་བྱ། སྦྲང་བུ་ཆག་རས་ཉེན་ན་སྒོའི་གཟེར་དང་སྒོ་ལྕགས་དམ་ལ་འགྲིག་པར་གསོ། སྡོམ་སྡིགས་སྦལ་སྤྲུལ་གྱིས་ཉེན་ན་ཐེམ་པ་གས་ཆག་མེད་པར་གསོ། ཤིག་སྲོ་དང་མུག་མས་ཉེན་ན་གསུང་རབ་ཀྱི་སྐུ་རགས་སར་པར་གསོ། མིག་རིམས་ཀྱིས་ཉེན་ན་ལོགས་དཀར་དང་སྐར་ཁུང་གསོ་ཞིང་དཀར་རྩི་སྐྱ་ཧ་རེ་བ་བྱ། ཀླུ་དང་ས་བདག་གིས་ཉེན་ན་ཅོང་གསོ་ཞིང་དྲེག་པ་དང་གཙའ་མེད་པར་བྱ། ཕོ་གདོན་མོ་གདོན་གྱི་ཉེན་ན་ལམ་འཕྲང་མཁྲང་ལ་བརྟན་པར་གསོ། བྱིས་པའི་གདོན་བྱུང་༼ཇ༡༥༤ན༽ན་སྐས་ཀ་གྲུམ་མཐུད་མེད་པར་གསོ། འདུལ་ཁྲིམས་ཞིག་ན་དགེ་སློང་གཙང་མ་ངོ་ལྐོག་མེད་པའི་བཞི་སྡེ་གཟུགས། ཉན་བཤད་ཆད་ན་མཁས་བཙུན་དམ་ཚིག་གཙང་མའི་ཆོས་གྲ་གཟུགས། མི་རྣམས་ངང་རྒྱུད་རྩུབ་ན་མ་ཡེངས་སེམས་ལ་ལྟ་བའི་སྒོམ་གྲ་གཟུགས། བཀྲ་མི་ཤིས་ན་སྔགས་པ་དམ་ཚིག་གཙང་མའི་སྒྲུབ་པ་གཟུགས། ཞིག་གསོ་མཁན་གྱིས་ཉེན་ན་སྙིང་རུས་ཆེ་ཞིང་ངང་རྒྱུད་རིང་བས་ཞིག་གསོ་བྱ། ལྷ་སར་དཀོན་གཉེར་གྱིས་ཕོངས་ན་ཡེར་པར་གསུང་རབ་སྒྲོག་དེ་ཡང་གསལ་ལ་དག་པ་གཅེས། ལར་ན་ལྷ་སའི་གང་འདོད་ཀུན་ཡེར་པ་གསོས་པ་ལས་འབྱུང་ངོ༌། །འོན་ཀྱང་ལྷ་ཇོ་བོ་རྣམ་གཉིས་གྱི་ཐུགས་རྗེས་བསྐུལ་ནས་ཡེར་པ་གསོ་བ་ཡང་མང་དག་ཡོད། དེ་ཡང་རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱེད་པ་ཡིན་ནོ། །ཞེས་སོགས་རྒྱལ་པོས་གསུངས་ནས་ཇོ་མོ་ཀོང་ཇོས་དཀར་ཆག་དུ་བཏབ་བོ་ཞེས་བྱུང་ངོ༌། །དེ་ལ་སོགས་པ་མཐའ་འདུལ་རུ་གནོན་སོགས་ཐམས་ཅད་ཀྱི་ཉམས་པ་གསོ་བ་གལ་ཆེ་ཞིང༌། དེ་ཐམས་ཅད་ལ་ཡང་མ་ཉམས་པ་མི་གཞིག་ཕན་ཚུན་མི་སྦོ། ཞིག་གསོའི་རྒྱུ་དང་ཆོས་གཏེར་འདོན་དགོས་ངེས་མ་གཏོགས་སྤྱིར་གཏེར་དང་ཁྱད་པར་ནོར་གཏེར་མི་དབྱུང༌། བགེགས་དང་དམ་སྲི་མནན་པ་མི་གདོན། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ། མཆོད་པ་དང་ཚོགས་གསོག་བྱས་ནས་མ་བཀག་པར་ཤེས་ན་བྱ་བ་ཡིན་ཞིང༌། བསྟན་པ་དང་སེམས་ཅན་གྱི་སྤྱི་དོན་མ་གཏོགས་རང་གི་གྲགས་འདོད་དང་ས་འཛིན་པའི་ཆེད་སོགས་ཚེ་འདིའི་རང་འདོད་མ་ཞུགས་པ་ཁོ་ན་གལ་ཆེའོ། །

དེ་ལྟར་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །ཐུན་མོང་མིན་པར་གདུལ་བའི་ཁུར་བསྣམས་ནས། །གང་ལ་གང་གིས་གདུལ་བའི་སྐུར་བསྟན་པ། །ཆོས་རྒྱལ་ལོ་པཎ་རིམ་པར་བྱོན་རྣམས་ཀྱི། །༼ཇ༡༥༤བ༽བཀའ་དྲིན་ཡང་ཡང་དྲན་པས་མ་བཟོད་སྟེ། །དད་པའི་གདུང་ཤུགས་ཟློག་པར་མ་ནུས་པའི། །རྐྱེན་གྱིས་བདག་རྒྱུད་རིང་མོ་ཞིག་ནས་བསྐུལ། །རྩོམ་པའི་འདུན་པ་ཡང་ཡང་འཕེལ་ན་ཡང༌། །ཀྱེ་མ་གཏམ་རྒྱུད་སྦུན་པས་ཅི་ཞིག་བྱ། །སྙིང་པོའི་དམ་ཆོས་རྒྱུད་ལ་སྒྲུབས་ཤིག་ཅེས། །རང་གིས་རང་ལ་གདམས་ནས་གནས་པའི་ཚེ། །ཚོགས་གཉིས་གཟི་འབར་བློ་གྲོས་ཡངས་པ་ཡི། །སྐལ་བཟང་དུ་མས་ལན་འགར་བསྐུལ་བ་ལས། །སངས་རྒྱས་བསྟན་པའི་ཆེ་བ་བརྗོད་པ་དང༌། །དམ་པའི་བཀའ་དྲིན་མི་བརྗེད་དྲན་ཕྱིར་དང༌། རྒྱལ་པོ་རྣམས་ལ་གདམས་པར་བྱ་བའི་ཆེད། །ལེགས་བཤད་ཀུན་ལས་བཏུས་པ་འདི་བརྩམས་སོ། །འདི་ནི་འཇིག་རྟེན་སྣང་བྱེད་ཉི་མ་སྟེ། །ཡང་དག་ལམ་རབ་སྟོན་པའི་སྣང་བ་ཡིན། །མཁས་རྣམས་དགའ་བྱེད་ལེགས་པར་བཤད་པའི་སྐྱེས། །ཡིད་ཀྱི་འདོད་པ་འཇོ་བའི་བུམ་བཟང་ཡིན། །གསེར་གྱི་རི་ལས་དུམ་བུ་བླངས་པ་ལྟར། །ཆ་ཤས་རེས་ཀྱང་ཡིད་ཀྱི་མུན་སེལ་ན། །རྫོགས་པར་ཁོང་དུ་ཆུད་ན་ལྟ་ཅི་སྨོས། །དེ་བས་འདི་ལྟའི་ལེགས་བཤད་རྙེད་པར་དཀའ། །འདི་ནི་རྙེད་དང་གྲགས་པའི་ཕྱིར་མ་ཡིན། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་གྱིས་མ་བཅིངས། །ཡིད་འཆེས་ལུང་རྣམས་དཔང་པོར་བྱས་ནས་ནི། །སྐྱེ་བོ་ཀུན་གྱིས་གོ་བར་སླ་ཕྱིར་བཤད། །འདིའི་ཁུངས་ནི་ཆོས་རྒྱལ་སྲོང་བཙན་གྱི་བཀའ་ཆེམས་སྤྱི་དང་མྱ་ངན་འདས་ཆུང༌། གབ་པ་མངོན་ཕྱུང༌། ཇོ་བོའི་གཏེར་མ་ཀ་བཀོལ་མ། བསམ་ཡས་ཀྱི་དཀར་ཆག་ཆེན་མོའམ་རྒྱལ་རབས་དབའ་བཞེད་ཆེ་འབྲིང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོའམ་ལོག་ནོན་ཆེན་མོར་གྲགས་པ། ༼ཇ༡༥༥ན༽ལྡེ་སྟོན་གྱི་ཆོས་བྱུང༌། ཀུན་མཁྱེན་བུའི་ཆོས་བྱུང༌། ཡར་ལུངས་ཇོ་བོའི་རྒྱལ་རབས་དང་ཚལ་པའི་དེབ་དམར་དང་པོ་སོགས་དཔང་དུ་བྱས་ཏེ་ཕྱིས་ཡིག་ཆ་རེ་རེའང་རྙེད་དཀའ་བར་མཐོང་ནས་ཡིག་ཚོགས་ལ་མ་བསམས་པར་རང་སྐབས་ཀྱི་ལུང་དེ་ཚང་བར་བྲིས་པ་ཡིན་ནོ། །འདིར་འབད་དགེ་བ་མཁའ་ལྟར་ཡངས་པ་དེས། །རྙིགས་དུས་འགྲོ་བའི་ཡིད་མུན་ཀུན་བསལ་ནས། །ཐམས་ཅད་དམ་པའི་ལམ་ལ་རབ་གནས་པས། །སྤྱན་རས་གཟིགས་དབང་དགོངས་པ་ཡོངས་རྫོགས་ཤོག །དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་ལེགས་པར་བཤད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་བོད་ཡུལ་གྱི་སྐབས་ལས་ཆོས་རྒྱལ་རིམ་པར་བྱོན་པ་དང་ར་ས་བསམ་ཡས་ལས་འཕྲོས་པ་བསྟན་པ་སྔ་དར་གྱི་ཚུལ་རྒྱས་པར་བཤད་པའི་སྐབས་སྟེ་གཉིས་པའོ། །

ཨོཾ་སྭ་སྟི། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །ཇི་ལྟར་བྱོན་པའི་ལོ་རྒྱུས་ཆོས་ཀྱི་མཛོད། །དཔལ་ལྡན་གཙུག་ལག་ཕྲེང་བའི་གསུང་གི་རྒྱུན། །ཆོས་བྱུང་མཁས་པའི་དགའ་སྟོན་ཞེས་བྱ་བའི། །འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྤྱིར་བསྟན་ནས། །བོད་ཡུལ་ཆོས་རྒྱལ་རྣམས་ཀྱི་མཛད་པའི་བར། །ཆོས་སྦྱིན་མི་ཟད་སྤེལ་བའི་ཆུ་རྒྱུན་འདི། །བསྟན་པའི་སྦྱིན་བདག་ལྷོ་སྟོད་ཡར་ཕྱིན་ནས། །ཆོས་ཀྱི་རྒྱལ་པོ་ཁུ་དབོན་ཡབ་སྲས་ཀྱིས། །ཐུགས་བསམ་རྣམ་པར་དག་པས་སྒྲུབ་པར་མཛད། །རྐོས་ལ་མཁས་པ་རྒང་རྒྱུད་སྤྲུལ་སྐུ་བ། །ཚེ་དབང་དར་པོ་ལ་སོགས་རྣམས་ཀྱིས་བསྒྲུབས། །ཞུས་དག་བྱེད་པོ་བྱམས་པ་དོན་གྲུབ་ཡིན། །འདི་ཡི་དགེ་བ་རྣམ་དཀར་དྲི་མེད་དེས། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ནས། །མཐར་ཐུག་རྣམ་མཁྱེན་སངས་རྒྱས་འཐོབ་པར་ཤོག །མངྒ་ལཾ།

༼ཉ༡ན༽དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བ་ལས་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་གསུམ་པ་འདུལ་བའི་ཆོས་བྱུང་བཞུགས་སོ། །༼ཉ༡བ༽

 

 

འདུལ་བའི་བཤད་གྲུབ་ཀྱི་རྒྱུན་མ་ཆད་པར་བོད་ཏུ་དར་བ།

 

བོད་ཏུ་ཐུབ་བསྟན་ཕྱི་མ་དར་ཚུལ་ཡང༌། །དང་པོར་བསྟན་རྩ་འདུལ་བའི་སྡེ་སྣོད་ནི། །སྡོམ་བརྩོན་དུ་མ་ཁམས་སུ་བྲོས་པ་ལས། །མོས་པས་སྤྱོད་པའི་ས་ལ་གནས་པ་ཡི། །མུ་གཟུ་གསལ་འབར་རབ་ཏུ་བྱུང་བ་ནི། །བླ་ཆེན་དགོངས་པ་རབ་གསལ་ཞེས་བྱར་གྲགས། །དེ་ཡི་མཁན་བུ་སྡོམ་བརྩོན་མང་དུ་འཕེལ། ཁྱད་པར་དབུས་གཙང་མི་བཅུས་བཀའ་དྲིན་མནོས། །གཙང་ན་ལོ་ཚོ་ཚོང་ཚོ་རྣམ་པ་གཉིས། །དབུས་ན་ཀླུ་མེས་འབྲིང་ཚོ་རྦ་རག་གསུམ། །རེ་རེའང་ཡན་ལག་དུ་མར་བཅས་པ་ཡིས། །བོད་ཡུལ་ཀུན་ན་འདུལ་བསྟན་མཆོག་དུ་དར། །བསྟན་པའི་མེ་རོ་མདོ་ཁམས་ནས་གསོས་པ། །སྨད་འདུལ་ཞེས་བྱར་མཚན་དུ་གྲགས་པ་ཡིན། །དྲིན་ཅན་པཎ་ཆེན་གཉིས་ཀྱི་མཁན་བུ་ནི། །རྒྱ་གར་པཎ་ཆེན་དྷརྨ་པཱ་ལ་ལས། །ཞང་ཞུང་རྒྱལ་བའི་ཤེས་རབ་ཀྱིས་དྲིན་མནོས། །དེ་ཡི་སློབ་མ་དཔལ་འབྱོར་ལ་སོགས་བྱུང༌། །འདི་ལ་སྟོད་འདུལ་ཞེས་བྱར་གྲགས་པ་སྟེ། །རྣམ་པར་དག་ཀྱང་མང་དུ་༼ཉ༢ན༽མ་འཕེལ་སྐད། །ཕྱི་དུས་བསྐལ་བཟང་སངས་རྒྱས་བདུན་པ་གང༌། །རབ་གསལ་ཤཱཀྱའི་བསྟན་ལ་ཚངས་སྤྱོད་པ། །ཁ་ཆེའི་མཁས་པ་ཤཱ་ཀྱ་ཤྲཱི་ཞེས་པ། །འཕགས་པའི་ཡུལ་ན་རྩོད་མེད་སྡོམ་བརྩོན་པ། ཁྲོ་ལོའི་དད་བརྩོན་མཁྱེན་པ་ཟླ་མེད་པས། །དབང་དུ་མཛད་སྟེ་བོད་ཡུལ་སྤྱན་དྲངས་པ། །དེ་ལས་བྱང་རྡོར་རྣམ་གཉིས་བསྙེན་རྫོགས་ཏེ། །རྩ་བའི་སྡེ་པ་རྣམ་བཞིའི་རྟེན་འབྲེལ་བཞིན། །འདུལ་བའི་སྡོམ་རྒྱུན་རབ་ཏུ་རྒྱས་པར་གྱུར། །དེ་ལྟར་སྐྱེས་བུ་དམ་པ་མང་པོ་ཡིས། །འདུལ་བའི་བཤད་རྒྱུན་སྒྲུབ་རྒྱུན་རྒྱ་ཆེར་སྤེལ། །ཁྱད་པར་མཁས་པ་ཆེན་པོ་མཚོ་སྣ་པ། །མགོན་པོ་ཊཀྴད་ཀྱིས་ནི་བསྐུལ་བ་ལས། །འདུལ་བའི་བསྟན་བཅོས་དུ་མ་མཛད་པ་ནི། །ཕྱི་དུས་བསྟན་པའི་མིག་འབྲས་ལྟ་བུར་གྱུར། །དེ་ལྟར་དམ་པ་རྣམས་ཀྱི་བཀའ་དྲིན་ལས། །ལྷག་པའི་ཚུལ་ཁྲིམས་དྲི་མེད་བསླབ་པ་དང༌། །འདུལ་བའི་སྡེ་སྣོད་དར་ཞིང་རྒྱས་པར་མཛད། །དེང་དུས་ཀྱང་ནི་གཟུགས་བརྙན་ཙམ་ཞིག་སྣང༌། །དགག་སྒྲུབ་བཅས་པ་རྒྱལ་བ་ཁོ་ནའི་ཡུལ། །སྟོན་དང་བསྟན་པ་གཅིག་གྱུར་སོ་སོར་ཐར། །ཇི་བཞིན་གང་གི་རྒྱུད་ལ་གནས་པ་ཡི། །བསྟན་རྩ་འདུལ་འཛིན་རྣམས་ལ་ཕྱག་འཚལ་ལོ། །

དེ་ཡང་སངས་རྒྱས་ཉིད་རང་བྱུང་གིས་བསྙེན་པར་རྫོགས་ནས་སླར་ལྔ་སྡེ་ཡེ་ཤེས་ཁོག་ཆུབ་ཀྱིས་བཟང་སྡེའི་ཚོགས་དྲུག་བཅུ་སྐྱབས་སུ་འབྲོངས་འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས། ཕལ་ཆེར་ཞིག་ཚུར་ཤོག་གིས། ལེགས་བྱིན་དྲི་བས་མཉེས་པས། སྐྱེ་རྒུའི་བདག་མོ་ལྕི་བའི་ཆོས་བརྒྱད་ཁས་བླངས་པས་བསྙེན་པར་རྫོགས་པ་སོགས་སྔོན་༼ཉ༢བ༽གྱི་ཆོ་ག་སངས་རྒྱས་ཉིད་དང་གསོལ་བཞིས་བསྙེན་པར་རྫོགས་པ་དགེ་འདུན་དང་འབྲེལ་བའི་ལས་ཀྱིས་སྔོན་ཆོག་གི་ཡུལ་རྣམས་བསྙེན་རྫོགས་སུ་མཛད་ལ། སངས་རྒྱས་ནས་ལོ་བདུན་པའི་སྔོན་ནས་ད་ལྟར་གྱི་ཆོ་ག་གནང་ཞིང་བརྗོད་བྱ་དོན་གྱི་འདུལ་བའི་རྒྱུན་མ་ཆད་པའོ། །བརྗོད་བྱེད་ཀྱི་འདུལ་བ་སོ་སོ་ཐར་པའི་མདོ་གཉིས་ལུང་སྡེ་བཞི་ཕྱོགས་གཏོགས་དང་བཅས་པ་བཀའ་དང༌། བསྟན་བཅོས་ལ་ཉེར་སྦས་སོགས་དགྲ་བཅོམ་པ་མང་པོས་མཛད་པར་གྲགས་པ་བྱེ་བྲག་དུ་བཤད་པའི་ནང་ཚན་འདུལ་བ་བྱེ་བྲག་དུ་བཤད་པ་དང༌། དྲི་མེད་བཤེས་གཉེན། ཁྱད་པར་བཤེས་གཉེན་སོགས་ཀྱིས་སོ་ཐར་མདོ་བཀྲལ། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་ལུང་མ་མོའི་རྒྱ་ཆེར་འགྲེལ་དང༌། དུལ་ལྷས་རྣམ་འབྱེད་འགྲེལ་པ། དགེ་བའི་གཉེན་གྱིས་ལུང་ཞུ་བ། ཚུལ་ཁྲིམས་བསྐྱངས་ཀྱིས་ཕྲན་ཚེགས་རྣམས་བཀྲལ་ཞིང༌། ཕྱིས་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཀྱིས་མདོ་རྩ་བ་དང་ལས་བརྒྱ་རྩ་གཅིག་པ་བསྡུས་རང་འགྲེལ་མཛད་ཅིང་ཆོས་བཤེས་ཀྱིས་རྒྱ་ཆེར་འགྲེལ་མཛད་པ་སོགས་ནས་གཞི་ཐམས་ཅད་ཡོད་སྨྲའི་སྡོམ་རྒྱུན་མཁན་པོ་ཞི་བ་འཚོའི་བར་འདུལ་བའི་བཤད་སྒྲུབ་ཀྱི་རྒྱུན་མ་ཆད་ཅིང་དེས་བོད་ཡུལ་དུ་དར་བར་མཛད་ཏོ། །

བསྟན་པའི་མེ་རོ་ཇི་ལྟར་བསླང་ཚུལ་ལ་མི་མཐུན་པའི་སྐོར།

དེ་ཡང་བསྟན་པའི་མེ་རོ་སྨད་ནས་ཇི་ལྟར་བསླང་བའི་ཚུལ་ལ་མི་མཐུན་པ་དུ་མ་སྣང་བ་ལས། ལོ་རྒྱུས་ཆེན་མོ་ལས་ནི། བསྟན་པ་བསྣུབས་པའི་དུས་དབུས་ནས་ཞང་མངའ་འཇམ་དཔལ་དང་ཡང་གོང་ཤེས་རབ་འབྱུང་གནས་གཉིས་ཁམས་སུ་བྱོན། དེའི་ཚེ་ཡང་གོང་གིས་ཁུངས་བསྟན་ནས་ཞང་མངའ་འཇམ་དཔལ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། དེའི་མཁན་བུ་ཅོག་རོ་དཔལ་གྱི་དབང་ཕྱུག་དང་གྲུམ་ཕྱིང་སླག་ཅན་གཉིས་ཡིན། དེ་ཚེ་གཙང་པ་ལོ་ཚོང་གཉིས་དབུས་པ་ཀླུ་མེས་དང་འབྲིང་སྟེ་བཞིས་ཅོག་གྲུམ་ལ་མཁན་སློབ་ཞུས་ཏེ་བླངས། མཁན་སློབ་ན་རེ་ལོ་སྟོན་མཐུ་ཆེ་བས་བསྟན་པ་སྲུངས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་གེ་བློ་རྣོ་བས་ཆོས་སྟོན། འབྲིང་ཕོ་སྦོ་མཐོ་བས་གནས་བརྟན་༼ཉ༣ན༽གྱིས་ལ་བཞི་གར་བསྡོམས་པས་གནས་གཞི་གཅིག་ཟུང་ཞིག་གསུངས་ཀྱང་མཁན་སློབ་ཀྱི་གསུང་བཅག་ནས་སོ་སོར་བཟུང་བས་སྡེ་བཞི་བྱུང༌། དེ་ཡང་གླང་དར་གྱིས་ཆོས་བསྣུབས་པའི་ལྕགས་བྱ་ནས་ལོ་ངོ་གསུམ་པ་ཆུ་མོ་གླང་ལ་ཁུ་གཞོན་ནུ་རིན་ཆེན། གཉས་ཡོན་ཏན་སྙིང་པོ། མཆིམས་ལྷུན་གྲགས་དང་མཆོག་གྲུབ་གཉིས་ཏེ་བཞིས་ཀླུ་མེས་མོན་མཁར་འབྲས་ཕུར་སྤྱན་དྲངས། ཕྱི་ལོ་སྟག་ལོ་ལ་ཀ་ཆུ་གསོས་ཏེ་བཟུང༌། སྤྱན་འདྲེན་བཞི་པོ་ཡང་རབ་ཏུ་བྱུང༌། དེ་ནས་ལོ་བཞི་པའི་མེ་སྦྲུལ་ལ་ཐང་པོ་ཆེ་བཏབ། དེའི་འོག་དུ་འབྲིང་ཡེ་ཤེས་ཡོན་ཏན་སྨྱལ་པ་དེ་བྱོན་ཏེ་བོ་དྷི་རཱ་ཛཱས་ཁམས་གསུམ་ཕུལ་ནས་བཞུགས་ཏེ་གངས་བར་ལྷ་ཁང་དང་གཉལ་གྱི་བཟང་རུ་སོགས་གྱང་སྐོར་དགུ་བཟུང༌། དེ་ནས་རག་ཤི་ཚུལ་འབྱུང་ཁམས་སུ་སྡོམ་པ་བླངས་ནས་བྱོན་ཏེ་སྣང་གསལ་ལྷ་ཁང་བཟུང༌། དེའི་གོང་ཙམ་དུ་རྦ་བཙུན་བློ་གྲོས་བྱོན་ཏེ་སྡོམ་པ་མ་བླངས་སྔོན་གྱི་དགྲ་བཅོམ་གཙུག་ཕུད་ཅན་ལ་གཙུག་ཕུད་རང་གིས་དོར་བ་ཡིན། དེས་ན་དབུས་ཀྱི་བསྟན་པ་ཕྱི་དར་གྱི་ཐོག་མ་ཀླུ་མེས་ཡིན་ལ་དེའི་གོང་དུ་དབུ་མ་མཛོད་མཁན་དང་གླན་སྟོན་ཤེས་རབ་རྡོ་རྗེ་བྱ་བ་ཁམས་ནས་བྱོན་ཡང་བསྟན་པ་མ་ཚུགས་ཞེས་བཤད་ཏོ། །

ཡང་དཔོན་བི་ཅིས་བྲིས་པ་བདེ་སྔོན་ན་སྣང་བ་ནི། སྨར་གཡོ་གཙང་གསུམ་གྱིས་མདོ་སྨད་སྲོ་གུ་ལུང་དུ་བྱོན། དེའི་ཚེ་རྒྱལ་པོའི་ཆོས་བློན་འབྲོ་སྟག་སྣང་ཁྲི་གསུམ་རྗེས་བསྟན་པ་གསལ་ནུས་པར་སྨོན་ལམ་བཏབ་ནས་སོ་ལྔ་པ་ལྕགས་ཕག་ལ་ཚེ་འཕོས་ཏེ་ཙོང་ཁ་བདེ་ཁམས་སུ་ཆུ་བྱི་ལ་འཁྲུངས། ནར་སོན་ནས་ནོན་འཇམ་དཔལ་བཟླས་ལུང་བླངས། ཁང་རིན་རྡོར་ཞེས་སྤྱན་རས་གཟིགས་ཞལ་མཐོང་བ་ཞིག་ལ་སེམས་བསྐྱེད། སྐྱི་རྒྱལ་བའི་གཙུག་ཏོར་ལ་དབུ་ཚད། ནམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་གསན། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་བ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་༼ཉ༣བ༽ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་བྱུང་བར་བྱ། །ཞེས་གཙང་གིས་མཁན་པོ། གཡོ་སྨར་གྱིས་སློབ་དཔོན་བྱས་ཏེ་རབ་བྱུང་བསྙེན་པར་རྫོགས། དེ་ནས་བྱང་ཕྱོགས་སུ་མི་ཉག་ལྷའི་ཡུལ་དུ་གོ་རོང་སེང་གེ་གྲགས་ལ་འདུལ་བ་གསན་པས་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་བྱིན་ནས་བསྟན་པ་གསལ་བར་གྱིས་ཤིག་ཁོ་བོ་ནི་ཡུན་རིང་དུ་མི་འཚོའོ་གསུངས། དེ་ནས་དབུས་སུ་ཞང་ཆེན་པོ་དགེ་བ་ལ་ཆོས་ཉན་དུ་འབྱོན་བཞེད་པ་ན་ཀློང་ཐང་སྒྲོལ་མར་དབུས་ནས་རྒྱལ་པོའི་ཕོ་ཉ་བ་མངར་གཡུ་མཚོ་བྱ་བ་ཞིག་འདུག་པ་ན་རེ་དབུས་སུ་མུ་གེ་ཆེན་པོ་བྱུང་བས་བཙུན་པ་ཁྱོད་ཀྱིས་བཤུལ་ཡང་མི་ཕྱེད་བཀའ་འོད་མཆོག་གྲགས་པ་ལྷོ་བལ་ཏུ་ཆོས་བསླབས་ནས་ཁམས་སུ་བྱོན་ཟེར་བས་ལོག་སྟེ་ལྷ་རྩེ་བྷིག་ཏིག་གི་གནས་གཞིར་བཀའ་ལས་འབུམ་ཊཱིཀ་དང་ས་སྡེ་སོགས་མངོན་པའི་ཐེག་ཆེན་ལོ་བཅུ་གཉིས་གསན། རྨང་ལམ་ན་གླང་པོ་ཆེ་བཅིབས་ནོར་བུ་བསྣམས་ནས་ཚོང་འདུས་རྣམས་སུ་བྱོན་པས་མི་ཀུན་ན་རེ་བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ་རེ་ཞིག་ཉོ་བ་ཡང་མེད་རིན་ཡང་མི་ཐེག་ཟེར་བ་རྨིས་པས། བསྟན་པ་རིན་ཆེན་སྒྲོམ་ཕྱེ་སྟེ། །ཡོན་ཏན་མཆོག་གི་ནོར་བྱིན་ཡང༌། །དམན་རྣམས་དོན་དུ་མི་གཉེར་བས། །རེ་ཞིག་ནགས་སུ་གནས་པར་བྱ། །ཞེས་དགོངས་ཚེ་རི་དན་ཏིག་གི་ཐེའུ་རང་སྤུན་དགུས། བདག་ཅག་གིས་ཕྱོགས་གང་དང་གང་ན་དགོན་པ་ཆེན་པོ་དངོས་གྲུབ་བརྙེས་པ་མང་དུ་བྱུང་བ་རྩ་བ་དང་འབྲས་བུ་ལ་སོགས་པ་རྙེད་སླ་བ་དེར་འབྱོན་པར་ཅི་གནང༌། བདག་ཅག་གིས་ཀྱང་བྲན་དང་དགེ་བསྙེན་ཏུ་བགྱིའོ་ཞེས་ཞུས་ཏེ་དེར་བྱོན་ནས་མཆོད་གཏོར་རྒྱ་ཆེན་པོ་མཛད་སྟེ། བསྟན་པ་སྲུང་བ་སྐྱོབ་པའི་སྤྱན་སྔ་རུ། །ཐུགས་དམ་བཞེས་པ་རྒྱལ་སྲས་དཔའ་རྣམས་དང༌། །འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་སྟོབས་ལྡན་པ། །སྐྱོབ་ལ་གུས་རྣམས་བདག་ལ་གདོང་གྲོགས་མཛོད། །ཅེས་འཕྲིན་ལས་བསྐུལ་ལོ། །

དེ་ན་གཅིག་ཅར་འཇུག་པ་ཅེས་དགེ་བའི་༼ཉ༤ན༽ཕྱོགས་མི་བྱེད་པ་མང་བས་དེའི་ཆེད་ཏུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་པས་ཡུལ་དེར་ཚོན་རྩི་ཡང་བྱུང༌། བཟོ་ཡང་རང་གིས་མཛད། དེར་པ་གོང་ཡེ་ཤེས་གཡུང་དྲུང་འཁོར་མང་པོ་དང་བཅས་པ་དན་ཏིག་དུ་བྱོན་པ་ན་བླ་ཆེན་པོས་འདུལ་བའི་བསླབ་གཞི་བརྗོད་པས་དད་ཅིང་རང་གི་སྤྱོད་པས་འགྱོད་སྟེ་རབ་ཏུ་བྱུང༌། དེ་བཞིན་དུ་པར་གྲགས་པ། ཇ་པ་གྲགས་པ་དང་བཙུན་ཆེན་ཤེར་འབྱུང༌། གཞང་དཔལ་རྡོར་དང་སྲགས་རྒྱ་མཚོ། འལ་རྡོར་དབང་དང་སྣུབས་དཔལ་དབང༌། ཟོང་མཆོག་ཆོས་སྐྱོང་དང་མཚུར་ཤེས་རབ་མཆོག་སྟེ་གཉིས་རེ་ཉེ་བར་རབ་ཏུ་བྱུང་བས། པ་བར་གཉིས། ཇ་ཅོག་གཉིས། གཞང་གྲགས་གཉིས། འལ་སྣུབས་གཉིས། ཟོང་མཚུར་གཉིས་ཞེས་བྱ་ལ་མཚུར་གྱི་མཁན་བུ་ཀླུ་མེས་སོགས་དབུས་གཙང་པ་རྣམས་ཡིན་ནོ། །

དེར་ཡང་དག་འཇོག་ལ་རྩེ་གཅིག་དུ་བརྩོན་པ་ལས་ཅི་ཞིག་ན་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་མཚན་མོ་སྣང་བ་ཆེན་པོས་ཆོས་ཉན་པའི་ཕྱིར་ལྷགས་ཏེ་ཆོས་ཀྱི་གཏམ་གྱིས་ཡིད་ཚིམ་ནས་བཙུན་པ་ཁྱེད་ནི་བཟང་ན་མི་མ་ཡིན་པའི་འཁོར་འདི་དག་ནི་ངན་ནོ་ཟེར་ནས་སོང༌། འཁོར་རྣམས་ཀྱིས་མདང་སྣང་བ་འདི་ལྟ་བུ་གདའ་བ་ཁྱེད་ངེས་པར་སྤྲུལ་བ་ལགས་སམ་ཞུས་པས། ཁོ་བོ་ནི་སྤྲུལ་པ་མ་ཡིན་གྱི་ཐེག་ཆེན་སྦྱོར་ལམ་པ་སྣང་བ་ཐོབ་པའི་བན་ནྡྷེ་དགེ་བ་གསལ་ལོ་ཞེས་གསུངས།

ཡང་སྐབས་གཞན་དུ། དང་པོ་བུད་མེད་སྒོག་ཚོང་མ། །བར་དུ་སྟག་སྣ་ཁྲི་སུམ་རྗེ། །ད་ལྟ་མུ་ཟུ་དགེ་བ་གསལ། །ཞེས་ཀྱང་གསུང་སྐད། དེ་ལྟ་བུའི་བླ་ཆེན་པོས་ལོ་ཞེ་དགུ་ལ་དན་ཏིག་དུ་བྱོན། སུམ་ཅུ་རྩ་ལྔ་དེར་བཞུགས། བརྒྱད་བཅུ་རྩ་བཞི་ཕག་ལ་གཤེགས། འཕགས་པ་ཐོགས་མེད་དང་བཙུན་པ་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་དོན་མི་འདྲ་བར་བཀྲལ་བ་དེ་ཁོ་བོས་བྱམས་པ་ལ་ཞུ་དགོས་སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་པ་ཡིན། ཡང་འཇིག་རྟེན་འདིར་ད་ལྟ་འཕགས་པ་འཇམ་དཔལ་བྱོན་ཡང་བསྐྲད་སྟེ་གཏོང་༼ཉ༤བ༽ནའང་ཁོ་བོ་ནི་བྱམས་པ་མ་བྱོན་གྱི་བར་དུ་འཛམ་གླིང་འདི་ཐམས་ཅད་ཏུ་སྐྱེ་བ་བརྒྱད་ཙམ་རེ་ལེན་དགོས་ཞེས་གསུངས་ཏེ་དགའ་ལྡན་དུ་གཤེགས། ཞེས་དཔོན་བི་ཅིས་བྲིས་པར་སྣང༌།

ས་སྐྱ་བླ་མའི་ཆོས་བྱུང་ལས་ནི་བསྟན་པ་བསྣུབས་པའི་ཚེ་དང་པོར་སྨར་གཡོ་གཙང་གསུམ། དེ་ནས་བཀའ་འོད་མཆོག་གྲགས་པ་དང་རོང་པོ་ལྷུན་གྱི་དཔལ་གཉིས། དེ་ནས་ལྷ་ལུང་རྣམས་རིམ་པར་བྲོས། བོན་པོའི་བུ་སྨུ་གསལ་འབར་རབ་ཏུ་ཕྱུང་སྟེ་ཤཱཀྱ་དགེ་བ་གསལ་དུ་བཏགས་ནས་མཁས་པར་གྱུར། དེ་ནས་བལ་རྡོ་རྗེ་དབང་ཕྱུག་སྣུབས་དཔལ་གྱི་བྱང་ཆུབ། ཡང་གོང་ཡེ་ཤེས་གཡུང་དྲུང༌། སྦར་རིན་ཆེན། ལྕང་ཡེ་ཤེས་སེང་གེ་ཅོག་རོ་ཤེར་བྱང༌། ཤོད་ཆུང་པ་ཤེར་གྲགས། ཨན་འབར་བ་བྱང་ཆུབ། གྲུམ་ཡེ་རྒྱན། སྣུབས་དཔལ་བྱང༌། སྒྲོ་མཛྙུ་ཤྲཱི་སོགས་མཁས་བཙུན་མང་དུ་བྱོན། ཆོས་བསྣུབས་ནས་ལོ་དྲུག་བཅུ་ན་འཕན་ཡུལ་ཞོགས་པ་བོན་པོ་སྨུ་གསལ་གཤེན་འབར་གྱི་བུ་སྨུ་ཟ་འཕེན་བྱ་བའི་བྱིས་པས་སྣང་གསལ་ལྷ་ཁང་དུ་ཕྱིན་པས་གྱང་རིས་ལ་རབ་བྱུང་ཆོས་ཉན་བཤད་བྱེད་པའི་གཟུགས་མཐོང་ནས་དྲིས་པས་རྒན་མོ་ཞིག་ན་རེ་རབ་ཏུ་བྱུང་བ་བྱ་བའི་གཟུགས་ཡིན་ཟེར་བས་བྱིས་པ་དད་སྟེ་ངུས་ནས་ད་ག་ན་ཡོད་དྲིས་པས་ང་བུ་མོའི་དུས་ན་ཡོང་སྟེ་ཕྱིས་བསྣུབས་ནས་མེད། ད་ལྟ་ཁམས་ན་ཡོད་པར་འདུག་ཟེར་བས་བྱིས་པ་དེས་ལུས་སྲོག་ལ་མ་བལྟས་པར་ཕྱིན་ཏེ་རབ་ཏུ་བྱུང་བས་བླ་ཆེན་དགོངས་པ་གསལ་དུ་གྲགས།

དབུས་གཙང་གི་མི་བདུན་ཞེས་ཀླུ་༼ཀླུ་མེས་ཚུལ་ཁྲིམས་ཤེར་རབ།༽འབྲིང་༼འབྲིང་ཡེ་ཤེས་ཡོན་ཏན།༽ལོ་༼ལོ་སྟོན་རྡོ་རྗེ་དབང་ཕྱུག །༽ཚོང་༼ཚོང་བཙུན་ཤེས་རབ་སེངྒེ།༽གི་སྟེང་དུ་སུམ་པ་ཡེ་བློ་༼སུམ་པ་ཡེ་ཤེས་བློ་གྲོས།༽རྒྱ་བན་བློ་ཤེ་གཞོན་བན་ཆོས་མཆོག་སྟེ་བདུན་ཕྱིན་པ་གྲུམ་དང་ཅོག་རོ་ལས་སྡོམ་པ་མནོས་ནས་ལོག་དེ་ནས་མཐའ་བཞི་རྒྱལ་འཕགས། རག་ཤི་ཚུལ་འབྱུང༌། ༼རག་ཤི་ཚུལ་ཁྲིམས་འབྱུང་གནས།༽རྦ་བཙུན་བློ་གྲོས། ༼རྦ་ཚུལ་ཁྲིམས་བློ་གྲོས།༽ཉང་བྲན་ཆོས་སྐྱབས། གྲུམ་ཤིང་ཤེར་སྨོན་ཏེ་ལྔས་དེའི་རྗེས་སུ་གྲུམ་ཅོག་ལས་བླངས་ཞེས་འཆད་པར་སྣང་ཡང་ཅུང་ཟད་མ་དག་པ་ཅིག་སྟེ། དེའི་ལུགས་ལ་༼ཉ༥ན༽བྱིས་པ་ཁམས་སུ་ཕྱིན་པ་དེ་ཁོ་ན་ལ་ཤཱཀྱ་དགེ་བ་གསལ་དུ་བཏགས་པ་ཕྱིས་མཁས་པར་གྱུར་ནས་དགོངས་པ་རབ་གསལ་དུ་གྲགས་པ་ཡིན་པས་ལན་གཉིས་སུ་བགྲང་མི་འོས་ལ་དབུས་གཙང་མི་བཅུ་སུས་ཀྱང་བླ་ཆེན་དང་དེའི་སློབ་མ་ལའང་མ་ཐུག་ན་དེས་བསྟན་པའི་མེ་རོ་གསོས་པར་ཇི་ལྟར་འཆད།

དེས་ན་རྗེ་རང་བྱུང་རྡོ་རྗེ་དང་ཀུན་མཁྱེན་བུ་སྟོན་སོགས་བཞེད་པ་ནི་འདི་ཡིན་ཏེ། བསྟན་པ་བསྣུབས་པའི་ཚེ་འཇང་གི་གྱེལ་མི་གཙང་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང༌། སྟོད་ལུགས་པ་སྨར་ཤཱཀྱ་མུ་ནི་དང་གསུམ་ཆུ་བོ་རི་ལ་སྒོམ་ཞིང་ཡོད་པས་བཙུན་པ་ཁྱི་ར་བྱེད་པ་མཐོང་ནས་དྲིས་པས་ཆོས་བསྣུབས་པར་ཤེས་ནས་འདུལ་བ་དྲེལ་ཁལ་གཅིག་བཀལ་ནས་སྐད་རིས་མི་གཅིག་པའི་སར་བསྟན་པ་སྤེལ་སྙམ་ནས་གར་ལོག་དང་ཧོར་ཡུལ་དུ་ཕྱིན་ཡང་དར་བར་མ་ནུས་ཏེ་མདོ་སྨད་ལྷོ་ངོས་ཀྱི་བེ་རོ་ཚ་ཆོན་ཚུར་ཐོན་རྨ་ཆུའི་རྒྱུད་རྨ་ལུང་རྡོ་རྗེ་བྲག་ར་ཨན་ཆུང་གནམ་རྫོང་ཡང་ཟེར་བ་དན་ཏིག་ཤེལ་གྱི་ཡང་དགོན་ན་སྒོམ་ཞིང་ཡོད་པ་རྨ་ཆུ་པའི་ཕྱུགས་རྫིས་མཐོང་སྟེ་མི་རྣམས་ལ་སྨྲས་པས་མོས་སྤྱོད་ཀྱི་ས་བ་མུ་ཟུ་གསལ་འབར་བྱ་བས་བལྟར་ཕྱིན་པས་དད་སྟེ་རབ་ཏུ་འབྱུང་བར་ཞུས་པས་འདུལ་བའི་པོ་ཏི་གཏད་ནས་འདི་ལྟོས་དད་ན་རབ་ཏུ་དབྱུང་ངོ་གསུངས། བལྟས་པས་ཆེར་དད་སྟེ་མཆི་མ་བྱུང༌། དེར་སྨར་གྱིས་མཁན་པོ་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་ཕྱུང༌། མཁན་སློབ་ལས་མིང་སྦྱར་སྟེ་ཤཱཀྱ་དགེ་བ་རབ་གསལ་ཏུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སོ། །

 

དབུས་གཙང་མི་བཅུ།

 

བསྙེན་རྫོགས་ཞུས་པ་དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས་ནས་སྔར་ལྷ་ལུང་དཔལ་རྡོར་བ་གསུམ་ཀློང་ཐང་ན་འདུག་པར་ཐོས་ནས་བཙལ་བས་ཁོང་ན་རེ་ངས་རྒྱལ་པོ་བསད་པས་ཁ་སྐོང་མི་འོང་གཞན་བཙལ་གྱི་གསུངས་ཏེ་རྒྱའི་ཧྭ་ཤང་ཀེ་ཝ་ཇ་དང་གྱི་ཕན་གཉིས་བཏང་སྟེ་ལྔས་བསྙེན་པར་རྫོགས་ནས་འདུལ་བ་ལོ་བཅོ་ལྔ་གསན་ཞེས་རྗེ་རང་བྱུང་པ་བཞེད།

རྫོགས་ནས་ལོ་ལྔ་ལོན་པ་དང་༼ཉ༥བ༽དབུས་ནས་གླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། སྨྱལ་པ་འབྲིང་ཡེ་ཤེས་ཡོན་ཏན། གཡོ་རུ་པ་ན་ཚུལ་ཁྲིམས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་སྟེ་ལྔ༌། གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ །མངའ་རིས་པ་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་དཀར་དེ་ཝ་དང་ལྔ་སྟེ་དབུས་གཙང་གི་མི་བཅུས་ཁམས་སུ་བྱོན། བསམ་ཡས་ཀྱི་མངའ་བདག་ཚན་ཡེ་ཤེས་རྒྱལ་མཚན་གྱིས་ཁམས་སུ་བརྫངས་ཞེས་ཀྱང་གྲགས།

བཀའ་གདམས་ཀྱི་ཡི་གེ་འགའ་ལས་རྙེད་འཚོལ་ལ་ཕྱིན་པ་འདོད་པ་བཞིན་མ་འགྲུབ་ནས་རྒྱ་སྲང་ལ་ལྷུང་བའི་ཚེའུ་ཅག་རྣམས་ཟང་ཟིང་གི་ཆེད་ཏུ་འདི་ལྟར་དཀའ་བ་སྤྱོད་པ་བས་འདི་ཕྱི་ཐམས་ཅད་ཏུ་བདེ་བའི་ཆོས་བྱའམ་ཞེས་མོལ་ནས་རབ་ཏུ་འབྱུང་བར་འཆམས། ཕྱག་རྟེན་མེད་ཅེས་གླེངས་པས་ཁོང་རང་ཆོས་རྒྱུས་ཆེ་བ་འགས་གྲོས་བཏོན་མེ་ཏོག་མང་དུ་འཐུས་ནས་བླ་མ་འབྱོན་པའི་མདུན་དུ་མེ་ཏོག་གཏོར། ཕྱག་གུས་པར་བྱས་པས་ཁྱེད་རྣམས་ནི་ག་ནས་ཡིན་ནམ་མི་མཐོང་བ་ཅན་འགའ་འདུག་གསུངས་ནས་མཉེས་ཞེས་སྣང༌། བླ་ཆེན་ལ་མཁན་པོ་ཞུས་པས་ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་བཏུབ་གསུངས། སྨར་གཡོ་གཙང་གསུམ་གྱིས་ངེད་རྒས་པས་མཁན་བུ་མི་འཁྱོངས་དམིགས་བསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་ཁྱོད་ཀྱིས་གྱིས་གསུངས་ཏེ་བླ་ཆེན་གྱིས་མཁན་པོ་མཛད་སྟེ་སྟན་ཐོག་གཅིག་དུ་ཚིགས་གསུམ་རིམ་ནོད་ཏུ་སྒྲུབ་པ་ཆིག་རྫོགས་སུ་བསྙེན་པར་རྫོགས། བྱིན་པོ་ཚོ་ཡར་འོངས། ཀླུ་མེས་ཀྱིས་གྲུམ་ལ་འདུལ་བ་ཉན་ཞིང་བསྡད་ཏོ། །

དེའི་དུས་རག་ཤིའི་གཅུང་དང་རྦའི་གཅུང་ཕུ་བོ་བསུར་འོངས་པ་དང་ཀློང་ཐང་དུ་མཇལ་བས་གཅུང་གཉིས་དད་སྟེ་ལོས་མཁན་པོ་བྱས་ཕུ་བོ་གཉིས་ཀྱི་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་བས་དེ་ཕྱིན་རྦ་རག་གཉིས་གཅིག་དུ་སྡེབ་བོ། །

དེ་ནས་ལོ་སྟོན་ན་རེ་ཁྱེད་རྣམས་འདིར་བཞུགས། ༼ཉ༦ན༽ངས་ཚོང་པ་དང་འགྲོགས་ཏེ་དབུས་གཙང་དུ་ཕྱིན་ལ་བསྟན་པ་དར་བར་ནུས་ན་བསྡད་ཀྱི་ཁྱེད་རྣམས་ཡང་བྱོན། མི་ནུས་ན་ལོག་ལ་འོང་གསུངས་ནས་འདན་མའི་ཚོང་པ་དང་འགྲོགས་ཏེ་བྱོན་པས་ཚོང་པ་སྔར་སུམ་འཕྲང་ནས་ལྡོག་པ་ལ། ལོ་སྟོན་གྱིས་འདི་ནས་མ་ལྡོག་པར་གཙང་དུ་སོང་ཚོང་ལེགས་པར་འོང༌། མགུར་མོ་རབ་ཁ་ན་ལོ་ནད་གཙུག་ན་བྱ་བ་ཡོད། དེ་ལ་ཁྱོད་ཀྱི་བུ་རབ་ཏུ་བྱུང་ནས་དབུས་ན་ཡོད་གྱིས་ཤིག་བྱས་ཏེ་བཏང་བས་ཚོང་ལེགས་པར་བྱུང༌། དེ་ཕྱིན་མགུར་མོར་ཚོང་འདུས་ཆགས།

ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་ཏེ་གསོལ་ནས་ཕྱིས་དབུས་སུ་ཚད་པ་ཚབས་རྒྱབ་བལྟབ་སྟེ་གསོལ་བས་ཞྭ་སྣ་རིངས་སུ་གྲགས་པ་བྱུང་ལ་དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཡིན། ཕྱིས་བཀའ་གདམས་ཀྱི་གཞུང་མན་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཅུང་ཟད་མི་འདྲ་བ་རེ་ཡོད་ཅིང་དྭགས་པོ་སྒོམ་ཚུལ་གྱིས་འདིའི་རྒྱབ་བལྟབ་སྟེ་གསོལ་བས་སློབ་དཔོན་སྒོམ་ཚུལ་གྱི་ཞྭ་ཞེས་སྒོམ་ཞྭར་ཡང་གྲགས་སོ། །

དེ་ནས་ཁོང་རྣམས་ཀྱིས་བསམ་ཡས་སུ་བྱོན་ཏེ་ཀླུ་མེས་ཀྱིས་ཀ་ཆུ་ཆེ་མཆེད་ཀྱིས་བུ་ཚལ་དང་དབུ་རྩེ། རག་ཤི་མཆེད་ཀྱིས་དགེ་རྒྱས། འབྲིང་གིས་ཟངས་ཁང་བཟུང༌། དེ་ནས་དབུས་པ་ལྔས་གནས་གཞི་སོ་སོ་རྩིག་པར་བྱས། ཀླུ་མེས་ཀྱི་དབུ་རུར་ལ་མོ་ཆག་དེའུ་བཏབ། མི་ཆོས་ཀྱི་ས་ཁུལ་དུ་བ་ལམ་གནས་བརྩིགས། ས་བྱ་ལ་མོར་འགྱེལ་བརྩིགས། ཕྱི་ལོ་གླན་རྡོག་རབ་ཏུ་ཕྱུང༌། དེའི་ཕྱི་ལོ་ཡེར་པ་བ་རང་བཏབ། གྲུ་མེར་སོགས་བཅོ་བརྒྱད་རབ་ཏུ་ཕྱུང༌། ཚོང་འདུས་གནས་བཞེངས། ཕྱིས་ཚེ་སྤོང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་པའི་ལམ་དུ་གྲོངས་ཏེ་ཀླུ་མེས་དང་གྲུ་མེར་གཉིས་ཀའི་གདུང་མཆོད་རྟེན་འོད་འབར་ན་མ་ཉམས་པར་༼ཉ༦བ༽བཞུགས། ཀླུ་མེས་ཀྱི་མཁན་བུ་ཞང་༼ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག །༽རྔོག་༼རྔོག་བྱང་ཆུབ་བྱུང་གནས།༽གླན་༼གླན་ཡེ་ཤེས་ཤེས་རབ།༽གྲུ་མེར་༼གྲུ་མེར་ཚུལ་ཁྲིམས་བྱུང་གནས།༽ཏེ་ཀ་བ་བཞི་ཡམ་ཤུད་༼ཡམ་ཤུད་རྒྱལ་བ་འོད།༽སོགས་མང་དུ་བྱོན།

དེ་ལ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ནི་བྱམས་པའི་སྤྲུལ་པར་གྲགས། སྣ་ནམ་ཇོ་སྲས་དང་ཞང་ལྕམ་སྒྲོལ་མའི་སྲས་སུ་ཉམས་དགའ་མོར་འཁྲུངས། ལོ་བཅོ་བརྒྱད་པ་ལ་ར་བ་ཟླུམ་པོར་ཀླུ་མེས་ལས་རབ་ཏུ་བྱུང༌། དང་པོར་ར་ཆག་བཏབ། སོ་བདུན་པ་ཆུ་བྱི་ལ་རྒྱལ་ལུག་ལྷས་ཀྱི་ལྷ་ཁང་བཞེངས། རྒྱ་གར་དུ་བྱོན་རྡོ་རྗེ་གདན་པ་དང་མཇལ་ནས་འདུལ་བ་གསན་ཞིང་རྒྱ་གར་དུ་ཡང་འདུལ་བ་བཤད། གྱ་ལྔ་པ་ལྕགས་བྱི་ལ་གཤེགས། གདན་ས་གླན་ཚུལ་བྱང་གིས་བཟུང་སྟེ་པུ་ཏོ་བའི་མཁན་པོ་ཡིན། ཞང་ནས་མཁན་རབས་བཅུ་དྲུག་ལ་ལོ་ཉི་བརྒྱ་ཉེར་བརྒྱད་འདས་པ་ན་ཧོར་དམག་གི་ཐོག་མ་དོར་ཏོག་གི་དམག་བྱུང་བས་རྒྱལ་ལྷ་ཁང་བསྲེགས། བཙུན་པ་སོ་སྟོན་སོགས་ལྔ་བརྒྱ་ཙམ་བཀྲོངས། སླར་དོར་ཏོག་གིས་གསེར་བྲེ་དངུལ་བྲེ་མང་པོ་རྒྱུར་སྦྱར་ཏེ་གསོས། འདི་ལས་མཆེད་པ་ཞང་སྐོར་ཞེས་གྲགས།

རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བཟུང༌། གཡུ་སྒྲོ་ཁང་དམར། བཟད་ཀྱི་ལྡིང་པ། ཆུ་ཤུལ་ན་བོ། སྦུས་སྡེ་ལྷོ་གོང༌། ཡོལ་ཐང༌། ལབ་སོ། གྲལ་མ་ཐང༌། ཁ་རག་སོ་གཅིག་གཞུ་ཀུན་ར། ཚ་མིག་སོགས་བརྩིགས། རྔོག་གི་མཁན་བུ་ཞིག་གིས་ལྷོ་ནུབ་ཏུ་ལྷ་མདོ་བརྩིགས་པ་ལས་འབྲེ་ཆོ་ཞེས་མང་དུ་མཆེད། དེ་རྣམས་རྔོག་སྐོར་དུ་གྲགས།

གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱ་སར་སྒང༌། བླག་མདའ། མཚལ་ཆུང་བཟུང་སྟེ་གླན་ཚོའོ། །

ཐང་པོ་ཆེ་རྩིག་པ་ལ་ཁུའི་བནྡྷྱེ་མི་གསུམ་སོགས་ཕྱེད་དང་བརྒྱད་ཏུ་གྲགས་ཀྱང་གཙོ་བོར་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཀྱིས་བཏབ་སྟེ་ཀླུ་མེས་ཉིད་ཀྱིས་ཀྱང་བཞུགས། འདི་ལས་མཆེད་པ་ལ་ཐང་སྐོར་དུ་གྲགས་ཅིང་གྲུ་མེར་གྱི་མཁན་བུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བཟུང༌། དེ་ནས་ཁུ་འབྱུང་རྒྱན་ཁུ་ཤེར་བརྩོན་སོགས་ནས་ཁུ་རྒྱལ་ཚའི་བར་བྱོན། དེ་ནས་ཆག་ལོའི་སློབ་༼ཉ༧ན༽མ་བླ་བྲང་པ་གཞོན་ནུ་རྒྱལ་མཚན་ནས་བླ་བྲང་པ་དང༌། ལོ་པའི་སངས་རྒྱས་ཇོ་བོའི་སློབ་མ་གསེར་ཁང་པ་དང༌། ཁུ་མདོ་སྡེ་འབར་གྱི་ཆོས་བརྒྱུད་འཛིན་པ་ཁུ་པ་སྟེ་གསུམ་དུ་གྱེས་སོ། །ཡང་ཁུའི་བནྡྷྱེ་མི་གསུམ་གྱི་ཁུ་ཤུད་པུ་ཚ་གཞོན་ནུ་གྲགས་པས་ཁུ་ཚེས་ཀྱི་སོ་མཚམས་སུ་འཇུ་མ་བཞེངས། དེ་ནས་ཡུགས་ཀྱི་ཤུད་པུས་སྤྱན་དྲངས་ཏེ་བ་ཤི་བཏབ། རྒྱ་གར་གྱི་ཤིང་བ་ཤེ་རུ་ལས་བྱས་པའི་རྟེན་ཞིག་ཡོད་པའི་མིང་ཆགས་ནས་བ་ཤི་རུའི་ལྷ་ཁང་ཟེར། དེ་ནས་ཡར་སྟོད་ཏུ་བར་ཡུལ་བཞེངས་སོ། །

ཡམ་ཤུད་རྒྱལ་བ་འོད་ཀྱིས་གཡུ་རྩེ་ལྷ་ཁང་ཁྲབ་ལ་ཁ་ཕུག་བོ་ཆེ་གད་པ་ཐོག་ལྕང་ཚགས་སོགས་བཟུང༌། དེའི་མཁན་བུ་མགར་སྲགས་གཉིས་གྲ་པ་མངོན་ཤེས་སོགས་ལས་སྨྱལ་པ་མགར་སྲགས་གཉིས་ཀྱི་བྱར་ཡུར་འོག་དང་རྩི་འོར་བཟུང་ནས་སྨྱལ་གྱི་ཀླུ་མས་རྣམས་བྱུང༌། གྲ་པ་མངོན་ཤེས་ནི་མངོན་པ་ལ་མཁས་པས་དེར་གྲགས། མཆིམས་རྡོ་རྗེ་སྤྲེ་ཆུང་གི་རྒྱུད་པ་ཡིན་ལ་བར་ཅིག་ནས་ཞང་དུ་འབོད། འཁྲུངས་ཡུལ་དག་ས་པོ་ལ་མཚན་དབང་ཕྱུག་འབར་དུ་དོད་པ་དང༌། འཁྲུངས་ཡུལ་གྲ་མཚན་ཤེས་རབ་རྒྱལ་བར་འདོད་པ་གཉིས་སྣང༌། ཁུ་བོ་ལས་ཞང་བློན་གྱི་སྒྲུབ་ལུང་བླངས་པ་ཙམ་གྱིས་ཞལ་མཐོང་སྟེ་ནུས་མཐུ་ཆེ་མཁས་པ་ཆེན་པོར་གྱུར་ཏེ་དམ་པ་རྒྱ་གར་ལས་ཞི་བྱེད་སྒྲོན་མ་དགུ་དང་ཁ་ཚ་ཟླ་མགོན་ལས་སྦྱོར་དྲུག་གསན་ཏེ་མཁྱེན་རྟོགས་འཛོམ། ལྷ་བུག་པ་ཅན་པ་ལ་བདེ་མཆོག་གི་དབང་བསྐུར་བས་ལོ་དུས་སུ་བུ་བྱུང་བས་འབུལ་བ་ཆེར་བྱས་ཅིང་སྐུ་བསོད་རྒྱས་ཏེ་གཡེ་ཡར་ལུངས་སོགས་སུ་གནས་གཞི་མང་དུ་མཛད། སྤྱན་ཡས་དང་གྲ་སྐྱིད་རུ་བཏབ། བཙུན་མོ་དཔལ་གྱི་ངང་ཚུལ་མའི་ལྷ་ཁང་རོང་སྐམ་གསོས་ཏེ་སྡེ་བཙུགས། སྐྱིད་རུ་ནས་མཁན་བུ་བཞིའི་ཤ་སྟོན་གྱིས་གནས་སྒོར། རྔན་ཆུང་སྟོན་པས་སྒ་འདྲ། ལྷབ་ཀྱིས་བསོ་ཐང་བནྡྷྱེ་བྱང་སེམས་ཀྱིས་རི་ཕུག་བཏབ། ༼ཉ༧བ༽རྣ་ཤུད་ཀྱི་སོ་མཚམས་སུ་གནོད་སྦྱིན་གྱིས་ལུང་བསྟན་ཏེ་གྲ་ཐང་བརྩིགས། སྤྱིར་ལྷ་ཁང་བརྒྱ་རྩ་བརྩིགས་པར་གྲགས། དགུང་ལོ་དོན་དགུ་ལ་མཁན་བུ་ཅིག་གིས་སྙིང་ཐུར་བརྒྱབ་པ་ཐལ་ནས་གཤེགས།

དབོན་པོ་འབྱུང་ཤེད་དང་འབྱུང་ཚུལ་གྱིས་ལྷག་རྣམས་བསྒྲུབས། གྲ་པའི་གདན་ས་དོན་སྟངས་པ་ཆོས་སྐྱབས་ཀྱིས་མཛད་སྟེ་ཁོང་རོག་དམར་ཞུར་བའི་སློབ་མ་ཡིན། སྤྱིར་འཇུག་པ་སེམས་སྐྱེད་ལ་བཀའ་དོག་ཀྱང་ཁོང་གི་རྨི་ལམ་ན་དགའ་ལྡན་དུ་བྱམས་པ་དང་མཇལ་ཙམ་པའི་མེ་ཏོག་སྙིམ་པ་གང་གཏོར་བས་དབུ་ཐོག་དུ་མེ་ཏོག་གི་ཁང་བརྩེགས་སུ་གྱུར། བྱམས་པའི་ཞལ་ནས་ཁྱོད་ཀྱིས་མི་ཡུལ་དུ་འགྲོ་བ་མཆོག་དམན་ཐམས་ཅད་ལ་འཇུག་པ་སེམས་སྐྱེད་མ་བྱིན་ན་ངའི་བཀའ་ལས་འགལ་ལོ་གསུང་བ་ཐོས་ནས་ཡངས་པར་མཛད་པ་ལ་རོག་གིས་བཀྱོན་པས་བདག་ལ་འདི་མི་བྱར་མ་བཏུབ་པ་ཡིན་ཞེས་ལུང་བསྟན་ཞུས་པས་འོ་ན་ཁྱོད་ཀྱི་དེ་ང་ལ་ཡང་གྱིས་དང་གསུངས་ནས་གསན་སེམས་སྐྱེད་རྨི་ལམ་མ་ཞེས་པ་དེ་ཡིན་ནོ། །

སྤྱིར་ཐང་པོ་ཆེ་ལག་བཅས་ལ་མཚན་ཉིད་ཀྱི་སྡེ་ཟེར། ཕུག་པོ་ཆེ་གྲ་ཐང་སོགས་ལ་སྔགས་སྡེ་ཟེར། གྲ་པས་དབུ་ར་གོང་མ་བཟུང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སྦར་གྲ་པའི་སློབ་མ་ཡིན་ནའང་ཕྱིས་ཕྲག་དོག་གིས་མཐུ་རྒྱས་བྱས། གྲ་པས་རོག་པ་རྩའི་གཅེས་ཕྱུག་མི་བཞི་རབ་ཏུ་ཕྱུང་ནས་བྱེ་མ་ལྷ་ཁང་གི་འཁྲིས་སུ་མ་བཀོད་ལྷ་ཁང་བཏབ། ཉེ་གནས་རྒ་བྲན་ནག་པོས་ཁུ་སྟོན་ཟུར་ཕུད་ཀྱི་ཀླུ་ལ་གཏད་ཚེ་སྔགས་མཚན་ཉིད་ཀྱི་རྩོད་པ་བྱུང༌། དེ་སྡུམ་ཚེ་མ་བཀོད་མདའ་རྒྱང་དུ་བསྣུར་བྱ་བ་སོགས་བྱུང་བས་བསྣུར་ཏེ་བྱེ་ལུང་བཏབ་ནས་རྩོད་པ་ཞི་སྐད། དེ་ལྟར་ཀླུ་མེས་ལ་ཞང་སྐོར་རྔོག་སྐོར་གླན་སྐོར་ཐང་སྐོར་ལ་སྔགས་མཚན་ཉིད་གཉིས་ཏེ་བཞིའམ་ལྔའོ། །

སུམ་པས་༼སུམ་པ་ཡེ་ཤེས་བློ་གྲོས།༽འབྲོ་ས་ཐང་དུ་དམེ་རུ་བརྩིགས་ཏེ་སྡེ་མ་འཕེལ། སྤྱིར་ཀླུ་སུམ་གཉིས་གཅིག་དུ་སྡེབས་ནས་གདུང་གཉིས་ཟེར་ལ། དེའི་ཚེ་སྔར་གྱི་ཀ་བ་བཞི། ཀླུ་གསུམ་༼ཉ༨ན༽གྱི་མཁན་བུ་གླན་ཡེ་བྱང༌། ཚལ་ཆུང་གི་གཉོས་ཚུལ་རྒྱལ། འཕངས་དབང་རྒྱན། གཟི་རླུང་གཉིས། ཀླུ་མེས་ཀྱི་གཅུང་དགེ་ངོམ་འདིས་མོན་མཁར་འགན་བཞེངས། མཁན་བུ་མིན་ཡང་མི་ཆེ་བས་གྲངས་སུ་བགྲངས་པ་བྷེ་སྟོན་རྡོ་རྗེ་ཤེས་རབ་འདིས་གཞུང་སྒྲེ་མཁར་བཏབ། དེ་ལ་སོགས་པ་ནི་ཕྱམ་སོ་གཉིས། དེ་བས་ཆུང་བ་ལ་གྲལ་མ་དཔག་དུ་མེད་པ་ཞེས་གྲགས་ཅིང༌། རྒྱལ་དཀོར་ནོར། གཞུ་ཀུན་ར་བཟའ་མི། ཐང་པོ་ཆེ་དགེ་བཤེས། གྲ་ཐང་ལྷ་ཁང་གིས་ཁྱད་པར་འཕགས་པས་ཁྱད་འཕགས་ཀྱི་སྡེ་བཞིར་གྲགས་སོ། །

རྦས་༼ཚུལ་ཁྲིམས་བློ་གྲོས།༽ཡུངས་འགུར་བརྩིགས། ལན་པའི་ལྕིལ་བུ་བཟུང༌། མཁན་བུ་མལ་སེམས་དཔའ་ཤེས་རབ་ཀྱིས་སྟོད་ལུངས་ཆ་ཐོག་བརྩིགས། ཐག་མ་ལྷ་ཁང་དང་མོན་གྲ་བཟུང༌། རྦའི་གཅུང་གིས་གྱེ་རེའི་མདའ་གྲོང་བརྩིགས། གཞོའི་འཆད་ཁ་བཟུང་སྟེ་དེ་རྣམས་རྦ་ཚོར་གྲགས།

རག་ཤིས་༼རག་ཤི་ཚུལ་ཁྲིམས་འབྱུང་གནས།༽ཕྲང་འོག་གི་ལྷ་ཁང་བརྩིགས། ཀ་ཚལ་དང་ཞྭ་བཟུང༌། གཅུང་པོས་དགེ་རྒྱས་བཟུང་དེའི་མཁན་བུ་མཐའ་བཞི་རྒྱལ་འཕགས་ཡིན། དེའི་མཁན་བུ་ཞང་ཤེས་རབ་འཕགས་ཀྱིས་ལན་པ་རྟ་བྲེས་བརྩིགས་ཏེ་དེ་རྣམས་ལ་རག་ཚོ་དང་རག་ཤིའི་གཅུང་ཚོ་ཟེར་རོ། །

འབྲིང་༼འབྲིང་ཡེ་ཤེས་ཡོན་ཏན།༽གིས་ངན་ལམ་སྤྱི་མོ་བརྩིགས་པ་ལས་འབྲིང་ཚོ་སྟོད་པ་མཆེད། དེ་ནས་དཀར་ཆུ་དང་སྙེ་ཐང་བྲག་སྣ་བཟུང༌། དེའི་ལམ་སྟེགས་སུ་བྲང་ར་མོ་ཆེ་བརྩིགས། དེ་ལས་འབྲིང་ཚོ་སྨད་པ་མཆེད། ཀླུ་གོང་ནས་འབྲིང་ཚོ་བར་པ་བྱུང་སྟེ་དེ་རྣམས་ལ་འབྲིང་སྡེ་ཟེར་ཏེ་དབུས་པ་ལྔ་ལས་ཇི་ལྟར་གྱེས་པའོ། །

གཙང་དུ་ལོ་སྟོན་༼ལོ་སྟོན་རྡོ་རྗེ་དབང་ཕྱུག །༽ལ་མཁན་བུ་ཉི་ཤུ་རྩ་བཞི་ཞེས་གྲགས་ཀྱང་སྡེ་ཟིན་པ་ལ། རྒྱ་ཤཱཀྱ་གཞོན་ནུས་ལ་སྟོད་མར་ལ་ཐང་བརྩིགས། དེ་ལས་འབྲིང་མཚམས་ཀྱི་བུལ་ཏོག་ལྷ་ཁང་སོགས་གྱེས། སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི་བརྩིགས། སྟག་ལོ་གཞོན་བརྩོན་གྱིས་སྟག་ལོ་ལྷ་ཁང་བརྩིགས། ཨ་མེས་ཞུ་གཅིག་གིས་མས་ཕྲེང་དང་བྲག་༼ཉ༨བ༽དམར་བཟུང༌། འདར་ཤཱཀྱ་ཡོན་ཏན་གྱིས་གཟུས་པོ་བཟུང༌། ལི་བློ་གྲོས་གཞོན་ནུས་ཇོ་མོ་བརྩིགས། གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས། དེ་རྣམས་མཆེད་པ་ལ་རྒྱ་མཚོ་ནས་གླག་ཚོའི་བར་སོ་སོར་གྲགས་ཅིང་འགའ་ཤེས་རབ་བླ་མས་བསྙེམས་བརྩིགས། རྔོག་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས་ཀྱང་དེ་གཉིས་ཀ་གླག་ཚོར་ཐིམ། གླང་བཙུན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང་སྟེ་བུམ་ཐང༌། ཆག་ས། ཀྲི་གོང༌། མགོས་སྟོན། ཁྲོལ་མ་སོགས་གླང་ཚོ་སྟོད་སྨད་ཏུ་གྱེས། མགོ་བ་ཡེ་ཤེས་གཡུང་དྲུང་གིས་སྦྲེ་ལྷ་ཁང་བཟུང༌། དེའི་མཁན་བུ་ལྕེ་བཙུན་ཤེས་འབྱུང་གིས་ཞ་ལུའི་མ་བརྩིགས་ཏེ་རྒྱ་གར་དུ་ཕྱིན། སྡོམ་པ་བསྐྱར་ནས་བླངས། པཎྜི་ཏ་གཅིག་གི་གསོལ་ཞལ་ལ་མཆོད་ཡུལ་གྱི་གཙོ་བོར་བྱེད། ཕོར་པ་ལ་ཞལ་བུར་ཡུལ་དེ་ན་གྲགས་པས་གཙུག་ལག་ཁང་གི་མིང་ཞ་ལུར་ཆགས། སློབ་མ་ཀ་བཞི་གདུང་དྲུག་དུ་གྲགས་པ་བྱུང་སྟེ་ཞ་ལུ་བརྒྱ་སྐོར་མཆང་༼མཆེད༽།

ཀྱི་ཡེ་ཤེས་དབང་པོས་ཤངས་མཁར་ལུང་དང་གྱེ་རེ་གླང་ར་དེའི་ལས་སྟེགས་སུ་མུ་ཤངས་ཀྱི་རོ་སྐམ་བརྩིགས། འདི་ནས་ཀྱི་ཚོ་སྟོད་སྨད་པར་གསུམ་དུ་གྱེས་ཏེ་གླང་ར་ནས་མཆེད་པ་ལ་གླང་སྐོར་དང་ཉུག་གི་ཨུ་ལུང་ནས་གྱེས་པ་ཨུ་ཚོ་ཟེར་སྟེ་བསྡོམས་ནས་ཀྱི་ཚོ་སྨད་པར་གྲགས།

ཀྱིའི་སློབ་མ་ཨ་མེ་དེའི་མཁན་བུ་རྣམས་ལས་སྤང་གིས་འཁྲིས་དང་ཞང་ཚུལ་འཕགས་ཀྱིས་བྱ་རྒྱུས་བཟུང༌། ཀོང་ཕོ་ཐར་པ་རིན་ཆེན་ལ་མཁན་བུ་བཞིའི་གཟུ་སྟོན་འཕན་གྲགས་ཀྱིས་སྒྲེའི་ལྕེ་མཚམས་དང་རྒྱན་མཁར་སྟག་ལུང་བཟུང༌། དེ་ལས་མཆེད་པ་གཟུ་ཚོར་གྲགས། ལྕེ་བཙུན་དཀར་པོས་ཨང་ཡིག་དང༌། གཡུང་སྟོན་ཛ་ཀ་རིས་བ་འོར་བཟུང་ཡང་མཆེད་པ་མེད། ཤབ་རྩེས་ཤབ་རྩེ་ལྷ་ཁང་བརྩིགས་ཏེ་དེ་རྣམས་ལ་ཀོང་ཚོ་ཟེར་ཞིང་སྤྱིར་དེ་ཐམས་ཅད་ལ་ཀྱི་ཚོ་བར་པར་གྲགས། ཡང་ཨ་མེས་ཀྱིས་ལ་བྲིས་ཀྱི་ཁ་ཆད་ནས་སད་ཀྱི་ལ་སྟེང་བཟུང༌། ༼ཉ༩ན༽དེར་སྟོད་ཀྱི་མཁན་བུ་རྣམས་བཞི་བྱུང་བའི་ཁྲི་སྟོན་བརྩོན་འབར་གྱིས་ཤོང་སྣར་བཟུང༌། ས་རྦད་བཙུན་ཆུང་གིས་བྲང་ཆུང་བཟུང༌། རྒྱ་སྟོན་ཨཱརྻ་དེ་ཝས་སྤོ་རུ་སྣ་བཟུང༌། འདར་ཤཱཀྱ་གཞོན་ནུས་སར་ཕུག་བཟུང་སྟེ། ཁྲི་ཚོ། བྲ་ཚོ། རྒྱ་ཚོ། སར་ཚོ་ཞེས་ཁྲལ་ཚོ་བཞི་བྱུང་བ་ལ་ཀྱི་ཚོ་སྟོད་པར་གྲགས། དེ་ལས་གྱེས་པ་གཞོན་ནུ་འབྱུང་གནས་ཀྱིས་རྒྱན་མཁར་ཐུར་ལ་བཟུང་བས་ཐུར་ཚོ་དང་ཀྱི་བཙུན་དཔལ་ཡེས་འབྲུང་ཀུན་ར་བཟུང་ངོ༌། །

ཚོང་ཚོའི་སྡེ་ནི་ཚོང་བཙུན་ཤེས་རབ་སེང་གེས་སྡོ་གླིང་བཟུང༌། དེའི་མཁན་བུ་ལས་ཁྲལ་ཚོང་གུར་གྱེས་ཏེ་ཚོང་ཚོ་སྟོད་པ་ལ་སྐལ་སྒོར་དང་རྒྱན་སྐོར་གཉིས། བར་པ་ལ་གནས་སར་དང་གནས་རྙིང་གཉིས་ཏེ་བཞི་བྱུང༌། སྨད་པ་ལ་རྦ་ཚོ། ཉན་ཚོ་སྐོར། བྱ་ཆོས་སྐོར། སྨོན་གྲོ་སྐོར། དྭོ་ཚོ་སྟེ་ཁྲལ་ཚོ་ལྔ་ཡོད། དེ་ཡང་ཨ་མེས་ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང༌། དེ་ལ་རྩིས་ལྷ་ཁང་ཉན་ཚོ་སྟག་ཚལ་གྱི་བྱ་ཆོས་མཁར་པོ་ཆེ་སྨོན་གྲོ་གསེར་གྱི་སྒོང་ཐོག་རྣམས་ཕུལ་ནས་བཟུང༌། རང་གི་མཁན་བུ་ལ་སོ་སོར་གཏད་པས་ཚོ་ལྔ་བྱུང་སྟེ་དེ་ལ་རྩིས་ལྷ་ཁང་རྦ་ཡོན་ཏན་བློ་གྲོས་ལ་གཏད་སྟེ་བསྐྱངས་པས་རྦ་ཚོར་གྲགས། རྦའི་མཁན་བུ་ཡོལ་ཆོས་དབང་གིས་སྐྱེགས་གནས་རྙིང་བཟུང་ནས་རྦ་ཚོ་སྟོད་པ་མཆེད། ཡོལ་ཐོག་འབེབས་ཀྱིས་ལྕང་ར་དང་སྟག་པ་ཇོ་བཙུན་གྱིས་ཅེ་ཏེ་བཟུང་ནས་རྦ་ཚོ་བར་པར་གྲགས། རྩིས་ནས་རྦ་ཚོ་སྨད་པ་མཆེད་ཏོ། །ཉན་ཚོ་རྭ་བློ་གྲོས་བཟང་པོ་དང་ཁམས་པ་ལ་གཏད། རྭས་ངུར་མིག་བཟུང་བས་རྭ་ཚོ་བྱུང༌། ཁམས་པས་ལྕགས་མཁར་བཟུང་བས་ཁམས་ཚོ་ཟེར་ཏེ་དེ་གཉིས་ཉན་ཚོར་སྐོར་རོ། །

བྱ་ཆོས་མཁར་པོ་ཆེ་རྒྱ་ཚུལ་སེང་ལ་གཏད་དེས་ཀོང་པོ་ཡེ་འབྱུང་ལ་གཏད་དེས་ད་མུའི་གནས་མོ་ཆེ་དང་མཉམ་དུ་བསྐྱངས་པས་བྱ་ཆོས་སྐོར་རོ། །

སྨོན་གྲོ་མར་པ་རྡོ་རྗེ་ཡེ་ཤེས་ལ་གཏད། དེས་མཁན་བུ་སྣེ་པོ་གྲགས་པ་རྒྱལ་མཚན་གཏད་ནས་སླར་དོང་མཁར་ཕུག་བཟུང༌། ཕྱིས་སྟག་ཚལ་དཀྱུས་ཐང་བཞེངས་ནས་ཨ་མེས་ལ་ཕུལ། མར་པས་༼ཉ༩བ༽བྲན་མ་སྒང་བརྩིགས། དེ་གསུམ་དང་ལན་འགྲོ་བའི་སྟག་ཚང་དང་བཞི་ལ་སྨོན་གྲོའི་མ་དང་མཉམ་པའི་བུ་བཞིར་གྲགས་ཏེ་སྨོན་གྲོ་སྐོར་རོ། །

གསེར་གྱི་སྤོང་ཐོག་ཞང་ཚོར་ཁྲོད་པ་ལ་གཏད། དེས་སེར་གྱི་བྲག་ཤོད་བརྩིགས། བཙན་པོ་སྡིངས། རྩིས་ཀྱི་ཡང་དབེན་ར་སོག་མཚར་ལ། སྟག་ཚལ་མཁར་པོ་ཆེ་བཟུང་ནས་མཁན་བུ་རྦ་དགེ་མཐོང་ལ་གཏད། དེས་རོང་བ་དོ་བཟུང་ནས། མཁན་བུ་འབྲེ་བཙུན་སྔོན་མོ་ལ་གཏད། དེ་རྣམས་ལ་དྭོ་ཚོ་ཟེར་ཏེ་ཁྲལ་ཚོ་འདུས་ནས་འདུན་མ་བྱེད་པ་ན་དེ་དག་གི་བཙུན་ཆུང་གསུམ་བྱུང་བ་ལ་དཔོན་པོ་གར་སོང་དྲིས་པས་འདས་ཟེར་བས་འོ་ན་དྭོ་ཕྲུག་དུ་འདུག་པ་ཞེས་བྱས་ཏེ་དེར་ཆགས་སྐད།

དེ་ལྟར་དབུས་གཙང་གི་མི་བཅུས་ཕྱིན་ཀྱང་དབུས་ནས་སུམ་པ་དང་གཙང་ནས་འོད་བརྒྱད་སྤུན་ཨུ་དཀར་ཏེ་བཞི་ལ་མཆེད་པ་མེད་པས་དབུས་གཙང་མི་དྲུག་དུ་གྲགས་ཅིང་དེའི་ཡང་རྦ་རག་གཅིག་དུ་བསྡེབས་ནས་མི་ལྔར་ཡང་གྲགས་སོ། །

 

དབུས་གཙང་མི་བཅུ་ལ་མི་ཐེ་བ་འ་དང་འབྲེའི་སྡེ་གཉིས་བྱུང་ཚུལ།

 

དབུས་གཙང་མི་བཅུ་ལ་མི་ཐེ་བ་འ་འབྲེའི་སྡེ་གཉིས་བྱུང་སྟེ་འ་ཞ་མགོ་བོ་ཆེའི་བུ་འ་ཡེ་ཤེས་གཡུང་དྲུང་གིས་ཁམས་སུ་སྡོམ་པ་ལེན་དུ་འགྲོ་བའི་ལམ་ལྷ་སར་ཕྱིན་པས་སྟེང་ཁང་དུ་འགྲོ་བའི་སྐས་ཀྱི་ཟུར་ལོགས་ལ་མགོན་པོའི་སྐུ་རི་མོར་ཡོད་པ་ཡར་རེས་རི་མོར་འདུག་པ་ལས་མར་འོངས་ཙ་ན་མགོན་པོ་དངོས་ཐོད་པའི་ནང་ན་མིའི་སྙིང་དང་ཁྲག་བསྲེས་པ་མི་རྩིབ་ཀྱི་ཐུར་མས་གསོལ་ཞིང་འདུག་སྟེ་ངས་ཁྱོད་ཀྱི་ཆོས་སྐྱོང་བྱ་ཡི་ཟླ་བ་གཅིག་ལ་འཁོར་བར་ཤོག་ཟེར་ཏེ་འ་ཚོ་མཐུ་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན། དེར་ཁམས་སུ་བླ་ཆེན་གྱི་མཁན་བུ་ཀྲེ་པོ་མཆོག་བླ་ལ་བཀའ་དྲིན་ཞུས་པས་ངས་ཆུ་གཏོར་བཏང་ལ་འོང་གི་གསུང་ཙ་ན་དེ་ཁར་འདས། མཁན་པོའི་གསུང་དེ་ཀ་ལ་སྡོམ་པ་ཐོབ་པར་བཟུང་བས་དགེ་ཚུལ་ཆུ་གཏེར་མ་ཞེས་པ་བྱུང༌། འ་ཞ་དེས་སྣ་ནམ་འདྲེ་བརྔས་དང་འུ་ཡུག་མདའི་ར་ཤག་དང་དེའི་ལམ་སྟེགས་སྟག་གི་གནས་པོ་ཆེ་བཟུང༌། དེའི་མཁན་བུ་ཤེ་འུ་སྣ་ནམ་པས་ལྷན་གྱི་བ་སོ་ཐང༌། འཁོར་རེ་༼ཉ༡༠ན༽སྐྱི་སྒང༌། ཉང་རོ་བུད་མདོ། འཁོར་རེ་བ་ཁོར། ལྡན་གྱི་དྲེ་ཤོད་རྣམས་བཟུང༌། དེའི་མཁན་བུ་སོག་ཚུལ་ཁྲིམས་བླ་མས་ཀྱང་བ་སོ་ཐང་བཟུང༌། དེའི་མཁན་བུ་སྤང་འདུལ་འཛིན་གྱིས་སྟག་གི་སྤེན་ཅན་བཟུང༌། དེའི་མཁན་བུ་སྣུབས་རིན་ཆེན་གྲགས་ཀྱིས་ཁུ་ལུང་ལྷ་གྲལ་དང་འུ་ཡུག་གསལ་སྒང་སོགས་བཟུང་སྟེ་འ་ཚོའི་སྐོར་རོ། །

ཡང་འབྲེ་གཞོན་ཚུལ་གྱིས་ཁམས་སུ་ཕྱིན་ཁྲི་ཁ་མཁར་སྣར་བླ་ཆེན་གྱི་མཁན་བུ་ཡ་ཟི་བོན་སྟོན་ལ་བཀའ་དྲིན་ཞུས་པས་དེར་བས་གསུངས་ཏེ་དེ་ཀར་འདས། དེ་ལ་སྡོམ་པ་ཐོབ་པར་བྱས་པས་དེར་བས་ཀྱི་བསྙེན་རྫོགས་སུ་གྲགས་དེ་ཕྱིར་ལོག་ནས་རྟ་ནག་ཕུའི་བྱ་ཚང་དང་ཤངས་ཀྱི་བྱེ་ཕུག་བཟུང༌། དེ་ནས་འཇད་ཀྱི་གནས་བརྒྱད་མཆེད་སྟེ་དེ་རྣམས་འབྲེ་ཚོ་ཡིན་ནོ། །

 

སྨད་འདུལ་སྡོམ་རྒྱུན།

 

དེ་ལྟར་དབུས་གཙང་གི་མི་དྲུག་འ་འབྲེ་དང་བཅས་པ་ལས་གྱེས་པ་ནི་སྨད་འདུལ་དུ་གྲགས་པ་ཡིན་ལ། སྡོམ་རྒྱུན་ནི། སྟོན་པ། ཤཱ་རིའི་བུ། དགྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན་བྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་ཡིན། དེ་ཕྱིན་ལ་འདོད་ལུགས་དུ་མ་སྣང་སྟེ་མཁན་པོ་ཞི་བ་འཚོ། རྦ་རཏྣ། ལི་སངས་རྒྱས་ཡེ་ཤེས། ཀ་བ་འོད་མཆོག་གྲགས། དེས་གཡོ་སྨར་གཙང་གསུམ་ཞེས་འདོད་པ་དང༌། ཁ་ཅིག་ཞི་བ་འཚོའི་མཁན་བུ་ཀ་མ་ལ་ཤཱི་ལ། དེས་གཡོ་དགེ་འབྱུང་ཞེས་འཆད་པ་དང༌། རྦ་རཏྣ་མཁན་བུ་སྨར་གཡོ་གཙང་གསུམ་ཡིན་པར་འཆད་པ་ཡང་སྣང་ལ། ཁ་ཅིག་ཇི་ན་མི་ཏྲའི་མཁན་བརྒྱུད་ཏུ་འདོད་ཀྱང་བོ་དྷིས་ཏྭ་བོད་ཀྱི་གདུལ་སྐལ་ཡིན་པའི་རྟེན་འབྲེལ་ལས་དེའི་སྡོམ་རྒྱུན་དུ་གོར་མ་ཆག་གོ །ལྷ་ལུང་རབ་འབྱོར་དབྱངས་ལ་བླ་ཆེན་གྱིས་ཐུག་ཟེར་བའང་དག་པར་མ་མཐོང་ངོ༌། །

བསྟན་པ་སྔ་ཕྱིའི་བར་དུ་དབུས་གཙང་དུ་བསྟན་པ་མེད་པ་ཐང་སྡེའི་ལུགས་ལ་ལྔ་བཅུ་རྩ་གསུམ། བུ་ལུགས་ལ་བདུན་བཅུ། འབྲོམ་ལུགས་པ་ལོ་དོན་བརྒྱད་སོང་བར་འདོད་ཏོ། །

 

སྟོད་འདུལ་དང་དེའི་སྡོམ་རྒྱུན།

 

སྟོད་འདུལ་ནི་མངའ་རིས་སྟོད་ཏུ་མངའ་བདག་སྲོང་དེ་བསྟན་པ་ལ་ཆེར་དད་༼ཉ༡༠བ༽ཀྱང་མཁན་སློབ་མ་རྙེད་པས་ཡབ་སྲས་གསུམ་དཀོན་མཆོག་གི་དྲུང་དུ་རང་གིས་རྟགས་བླངས་ཏེ་ཁོང་རང་གི་མཚན་ཡེ་ཤེས་འོད་ཏུ་བསྒྱུར། པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ཏེ་སཱ་དྷུ་པཱ་ལ་གུ་ཎ་པཱ་ལ་པྲཛྙ་པཱ་ལ་སྟེ་པཱ་ལ་གསུམ་སོགས་མང་དུ་བསྙེན་པར་རྫོགས། པྲཛྙ་པཱ་ལའི་མཁན་བུ་ཞང་ཞུང་རྒྱལ་བའི་ཤེས་རབ། འདིས་པཎྜི་ཏ་མང་དུ་བསྟེན་ཞིང་མཁན་པོ་དང་བལ་པོའི་འདུལ་འཛིན་པྲེ་ཏ་ཀ་ལས་འདུལ་བའི་ལག་ལེན་ཐམས་ཅད་སྦྱངས། ཁ་ཆེ་ཛྙ་ན་ཤྲི་ལས་སོ་ཐར་མདོའི་འགྲེལ་པ་འདུལ་བ་བསྡུས་པ་མཉན་ཏེ་འགྱུར་བཅོས། ཁ་ཆེ་ཤྲཱི་སུ་བྷཱུ་ཏི་ཤཱནྟ་ལ་སུམ་བརྒྱ་པ་རྩ་འགྲེལ་མཉན་ཏེ་དགེ་བློ་དང་གཉིས་ཀྱིས་དག་པར་བཅོས་ནས་ལྷ་བྱང་ཆུབ་འོད་ལ་བཤད། འགྲེལ་པ་སློབ་ཕན་ཡང་བསྒྱུར། ས་མནྟ་ཤྲཱི་ཛཱ་ན་ལ་ཀཱ་རི་ཀ་ལྔ་བཅུ་པ་ཞུས་ནས་རྒྱ་གར་ཁ་ཆེ་བལ་པོ་སྟེ་དཔེ་གསུམ་དང་གཏུགས་ནས་བཅོས་ཅིང་བཤད། དགེ་ཚུལ་གྱི་ལོ་དྲི་དྷརྨ་པཱ་ལའི་རྒྱ་དཔེ་ལས་ཁ་ཆེ་ན་ར་ཡ་དེ་ཝ་ལ་ཞུས་ནས་བསྒྱུར་ཞིང་བཤད། དགེ་སློང་གི་ལོ་དྲི་ཇོ་བོ་རྗེ་དང་ནག་ཚོའི་འགྱུར་ལས་གསན། ཞང་ཞུང་པའི་སློབ་མ་ལོ་ཙཱ་བ་དཔལ་འབྱོར། འདིས་བལ་པོ་ཛ་ཡ་ཀ་ར་ལས་དགེ་སློང་གི་ཀཱ་རི་ཀ་དང་ཁ་ཆེ་པ་ར་ཧེ་ཏ་དང་མ་ཧཱ་ཛི་ན་ལས་དགེ་ཚུལ་གྱི་བསླབ་པའི་གཞི་མདོ་གསན། དེ་ལྟར་ན་དྷརྨ་པཱ་ལ་དང་པྲེ་ཏ་ཀ་ལག་ལེན་གྱི་རྒྱུད་པ་དང་གཞན་རྣམས་བཤད་པའི་རྒྱུད་པ་སྟེ་འདུལ་བའི་བཤད་སྒྲུབ་ཀྱི་བརྒྱུད་པ་གཉིས་ལྡན་ཡིན་ཞེས་ཞིང་མོ་ཆེ་པ་བྱང་ཆུབ་སེང་གེས་བྲིས་པའི་ཚིགས་བཅད་ལྷུག་པར་བཀྲོལ་བ་ཡིན་ལ་སྡོམ་རྒྱུན་ནི། དགྲ་གཅན་ཟིན། ཟག་ཟད་སྡེ། ཆོས་ཀྱི་སྡེ། དྷརྨ་པཱ་ལ། ཞེས་འདོད་པར་སྣང་ལ་སྟོད་འདུལ་འདི་ཤིན་དུ་དག་པར་གྲགས་ཀྱང༌། མཁན་རྒྱུད་འདི་ལ་བར་ནས་ཁ་ཡར་ཆད་པ་ཅིག་ཡིན་པར་དོགས་སོ། །

སྤྱིར་འདུལ་བའི་བཤད་རྒྱུད་ནི། བསྟན་པའི་གཏད་རབས་བདུན་གྱི་འོག་དུ་ཕྱིར་མི་འོང་གློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད། ཆོས་ཀྱི་བཤེས་གཉེན་གཉིས། སེང་གེ་གདོང་ཅན། དེས་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཞེས་སྟོད་༼ཉ༡༡ན༽འདུལ་སྨད་འདུལ་གཉིས་མཐུན་པར་ཁས་ལེན་པར་སྣང་ལ་སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་ཐོགས་མེད་བྱོན་པའི་ལོ་ཚིགས་དང་སྦྱར་ན་གློས་མི་འབེབས་དང་ཡོན་ཏན་འོད་ཀྱི་བར་དུ་འགའ་ཞིག་ཆད་པར་དོགས་སོ། །

 

སྟོད་སྨད་ཀྱི་བཤད་རྒྱུན་གཟུས་ཀྱིས་ཐུག་སྟེ་གཅིག་དུ་གྱུར་ཚུལ།

 

ཛི་ན་དཱ་ན་གཉིས་ལ་ཅོག་རོ་ཀླུའི་རྒྱལ་མཚན། དེ་ལ་གཡོ་སྨར་གཙང་གསུམ། དེ་ནས་བླ་ཆེན་པོ། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན་ཏེ་སྨད་འདུལ་གྱི་བཤད་རྒྱུད་ཏོ། །སྟོད་འདུལ་ནི་ཛི་ན་དཱ་ན་གཉིས་ལ་ཤཱཀྱ་སེ་ན། དེ་ནས་དྷརྨ་པཱ་ལ། དེ་ལ་གྲུ་མེར་གྱི་མཁན་བུ་གྲ་ཕྱིའི་ཀླུབས་ལོ་ཙཱ་དང་སྐྱོགས་འདུལ་འཛིན་གཉིས། དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ་དེ་ཕྱིན་སྟོད་འདུལ་སྨད་འདུལ་གྱི་བཤད་རྒྱུན་གཅིག་དུ་གྱུར་པ་ཡིན་ནོ། །

གཟུས་ལ་བུ་བཞིར་གྲགས་པ། འཛིམས་པ་ཤེས་རབ་འོད་དང་རོང་མཁར་ཕུག་གི་སྣེ་བོ་གྲགས་པ་རྒྱལ་མཚན་སྟེ་གཙང་དུ་བུ་གཉིས། ཀ་ཆུའི་སྤོ་ཆུང་ཚུལ་ཁྲིམས་བླ་མ་དང་རྒྱལ་གྱི་གླན་ཚུལ་བྱང་སྟེ་དབུས་སུ་གཉིས་སོ། །དེ་ལ་འཛིམས་པ་ནི་མངའ་རིས་པ་ཡིན། མཁས་པ་ཆེན་པོར་གྱུར་ནས་གཟུས་ལ་འདུལ་བ་ཉན་རས་འཛིམས་སུ་འདུལ་གྲ་བཙུགས་སློབ་མ་སྟོད་ཏུ་ཞང་ཞུང་རྒྱལ་ཤེ་འཛིམས་སུ་གཞོན་ཚུལ། དབུས་སུ་འབྲོ་སེང་དཀར་སྟོད་པ་ཡེ་ཤེས་བླ་མ། འདིས་འདམ་ཀོ་ཁྱིམ་བཏབ་པས་ཀོ་ཁྱིམ་པ་ཆེན་པོར་གྲགས། སྣེ་པོ་གྲགས་རྒྱལ་ནི་རོང་ལྷོ་རྩ་བ་ཡིན། མཁར་ཕུག་དང་དམུར་འདུལ་གྲ་བསྐྱངས། དེའི་སློབ་མ་སོག་ཚུལ་ཁྲིམས་བླ་མ་ཡུལ་ལྷ་རི་རྩ་བརྒྱད་པ་ཡིན། ལྷན་གྱི་བ་སོ་ཐང་དང་བྱེ་གླིང་སོགས་བཟུང༌། གླན་ཚུལ་བྱང་ཡུལ་རྒྱ་རི་མོ་ཅན་པ་ཡིན། འཕན་ཡུལ་རྒྱལ་དུ་བཤད་གྲ་བསྐྱངས། སློབ་མ་རྒྱལ་བ་གཡུང་དྲུང་དབང་ཕྱུག་གོ །སྤོ་ཆུང་ཡུལ་གཡོར་པོ་འབུམ་གླིང་པ། ཙན་ཐང་རོ་སྐམ། ཀ་ཆུ་རྣམས་བཟུང༌། སློབ་མ་མྱང་མཚན་པ་རིན་ཆེན་བླ་མ། དེའི་སློབ་མ་གམ་གསལ་བའི་སྙིང་པོའོ། །

 

རྒྱ་འདུལ་འཛིན་ཆེན་པོ་ལ་སློབ་མ་ཀ་བཞི་གདུང་བཅུ།

 

རྒྱ་འདུལ་འཛིན་ཆེན་པོ་དབང་ཕྱུག་བརྩོན་འགྲུས་ནི་ཡུལ་ཉང་སྟོད་མདར་བ་ཡིན། ཆུང་ངུ་ལ་ཡུམ་འདས་ནས་གནས་༼ཉ༡༡བ༽གཞི་བྱ་རོག་ཚང་དུ་ཕྱིན་པས་གཟུགས་བྱད་ལ་བརྙས་ནས་མ་ཚུད། དགའ་བ་གདོང་དུ་ཐལ་ཉལ་བྱས་ནས་ཀློག་བསླབས། མདོ་རྩ་ལ་ཀློག་དར་བྱས་པས་གཞུང་ཞར་ལ་ཟིན་ཏེ་སོག་ལ་འདུལ་བ་བསླབས། གཞན་ཡང་སྣེ་གླན་སྤ་གསུམ། སོག་མྱང་ཀེ་གསུམ་ག་དང་བཅས་པ་ལ་སྦྱངས། སོ་བཞི་ནས་བརྒྱད་བཅུ་གྱ་ལྔའི་བར་དགའ་བ་གདོང་དང་ཆུ་མིག་ལུང་དུ་བཞུགས་ནས་འདུལ་གྲ་བསྐྱངས་ཏེ་གྱ་ལྔ་པ་ལྕགས་ཕག་ལ་གཤེགས།

སློབ་མ་འདར་འདུལ་འཛིན། མཐའ་བཞི་བརྩོན་འབར། ཇོ་སྟན་ནག་པོ་དར་ཚུལ། རྨ་ཚོ་བྱང་ཆུབ་རྡོ་རྗེ་སྟེ་ཀ་བ་བཞི། སྣར་རྒྱ་ཚུལ་ཡོམ། སྣང་རྒྱ་རིན་ཚུལ། སྤྱི་ཐེར་པ་རིན་ཚུལ། ཁ་རུ་མེ་སྟོན། འཛིམས་པ་མེ་སྟོན། འཛིམས་པ་ཀློག་སྙིང༌། ལྡོག་པ་ཡེ་གྲགས། མངའ་རིས་པ་དཔལ་འབྱོར་ཤེས་རབ། སྨྱལ་པ་དར་མ་འོད་ཟེར་སོགས་ཏེ་གདུང་མ་བཅུ་རྣམས་སྔ་ཚར་ཡིན། བར་ཚར་ལ་སྐྱ་བོ་ཚུལ་འཕགས། མྱང་འདུལ་འཛིན། ཕྱི་ཚར་ལ་བྲག་དམར་རྡོ་རྗེ་ཕུར་བུ། བརྡ་འདུལ་འཛིན་སོགས་བྱོན་ཞིང་གཞན་ཡང་སྐྱི་ཤོད་པ་ཚུལ་འཕགས་དང་བྱ་འདུལ་སོགས་བྱོན་པ་ལས་འདར་གྱི་ཤབ། ལྕ་པར། ར་ས། བུ་དོང་སོགས་སུ་བཤད། མཐའ་བཞིས་མྱང་རོ་འུམ་ཕུག་བཟུང་སྟེ་མཁས་པ་རིན་སྐྱབས་སོགས་བྱུང༌།

ཇོ་སྟན་ནག་པོ་དར་ཚུལ་ལོ་དྲུག་བཅུ་ལ་རབ་ཏུ་བྱུང༌། ཀློག་ཡིག་བསླབས། སྡེ་སྣོད་གསུམ་དང་ཁྱད་པར་འདུལ་བ་ལ་མཁས་པར་གྱུར་ཏེ་ཡར་ཀླུངས་ཚ་རོང་དང་ལུ་གུ་དོར་བཤད་པས་ཚ་རོང་པར་གྲགས། སློབ་མ་ཤ་མི་འདུལ་འཛིན་སོགས་བྱུང༌། ཤ་མི་ལ་བུ་བཞི་སྟེ་ཀླུབས་དཀར་འདུལ་འཛིན་ཇོ་སྟན་པང་ཚུལ་ཝ་ལ་ཏི་ཇོ་སྲས་ཐག་མ་རྡོར་གཞོན། ཀླུབས་དཀར་གྱིས་རྒྱ་དུར་པང་ཚུལ་གྱིས་ཡང་དབེན་བཏབ་སྟེ་ལྷག་རུ་དང་རྩིབས་དཀར་བ་སོགས་ཡར་ལུངས་སུ་འདུལ་གྲ་མང་དུ་བྱུང་ཞིང་གཡམ་བཟང་ཆོས་རྗེས་གྲགས་པ་སྣུབས་འདུལ་འཛིན་དང་གྲབ་མི་དང་མ་ཚུལ་ཁྲིམས་ཀྱང་འདིའི་མཁན་བུ་ཡིན། ཝལ་ཏིས་སྐྱོར་མོ་ལུང་བཏབ་ཐག་མ་བས་འབྲི་ཁུང་གི་མཁན་པོ་ཡང་མཛད་ཝལ་ཏིས་༼ཉ༡༢ན༽ཀྱང་ཐུག་སློབ་མ་ཐོག་མ་ཀ་ཆེན་རྣལ་འབྱོར་བྱང་སེང༌། གཞུབ་སྟོན་ཡེ་ཤེས་སོགས་ཀྱི་བྱང་སེང་གིས་འཕན་ཡུལ་གྲོ་ས་བཏབ་སྟེ་ཕྱིས་སུའང་དམར་སྟོན་དཔལ་ལྡན་རིན་ཆེན་དང་དམར་སྟོན་རྒྱ་མཚོ་རིན་ཆེན་སོགས་ཀྱིས་འདུལ་བའི་བཤད་པའི་སྲོག་བཟུང་ངོ༌། །བྱང་སེང་གི་སློབ་མ་ཀ་བ་སྟོན་ནམ་གྱིས་ཕྱའི་ཕུར་གྲགས་ཚབ་བཏབ། ཀ་ཆེན་ལས་ཇོག་པོ་དགོན་སར་སོགས་དབུར་སྟོད་དང་འཕན་ཡུལ་དུ་འདུལ་གྲ་དུ་མ་བྱུང༌། ཝལ་ཏི་དང་ཀླུབས་དཀར་གྱི་སློབ་མ་གྲབ་མི་འདུལ་འཛིན། དེའི་སློབ་མ་རྒྱ་ངུར་བ་དར་མ་ཡེ་ཤེས་དང་ཟངས་ཆེན་པ་དར་མ་བསོད་ནམས་ཡིན།

མཁན་སློབ་དེ་གཉིས་ཀྱིས་བསྙེན་པར་རྫོགས་པ་མཚོ་སྣ་པ་ཆེན་པོ་སྟེ་ལྷ་རི་སྡེ་སྣོད་འཛིན་པའི་སྐྱེ་བར་མཚོ་སྣ་སྟོད་ཏུ་འཁྲུངས། ལོ་བརྒྱད་ལ་ངའི་བླ་མའི་དྲུང་དུ་འགྲོ་ཟེར་ནས་ཟངས་ཆེན་པའི་དྲུང་དུ་བྲོས་ནས་ངའི་ཕ་མས་སླེབ་པར་མེད་པས་རབ་ཏུ་འབྱིན་པར་ཞུ་ཟེར་ནས་རབ་ཏུ་ཕྱུང་སྟེ་མཚན་ཤེས་རབ་བཟང་པོར་བཏགས། ཕྱིས་རྒྱ་དུང་བས་མཁན་པོ་བྱས་ཏེ་བསྙེན་པར་རྫོགས། གསུང་རབ་མཐའ་དག་དང་ཁྱད་པར་སྤྱོད་པའི་ཕྱོགས་ས་སྡེ་ཡན་ལག་དང་བཅས་པ་ལ་འདི་ལས་མཁས་པ་བོད་ཏུ་མ་བྱུང་བར་གྲགས། མནལ་ལམ་དུ་སློབ་དཔོན་ཡོན་ཏན་འོད་ལ་འདུལ་བ་མདོ་རྩ། ཞི་བའི་ལྷ་ལ་སྤྱོད་འཇུག་དབྱིག་གཉེན་ལ་མཛོད། ཕྱོགས་གླང་ཆོས་གྲགས་ལ་ཚད་མ་མདོ་དང་རྣམ་འགྲེལ། ཟླ་བ་གྲགས་པ་ལ་གསང་འདུས། རྗེ་བཙུན་བྱམས་པ་ལ་མངོན་རྟོགས་རྒྱན་གསན། སྒང་ཐོག་དང་གླིང་ཆེན་ཕུལ་ནས་བཞུགས་པའི་ཚེ་མགོན་པོ་ཏྲཀྴད་ཀྱིས་ཁྱེད་ཀྱིས་འདུལ་བའི་འགྲེལ་པ་མཛད་པར་ཞུ། དེ་ལ་ཐོས་བསམ་ཉམས་ལེན་བྱེད་པ་ཐམས་ཅད་ངས་བུ་བཞིན་དུ་སྐྱོང་ཞེས་ཞལ་གྱིས་བཞེས་གཉོས་ཆེན་པོའི་གདན་སར་གྲ་འོང་དུ་བཞུགས་ཏེ་འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་དང་མདོ་རྩའི་མཆན་འགྲེལ་སོགས་བསྟན་བཅོས་མང་དུ་མཛད་ཅིང༌། ཐིག་ཕྱི་བ་རྒྱལ་སྲས་བཟང་པོ། ༼ཉ༡༢བ༽མོན་ཁྲབ་པ་ཚུལ་ཁྲིམས་བཀྲ་ཤིས། སྒུ་རབ་པ་གོང་མ་ཆོས་རྒྱལ་བཟང་པོ། སོགས་ཁ་བ་དགེ་འདུན་བཟང་པོ། ཁང་སར་སྟེང་པ་བཟང་པོ་རྒྱལ་མཚན། རི་སྟེང་པ་རྒྱལ་མཚན་བཟང་པོ། མཁན་ཆེན་ཆོས་སྐྱབས་དཔལ་བཟང་སོགས་སློབ་མ་མང་དུ་བྱུང༌། དགུང་ལོ་དོན་གཉིས་སྦྲུལ་ཟླའི་ཉེར་དྲུག་ལ་དགེ་འདུན་བསྡུས་ཏེ་རབ་བྱུང་རྣམས་ཀྱིས་བསྟན་པའི་ཁུར་ཆེན་པོར་བཞེས་དགོས། བསྟན་པའི་ཁུར་བཞེས་ན་ལས་འབྲས་ཁྱད་ཏུ་མ་གསད། བསྟན་པའི་རྩ་བ་སོ་ཐར་ཡིན་པས་བསླབ་པ་རྣམས་འདུལ་བ་ནས་ཇི་ལྟར་བཤད་པ་བཞིན་སྲུངས། དེའི་སྟེང་ནས་ཉིན་རེ་ལ་གསོ་སྦྱོང་ཆག་མེད་བྱང་ཆུབ་སེམས་དཔའི་སྡོམ་པ་ཆག་མེད་ཏུ་ལེན་ཞིང་བློ་སྦྱོང་ཐུན་དྲུག་དུ་སྒོམ་དགོས། དེའི་སྟེང་ནས་སྡེ་སྣོད་གསུམ་དང་ཁྱད་པར་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ཀྱི་གཞུང་ཨ་ཏི་ཤའི་གདམས་པ་རྣམས་ལ་ཐོས་བསམ་དང་ཉམས་ལེན་ཉིན་མཚན་འདའ་བར་འབུངས། སོ་ཐར་དང་བྱང་སྡོམ་སྲུང་བ་ལ་པང་པའི་མི་འདོར་བ་ལྟ་བུའི་གཉེན་པོ་བསྟེན། དེ་རྣམས་ཇི་ལྟ་བར་བསྒྲུབས་ན་སངས་རྒྱས་བྱང་སེམས་བླ་མ་དང་བཅས་པའི་དགོངས་པ་རྫོགས། ང་ལ་བླ་མར་བཟུང་བ་ཡིན། ངེད་རང་ཆོས་པར་ཁས་ལེན་པ་རྣམས་ལ་འཇིག་རྟེན་གྱི་བྱ་བ་སྐད་ཅིག་མ་གཅིག་ཀྱང་མ་མངགས་སོ་ཞེས་ཡང་ཡང་གདམས་ཏེ་སྐུ་འདས། སྐྱེས་བུ་དམ་པ་འདིས་ནི་ཕྱི་རབས་སུ་འདུལ་བའི་བསྟན་པ་མིག་ཕྱེ་བ་ལྟར་མཛད་པ་ཡིན་ཏེ་འདིས་མཛད་པའི་འདུལ་བའི་བསྟན་བཅོས་རྣམས་ཀྱི་དྲིན་ལས་དེང་སང་ཡང་ཆ་ཙམ་གནས་ཅིང་བསྟན་པ་རིས་མེད་ཏུ་ཚད་མར་གྱུར་པ་ཡིན་ལ་བདག་གི་བླ་མ་རྒྱལ་བ་ཀརྨ་པ་བརྒྱད་པའི་ཞབས་ཀྱིས་ཀྱང་འདིའི་ཡིག་ཆ་ཚད་མར་མཛད་ནས་མདོ་རྩའི་ཊཱིཀྲ་ཆེན་འདུལ་བའི་ཆུ་བོ་མཐའ་དག་གཅིག་དུ་འདུ་བའི་རྒྱ་མཚོ་འདི་མཛད་པ་ཡིན་ནོ། །

རྨ་ཚོ་བྱང་རྡོར་གྱིས་རྒྱའི་གྲ་པ་ལྔ་བརྒྱ་ཙམ་ཁྲིད་ནས་དབུས་སུ་བཤད། དེའི་སློབ་མ་བྱ་འདུལ་ཆེན་པོ་བརྩོན་འགྲུས་འབར་ཡིན་ཏེ་གཙང་རོང་གི་གཡུང་དུ་ལྕགས་ལུག་ལ་༼ཉ༡༣ན༽འཁྲུངས། འབྲེ་ཤེས་རབ་འབར་ལས་རབ་ཏུ་བྱུང༌། ཐོག་མར་སོག་དང་ཕྱིས་རྒྱ་དང་རྨ་ཆོ་ཟླ་ཟུར་དུ་བྱས་པ་ལ་འདུལ་བ་སྦྱངས། རྒྱལ་ཚ་ཞང་ཡེ་ལ་དབུ་ཚད། ཟངས་དཀར་ལོ་ཙཱ་ལ་ཡོ་ག་སྟོད་ལུང་པ་ལ་བཀའ་གདམས་གསན། ཟུལ་ཕུར་འདུལ་གྲ་བསྐྱངས། པེ་ཀར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་པ་གཅིག་ལས་མ་མཐོང་བས་དད་སྟེ་བྱ་ཊཱིཀྲ་འཛིན་པ་རྣམས་ལ་གྲོགས་བྱེད་པར་ཞུས། ཕག་གྲུ་པའི་དགེ་སློང་གི་མཁན་པོ་མཛད། ལོ་དགུར་ཚོགས་པ་བསྐྱངས་ནས་མཐར་སྒྲུབ་པ་སྙིང་པོར་མཛད་སྟེ་དོན་དྲུག་པ་ལ་ཟུལ་ཕུར་གཤེགས། སློབ་མ་འགྲོ་དོན་ནུས་པ་དོན་དྲུག་ཙམ་བྱུང༌། དེ་ལས་རྩིབས་པ་གཞོན་སང་གིས་ཉང་སྟོད་མཁར་ལུང་དུ་འདུལ་གྲ་བསྐྱངས། དབོན་པོ་ཆོས་དབང་ལ་སོགས་པ་ཚར་རྩིབས་པའི་མཁན་བུ་དཔལ་ལྡན་གྲོས་ཀྱིས་སྣར་ཐང་བཟུང༌། བ་ཕྱར་སྟོད་ནག་གིས་ལྷས་མོ་ཆེ། སྟག་ཚལ། སྨོན་གྲོ། རོང་མཁར་ཕུག་སོགས་སུ་བཤད། དེའི་སློབ་མ་མངའ་རིས་དགྲ་བཅོམ་གྱིས་པ་གྲོ་བྲག་ནག་དང་ཟམ་ཚེར་བཏབ། དེའི་སློབ་མ་མཆིམས་ན་མཁའ་གྲགས་དང་གྱང་མོ་ཆེ་བ་སོགས་བརྒྱད་བྱུང༌། གྱང་མོ་ཆེ་བ་ལ་སེང་གེ་ཟིལ་གནོན་གྱིས་ཐུག །གཙང་རོང་བ་ལྕེ་འདུལ་འཛིན་གྱིས་དུར༼ངུར༽་མིག་ལ་སོགས་པར་བཤད། དཔལ་ཆེན་ཡེ་ཤེས་གཡུང་དྲུང་དང་དེའི་སློབ་མ་གཉན་སྟོན་དགའ་བ་གདོང་པ་སོགས་བྱུང༌། སངས་རྒྱས་གཞུང་པ། ཨར་དགེ་བ། རི་ཟན་རྡོག་པ། ནགས་མོ་བ། བཀྲ་ཤིས་སྒང་པ་སོགས་ཀྱང་ཟུལ་ཕུའི་ཡན་ལག་གོ་བྱ་འདུལ་གྱི་སྣག་དཔོན་རོག་ཆོས་དབང་གིས་ཟུལ་ཕུའི་གདན་ས་མཛད། དེ་ནས་ཆོས་བྱང་ན་ཟ་ཕྲེང་གསོལ། འདི་ལ་བྱང་རྡོར་གཉིས་ཀྱིས་འདུལ་བ་ཉན་ཞིང༌། འགྲོ་མགོན་འཕགས་པའི་དགེ་ཚུལ་གྱི་སློབ་དཔོན་ཡིན། དེའི་སློབ་མ་ཆོས་ཀྱི་བརྩོན་འགྲུས། །དེའི་སློབ་མ་ཆོས་གྲགས་རིན་ཆེན་དཔལ་སྟེ་གཉིས་ཀས་གདན་ས་བསྐྱངས། དེའི་སློབ་༼ཉ༡༣བ༽མ་ཀ་བཞི་པ། དེའི་སློབ་མ་བསོད་ནམས་གྲགས་པ་དང་གྲུབ་པ་དཔལ། དེ་གཉིས་ལ་བུ་རིན་པོ་ཆེས་འདུལ་བ་གསན་ནོ། །

རྒྱའི་བར་ཚར་སྐྱེས་བོ་ཚུལ་འཕགས་ཀྱི་བུ་ཆེན་འདར་ཚུལ་ཁྲིམས་རྒྱལ་པོ། དེ་ནས་རིམ་བཞིན་སྟོད་ཚུལ་ཁྲིམས་འབུམ། ཉི་སྟེང་པ་བློ་གྲོས་གྲགས། རྒྱལ་ཚུལ་ཁྲིམས་གྲགས། སྣེ་མོ་བ་གྲགས་པ་སྨོན་ལམ། ནེལ་པ་པཎ་ཆེན་སོགས་ནེལ་པ་རྗེས་འབྲང་དང་བཅས་པ་བྱུང༌།

ཕྱི་ཚར་བྲག་དམར་རྡོ་རྗེ་ཕུར་བུ་ལ་སྟོད་པ་དྷརྨ་ཞེས་གྲགས་པ་དེས་གྲོམ་པ་བྲག་དམར་དུ་བཤད་པའི་སློབ་མ་ཞང་ཞི་མཛེས་སོགས་བྱུང༌། བརྡ་འདུལ་གྱི་སློབ་མ་བཤེས་གཉེན་ཤཱཀྲ་གྲུབ་དང་བརྡ་འདུལ་ཕྱི་མས་ཤབ་སྟོད་སོགས་སུ་བཤད། ཆུ་མིག་གི་རྔོག་བཙུན་དཀར་མོས་ཞུས་ནས་ཆུ་མིག་སྡེ་སྐོར་གྱི་མཁན་པོ་མཛད། བརྡའི་སློབ་མ་སྐྱི་མ་གྲགས་ཚུལ་གྱིས་དྲང་པོ་ལུང༌། ཆག་ཉི་མས་ཤངས་སྲེག་ཤིང༌། མཐའ་སྟོན་གྱིས་མྱང་རོ་བླ་རིང་དུ་གྲ་བསྐྱངས། ཤཱཀྲ་གྲུབ་ཀྱིས་བརྡའི་གདན་ས་མཛད་པ་ལ་ཀློག་སྐྱ་དཔལ་འབྱོར་གྱིས་གསན་ནས་དོན་མོ་རིར་བཤད། སློབ་མ་སྐྱེལ་ནག་ཞང་ཤེར་འོད། དབོན་པོ་ཁྲི་བརྟན་སེང་གེ་ཤཱ་རྡོར་དང་བཞི་བྱུང༌། ཕྱིས་ཤེས་རབ་འོད་ཀྱིས་གདན་ས་མཛད་སྟེ་ཆུ་མིག་འདུལ་གྲ་བ་རྣམས་བྱུང༌།

ཡང་ཁ་ཆེ་པཎ་ཆེན་གྱིས་སྣར་ཀླས་མོ་ཆེར་དབྱར་གནས་མཛད། འདུལ་བ་མེ་ཏོག་ཕྲེང་རྒྱུད་གསུངས་པ་ལ་སེང་གེ་ཟིལ་གནོན་དང་ཤངས་པ་ཇོ་སྟན་གྱིས་གསན་ནས་སོ་སོར་ཊཱིཀ་མཛད། སེང་གེ་ཟིལ་གནོན་ལ། ཚད་མའི་སྐྱེས་བུ། དེ་ལ་བུ་རིན་པོ་ཆེས་གསན་ཏེ་གླིང་འབུམ་ཊཱིཀ་ཆེན་སོགས་མཛད་ཏོ། །འདུལ་བ་མེ་ཏོག་ཕྲེང་རྒྱུད་འདི་ལ་ཕྱིས་ཀུན་མཁྱེན་རོང་པོ་སོགས་ཀྱིས་དགྲ་བཅོམ་པས་བརྩམས་པ་དང་ཚིགས་བཅད་བཟང་པོར་ཡོད་པ་དང་གླེང་གཞི་རྩ་བས་ཟིན་པ་སྟེ་ཁྱད་ཆོས་གསུམ་ཡོད་ཅེས་རྩལ་དུ་བཏོན་ཡང་དགྲ་བཅོམ་པ་ལས་བྱང་ཆུབ་སེམས་དཔའ་བསམ་པ་རྒྱ་ཆེ་བའི་རྟེན་འབྲེལ་གྱིས་ད་དུང་མདོ་རྩ་ཁོ་ན་དར་རོ། །

 

ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི།

 

པཎ་ཆེན་སྡོམ་རྒྱུན་ནི། ཁྲོ་ཕུ་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་རྣམ་ཐོས་སྲས་བྲན་དུ་འཁོལ་བ་དེས་ཁ་ཆེ་བསོད་སྙོམས་པ་སྤྱན་དྲངས་ཏེ། པཎ་ཆེན་དེ་ནི་ནུབ་ཕྱོགས་ཁ་ཆེའི་ཡུལ་ཁྲི་བརྟན་གྱི་གྲོང་པྲ་ཝ་སུ་རར་ཡབ་རྒྱ་མཚོའི་དེད་དཔོན་ཛམ་ནག་གྲུབ་པ་སམ་ཀ་ཡའི་སྲས་སུ་འཁྲུངས། མཚན་ཛ་ཤོ་དྷ་༼ཉ༡༤ན༽རར་བཏགས། ལོ་བཅུ་ནས་སྒྲ་ཚད་གཟོ་གསོ་མཐའ་དག་ལ་སྦྱངས་ཏེ་གཞན་ལུགས་ཚར་བཅད་ནས་རྒྱལ་པོས་ཅོད་པན་བཅིངས། དགུང་ལོ་ཉེར་གསུམ་ལ་རབ་ཏུ་བྱུང་ཚེ་རྣལ་ལམ་ན་བྱང་ཆུབ་ཀྱི་ཤིང་ལོ་སྤྱི་བོར་སྤུངས་ཏེ་བྱུང༌། རབ་ཏུ་བྱུང་མ་ཐག་བྱང་ཆུབ་ཆེན་པོ་དང་བྱམས་པ་དང་སྒྲོལ་མ་གསུམ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པས་ཞག་རེ་ལ་ཆོས་སྤྱོད་བཅུ་མ་ཆག་པར་བྱེད་པ། ནོར་རྫས་ཅི་ཡང་བདག་དུ་མི་འཛིན་པ༌། གནོད་ལན་དུ་ཕན་འདོགས་པ། རྐྱེན་ཅི་འབྱུང་ཡང་ཐབས་གཞན་མི་འཚོལ་བར་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་སྟེ་བཞིའི་དམ་བཅའ་མཛད། བྱམས་པས་ཤར་ཕྱོགས་སུ་སོང་ལ་རིག་པ་མཐར་ཕྱིན་པར་གྱིས་ཤིག་པར་ལུང་བསྟན། ཞི་འབྱུང་སྦས་པ་དང་དབྱངས་སྙན་དང་བློ་སྦས་སོགས་བསྟེན་ནས་གསུང་རབ་ཐམས་ཅད་སྦྱངས་ཏེ་དབྱིག་གཉེན་ལྟར་ཏིལ་མར་གྱིས་ཟངས་བཀང་བར་སྐུ་དཔྱིངས་ཏེ་ཞག་དུ་མར་འབུམ་སྡེ་དུ་མ་ཞལ་ཐོན་མཛད། ཕར་ཕྱིན་གསན་པའི་རྣམ་རྫོགས་སྦྱོར་བའི་ཚེ་མདུན་གྱི་སྤྲིན་ཕུང་ལས་སྟོང་ཉིད་ཀྱི་སྒྲ་སྒྲོག་པ་གསན་ཏེ་ཏིང་ངེ་འཛིན་མི་མཚམས་པ་དཔག་མེད་སྐྱེས། སུམ་བཅུ་པ་ལ་མཁན་པོ་ཞི་འབྱུང་སྦས་པ་སོགས་བཅོ་བརྒྱད་ཀྱི་ཚོགས་ལས་བསྙེན་པར་རྫོགས་ཏེ་སྟན་གཅིག་དང་བསོད་སྙམས་པའི་སྦྱངས་ཡོན་བཟུང༌།

པཎ་ཆེན་དེ་ཝ་པུཎྱེས་རྡོ་རྗེའི་ཐེག་པར་སྨིན་གྲོལ་དུ་མཛད་སྟེ་བདེ་མཆོག་དང་དུས་ཀྱི་འཁོར་ལོའི་ཞལ་བསྟན། ཙནྡནའི་ནགས་སུ་འཇམ་དབྱངས་དང་རྟ་མགྲིན་དང་སྒྲོལ་མའི་གསུང་ཐོས། སངས་རྒྱས་རིམ་གྲོ་པ་ཟུང་དང་བཅས་པས་ཀླུའི་རྒྱལ་པོ་ལ་བསོད་སྙོམས་མཛད་པ་དང་བྱམས་པ་ལ་རྒྱལ་པོ་དགེ་དབང་གིས་བསིལ་ཡབ་གཡོབ་པ་གཟིགས་ཅིང་ཆོས་བདུན་གསན། མར་མེའི་རྩེར་བྱམས་པ་དང་སྒྲོལ་མ་དང་ཐུབ་དབང་གཟིགས། རྡོ་རྗེ་གདན་དུ་མཆོད་པ་མཛད་པ་ལས་སྤོས་སྤྲིན་གྱི་དུད་པ་སྤྲིན་དུ་འཁྲིགས་པས་ཞག་བདུན་དུ་ན་མཁའ་ཁྱབ་པ་ལས་གློག་དང་ཟུང་འཇུག་སྒྲུབ་པའི་ཆོས་ཀྱི་ས་བྱུང་ཞིང་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས། རི་མོའི་བུད་མེད་ཀྱིས་འོ་མའི་བསོད་སྙོམས་ཕུལ་བ་༼ཉ༡༤བ༽འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ་སྦྲང་རྩི་ལྟ་བུའི་བདུད་རྩིར་གྱུར་པ་དང༌། འབྲོག་པས་འོ་མའི་བསོད་སྙོམས་ཕུལ་བའི་བྲིས་མ་ལ་བཀྲ་ཤིས་ཀྱི་རྟགས་བརྒྱད་ཤར། ཝ་ར་ཎ་སིའི་གནས་སུ་སངས་རྒྱས་ངང་པའི་གཟུགས་ཀྱིས་མ་ཧེ་ལ་གནས་པ་ཅིག་གིས།

སྒྱུ་མ་ལྟ་བུར་གཟུང་དོན་མེད། །རྨི་ལམ་ལྟ་བུར་འཛིན་དོན་མེད། །ཚོགས་གཉིས་དབྱེར་མེད་ལམ་གྱི་མཆོག །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཞེས་གསུངས་པ་གསན་ཏེ་སེམས་སྐྱེད་ཀྱང་ཞུས། བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེན་ཡང་གཟིགས། ཆོས་དེ་དག་རང་གི་ཁྲག་གིས་པགས་པ་ལ་བྲིས་ཏེ་སྣོད་ལྡན་ལ་བསྒྲགས།

ཉི་སྦས་དང་ཟླ་སྦས་ལ་བྱམས་ཆོས་གསན་པས་ཐེག་པ་སྣ་ཚོགས་ཀྱི་དོན་དགོངས༌། བྱམས་པ་ལས་རྣམ་ཀུན་གྱི་སྐབས་ཀྱི་ཆོས་བདུན་གསན། འཇམ་དབྱངས་རྟ་མགྲིན་སྒྲོལ་མ་གསུམ་རང་རང་གི་རྩ་སྔགས་ཟླ་བ་གསན། ཝ་ར་ཎ་སིའི་འདམ་བུའི་ཁྲོད་ན་རྟེན་བྱིན་རླབས་ཅན་ཞིག་ཡོད་པ་མཇལ་བས་དེས་དངོས་སུ་ཆོས་གསུངས། དེའི་ཚེ་ལྔས་རྩེན་གྱི་བུས་གླུ་བླངས་ཅིང་རྔ་བརྡུངས། ཨོ་ཏྱནྟ་པུ་རིར་བྱང་ཆུབ་ཆེན་པོས་ཞལ་འཛུམ་པ་དང་སྒྲོལ་མས་མཆོད་རྫས་དངོས་སུ་བཞེས། མུ་སྟེགས་པ་དང་རྩོད་ཚེ་ཉིན་མོ་རྩོད་ལན་མ་ཐེབས་པ་མནལ་ལམ་དུ་སྒྲོལ་མས་ལུང་བསྟན་ནས་རྒྱལ། རྩོད་པ་ལས་རྒྱལ་བའི་ཡོན་རྒྱལ་པོས་ཕུལ་བ་རྣམས་ལས་རྟེན་ཁྱད་པར་ཅན་གསུམ་བཞེངས། མཆོད་རྟེན་མཚོན་ཆའི་འཁོར་ལོ་ཅན་ལ་གདུགས་སུས་འཁེལ་བ་ཀུན་གྱིས་བླ་མར་འཛིན་པ་ལས་ཁྲོ་གཉེར་ཅན་གྱིས་བྱིན་གྱིས་བརླབས་པས་བྱ་རོག་གིས་གྲོགས་བྱས་ཏེ་ཆོས་རྗེས་འཁེལ། ལུས་ཀྱི་བྱ་བ་རེ། ངག་གིས་གཞུང་རྩོམ་པ། ཡིད་ཀྱིས་དྲི་བ་དགུའི་དོན་སེམས་པ་རྣམས་དུས་དེར་ནུས་པས་ཡོངས་སུ་གྲགས་པའི་པཎ་ཆེན་དུ་གྱུར།

བི་ཀྲ་མར་དབང་བསྐུར་མཛད་པ་ན་བུམ་ཆུ་བདུད་རྩིར་གྱུར་པས་བུམ་པ་གང་བ་ཉིན་ཕྱེད་ཏུ་ལོངས་སྤྱད་པས་མ་ཟད། རྒྱ་ནག་གི་རྒྱལ་པོའི་ཕོ་ཉས་སྤྱན་དྲངས་ཚེ་དགེ་སློང་དཀར་ཞིང་དུལ་བ་ཞིག་གིས་ད་ལྟ་འགྲོ་བའི་དུས་མ་ཡིན་མ་འོངས་པ་ན་སོང་ཞིག་ཞེས་བསྟན། ཁ་ཆེར་གྲོགས་པོ་ཅག་གིས་གྲང་བའི་ཚེ་བསོད་སྙོམས་༼ཉ༡༥ན༽མཛད་པ་འོ་བརྒྱལ། འཚོ་བ་ངས་འབུལ་ཟེར་བ་ན་སྒྲོལ་མས་ཁྱོད་སངས་རྒྱས་ཀྱི་བསྟན་པ་མི་འཛིན་ནམ་གསུངས་པས་བསོད་སྙོམས་མཛད། ཐོ་རེངས་ཀྱི་བརྡ་སྒྲས་རྐྱེན་ཏེ་དགའ་ལྡན་གྱི་གནས་གཟིགས་ཅིང་བྱམས་པ་ལས་དད་པ་སྙིང་རྗེ་ཤེས་རབ་བརྩོན་འགྲུས་ཏེ་ཆོས་བཞི་གསན། རྡོ་རྗེ་གདན་དུ་ཅུང་ཟད་བསྙུངས་ནས་གཟིམས་པ་ན་དོན་ཞགས་དཀར་པོ་ཕྱག་བརྒྱད་པ་ལ་སྒྲོལ་མ་ཁྲོ་གཉེར་ཅན་རྟ་མགྲིན་ནོར་བཟང་རྣམས་ཀྱིས་བསྐོར་བ་གཟིམས་པ་ཅིག་གཟིགས། བཞེངས་པ་ན་དེ་རྣམས་ཀྱང་བཞེངས་པར་གཟིགས་ནས་སྒྲུབ་ཐབས་མཛད་པ་ནི་དོན་ཞགས་ཁ་ཆེ་མར་གྲགས། རྡོ་རྗེ་གདན་ལ་རྒྱལ་པོ་བྷ་མི་དེ་ཝའི་དམག་ཡོང་ཟེར་ནས་བལྟར་བྱོན་ནས་རྒྱང་གྲགས་ཙམ་དུ་བསོད་སྙོམས་མཛད་ནས་ཕྱིར་ལོག་ཚེ་མ་ཧཱ་བོ་དྷི་མདུན་ན་བྱོན་འདུག་ལྷུང་བཟེད་བཞག་ལ་ཕྱག་བྱ་སྙམ་པ་ན་དེ་ཕྱི་འགྲོས་ཀྱིས་ཇེ་རིང་ལ་སོང༌། ཕྱི་བཞིན་བྱོན་པས་བྱང་ཆུབ་ཆེན་པོའི་སྤྱན་སྔར་སླེབས། སླར་བྱོན་པས་ནགས་ནའང་སྔ་མ་བཞིན་འདུག་སྟེ་མཚན་ཉིད་ནི་མི་ཤེས་གསུངས། དེའི་ཚེ་རི་བྱ་རྐང་ལ་གྲུབ་ཐོབ་མང་དུ་ཡོད་པ་དང་སིངྒྷ་གླིང་ན་དགྲ་བཅོམ་པ་བཞུགས་པ་ལ་རྒྱལ་པོས་བསྙེན་བཀུར་མང་དུ་སྐྱེལ་བ་ན་དེ་དག་ཚིག་མཐུན་པར་ངེད་ལ་ཐག་རིང་དུ་བསྙེན་བཀུར་བ་བས་ཁྱེད་རང་གི་མ་ག་དྷ་ན་པཎ་ཆེན་ཤཱཀྱ་ཤྲཱི་བྱ་བ་མ་བྱོན་པའི་སངས་རྒྱས་རབ་གསལ་བཞུགས་པ་ལ་བསྙེན་བཀུར་བ་བསོད་ནམས་ཆེ་ཞེས་བསྐུལ་ཞིང་ཨོ་རྒྱན་ནས་མཁའ་འགྲོ་མས་ཀྱང་ལུང་བསྟན། རྒྱལ་པོ་སོགས་ཐམས་ཅད་ཀྱིས་གཙུག་གི་ནོར་བུར་བསྐུར། མ་ག་དྷར་བཟླས་སྒོམ་བྱས་ལ་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་བྱ་དགོས་སྙམ་པ་ན་མནལ་ལམ་དུ་མི་ཐོབ་ཅེས་བྱུང༌། ཡང་ཡང་གསོལ་བ་བཏབ་པས་ད་ལྟའི་སྤྱོད་པ་འདི་དོར་ནས་བསྒྲུབས་ན་འགྲུབ་ཅེས་བྱུང་གསུངས་ཏེ་སྤྱོད་པ་འདི་ལས་ལྷག་པ་མཆིས་སམ་ཞུས་པས་འདི་ཀུན་གཞན་དང་བསྟུན་པའི་ཙབ་ཙུབ་ཙམ་ཡིན། སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་མང་གསུངས། ༼ཉ༡༥བ༽

ཛ་ཡན་གར་རྒྱལ་པོའི་མཆོད་གནས་མཛད་པ་ན་མནལ་ལམ་དུ་སྒྲོལ་མས་ཕྱག་གཡས་བརྐྱངས་པའི་མཐིལ་ན་གསེར་དང་དངུལ་དང་བཻ་ཌཱུརྻའི་ཡི་གེ་ཏཱཾ་གསུམ་སྣང་བ་བྱིན་ནས་རྒྱལ་པོའི་འཁོར་ལོངས་སྤྱོད་པས་འདི་དགའ་བ་ཡིན་ནོ་གོ་འམ་གསུང་བས་མཆོད་གནས་བོར་ཏེ་འོན་ཀྱང་རྒྱལ་པོས་ནན་གྱིས་ཞུས་པས་ས་ཕྱོགས་དེར་བཞུགས། གར་ལོག་གི་དམག་གིས་ཡུལ་དབུས་བརླག་ཚེ་རྗེ་བཙུན་མས་རིགས་ཀྱི་བུ་ཁྱོད་ཤར་ཕྱོགས་སུ་སོང་ཞིག་གསུངས་ཏེ་བྱོན། འཇིགས་པ་ཆེ་ཞིང་ལམ་མ་ཤེས་པ་ན་ཉིན་མོ་མི་དཀར་པོ་ཅིག་དང་མཚན་མོ་བུད་མེད་དམར་མོ་རེས་སྣ་དྲངས། མ་ཧཱ་ཀཱ་ལས་དགེ་བསྙེན་ནག་པོ་ཅིག་དུ་བྱས་ཏེ་མར་མེ་བཏེག །སྐར་མ་པ་ཝ་སངས་ཀྱིས་མེ་ཏོག་གཏོར་ཞིང་ལམ་མཚོན་ནས་ཚེགས་མེད་པར་བཏོལ། ཛ་གཏྟ་ལར་བསོད་སྙམས་དཀའ་བར་བྱུང་ཚེ་རིག་འཛིན་གྱི་ལྷ་མོ་བཞིས་གདུགས་ཚོད་དྲངས་པ་རྨི་བ་ནས་རྙེད་སླ་བར་བྱུང༌།

དེ་ལྟར་རྒྱ་གར་བྱང་ཕྱོགས་སུ་ཕེབས་པ་བོད་ཏུ་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་གསན་ནས་ཅིང་ཕོ་བྱི་བ་ཁྲ་ཟླའི་བཅོ་ལྔ་ལ་གདན་འདྲེན་དུ་འབྱོན་པར་ཆས་པའི་ཕྱི་ནུབ་པཎ་ཆེན་ཛ་ག་བི་ཧར་ན་བཞུགས་ཚེ་མཆོད་རྟེན་གྱི་རྩེ་ནས་ལྷའི་བུ་གསུམ་འོངས་ཏེ་དང་པོས་གཙུག་གི་ནོར་བུ་ཕུལ་ནས། ཁོ་བོ་ནི་གཙུག་ཏོར་ཅན་བྱ་བ་མི་ཡུལ་གྱི་ཆོས་པ་རྣམས་ལ་ཕན་འདོགས་པ་ཡིན་ཟེར་ཡང་ཁོ་བོ་བསོད་སྙོམས་པ་ཡིན་པས་ནོར་བུ་མི་འདོད་གསུངས་ཏེ་མ་བཞེས། ཡར་ལུངས་ཇོ་བོའི་ཆོས་བྱུང་ན་འདི་ལ་སངས་རྒྱས་གཙུག་ཏོར་ཅན་ཞེས་འཁྲུལ་སྣང༌། གཉིས་པས་གསེར་གྱི་མེ་ཏོག་གསུམ་ཕུལ་ཏེ་ཁོ་བོ་གསེར་མདོག་ཅན་བྱ་བ་རྒྱལ་ཆེན་རིས་བཞི་པའི་ལྷའི་བུ་ཐམས་ཅད་ལ་ཕན་འདོགས་པ་ཡིན་ཟེར་ཏེ་བླངས་ནས་དཀོན་མཆོག་གསུམ་ལ་རེ་རེ་ཕུལ། གསུམ་པས་ཁོ་བོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ལྷ་མི་དགེ་བ་སུ་བྱེད་ཀྱི་གྲོགས་བྱེད་པ་ཡིན་ཟེར་སྟེ་འབྲས་ཆེན་ལྷུང་བཟེད་གང་བསོད་སྙོམས་སུ་ཕུལ། གསུམ་གས་མགྲིན་གཅིག་དུ་བྱང་ཕྱོགས་ཁ་བ་ཅན་ཡི་༼ཉ༡༦ན༽དྭགས་ཆོས་འཛིན་གྱི་ཡུལ་དུ་བྱམས་པའི་སྐུ་ཚད་བཞེང་པའི་གྲོགས་ལ་འབྱོན་པར་ཞུ་ཟེར། སྐུ་ཇི་ལྟ་བུ་དྲིས་པས་འདི་འདྲ་ཞིག་ཡིན་ཏེ་ཕྱག་མགོ་ཞབས་མགོ་ལས་མཚར་ཟེར་ཏེ་ལྡེར་ཚོ་ཆེན་པོ་ཞིག་བསྟན། བྱམས་ཆེན་གྱི་སྐུའི་སྤར་གྱི་ཕྱག་ཞབས་ཀྱི་མགོ་བྱས་པའི་སྐབས་སུ་འདུག་ལྡེར་ཚོ་དེ་ལས་འོད་ཟེར་དཔག་དུ་མེད་པ་འཕྲོས་ནས་འཇིག་རྟེན་སྣང་བར་བྱས་ཏེ་འདི་ལ་འབྲེལ་པ་བཞག་ཚད་བྱམས་པའི་བསྟན་པ་ལ་འཁོར་བ་ལས་ཐར་ཟེར་བའི་སྒྲ་གསན།

སྒྲོལ་མས་ཀྱང་བྱང་ཕྱོགས་སུ་སོང་ཞིག་པར་ལུང་བསྟན་ཏེ་བྱང་ཕྱོགས་ནས་སྤྱན་འདྲེན་དོ་གལ་ཅན་ཡོད་པས་འགྲོ་གསུངས་ཏེ་ཚོང་འདུས་ལ་དྲུ་བར་བྱོན་ནས་ཟླ་བ་ཕྱེད་བསྒུགས། འཁོར་རྣམས་སྐྱོ་ནས་ལྡོག་པར་རྩོམ་པ་ན་ད་དུང་ཞག་གསུམ་སྡོད་ཅིག་གསུངས། ལོ་ཙཱ་བ་ཆེན་པོས་མོན་གྱི་ལམ་རྣམས་སུ་ཚ་གྲང་གཅན་གཟན་དུག་མའི་ཏོ་མ་སོགས་ཀྱི་འཇིགས་པ་དང་ལམ་འཁྱམས་པ་སོགས་ཀྱི་དཀའ་བ་ཆེར་སྤྱད་ནས་གྲོ་མོའི་གཏིང་རྒྱ་གར་བྱང་གི་བཻཌཱུར་ཚོང་འདུས་སུ་བཞུགས། སྤྱན་འདྲེན་པའི་གསོལ་བ་འདེབས་པ་ལ་ཡུལ་གྲུ་ཤིན་དུ་ཆེ་ཡང་དཀོན་མཆོག་གི་རྟེན་མ་རྙེད་ནས་གནས་ཁང་གི་ཁྱམས་ན་བྱིས་པའི་རྩེད་མོ་བྱེད་ས་སྟོན་པའི་འབྱིམ་སྐུ་ཅིག་དང་ཤིང་གི་མཆོད་རྟེན་ཞིག་འདུག་པ་ལ་མཆོད་པ་བྱས་གསོལ་བ་བཏབ་སྟེ་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །

ཤཱཀྱའི་བསྟན་ལ་ཤཱཀྱའི་སྲས་བལྟམས་ཤཱཀྱའི་མཚན། །ལྔ་རིག་གཙུག་ནོར་དྲི་མེད་བརྟུལ་ཞུགས་བརྟན་པོ་འཛིན། །ཐུགས་རྗེའི་བདག་ཉིད་ངོ་མཚར་ཆོས་བཞིས་ཁྱད་འཕགས་གང༌། །པཎ་ཆེན་དམ་པས་བདག་སོགས་རྗེས་འཛིན་སྐྱོང་གྱུར་ཅིག །རིང་ཞིག་དུས་ནས་ཁྱོད་ཀྱི་མཚན་ཙམ་ཐོས་པས་ཀྱང༌། །རབ་དད་དགའ་སྐྱེས་སྤུ་ལྡང་མཆི་མ་འཁྲུག་འགྱུར་བ། །རིགས་ལྡན་བུ་ཞིག་གངས་ཅན་ཁྲོད་ནས་ཉིན་མཚན་དུ། །ཐལ་སྦྱར་སྤྱིས་འདུད་གདུང་བས་གསོལ་འདེབས་མཁྱེན་པར་མཛོད། །མ་ག་དྷ་སོགས་རིག་འབྱུང་གནས་༼ཉ༡༦བ༽ནི་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམ་ཨཽ་རྒྱན་ཁ་ཆེ་བལ་ཡུལ་ཡང༌། །ལོག་སྤྱོད་ཀྱིས་ཁེབས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་སྐྱོད་ཞུ། །སེམས་པ་གཞན་བཏང་ཁྱོད་ལ་ཡིད་བྱེད་གཅིག་པུ་ཡིས། །ཅིར་ཡང་མ་ཆགས་དཀའ་བ་དུ་མ་ཁྱད་བསད་ཅིང༌། །འདོད་པའི་ཡུལ་སྤངས་བཤུལ་རིང་བགྲོད་དཀའི་ལམ་ཞུགས་ཏེ། །ངལ་བརྒྱས་མཆིས་སོ་རེ་བ་མ་ལུས་མཆིས་པར་མཛོད། །རྒྱལ་སྲས་ཁྱེད་ལ་དོན་འགྱུར་གདུལ་བྱ་རྗེས་འཛིན་ལས། །གཞན་ལྟ་ཅི་མཆིས་ནུས་ཡོད་བཞིན་ཡང་བྱམས་པའི་ཕས། །བསད་སར་བུ་ཁྲིད་ཅི་དགར་ཡལ་དོར་འདྲར་གྱུར་ན། །ཀྱེ་མ་ཁྱེད་ཐབས་ཐུགས་རྗེ་གང་ལགས་བདག་ལ་གསུངས། །ཅེས་པའི་ཞུ་ཡིག་སམ་ཀྲྀ་ཏར་བྲིས་གསེར་གྱི་ཤེར་སྙིང་བོད་ཡིག་མ་གཅིག་དང་མི་ཉག་གྷའི་དར་ཆེན་གྱི་ན་བཟའ་ཟུང་ཇུ་ཟབ་ཀྱི་བླ་རེས་བཟང་པོ་དང་བཅས་ཁ་ཆེའི་པཎ་ཆུང་ལ་སོགས་པ་བཞི་མངགས།

ཆོས་རྗེ་ལ་དྲུ་བར་ཞག་གསུམ་འཐེན་པའི་ཕྱི་ཉིན་འཁོར་རྣམས་ཕྱིར་འགྲོ་བའི་ཆས་བྱེད་པའི་ཚེ་ཕོ་ཉ་བ་བཞིས་སླེབས་ཏེ་ཞུ་ཡིག་ཕུལ། ཆོས་རྗེས་པཎ་ཆུང་དགུ་པོ་ལ་བཀའ་བགྲོས་པ་ན་གནས་སྐབས་འདི་འདྲ་བདག་ཅག་གིས་ག་ལ་ཤེས་ཆོས་རྗེ་ཉིད་མཁྱེན་པར་ཟད་ཏོ་ཟེར་སྒྲོལ་མ་ལ་ཞུའོ་གསུངས་ནས་ཞག་ལྔར་མཚམས་མཛད། ལྟས་བཟང་པོ་བྱུང་ནས་འབྱོན་པར་དགོངས་ཚེ་ཛ་གདྡྷ་ལའི་གནས་བརྟན་ཆེན་པོ་གཉིས་ཀྱིས་དགེ་འདུན་སྟོང་ཕྲག་གསུམ་ཁྲིད་རྒྱ་གར་ན་ངོ་ཆེན་གལ་ཅན་ལ་རྟེན་གདན་འདྲེན་པས་ཀླུ་སྒྲུབ་ཀྱིས་རབ་གནས་མཛད་པའི་ཐུགས་རྗེ་ཆེན་པོ་དང་པཎ་ཆེན་གྱི་ཐུགས་དམ་ཡིན་པས་སྒྲོལ་མའི་སྐུ་ཡང་དགོས་ཟེར་ནས་ཙནྡྲ་གོ་མི་དར་སྤྱན་དྲངས་པ་སླེབས། ཆོས་རྗེས་ཀྱང་ལུགས་བཞིན་གསུ་བ་དང་འདུད་པ་མཛད། པཎ་ཆུང་གིས་དཀོན་གཉེར་ལ་གསུང་བྱིན་ཏེ་སྒྲོལ་མ་ཞལ་ཕྱིར་བསྒྱུར་ཤིང་རྟའི་གཟེར་ལྕག །འོན་ཀྱང་རྟེན་གྱི་ངོ་ཆེན་ལ་མི་ཉན་པའི་སྲོལ་མེད་༼ཉ༡༧ན༽ནས་རེ་ཞིག་ཕྱིར་བྱོན། ལོ་ཙཱ་བས་དེ་མནལ་ལམ་དུ་མཁྱེན་ནས་རྣམ་སྲས་གནད་ལ་བོར། ཆོས་རྗེ་ཞག་ཁ་ཅིག་བྱོན་ནས་ཞག་བདུན་དུ་སྐོར་མཆོད་མཛད་ཀྱང་ཐུགས་མ་ཕེབས། མནལ་ལམ་དུ་ལྷ་གསུམ་པོ་དེས་རྟག་དུ་བསྐུལ། རྗེ་བཙུན་མས་དགེ་འདུན་ནི་ནོར་འདོད་ཀྱི་ཆོས་མི་འདོད་པས་མགྲོན་བུས་ཚིམ། ངའི་གཟུགས་ནི་ཁྲོས་ནས་ཁ་ཕྱིར་ལོག །ཐུགས་རྗེ་ཆེན་པོའི་སྐུའང་ཤིང་རྟའི་གཟེར་ཆག་སྟེ་ཞབས་གོང་པོར་སོང༌། འདིར་ཅི་བྱེད་བྱང་ཕྱོགས་སུ་སོང་ཞིག་སོང་ཞིག་གསུང་བས་སླར་དགེ་འདུན་ལ་ཞུས་ཏེ་ཕྱིར་ཆས་ཚེ་ལོ་ཙཱ་བའི་མནལ་ལམ་དུ་རྣལ་འབྱོར་སྐྱིད་ཀྱི་མིང་པོས་ཡི་གེ་ཞིག་ཕུལ་བ་གཟིགས་པས་དགེ་སློང་བཻ་ཤྲ་ཝ་ཎས་སྤྲིངས་པ་ད་སྟེ་ཞག་བཅུ་གསུམ་ན་བྱམས་པ་ཤཱཀྱ་ཤྲཱི་འབྱོན་པར་ཡོད་ཏེ་དེར་མ་འདུག་པར་སྔོན་ཏུ་ལྡང་བ་བྱེད་པ་ལ་གྲོང་ཁྱེར་ཀ་རུ་ཎར་ཤོག་བྱ་བ་འདུག་ཡི་གེ་རྒྱ་ཡིག་དུ་འདུག་པ་བཀླགས་པས་བོད་ཡིག་དུ་སོང༌། སང་སྟེ་དགྱེས་ཆེས་ནས་ཏེ་ཏེ་བརྡུངས་པས་ཞབས་ལ་ཆུ་འབྲུམ་གན་ཊཱ་བ་ཟུག་ཅན་གྱིས་བཞེངས་མི་མཁྱེན་པ་ཡོད་ཀྱང་ཞར་ལ་རྡོལ་བས་གཞི་མེད་ཏུ་དྭངས། དགའ་སྟོན་གྱི་དྲིལ་སྒྲོགས་པ་ལ་ཚོགས་ཆེན་པོར་བྱེད་པས་པཎ་ཆུང་བ་གཉིས་སྔོན་ལ་འོངས་པ་རྐང་པ་ན་ནས་མནལ་ལམ་གྱི་དུས་ཉིད་ལ་རྣལ་འབྱོར་སྐྱིད་ཀྱི་མིང་པོས་བཀའ་ཤོག་ཁྱེར་ཏེ་ཕུལ་བ་བསྒྱུར་བས།

རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་རྒྱུད་གནས་བདེ་གཤེགས་བསྟན་པའི་སྒྲོན་འཛིན་པ། །མ་ལུས་འགྲོ་དཔལ་བྱ་དཀའི་རྒྱལ་སྲས་སྤྱད་པ་སྤྱོད། །དགེ་སློང་མཁས་པ་ཁྲོ་ཕུ་ལོ་ཙཱར་རབ་གྲགས་གང༌། །བྱམས་ཆེན་འཕྲིན་ལས་ཡིད་བཞིན་ནོར་ལྟར་འགྲུབ་གྱུར་ཅིག །དགེ་སློང་བསོད་སྙོམས་པ་ཤཱཀྱ་དཔལ་བཟང་པོས་ཁྲོ་ཕུ་ལོ་ཙཱ་བ་ལ་ཐུགས་དགྱེས་པའི་སྒོ་ནས་ཤིས་པ་བརྗོད་པའོ། །ཞེས་པ་དང་བྱང་ཆུབ་ཤིང་ལོ་འདབ་མ་གསུམ་ཤ་ཁར་ཕུལ་གང་བསྐུར་འདུག །ལོ་ཙཱ་བ་དང་མཇལ་ཚེ་ལོ་ཙཱ་བ་མཁྱེན་རྟོགས་མཐའ་དག་རྫོགས་ཟིན་ཡང་དགུང་ལོ་སོ་གསུམ་༼ཉ༡༧བ༽པ་སྤྱིར་སྐུ་མཛེས་ཅིང་གཞོན་ཤ་ཆེས་ཆགས་པའི་ན་ཚོད་གཟིགས་པས་འདི་བཙུན་ཆུང་ལྟ་བུ་ཞིག་འདུག་པས་ཆོས་སྒྱུར་མི་ནུས་སམ་ལྷ་ཡང་བཞེང་ཐུབ་སྟེ་མི་འོང་ཁོ་རང་ལ་སེམས་སྐྱེད་དང་ཡི་དམ་ཞིག་བྱིན་ནས་ཕྱིར་ལྡོག་པར་བྱའོ་ཞེས་གསུངས་ཚེ་པཎ་ཆུང་དེས་ཁྱེད་ཀྱི་ན་ཚོད་ལ་བརྙས་པར་འདུག་པས་རང་གི་ཡོན་ཏན་སྟོན་ཟེར་ནས་བི་བྷཱུ་ཏི་ཙནྡྲ་དང་སུ་ག་ཏ་ཤྲཱི་སོགས་པཎ་ཆུང་དགུ་ལ་རང་གང་ལ་མཁས་ཟེར་བའི་སྒྲ་ཚད་སྡེ་སྣོད་མདོ་སྔགས་ལ་དྲི་བ་གསུམ་གསུམ་མཛད་པས་གུང་ཚིགས་སྔ་བ་ནས་ནམ་ཕྱེད་འདས་པར་སོང༌། ཆོས་རྗེའི་ཐུགས་དམ་ནར་མ་རྣམས་ཆུ་ཚོད་སོ་སོའི་དུས་ལས་ཐུགས་བྲེལ་ཅིས་ཀྱང་འདར་མེད་ནའང་ཇི་མི་སྙམ་པར་གསན་ཞིང་འདི་ལྟ་བུའི་ཆོས་ཐོས་པ་བསོད་ནམས་ཆེ་གསུང་ཞིང་པཎ་ཆེན་དཔོན་སློབ་ཐམས་ཅད་ཧ་ལས་ཏེ་བོད་ལ་འདི་ལྟ་བུའི་ཆོས་སྨྲ་བ་འོང་བ་ངོ་མཚར་ཆེ། འདིའི་མདུན་ན་ལོ་ཙཱ་བ་གཞན་རྣམས་དིག་པར་འདུག་གསུང་ཞིང་མཚན་ཡང་མ་ཧཱ་ལོ་ཙཱ་བ་འབའ་ཞིག་ནས་བརྗོད། དེ་ཕྱིན་ལོ་ཙཱ་བ་བྱོན་པའི་ཚེ་པཎ་ཆུང་དགུ་པོ་ལངས་ནས་རྒྱང་རིང་པོར་བཀྱེད། ཐལ་མོ་སྦྱར་ཏེ་མ་ཧཱ་པཎྜི་ཏ་མ་ཧཱ་ལོ་ཙཱ་བ་ཕ་ལ་ཕ་ལ་ཞེས་ཕན་ཚུན་རིག་རིག་པོར་བལྟ་སྐད།

ཆོས་རྗེ་ཡང་ཐུགས་བཏེག་ཆེས་པས་སང་རང་འགྲོ་གསུང་བ་ན་བསྟན་བཅོས་ཤིག་གི་ཐུགས་རྩོམ་ཞུས། རྒྱལ་ཕྲན་ཞིག་ལ་ལམ་དཀའ་བའི་ཐབས་འཕྲུལ་གྱིས་ཐུགས་ངང་བསྲིངས། པཎ་ཆེན་ཐུགས་རྗེ་ཆེ་བས་མགོན་མེད་མང་པོ་སྐུ་ལ་འཁོར་བ་སོགས་སྐུ་འཁོར་ཕལ་ཆེར་ལ་མདོ་ལི་དགོས་པ་དང་མདོ་ལི་མི་ཐར་བའི་ས་ལ་འཛེག་རུ་བསྒྱུར་དགོས་པ་སོགས་གཞན་གྱིས་ལོ་ཟླར་སྒྲུབ་མི་ནུས་པ་རྣམས་ལོ་ཙཱ་བས་བདེ་བླག་དུ་བསྒྲུབས། དེ་ལྟར་ལོ་ཙཱ་བ་ཆེན་པོ་ཡོན་ཏན་བརྗོད་པར་དཀའ་བ་དེའི་དད་པ་དང་མཁྱེན་པ་དང་ནུས་པས་པཎ་ཆེན་དབང་དུ་འདུས་པ་ལྟར་གྱུར་ཏེ་ཅི་བཞེད་པར་བོད་ཏུ་སྤྱན་དྲངས་ནས་ཆོས་མང་དུ་བསྒྱུར། གཙང་དབུས་ལྷོ་བྲག་གཉལ་བྱར་རྣམས་སུ་བསྡོམས་པར་ལོ་༼ཉ༡༨ན༽བཅུ་ཙམ་བཞུགས། དཔྱལ་ལོ་ཞང་ལོ་ས་ལོ་ཆག་ལོ་སོགས་ལོ་ཙཱ་བ་མང་དུ་ཕྱགས་ཕྱིར་ཡོད་ཀྱང་ཁྲོ་ལོ་ཁོ་ན་དང་ཟླ་མེད་པའི་ལོ་པཎ་ཟུང་གཅིག་མཛད་སྟེ་བསམ་ཡས་ཀྱི་ཡུ་འབོག་ཆོས་ཁྲི་སོགས་ལ་ལོ་པཎ་བསྒྲིགས་ནས་ཆོས་གསུངས། འབུལ་བ་མཐའ་ཡས་པ་བྱུང་བ་ཐམས་ཅད་ཁྲོ་ཕུའི་བྱམས་ཆེན་ཁོ་ནའི་རྒྱུར་ཕུལ། བྱམས་ཆེན་ཟངས་གསེར་ལས་གྲུབ་པ་ཁྲུ་བརྒྱད་བཅུ་བ་ཕོ་བྲང་དང་བཅས་པ་གྲུབ་ནས་རབ་གནས་ལ་ཕྱོགས་པའི་ཚེ་དགྲ་བཅོམ་པས་བསྲུང་བའི་མེ་ཏོག་དང་རིང་སྲེལ་ཁ་ཕྱེ་ནས་དེའི་ལོ་རྒྱུས་པཎ་ཆེན་ཇི་ལྟར་གསུང་བ་ལོ་ཙཱ་བས་བསྒྱུར་པ་ནི། དེ་ཡང་འདི་ལྟར་ཐོས་ཏེ།

མ་བྱོན་པའི་སངས་རྒྱས་གསུམ་པར་འགྱུར་ངེས་པ་ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱིའི་མཚེ་མར་གྱུར་པའི་མཆེད་ཟླ་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཙནྡྲ་སངས་རྒྱས་ཟླ་བ་ཞེས་བྱ་བས་ཛམྦུའི་གླིང་གི་གླིང་ཕྲན་སིངྒྷ་ལ་སངྒྷི་གླིང་པ་དྭི་པ་ཞེས་པ་བྱ་བ་སྔོན་སྲིན་མོ་གནས་པའི་གླིང་ཕྲན་ཞིག་ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་སྤྲུལ་པ་རྟའི་རྒྱལ་པོ་བཱ་ལ་ཧ་སྟོབས་ཆེན་ཞེས་པའི་འཕྲིན་ལས་ཀྱིས་བཏུལ་ནས་ད་ལྟ་ནང་པ་སངས་རྒྱས་པའི་བསྟན་པ་དར་བའི་གནས་སུ་གྱུར་ཡོད་པས་དེར་རཏྣ་ཙུནྡྷ་མ་ཎི་སྥ་ར་ན་རིན་ཆེན་གཙུག་གི་ནོར་བུ་འཕྲོ་བ་ཞེས་བྱ་བའི་ཕོ་བྲང་ན་དགྲ་བཅོམ་པ་དངོས་སུ་བཞུགས་སོ་ཞེས་བྱ་བ་ཐོས་ནས་ཁ་ཆེ་གྲིབ་བརྟན་གྱི་པྲ་ཝ་སུ་ར་རབ་མཆོག་ཞེས་བྱ་བའི་གཙུག་ལག་ཁང་ནས་དཔལ་རྡོ་རྗེ་གདན་དུ་བརྒྱུད་སྟེ་མ་ཧཱ་བོ་དྷི་ལ་མཆོད་པ་ཕུལ་ནས་དཀའ་བ་དུ་མ་སྤྱད་སྟེ་སིངྷ་གླིང་གི་དགྲ་བཅོམ་པའི་ཞལ་ཡང་བལྟས་དགྲ་བཅོམ་པ་ཡིན་ནམ་མ་ཡིན་གཏན་ལ་འབེབས་པའི་བརྟག་དཔྱད་མང་དུ་བྱར་ཡོད་པ་ལེགས་པར་བྱས་ནས་ཡིད་འཆེས་ཏེ་དེ་ཉིད་ཏུ་དབྱར་ཟླ་བ་གསུམ་ཚུལ་དུ་ཞུགས་སོ། །

དགག་དབྱེ་ཐོན་ནས་ལྗོངས་རྒྱུ་བའི་དུས་སུ་དགྲ་བཅོམ་པ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པའི་རིང་སྲེལ་ཡོད་པ་བ་སོའི་ཟ་མ་ཏོག་ཕྲ་རྒྱན་སྣ་ཚོགས་པས་སྤྲས་པ་ཅིག་དང་མེ་ཏོག་པདྨ་དཀར་པོ་ལྔ་ཁ་ཆེའི་པཎྜི་ཏ་དེ་ལ་གཏད་ནས་རིང་སྲེལ་གྱི་ཟ་མ་ཏོག་འདི་དང་ཟེའུ་འབྲུ་ཡོད་པའི་མེ་ཏོག་ཐོག་མ་ཁོ་ནར་དགེ་སློང་ཤཱཀྱ་ཤྲཱི་བྷ་དྲ་ལ་ཕུལ། མེ་ཏོག་༼ཉ༡༨བ༽ལྷག་མ་བཞི་པོ་འདི་ཁྱེད་ཀྱི་ལྷུང་བཟེད་ཏུ་ཁྱེར་ལ་ཁྱེད་རང་གི་མཆེད་ཟླ་ཀ་སྨི་ར་པ་ཁ་ཆེ་བ་དེའི་ཕྱག་དུ་རེ་ཞིག་གཏོད་ཅིག་དེ་མ་འོངས་པའི་སངས་རྒྱས་བདུན་པ་ཡིན་པས་བསོད་སྙོམས་སམ་ཡོན་ཅུང་ཟད་ཕུལ་ན་འབྲས་བུ་དཔག་དུ་མེད་པར་འགྱུར་རོ། །སིངྒྷ་གླིང་གི་དགེ་སློང་བི་ཧ་ར་ག་ས་འདོད་ཆགས་དང་བྲལ་བ་ཀུན་ནས་འབྱུང་གནས་སྦས་པ་མནྟ་ཀཱ་ར་གུཔྟ་ཞེས་བྱ་བས་བསྐུར་རོ་ཀྵེ་མ་ཀུ་ཤ་ལ་སྐུ་ཁམས་བཟང་ངམ་སྨྲོས་ཤིག་དེ་ནས་མེ་ཏོག་གཅིག་བྱང་ཕྱོགས་གངས་ཅན་གྱི་ཡུལ་དུ་དྭི་བྷ་ཥི་མཻ་ཏྲྀ་ཤྲི་སྐད་གཉིས་སྨྲ་བ་བྱམས་དཔལ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ལ་དེ་པཎྜི་ཏའི་སློབ་མར་འགྱུར་ཏེ་དེ་ལ་པཎྜི་ཏ་ཆེན་པོས་བྱིན་ལ་ས་ཏྭ་རྠཀ་ར་སེམས་ཅན་གྱི་དོན་གྱིས་ཤིག་ཞེས་སྨྲོས་ཤིག་དེ་ནས་མེ་ཏོག་གཅིག་བོད་ཡུལ་གྱི་འབྲི་ཞེས་བྱ་བར་དྷྱ་ཡི། བི་ཀྵུ་རྡྷ་ཤྲི་སྒོམ་པའི་དགེ་སློང་རིན་ཆེན་དཔལ་བྱ་བས་པཎྜི་ཏ་ལ་ནོར་དང་ན་བཟའ་མང་པོ་འབུལ་དུ་འོང་སྟེ་དེར་སྦྲོན་ཡང་མ་གཤེགས་པར་སྐྱེས་ལན་ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་དང་མེ་ཏོག་པདྨ་ཞིག་སྐུར་ཞིག །དེ་ནི་ཐུབ་པ་ཆེན་པོ་འདས་ནས་ལོ་བཞི་བརྒྱ་ན་བྱུང་བའི་འཕགས་པ་ཀླུ་སྒྲུབ་བསྟན་པ་བརྙིགས་ཅིང་ཡང་བརྙིགས་སུ་གྱུར་པ་ན་འགྲོ་བ་མ་རུང་པ་གཞན་གྱིས་གཏན་འདུལ་བར་མི་ནུས་པ་རྣམས་འདུལ་བའི་དོན་དུ་བྱོན་པ་ཡིན་པས་དེའི་ཆོས་སྟོན་པ་པོར་ཁྱེད་ཅག་མི་དགོས་པར་ཤེས་པར་གྱིས་ཤིག་ཅེས་སྨྲོས་ཤིག །དེ་ནས་བོད་ཡུལ་དབུས་ཀྱི་རཏྣ་ཀུ་ཊི་རིན་ཆེན་བྱུང་བ་ཞེས་བྱ་བའི་གཙུག་ལག་ཁང་ནས་དྷྱ་ཡི་པཎྜི་ཏ་ཞིག་གིས་འཁོར་དང་བཅས་པ་ལ་བསྙེན་བཀུར་རྣམ་པ་དུ་མ་བྱས་ནས་སྤྱན་འདྲེན་དུ་འོང་བས་དེ་མ་འོངས་པའི་སངས་རྒྱས་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ཡིན། དེ་ལ་མེ་ཏོག་འདི་ཕུལ་ལ་དབྱར་གནས་པས་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་སྟོན་ཞིག་པཎྜི་ཏ་རང་གི་ལོ་གྲངས་དང་མཉམ་པས་ཕྱིར་མི་ལྡོག་པ་འཐོབ་པར་འགྱུར་རོ། །

དེ་ནས་པཎྜི་ཏ་ཆེན་པོ་དེ་དང་དེའི་སློབ་མ་ནོར་བཟང་ཞེས་བྱ་བས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འགྲོ་བ་མ་བསྒྲལ་བའི་ལྷག་མ་རྣམས་སྒྲོལ་བའི་དོན་དུ་སངས་རྒྱས་མི་ཕམ་པའི་སྐུ་ཚད་གཞེངས་དུ་གསོལ་ནས་དེའི་སྐུ་གསུང་ཐུགས་བྱིན་གྱིས་༼ཉ༡༩ན༽བརླབ་པ་ཞག་བཅུ་གསུམ་གྱི་བར་དུ་བྱེད་པར་འགྱུར་ཞིང་ལྷའི་རིས་བཅུ་གསུམ་གྱིས་ཀྱང་མཆོད་པའི་རིས་བཅུ་གསུམ་བྱེད་པར་འགྱུར་བས་དེའི་དང་པོར་མེ་ཏོག་འདི་དབུ་ལ་ཞོག་ཅིག་མེ་ཏོག་ལྔ་པོ་འདི་ཡང་ཟས་ཀྱི་བྱ་བ་ནམ་བྱེད་པའི་ཚེ་རིང་སྲེལ་གྱི་ཟ་མ་ཏོག་འདིར་ཆུག་ལ་མཆོད་པ་དང་མ་བྲལ་བ་གྱིས། མེ་ཏོག་དེ་རྣམས་རང་རང་གི་མཆོད་པ་ཇི་སྲིད་མ་ཚར་བའི་བར་དེ་སྲིད་བརྙིངས་པ་དང་སྟོར་བ་ལ་སོགས་པར་མི་འགྱུར་བར་བྱིན་གྱིས་བརླབས་ཡོད་ཏོ་ཞེས་གསུང་ངོ༌། །དེ་ནས་ཁ་ཆེ་པཎྜི་ཏས་ལྷུང་བཟེད་ཏུ་མེ་ཏོག་དང་ཟ་མ་ཏོག་བཅུག་ནས་སིངྒྷ་གླིང་ནས་ཛམྦུའི་གླིང་དུ་འོངས་ཏེ་ཡང་དབུས་འགྱུར་ཚལ་གྱི་བྱང་ཆུབ་ཆེན་པོ་མ་ཧཱ་བོ་དྷི་ལ་གཏང་རག་གི་ཕྱག་འཚལ་དུ་བྱོན་པའི་ཚེ་མ་ཧཱ་བོ་དྷིའི་ཕོ་བྲང་གི་ཐེམ་སྐས་ལ་འཛེགས་པ་དང་ཆོས་རྗེ་པཎ་ཆེན་མ་ཧཱ་བོ་དྷི་ལ་ཕྱག་འཚལ་ནས་ཕྱིར་གཤེགས་པའི་དོན་དུ་རྡོ་རྗེའི་ཐེམ་སྐས་ལ་འབབ་པ་དང་ལྷན་ཅིག་འཛོམ་པར་གྱུར་ནས་ཐེམ་སྐས་དེ་ཉིད་ཀྱི་སྟེང་དུ་སྔར་གྱི་གསུང་གླེང་རྒྱས་པར་མཛད་སྟེ་ཕན་ཚུན་གཉིས་ཀ་གཤེགས་བཞུད་མཛད་ཏོ། །

གཏམ་རྒྱུད་འདི་དག་ནི་ཁྲོ་ཕུའི་གཙུག་ལག་ཁང་ཆེན་པོ་དགའ་ལྡན་གྱི་ཕོ་བྲང་དུ་ཁྲུ་བརྒྱད་བཅུ་པའི་བྱམས་ཆེན་མགོན་པོ་མཐར་ཕྱིན་ནས་རབ་གནས་མཛད་པའི་དུས་སུ་གདམས་ངག་དང་བཅས་པ་རྒྱས་པར་གསུངས་ཅིང་ཟ་མ་ཏོག་ཁ་ཕྱེ་བས་རིང་སྲེལ་གཅིག་ལས་ལྔར་འཕེལ་འདུག་གསུངས་ནས་ཟ་མ་ཏོག་རིང་སྲེལ་གསུམ་དང་བཅས་པ་ལོ་ཙཱ་བ་ལ་གནང༌། དུང་ཆུང་གཡས་སུ་འཁྱིལ་བ་གསུམ་གྱིས་བརྒྱན་ཏེ་བྱམས་ཆེན་གྱི་ཐུགས་ཀར་བཞུགས། རིང་སྲེལ་གཅིག་ཆོས་རྗེ་ཉིད་ཀྱིས་ཚགས་མཛད། གཅིག་ལོ་ཙཱ་བ་ལ་སྲུང་བའི་རྟེན་དུ་དགྲ་བཅོམ་པས་བསྐུར་བའི་མེ་ཏོག་དང་ལྷན་ཅིག་དུས་དེ་ཉིད་ཏུ་གནང༌། དེ་ནས་དགྲ་བཅོམ་པས་སྔར་བསྐུར་བའི་མེ་ཏོག་དཀར་པོ་དེ་བྱམས་ཆེན་གྱི་དབུ་ལ་བཞག་དེ་ཉིད་ཀྱི་ནང་པར་ནས་ཆུ་ཕོ་སྤྲེའུའི་ལོ་བྲེའི་ཟླ་བའི་ཚེས་བཅུ་གསུམ་ལ་རབ་གནས་ཆེན་པོ་མཛད་ཏོ། །ཞེས་བྱུང་ལ་སྐུ་དེ་ནི་བྱམས་པ་༼ཉ༡༩བ༽དངོས་སུ་བཞུགས་པ་ཡིན་ནོ། །

མེ་ཏོག་པདྨ་སྤྱི་ལ་ཟེའུ་འབྲུའི་ཚབ་ཏུ་འདབ་མ་བརྒྱད་ཆུང་ངུ་ལྟེ་བ་སྦུབས་ཅན་དང་ཡུ་བ་ཤིན་དུ་མཉེན་ཞིང་འབོལ་བ་ཆུ་ནང་དུ་འགྱེལ་བ་ཞིག་ལས་མི་འབྱུང་བས་པདྨ་ཟེའུ་འབྲུ་ཅན་དང་སྡོང་པོ་ཅན་ཆེས་དཀོན་པས་ན་ཟེའུ་འབྲུ་ཅན་མཆོག་དུ་བྱས་པའོ། །བྱམས་ཆེན་གྱི་དོན་ཏུ་དགུན་ལ་ཆེན་པོ་སོགས་ལ་ཤིན་དུ་གྲང་བ་ན་ཡང་འོ་བརྒྱལ་ཞུས་པ་ན་སྐུ་འོ་བརྒྱལ་ཐུགས་འོ་བརྒྱལ་བ་མེད་གསུངས། སླས་པོ་ཆེར་བཞུགས་དུས་སྒྲོལ་མའི་བྲིས་སྐུ་གཅིག་གིས་ཁྱེད་སྐྱེ་བ་མང་པོའི་གོང་དུ་པཎྜི་ཏ་ཅིག་དང་བགྲོ་གླེང་བྱས་པས་ཁྱོད་རྒྱལ་རུང་ཞིག་བྱུང་ནས་དེ་ལ་ངན་སྨྲས་མང་པོ་བྱས། དེ་ཡུལ་ཤིན་དུ་གཉན་པ་ཅིག་ཡིན་པས་དེའི་རྒྱུས་སྐྱེ་བ་མང་པོར་ཚིག་རྩུབ་དང་ཁྲོ་བ་བྱུང་བ་ཡིན་གསུངས། དེའི་རྒྱུ་མཐུན་སྦྱང་ཕྱིར་གཉེན་པོ་དྲག་པོ་བསྟེན་པ་ཡིན་ཡང་ཚིག་རྩུབ་བག་ཙམ་ད་དུང་འཆོར་བར་འདུག་གསུངས། དེའི་ཚེ་དུས་འཁོར་ནས་བཤད་པའི་འཇིག་རྟེན་གྱི་ཆགས་ལུགས་ལམ་པ་ཅིག་གཟིགས། སྲིན་པོར་རི་རབ་གནས་ཅིག་གི་སྦྱིན་སྲེག་གི་ཚེ་སྲེག་རྫས་གཡོན་པས་ཕུལ་ཟེར་བ་བྱུང༌། ཆོས་ཟབ་མོ་གསུང་བའམ་སྔགས་བཟླ་བའམ་དབེན་པར་གནས་པའི་དུས་འཇམ་དཔལ་ཐུགས་རྗེ་ཆེན་པོ་བྱམས་པ་བྱང་ཆུབ་ཆེན་པོ་ཚོའི་སྣང་བ་ཤར་ནས་འོང་དེའི་ཚེ་མི་གཞན་མ་འོངས་ན་མ་བདེ་བའི་ཆོས་ཀུན་དྲིར་བཏུབ་པར་འདུག་གསུངས། དེ་དག་ལ་སོགས་དག་སྣང་དང་ཡོན་ཏན་བག་ཙམ་འཆར་བ་འདུག་སྟེ་མི་ལ་བསྒྲགས་ན་སྡིག་གསོག་ཅིང་གཡེང་བར་འགྲོ་གསུངས། ད་ལྟ་ཐུགས་དམ་ཇི་ལྟར་མཛད་ཞུས་པས། ང་དང་པོར་སྐྱབས་འགྲོ་སེམས་བསྐྱེད་བྱས། སྐད་ཅིག་གིས་ལྷར་གསལ་འདེབས། དེ་ནས་བྱམས་སྙིང་རྗེ་གཙོ་བོར་བྱས་ནས་ཡན་ལག་བདུན་པ་བྱེད། དེ་ནས་འཁོར་ལོ་བདེ་མཆོག་ལ་ཡི་དམ་དུ་བྱས་ཏེ་སྐྱེད་རྫོགས་ཟུང་དུ་ཆུད་ཙམ་ཡོད། དེ་ནས་བླ་མ་ལ་མཎྜལ་ཕུལ་ནས་སྒྲོལ་མའི་རྩ་སྔགས་བཟླས་པས་ཡི་དམ་ལྷའི་དག་སྣང་འཆར་ཏེ་དེ་ལ་དྲི་རྒྱུ་ཡོད། དེ་ནས་ཛཾ་ལའི་ཆུ་སྦྱིན་བྱེད། བྱམས་པའམ་ཡུམ་ཆེན་མོའི་ང་རྒྱལ་གྱིས་སེམས་སྐྱེད་གསོལ་བ་བཏབ་སྟེ་སེམས་ཅན་ཐམས་ཅད་ལ་ཆོས་༼ཉ༢༠ན༽ཀྱི་སྦྱིན་པ་བྱ་སྙམ་པའི་དོན་ཞིག་སྒོམ། ཉི་མ་དྲོས་ནས་འདུལ་བའི་བསོད་སྙོམས་བྱེད། དེ་ནས་ཐུན་གསུམ་གོང་ལྟར་བྱས་ཏེ་སྤྱིར་ཐུན་བཞིར་སྒོམ། གཉིད་བྲོ་ཙམ་ན་ཐིབ་ཐིབ་པ་དང་ལྷའི་སྣང་བ་གཉིས་འདྲེས་མར་འོང་ཞིང་གཉིད་ཚེ་དུས་འཁོར་གྱི་རྨི་ལམ་གྱིས་གདམས་པ་ཅིག་གིས་དུས་འདར་འཇུག །དགེ་སྦྱོར་གྱི་མཇུག་དུ་བཟང་སྤྱོད་དང་དགྱེས་རྡོར་སྨོན་ལམ་བདུན་བཅུ་པ་འདེབས་ཅིང་སྨོན་ལམ་གལ་ཆེ་གསུངས། འབྲི་ཁུང་པ་ལ་ལུས་ཀྱིས་མ་མཇལ་བའི་དོད་པོར་ཡིད་ཀྱིས་ཡང་ཡང་མཇལ་ལོ་གསུངས། མདོར་ན་བོད་ཏུ་ལོ་བཅུ་བཞུགས་ཏེ་མཐར་ཀསྨིར་དོན་ཆེན་པོ་གསུངས་ནས་སུས་ཀྱང་གཤོལ་མ་ཐེབས་ཏེ་ཁ་ཆེར་ཐེགས་ནས་དེར་བསྟན་པ་གཞི་བཞེངས་སུ་གཏད་ནས་ལོ་བཅུ་གསུམ་ན་ཡུལ་ཐམས་ཅད་འཇའ་འོད་དང་མེ་ཏོག་གི་ཆར་གྱིས་ཁྱབ་པའི་ལྟས་དང་བཅས་དགའ་ལྡན་དུ་གཤེགས།

གདུང་བཞུ་བའི་ཚེ་ན་མཁའ་ལས་ལྷའི་རོལ་མོ་དང་བདེ་མཆོག་གི་ལྷ་ཚོགས་དང་སིལ་སྙན་བདུན་པའི་ཚིགས་བཅད་འདི་བྱུང་སྟེ། གཅིག་གིས་མ་ཚད་ལོ་བརྒྱའི་དུས། །བྱ་ལོའི་དཀར་ཕྱོགས་ཟླ་བ་ནི། །སྤེན་པའི་ཉི་མའི་ཚེས་ལྔ་ལ། །འགྲོ་བའི་ཉི་མ་ནུབ་པར་བསྟན། །ཀྱེ་ཧོ་ཚུར་གཤེགས་ཚུར་གཤེགས་ལོངས། །མ་འཇིགས་དཔའ་བོ་ཆེན་པོ་ཀྱེ། །འཆི་བ་རྣམ་རྟོག་ཙམ་ཡིན་ནོ། །ཞེས་བྱ་མཁའ་ལ་སྒྲ་ཆེན་སྒྲོགས། །རབ་མཛེས་རྣམ་མང་གཞལ་ཡས་ནས། །ཐོད་པའི་དུམ་སྐྱེས་མ་ལ་སོགས། །ཐལ་སྦྱར་གདུགས་དང་རྒྱལ་མཚན་ཐོགས། །གཞན་དག་སྣ་ཚོགས་རོལ་མོ་བྱེད། །བསྟོད་བཀུར་བསྔགས་དང་གླུ་རྣམས་ལེན། །གང་ན་དཔལ་ལྡན་བདེ་མཆོག་ཆེ། །སྐུ་བཞིའི་རྒྱལ་པོ་བླ་ན་མེད། །མཐོང་ཞིང་ཐོས་ལ་མངོན་གྱུར་ལྟོས། །འཇིག་རྟེན་ཁམས་ཀྱི་དབང་ཕྱུག་པོ། །རང་གི་ཚོགས་ཀྱི་འཁོར་དང་བཅས། །ལྷ་དང་དྲི་ཟ་ཀླུ་དབང་རྣམས། །འོངས་ཏེ་མཆོད་པའི་སྤྲིན་ཚོགས་གཏིབས། །ལྷ་ཡི་མེ་ཏོག་ཆར་བབ་ཅིང༌། །དྲི་ཞིམ་༼ཉ༢༠བ༽སྒྲ་སྙན་ལྷ་མོ་དང༌། །ཀླུ་མོ་གཞོན་ནུར་བཅས་རྣམས་དེར། །མཆི་མ་འབྱིན་ཞིང་མཆོད་པ་བྱེད། །དེ་ཚེ་ས་དག་རྣམ་དྲུག་གཡོས། །བརྒྱ་ཕྲག་གཉིས་བཅས་པཎྜི་ཏས། །མཐུན་པར་མཁའ་ལས་ཆོས་སྒྲ་འདི། །ཐོས་ནས་ཏིང་འཛིན་མཆོག་རེག་གྱུར། །ཞེས་གྲགས་པཎྜི་ཏ་ཉིས་བརྒྱས་མགྲིན་གཅིག་དུ་ཐོས་ཅིང་ཏིང་འཛིན་སྐྱེས། སོ་སོས་ཡི་གེར་བྲིས་ཏེ་ཕྱིས་ལོ་ཙཱ་བ་ཆེན་པོས་ཆོས་རྗེས་སྔོན་ནས་ང་འདས་པའི་འོག་དུ་བོད་ན་རྗེ་བཙུན་བྱམས་ཆེན་བཞུགས་པར་ངའི་རུས་པ་དང་རིང་སྲེལ་རྣམས་ཆུག་མ་ཧཱ་ལོ་ཙཱ་བས་མཆོད་རྟེན་གྲུབ་ཀྱང་ལེགས་སོ་ཞེས་པའི་ཕྱག་བྲིས་བཀོད་སྟེ་པཎྜི་ཏ་སུ་བྷ་མ་ཤྲཱི་འཇུག་ངོགས་དཔལ་དང་ཏྲི་ལོ་ཀྱཱ་ནནྡ་སྲིད་གསུམ་ཀུན་དགའ་གཉིས་ལ་ཡི་གེ་འདི་དང་ངའི་རུས་པ་མ་ཧཱ་ལོ་ཙ་བ་ལ་བོད་ཏུ་སྐྱོལ་ཞིག་ཅེས་བཀའ་བབ་ནས་དབུའི་གདུང་དང་རིང་སྲེལ་པཎྜི་ཏ་གཉིས་ཀྱིས་བཀའ་བཞིན་མ་ཧཱ་ལོ་ཙཱ་བ་ལ་ཕུལ་ཏེ་མཆོད་རྟེན་ཆེན་པོ་མཛད་ཏོ། །པཎ་ཆེན་འདི་ལྕགས་སྤྲེལ་འཁྲུངས་པའི་རེ་ལྔ་ལ་བོད་ཏུ་ཕེབས་པར་གྲགས་ཀྱང་སིལ་སྙན་འདུན་པ་ཉིད་ཡིད་འཆེས་ཀྱི་གནས་ཡིན་པས་མེ་ལུག་ལ་འཁྲུངས། དོན་བརྒྱད་པ་ཤིང་བྱི་ལ་བོད་ཏུ་ཕེབས། གྱ་བདུན་པ་ཆུ་བྱ་ལ་ཁ་ཆེར་བྱོན། གོ་དགུ་པ་ཤིང་བྱ་ལ་དགའ་ལྡན་དུ་གཤེགས་པ་ཡིན་ནོ། །

དེང་སང་པཎ་ཆེན་འདིའི་མཚན་ལ་བསྟེན་ནས་འཚོ་ཞིང་རྒྱུད་འཛིན་དུ་ཁས་འཆེ་བ་རྣམས་ལའང་ལོ་པཎ་འདི་གཉིས་ཀྱི་ཆོས་དང་རྣམ་ཐར་གང་གིའང་རྒྱུས་མི་སྣང་ཞིང་སྤྱིར་ཡང་པཎ་ཆེན་གྱི་རྣམ་ཐར་དེང་སང་གྲགས་ཆེར་མི་སྣང་བས་མ་ཧཱ་ལོ་ཙཱ་བའི་དཔག་བསམ་གྱི་འཁྲི་ཤིང་དང༌། ཁྲོ་དཔྱལ་གྱིས་མཛད་པའི་རྣམ་ཐར་ཐོར་བུ་མཁས་པ་བསོད་ནམས་དཔལ་གྱིས་བསྡུས་པ་ལས་རང་གཟོ་མེད་པར་མདོར་བསྡུས་པ་ཡིན་ནོ། །

པཎ་ཆེན་དེའི་སློབ་མ་རྒྱ་བོད་ན་མཐའ་ཡས་ཀྱང་འདུལ་བའི་སྡོམ་རྒྱུན་ནི་པཎ་ཆེན་དབུས་སུ་ཕེབས་དུས་ཆུ་ཤུལ་ཕྲོག་མ་དགོན་པར་མི་བཅུ་གཅིག་གིས་བསྙེན་རྫོགས་ཉིན་གཅིག་ལ་བསྒྲུབས་པའི་ནང་ནས་གྲུ་ཤུལ་འཁོར་གང་བྱང་ཆུབ་དཔལ་དང་གཙང་པ་རྡོ་རྗེ་དཔལ་གཉིས་ཀྱིས་ཕྱགས་ཕྱིར་འགྲོ་བར་ཞུས་པས་ཟུལ་ཕུའི་ན་བཟའ་འཕྲེད་གསོལ་ལ་འདུལ་བ་༼ཉ༢༡ན༽ཉོན་ལ་ཤོག་གསུངས་ནས་འདུལ་བ་བསླབས། པཎ་ཆེན་གྱི་བླ་མཆོད་ཇོ་བོ་སྟན་གཅིག་པ་གཙང་སོ་བ་བསོད་ནམས་མཛེས་ཀྱི་ཕྱགས་ཕྱིར་བཞག་འདི་ནི་པཎ་ཆེན་བོད་ཏུ་ཕེབས་པའི་ལམ་དུ་ལ་སྟོད་པའི་སྟན་གཅིག་པ་བཟང་པོ་ཅིག་གིས་བདག་གིས་བསྙེན་པར་རྫོགས་ནས་ལྟུང་བས་སྐད་ཅིག་ཀྱང་མ་གོས་པར་བགྱིས་བདོག་པས་དེ་བྱང་ཆུབ་ཏུ་བསྔོ་བར་ཞུ་ཞུས་པས་པཎ་ཆེན་ཕྱག་ཐལ་མོ་སྦྱར་ཏེ་དགེ་བའི་བཤེས་གཉེན་པ་བསྔོ་རྒྱུ་བཟང་ཁྱེད་ངའི་མཆོད་གནས་སུ་བཞུགས་པར་ཞུ་གསུངས་ནས་མཆོད་གནས་ཀྱི་གཙོ་བོ་མཛད་པ་དེ་ཡིན། པཎ་ཆེན་རྒྱ་གར་ལ་ཐེགས་དུས་བྱང་རྡོར་གྱིས་ཕྱགས་ཕྱིར་འགྲོ་བར་ཞུས་པས་རྒྱ་གར་དུ་ཚད་པ་མི་ཐུབ། བོད་ཏུ་གཙང་སོ་བ་ལ་བསྟེན་ལ་འདུལ་བ་ཤོད། དགེ་སློང་བཞི་སྡེ་རེ་མ་བྲལ་བ་གྱིས་གསུངས་དེ་ལྟར་མཛད།

གཙང་སོ་བ་གཤེགས་ནས་སློབ་མ་སོ་སོར་བསྐྱངས་པས་མཁན་པོ་རྡོ་རྗེ་དཔལ་གྱི་རྗེས་སུ་སངས་རྒྱས་དཔལ། འོད་ཟེར་དཔལ། ཆོས་ཀྱི་རྒྱལ་མཚན། སངས་རིན། བསོད་ནམས་དཔལ། ཤེས་རབ་མགོན་པོ། སེང་གེ་རྒྱལ་མཚན། བསོད་ནམས་དབང་ཕྱུག་བཀྲས་ཚུལ་བ་སོགས་ཏེ་སྙེ་མོ་ཚ་མིག་དུ་བཞུགས་པས་ཚ་མིག་ཚོགས་པ་ཟེར་ལ་ཕྱིས་ཚོགས་ཆེན་པར་གྲགས། མཁན་པོ་སེང་རྒྱལ་ཡན་གྱི་ནང་རྟེན་ཡང་ཟུལ་ཕུར་བསྐྱལ་ལོ། །

མཁན་པོ་སངས་རྒྱས་དཔལ་གྱི་གྲོགས་མཆེད་གཞུ་པ་དཀོན་མཆོག་བཟང་པོས་ཚོགས་བསྐྱངས་ཏེ་གཞུའི་བྱེ་རྫིང་དུ་བཞུགས། དེ་ནས་ཐུགས་རྗེ་དཔལ། དར་མ་དཔལ། ཀུན་དགའ་དཔལ། ཚུལ་ཁྲིམས་དཔལ། སངས་གཞོན། དར་མ་བཟང་པོ། ཚུལ་ཁྲིམས་མགོན། བསོད་ནམས་འོད་ཟེར། རིན་ཆེན་ཚུལ་ཁྲིམས། བསོད་ནམས་ཤེས་རབ། ཤེས་རབ་མགོན་པོ་ལ་སོགས་པ་སྟེ་བྱེ་རྫིང་པའོ། །

མཁན་པོ་བྱང་ཆུབ་དཔལ་ས་སྐྱ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཁན་པོ་ལ་གོང་དུ་གདན་འདྲེན་བྱུང་བས་གཙང་པ་དབང་ཕྱུག་༼ཉ༢༡བ༽གྲགས་གདན་སར་བསྐོས་ཏེ་ཧོར་ཡུལ་ལ་བྱོན་པས་འདམ་དུ་ཕེབས་པའི་ཚེ་འཕགས་པ་བསྙེན་རྫོགས་མཛད་ཟིན་པ་གསན་ནས་སླར་ལོག་སྟེ་ཚོགས་པ་སར་དུ་བསྐྱངས་པས་སྡེ་གཉིས་བྱུང་སྟེ་མཁན་པོ་གཙང་པའི་རྗེས་སུ་དབོན་པོ་གཞོན་བྱང༌། འདུལ་ཚད་པ་བྱང་ཆུབ་བཟང་པོ། དོན་གྲུབ་དཔལ། ཡོན་ཏན་རྒྱལ་མཚན། དཔལ་གྲུབ་པ་ལ་སོགས་པ་བྱོན་ཏེ་གཞུའི་དགེ་འདུན་སྒང་དུ་བཞུགས་པས་དགེ་འདུན་སྒང་པར་གྲགས། འདིའི་མཁན་པོ་ལ་གནས་བརྟན་བཅུ་དྲུག་གང་རུང་རེ་བྱོན་པའི་ཚེ་ཀརྨ་པ་ན་རིམ་རེའི་མཁན་པོ་མཛད་པ་པཎ་ཆེན་གྱི་ལུང་བསྟན་ཡོད་ཅིང་ངེས་པ་ཅན་ཡིན་ཞེས་སྙག་དབོན་བསོད་ནམས་བཟང་པོའི་རྣམ་ཐར་ན་གསལ་བར་སྣང་ཞིང་སྙག་དབོན་ཆེན་པོ་ལ་ཀརྨ་པ་དེ་བཞིན་གཤེགས་པས་བསྙེན་རྫོགས་མཛད། དོལ་ཚལ་མིན་ཕུལ་ནས་སྡེ་ཆེན་པོ་བཏབ་སྟེ་བཞུགས། དེའི་སློབ་མ་འཕགས་ཆེན་བསོད་ནམས་དང་ཐོག་བརྡུགས་པ་དེས་བསྙུང་གནས་པའི་སྡེ་བསྐྱངས་པ་འཕགས་སྡེར་གྲགས། ཁོང་གི་སློབ་མ་བཞིས་སྡེ་སོ་སོར་བསྐྱངས་པ་ལ་འཕགས་སྡེ་བཞི་བྱུང་སྟེ་དགེ་འདུན་སྒང་པའི་ཡན་ལག་གོ །

མཁན་ཆེན་བྱང་ཆུབ་དཔལ་གྱིས་ཚོགས་སར་དུ་བསྐྱངས་པ་ལ། བདེ་བ་དཔལ། བཀའ་བཞི་པ་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས་པ། བསོད་ནམས་བཟང་པོ། གཞོན་ནུ་མགོན། གྲགས་པ་རྒྱལ་མཚན། གྲགས་པ་བཤེས་གཉེན་ལ་སོགས་པ་བྱོན་ཏེ་སྦར་སྟག་པ་ཇོ་སྟན་དུ་གྲགས་ཅིང་སྣུབས་ཆོས་ལུང་བཏབ་པ་ཕྱིན་ཆོས་ལུང་པར་གྲགས་སོ། །འདི་རྣམས་ཡར་ལུངས་ཇོ་བོའི་ཆོས་བྱུང་དང་ཚལ་པའི་དེབ་དམར་དང་པོ་ལས་གང་བཤད་པ་བྲིས་པ་ཡིན་ལ་དེབ་སྔོན་ལས་ཚོགས་པ་བྱེ་རྫིང་བ་ནི་དཀོན་མཆོག་རྒྱལ་མཚན། ཐུགས་རྗེ་དཔལ་ཞེས་སོགས་དང༌། ཆོས་ལུང་པ་ནི་དབུ་མཛད་བསོད་ནམས་སྟོབས་ཞེས་སོགས་སྣང་བ་ནི་ཆ་མ་འཚལ་ལ་ཆག་ལོ་གསུམ་པས་དུས་འཁོར་ཆོས་བྱུང་དུ་པཎ་ཆེན་ཤིང་བྱི་ལ་ཁྲོ་ཕུར་ཕེབས་༼ཉ༢༢ན༽དབྱར་གནས་མཛད། ལྷོ་བྲག་པ་བྱང་ཆུབ་དཔལ་བསྙེན་པར་རྫོགས། དེ་ནས་སླས་མོ་ཆེར་བཞུགས་དུས་གཙང་སོ་བས་མཇལ་དེར་དབྱར་གནས་མཛད། རྒྱན་གོང་དུ་རྡོ་རྗེ་དཔལ་ལ་བསྙེན་རྫོགས་གནང་ཞེས་བྱང་ཆུབ་དཔལ་བསླབ་པ་སྒྲེས་པར་བྲིས་སྣང་ཞིང་དེབ་དམར་བ་སོགས་ནི་དཀྱིལ་འཁོར་གཅིག་པར་འདོད་པར་སྣང་ལ། ཡང་བྱང་རྡོར་གཉི་ག་འཕགས་པ་རིན་པོ་ཆེའི་མཁན་སློབ་ལ་སྤྱན་དྲངས་ནས་བྱོན་ཡང་བསྙེན་པར་རྫོགས་ཟིན་པར་གསན་ནས་ལམ་ནས་ལོག་སྟེ་ཕྱིས་སོ་སོར་བསྐྱངས་པ་ཆོས་ལུང་པ་དང་བྱེ་རྫིང་པ་ཡིན་ཞེས་བྲིས་པའང་སྣང་ངོ༌། །

དེས་ན་རྫོགས་པའི་སངས་རྒྱས། ཤཱ་རིའི་བུ། སྲས་དགྲ་གཅན་ཟིན། བྲམ་ཟེ་དགྲ་གཅན་ཟིན། ཀླུ་སྒྲུབ་ཞབས། ཡོན་ཏན་བློ་གྲོས། རིན་ཆེན་བཤེས་གཉེན། དྷརྨ་པཱ་ལ། གུ་ཎ་པ་ཏི། ཆོས་ཀྱི་ཕྲེང་བ། ཞི་འབྱུང་སྦས་པ། ཁ་ཆེ་པཎྜི་ཏ་ཆེན་པོ་སྟེ་ཕྱིས་བོད་ཡུལ་དུ་སྡོམ་རྒྱུན་རྣམ་པར་དག་པ་འཕེལ་ཞིང་རྒྱས་པ་ནི་པཎ་ཆེན་གྱི་སྡོམ་རྒྱུན་ཚོགས་སྡེ་བཞི་འདི་ཁོ་ན་ཡིན་པས་བཀའ་དྲིན་གཞལ་དུ་མེད་པ་ཡིན་ལ་རྩ་བའི་སྡེ་པ་བཞིའི་རྟེན་འབྲེལ་ཡིན་ནོ། །

ལེགས་པར་བཤད་པ་མཁས་པའི་དགའ་སྟོན་གྱི་བོད་ཡུལ་གྱི་བསྟན་པ་ཕྱི་དར་གྱི་སྐབས་ལས་བསྟན་པའི་རྩ་བ་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་ཇི་ལྟར་དར་བའི་སྐབས་ཏེ་གསུམ་པའོ། །

སྭ་སྟེ། ཀྱཻ་གླེགས་བུའི་ངོས་ལ་སེ་གཅོད་འགྲོས་མཁས་པ། །རིག་པའི་འབྱུང་གནས་གཉལ་གྱི་ཆོས་ལུང་ནས། །ཚེ་དབང་དར་པོ་ཚེ་དབང་དོན་གྲུབ་དང༌། །བློ་གསལ་རྣམ་རྒྱལ་བསམ་པ་ལེགས་གྲུབ་དང༌། །ཀུན་དགའ་བསམ་འགྲུབ་ཀུན་དགའ་རྒྱལ་མཚན་ཞེས། །བསམ་འགྲུབ་མགོན་པོ་བཀྲ་ཤིས་དགོས་དར་སོགས། །དུ་མས་འབད་སྟེ་བསྒྲུབས་པའི་དགེ་ཚོགས་དང༌། །བསྟན་སྦྱིན་དཔལ་མོ་ཚོགས་གཉིས་གྲུབ་མ་ཡིས། །ལྷོ་རྒྱུད་བྱར་གྱི་ཞག་ཡུལ་སྟག་རྩེ་རུ། །ལེགས་པར་བསྒྲུབས་དགེ་བྱང་ཆུབ་མཆོག་དུ་བསྔོ། །ཤུ་བྷཾ།

 

 

༼ཏ༡ན༽དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བ་ལས་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་བཞི་པ་ལོ་པཎ་ཆོས་བྱུང་བཞུགས། ༼ཏ༡བ༽

 

སྤྲུལ་པའི་ཆོས་རྒྱལ་དམ་པ་དེ་རྣམས་ཀྱི། །གཞལ་དུ་མེད་པའི་ཐུགས་རྗེའི་བཀའ་དྲིན་ལས། །འཕགས་པའི་ཡུལ་དང་ཁྱད་པར་དབུས་འགྱུར་ཚལ། །ཀསྨི་ར་དང་ཟ་ཧོར་བལ་པོ་དང༌། །རྒྱ་ནག་ལ་སོགས་ཐུབ་བསྟན་དར་བའི་ས། །དམ་པའི་ཆོས་ཀྱི་འབྱུང་ཁུངས་ཆེ་རྣམས་ནས། །ཐུན་མོང་རིག་གནས་གཟོ་གསོ་སྒྲ་ཚད་བྱུང༌། །ཁྱད་པར་སྡེ་སྣོད་གསུམ་དང་རྒྱུད་སྡེའི་ཚོགས། །ནང་དོན་རིག་པའི་གནས་ལ་མངའ་བརྙེས་པའི། །པཎྜི་ཏ་དང་རིག་པ་གྲུབ་པའི་ཚོགས། །མང་ཞིག་བོད་ཀྱི་ཡུལ་དུ་བྱོན་ནས་ནི། །སྐལ་ལྡན་སྐྱེ་འགྲོ་མཐའ་ཡས་སྨིན་གྲོལ་མཛད། །རྒྱ་བོད་ཡུལ་གྲུའི་སྐད་གཉིས་ལ་བྱང་ཞིང༌། །ལེགས་སྦྱར་བརྡ་སྤྲོད་གནས་ཀུན་ཁོང་ཆུད་པ། །འཇིག་རྟེན་མིག་གྱུར་ལོ་ཙཱ་རྣམས་ཀྱིས་ནི། །འཛམ་གླིང་ཡུལ་གྲུ་དུ་མ་མྱུལ་མཛད་ནས། །མདོ་རྒྱུད་བསྟན་བཅོས་ངོ་མཚར་རྙེད་དཀའ་རྣམས། །སང་སྐྲྀ་ཏ་དང་ཡུལ་གྲུ་སྣ་ཚོགས་པའི། །སྐད་དང་ཡི་གེ་བརྡ་དང་ཐ་༼ཏ༢ན༽སྙད་ཚོགས། །རྣམ་མང་རྒྱ་མཚོ་ལྟ་བུར་གནས་པ་ལས། །རང་ཅག་བོད་ཡུལ་སྐྱེ་བོའི་ཡི་གེ་དང༌། །བོད་ཀྱི་སྐད་ཏུ་བསྒྱུར་ཏེ་གོ་སླར་མཛད། །སླར་ཡང་རྒྱ་དཔེའི་བྱེ་བྲག་དུ་མ་དང༌། །པཎྜི་ཏ་ལ་གཏུགས་ཏེ་དག་པར་བཅོས། །བཤད་རྒྱུན་སྒྲུབ་རྒྱུན་མན་ངག་རྒྱུན་ལྡན་པའི། །བཤད་ཉན་ཚུལ་བཞིན་སྤྱོད་པས་གཏན་ལ་ཕབ། །དེ་ཕྱིར་ལོ་པཎ་དམ་པ་དེ་རྣམས་ཀྱི། །བཀའ་དྲིན་ཁྲག་ཁྲིག་བྱེ་བའི་ཆ་ཙམ་ཡང༌། །རང་ཅག་བོད་ཡུལ་སྐྱེ་བོ་ཐམས་ཅད་ཀྱི། །ལུས་སྲོག་ལོངས་སྤྱོད་བཅས་པ་ལན་སྟོང་དུ། །ཚང་བར་ཕུལ་ཡང་ཆ་ཙམ་ག་ལ་ཁེར། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ནས། །ཡང་དག་ཆོས་ཀྱི་སྣང་བ་རྒྱས་མཛད་པ། །བོད་ཡུལ་བྱོན་པའི་ལོ་པཎ་ཐམས་ཅད་ལ། །བཀའ་དྲིན་དྲན་པས་རྟག་དུ་ཕྱག་བགྱིའོ། །

 

པཎྜི་རྣམས་བྱོན་ཚུལ།

 

རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་བྲམ་ཟེ་ཤི་ཀ་ར། ཁ་ཆེ་ཏ་ནུ། བྲམ་ཟེ་ཨཱ་ནནྟ། བལ་པོ་ཤྲཱི་ལ་མཉྫུ། ཧ་ཤི་མ་ཧཱ་དེ་ཝ་ཆེ་སྟེ་ཆོས་རྒྱལ་སྲོང་བཙན་གྱི་དུས་བྱོན་པ་རྣམས་དང༌། བུདྡྷ་གུ་ཧྱས་སངས་རྒྱས་གསང་བ། བུདྡྷ་གུ་ཧྱས་སངས་རྒྱས་ཞི་བ་འདི་གཉིས་གངས་ཏི་སེར་བྱོན་ནས་བཞུགས། རྒྱལ་པོ་མེས་ཨག་ཚོམས་ཀྱིས་སྤྱན་དྲངས་ཀྱང་མ་བྱོན། མདོ་སྡེ་ལྔ་བསྐུར་ནས་ཕྱིས་བསྟན་པ་འབྱུང་བར་བྱིན་གྱིས་བརླབས་པའི་དྲིན་ཅན་ཡིན།

ཞི་བ་འཚོ་ནི་རྒྱ་གར་ཤར་ཕྱོགས་ས་ཧོ་ར་ཟ་ཧོར་གྱི་ཆོས་རྒྱལ་གྱི་སྲས། གཞི་ཐམས་ཅད་ཡོད་སྨྲའི་སྡེ་པ། སྡེ་སྣོད་རིག་གནས་ཐམས་ཅད་འཛིན་ཞིང་བོད་ཀྱི་དོན་ཁོ་ནར་སྨོན་ལམ་བཏབ་སྟེ་བྱོན་པ་༼ཏ༢བ༽ལོ་དགུ་བརྒྱ་འདས་སྟེ་བོད་ཡུལ་དུ་བྱོན་ནས་བོད་ཡུལ་དུ་ལོ་བཞི་བཅུར་ཟིན་པ་བཞུགས་ཏེ་བསམ་ཡས་སུ་མྱ་ངན་ལས་འདས་པའོ། །

པདྨ་འབྱུང་གནས་ནི་བོད་ཀྱི་མི་མ་ཡིན་འདུལ་བའི་དོན་དུ་པདྨ་ལས་བརྫུས་ཏེ་སྐྱེས་པ་རིག་འཛིན་མཐའ་དག་གྲུབ་པ། ཡོ་གའི་ཕྱག་རྒྱའི་སྒོ་ནས་ལྷ་སྲིན་ཐམས་ཅད་བཏུལ། ད་ལྟ་རྔ་ཡབ་གླིང་ན་སྲིན་པོའི་རྒྱལ་པོར་བཞུགས་པའོ། །

ཡོ་གའི་སློབ་དཔོན་དྷརྨ་ཀིརྟི་འདི་བསམ་ཡས་ཀྱི་རབ་གནས་མཁན་པོར་བུ་སྟོན་བཞེད། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་འདི་དགའ་རབ་རྡོ་རྗེའི་དངོས་སློབ་སྟེ་ཕྱག་རྒྱ་རྒྱ་ཆེན་ཞེས་བཱི་མ་ལ་མུ་ཏྲ་དག་པར་ཀློང་ཆེན་པ་འཆད། དེབ་སྔོན་པས་འདི་བཱི་མ་ལ་སྔ་མར་བྱས་ནས་རྣལ་འབྱོར་པའི་ཆ་བྱད་ཅན་ཡིན་ཟེར་ཡང་ཁུངས་མེད་པས་པཎ་ཆེན་དུ་སྐུ་འདྲ་རྙིང་མ་རྣམས་ལ་ཡོད། ཤཱནྟི་གརྦྷ་ཞི་བ་སྙིང་པོ། བི་ཤུདྡྷ་སིངྷ་རྣམ་དག་སེང་གེ་རྒྱ་ནག་གི་ཧྭ་ཤང་མ་ཀོ་སེ་དང་རྦ་རཏྣ་འདི་ཤེས་ཕྱིན་འབུམ་ཐོག་མར་བསྒྱུར་བའི་ལོ་པཎ་ཡིན། ཀ་མ་ལ་ཤཱི་ལ་པདྨའི་ངང་ཚུལ་འདིས་ཧྭ་ཤང་མ་ཧཱ་ཡ་ན་རྩོད་པས་ཆོས་སུ་བཏུལ་ཏེ་དེ་རྣམས་ཁྲི་སྲོང་གི་དུས་ཀྱི་པཎ་ཆེན་ནོ། །

ཀལྤ་མི་ཏྲ་དུས་ཀྱི་བཤེས་གཉེན། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན། སུ་རེནྡྲ་བོ་དྷི་ལྷ་དབང་བྱང་ཆུབ། ཤཱི་ལེནྡྲ་བོ་དྷི་ཚུལ་ཁྲིམས་དབང་པོ་བྱང་ཆུབ། དཱ་ན་ཤཱི་ལ་སྦྱིན་པའི་ངང་ཚུལ། བོ་དྷི་མི་ཏྲ་བྱང་ཆུབ་བཤེས་གཉེན། མུ་ནེ་ཝརྨ་ཐུབ་པའི་གོ་ཆ། སརྦ་ཛྙཱ་དེ་ཝ་ཀུན་མཁྱེན་ལྷ། དཱི་ནྱ་པྲ་བྷ་རིག་བྱེད་འོད་ཟེར་སྟེ་བསྟན་པ་སྔ་དར་གྱི་པཎྜི་ཏའོ། །

ཤྲཱི་ཀ་ར་ཝརྨ་དཔལ་འབྱུང་གོ་ཆ། བྷརྨ་པཱ་ལ་ཆོས་སྐྱོང་འདི་ནས་སྟོད་འདུལ་དར། པྲཛྙཱ་པཱ་ལ་ཤེས་རབ་སྐྱོང༌། བུདྡྷ་པཱ་ལ་སངས་རྒྱས་སྐྱོང༌། ཁ་ཆེ་ཛྙཱ་ན་ཤྲཱི་ཞི་བ་བཟང་པོ། ཤྲཱདྡྷ་ཀར་ཝརྨ་དད་བྱེད་གོ་ཆ། པདྨ་གུཔྟ་པདྨ་སྦས་པ། མུཀྟི་མི་ཏྲ་གྲོལ་བའི་བཤེས་གཉེན། བུདྡྷ་ཤྲཱནྟ་ཤྲཱི་དཔལ་སངས་རྒྱས་ཞི་བ། སུ་བྷ་ཥི་ཏ་ལེགས་གསུངས། པྲཛྙཱ་ཝརྨ་ཤེས་རབ་གོ་ཆ། སྨྲྀ་ཏི་ཛྙཱ་ན་ཀི་རྟི་དྲན་པ་ཡེ་ཤེས་གྲགས་སྟེ་འདི་དང་པཎྜི་ཏ་ཕྲ་ལ་རིང་བ་གཉིས་ལོ་ཙཱ་བ་བལ་པོ་པདྨ་རུ་ཅེས་བོད་ཏུ་སྤྱན་དྲངས། མུ་སྟེགས་ཀྱི་བསྐྲད་ལས་བྱུང་ཡང་ཟེར་སྟེ་མངའ་རིས་སུ་ལོ་ཙཱ་བ་ཕོ་ལོག་གིས་ཤི། པཎྜི་ཏ་གཉིས་བོད་༼ཏ༣ན༽དུ་སྐད་མི་མཁྱེན་པས་འཁྱམས། སྨྲྀ་ཏིས་རྟ་ནག་དུ་རྫི་བོ་མཛད། ཕྱིས་དཔྱལ་ལོ་སེ་ཙ་༼ལོ་ཙཱ་བ་༽བསོད་ནམས་རྒྱལ་མཚན་གྱིས་པཎྜི་ཏར་མཁྱེན་ཏེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། ཕྱིས་བོད་སྐད་བྱང་བར་མཁྱེན་ཁམས་སུ་བྱོན། འདན་སློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། བདེན་བཞི་དང་འཇམ་དཔལ་གསང་ལྡན་སྔགས་དོན་རྣམ་གཟིགས་གཉིས་མེད་རྣམ་རྒྱལ་ཆེན་མོ་སོགས་རང་འགྱུར་མང་པོ་མཛད། ལི་ཆུ་གསེར་ཁབ་ཏུ་བྱོན་ནས་བོད་ལ་ཉེ་བར་མཁོ་བའི་སྒྲའི་བསྟན་བཅོས་སྨྲ་སྒོ་མཚོན་ཆ་མཛད། གླིང་ཡུལ་དུ་གཤེགས་སྐུ་འབུམ་བྱས་ཏེ་ཡུལ་དེ་དྲན་པ་ཐང་དུ་གྲགས་སོ། །

ཕྲ་ལ་རིང་བས་གཙང་རོང་ཏུ་རྫོགས་ཆེན་པ་རོང་པ་ཆོས་བཟང་གྲོངས་པ་ལ་གྲོང་འཇུག་བྱས་པས་རོང་པས་ཆོས་མང་པོ་ཏོལ་ཤེས་སུ་བྱུང་སྟེ་གཞན་ཕན་མཛད་ཅེས་བུ་སྟོན་བཞེད་ཏོ། །

སུནྱ་ཤྲི་ལེགས་རིག་དཔལ། ཁ་ཆེ་ཛྙཱ་ན་ཤྲཱི། ཙནྡྲ་རཱ་ཧུ་ལ་དགྲ་གཅན་ཟླ་བ། དྷི་ར་པཱ་ལ་བསྟན་སྐྱོང་ཞེས་བྱ་སྟེ་འབུམ་ཕྲག་གསུམ་པར་གྲགས་པ་རྔོག་ལོ་ཆེན་པོའི་བླ་མ་འདིས་བུ་དོང་དུ་བྱོན། འབུམ་གསེར་བྲིས་ཤིག་ལ་རབ་གནས་ཞུས་པས་བགེགས་ཆེན་པོ་འདུག་གསུངས་ནས་ཆོས་ལ་སྟེགས་མཛད་སྟེ་བཞུགས། བཞེངས་ཏེ་བལྟས་པས་ཡིག་འབྲུ་གཅིག་ཀྱང་མི་འདུག་སླར་མེ་ཏོག་འཐོར་རིམ་གྱིས་ཡིག་འབྲུ་ཁྲ་ལམ་ལམ་བྱུང་སྟེ་དེ་ལ་རྟེན་གྱི་གཙོ་བོར་བྱས་ཏེ་བུ་དོང་གི་སྡེ་ཆགས་ཅིང་ས་གྲུ་གསུམ་སྐྱེ་གནས་ལྟར་ཡོད་པས་བུ་མོའི་དོང་ངམ་ཨེ་ཞེས་བཏགས། ཁ་ཅིག་སྔར་འདུལ་འཛིན་གཞན་ཞིག་གིས་བཏབ་སྟེ་པཎ་ཆེན་ལ་ཕུལ་ཞེས་ཀྱང་ཟེར་རོ། །དེར་བུ་དོང་རིན་རྩེ་ལ་སོགས་མཁས་པ་དཔག་མེད་བྱུང་ངོ༌། །

ཨ་ཏུ་པྱེ་ད་ཤ་མཉམ་མེད་བཅུ་པ། སུ་མ་ཏི་ཀིརྟི་བློ་མཆོག་གྲགས་པ། ཨ་མ་ང་ཙནྡྲ་འཆི་མེད་ཟླ་བ། ཐིག་ལེ་བུམ་པ་གཞོན་ནུ་བུམ་པ། ཀ་ན་ཀ་ཝརྨ་གསེར་མདོག །དམ་པ་རྒྱ་གར། ཛ་ཡ་ཨཱ་ནནྟ་འདིས་བོད་ཏུ་བྱོན། པ་ཚབ་ཀྱིས་ལོ་ཙཱ་བྱས་ཏེ་ཕྱ་པ་དང་དབུ་མ་ཐལ་རང་ལ་རྩོད་པས་པཎྜི་ཏས་མ་ཐུབ། སླར་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་བསྒྲུབས། རི་བོ་རྩེ་ལྔའི་འདབས་སུ་འཇུག་པའི་རྒྱས་འགྲེལ་རྟོག་གེ་ཐོ་བ་མཛད་ནས་སླར་རྩོད་པ་ལ་བྱོན་དུས་ཕྱ་བ་གཤེགས། ༼ཏ༣བ༽པ་ཚབ་ཀྱི་བུ་བཞི་སོགས་ནས་དབུ་མ་ཐལ་འགྱུར་བ་བོད་ཏུ་དར་བར་མཛད་ཏོ། །

གྷ་ཡ་དྷ་ར་ནི་ན་རོ་མེ་ཏྲི་སོགས་གྲུབ་ཐོབ་མང་པོའི་སློབ་མ་ཡིན། རྟེན་ཁྱིམ་པར་བཞུགས། བོད་ཏུ་ལན་མང་པོར་བྱོན་ཏེ་རེ་རེ་ལ་མཚན་ཐ་དད་ཏུ་ཐོགས་ཅིང་ཐེངས་ཅིག་ཨཱ་ཙརྻ་དམར་པོ་ཞབས་སུ་ཡང་གྲགས། ཕྱིས་འབྲོག་མགོས་ཀྱི་བླ་མ་བྱས་སོ། །

ཁ་ཆེ་ཟླ་བ་མགོན་པོ། སྟོང་ཉིད་ཏིང་འཛིན་རྡོ་རྗེ། ཡེ་ཤེས་རྡོ་རྗེ། ཤེས་རབ་གསང་བ། མ་ཧཱ་ཛ་ན། མནྟུ་ཀ་ལཀྵུ། ཀརྨ་བཛྲ། ཛ་མ་རི། དཔའ་བོ་རྡོ་རྗེ་འདི་བོད་ཀྱི་གངས་རི་ལྟ་བ་ལ་ཡོང་གསུངས་ནས་འབྲོག་མིའི་སར་བྱོན་ཏེ་ཆོས་བསྟན་ནས་སླར་རྫུ་འཕྲུལ་གྱིས་བཞུད་སྐད། རཱ་ཧཱུ་ལ་གུཔྟ་བཛྲ་འདི་རི་ནག་པོའི་ཁོང་སེང་ན་བཞུགས། མཻ་ཏྲྀ་པའི་སློབ་མ་ཡང་ཡིན། ཁྱུང་བོ་རྣལ་འབྱོར་འཕན་ཡུལ་ཆད་དཀར་ན་བཞུགས་དུས་བོད་རི་རོང་དོག །ཁོ་བོས་རྡོ་རྗེ་གདན་གྱི་ཉི་མ་ཤར་མ་ཐོག་འོངས་པས་འདིར་ནམ་ནངས་ལས་མ་སླེབས་གསུངས་རྫུ་འཕྲུལ་དུ་མ་བསྟན། ཆོས་མང་དུ་གསུངས་ནས་བལ་པོར་བསྐྱལ་ཏེ་བོད་ཏུ་རྡོ་རྗེའི་ས་གཞི་མེད་པས་ཚེ་ཉི་ཟླ་དང་མཉམ་པ་དང་སྒྱུ་མ་སྒྲུབ་མི་བཏུབ་པ་ཡིན། ངའི་རྫུ་འཕྲུལ་གྱི་རྟ་ལ་བཞོན་རྒྱ་གར་དུ་འགྲོ། ཚེ་ཉི་ཟླ་དང་མཉམ་པ་སྒྲུབ་བོ་གསུང་བ་ལ་ཐེ་ཚོམ་སྐྱེས་པས་རྟོག་པའི་ཐུམ་པོ་ཁྱོད་མི་འགྲོ་བར་འདུག་གསུངས་ནས་ཉི་ཟེར་ལ་ཆིབས་ཏེ་བཞུད་ཏོ། །

བཻ་རོ་ཙ་ན་བཛྲ་འདི་དངུལ་ཆུའི་བཅུད་ལེན་གྲུབ་པ་ཡིན། རྒྱ་ནག་དུ་བྱོན་པས་རྒྱལ་པོས་ཉམ་སད་པའི་ཕྱིར་དངུལ་ཆུ་དཀར་ཡོལ་གང་དྲངས་པ་ཅིག་ཅར་གསོལ། འོན་ཀྱང་རྒྱལ་པོས་ཉམས་སད་བྱས་པ་ལ་མ་མཉེས་ནས་ཆོས་མ་བསྟན་པར་བོད་ཏུ་བྱོན་ཏེ་རྗེ་དུས་མཁྱེན་དང་ཞང་ཚལ་པ་སོགས་ལ་གདམས་པ་སྟན། ངམ་ཤོད་སྨད་ཏུ་བཞུགས་སོ། །

བལ་པོ་ཨ་སུ་སྐྱེ་མེད་བདེ་ཆེ་འདི་མཻ་ཏྲྀ་པའི་ཆོས་ལ་མཁས། བོད་ཏུ་བྱོན་ནས་དོ་ཧ་དར་བར་མཛད། རས་ཆུང་པས་རྒྱ་གར་དུ་ཕྱག་རྒྱ་ཆེན་པོ་ལ་སུ་མཁས་དྲིས་པས་བླ་མ་བལ་པོ་བོད་ཏུ་སོང་ནས་རྒྱ་གར་དུ་ཕྱག་རྒྱ་ཆེན་པོ་རྩད་གཅོད་པའི་བོད་གླེན་པ་ཟེར་སྐད། ཕྱིས་སུ་འཕྲང་དུ་བཞུགས་སྲས་རྒྱུད་མང་དུ་བྱུང་ངོ༌། །

རཏྣཱ་ཀཱ་ར་༼ཏ༤ན༽ཤཱནྟི་འདི་མཁས་པ་སྒོ་དྲུག་ཤཱནྟི་པ་ཆེན་པོ་དེ་ཡིན། གྲོང་འཇུག་གིས་ལུས་ལན་ལྔ་འཕོས་པའི་རྟིང་མ་ལ་ཐང་ཆེན་པོ་ཞེས་པའི་གཙུག་ལག་ཁང་བྱ་བར་བཞེང་ནས་ནོར་བཙལ་བའི་ཕྱིར་རྒྱ་ནག་ལ་འབྱོན་པའི་ལམ་བོད་ཏུ་བྱོན། རྗེ་དུས་མཁྱེན་ཞང་ཚལ་པ་སློབ་དཔོན་སྙེ་མདོ་བ་རྣམས་ལ་ལཉྩ་མཆོག་གྱུར་གྱི་གདམས་པ་གསུངས་སོ། །

མཛྙུ་གྷོ་ཥ། སཱུརྻ་ཀིརྟི་ཉི་མ་གྲགས། ག་ག་ན་དྷ་ར་ན་མཁས་འཛིན། ནོར་སྦས། ས་མནྟ་ཤྲཱི་ཀུན་ནས་དཔལ། ནི་སྐ་ལངྐ་དེ་ཝ། ཛེ་གཏྨི་ཏྲ་ཨཱ་ནནྟ་འདི་ནི་སྤྱན་རས་གཟིགས་ཀྱི་སྤྱན་གཡས་པའི་སྤྱན་ཆབ་ལས་བྱུང༌། ཝ་ར་ཎ་སའི་རྒྱལ་པོ་བཙུན་མོ་ཆུན་མ་འོད་ཟེར་ཀུན་ནས་མཛེས་མའི་སྲས་སུ་འཁྲུངས། ཁྲོམ་ཆེན་པོའི་དབུས་སུ་ཡབ་དང་མཇལ་བས་ལྷ་མི་ཐམས་ཅད་དགའ་འོ་ཞེས་ཛ་གཏྲ་ཨཱ་ནནྟ་སྐྱེ་འགྲོ་ཀུན་དགར་བཏགས། ཆེན་མའི་སྲས་རྣམས་ཀྱིས་མཚོ་ནང་དུ་བསྒྱུར་བས་ཀླུས་མཆོད་སྟེ་ཆོས་བསྟན། ཆུར་བསྐྱུར་བ་གསངས་ནས་སྤུན་ཟླ་རྣམས་ཀྱིས་བདག་མ་རྙེད་ཏོ་བརྗོད་པས་གཅེན་རྣམས་མགུ་སྟེ་འདི་ནི་བདག་ཅག་གི་བཤེས་གཉེན་ཞེས་མི་ཏྲ་ཨཱ་ནནྟ་ཅེས་ཐོགས། ཡབ་ཡུམ་ལ་ཆོས་ཀྱི་ཕྱིར་གྱི་གསོལ་བ་ནན་གྱིས་བཏབ་མཐར་བྲོས་ཏེ་རྡོ་རྗེ་གདན་དུ་རྒྱལ་བའི་ལྷ་ལས་རབ་བྱུང་བསྙེན་རྫོགས་ནོར་ཨེ་ཀ་ཛཱ་ཊིས་ལུང་བསྟན་ཏེ་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་དང་སྒྲོལ་མའི་ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་ལོ་དྲུག་བསྒྲུབས། སླར་ཁཱརྶ་པཱ་པ་ཎའི་གཙུག་ལག་ཁང་དུ་ལོ་དྲུག་བསྒྲུབས། ཨོ་རྒྱན་དུ་དངོས་གྲུབ་ཐོབ་པར་ལུང་བསྟན་ཐོབ་ནས་བྱོན་ཏེ་སྤྱན་རས་གཟིགས་ཀྱི་སྤྱན་ཆབ་གཡོན་པ་ལས་བྱུང་བ་མཁའ་འགྲོ་མ་དེ་ཝ་ཌཱ་ཀི་ནིས་ཀུ་ལུ་ཏའི་གནས་སུ་མངལ་གྱི་དྲི་མ་སྦྱངས། རྣམ་སྨིན་གྱི་ལུས་དག་སྟེ་ཆུ་ཟླ་ལྟ་བུའི་སྐུ་བརྙེས། ཨོ་ཏྱནྟ་པུ་རི་གར་ལོག་གི་དམག་གིས་སྐོར་བ་ལ་ཞི་བས་ཆོས་གསུངས། རྒྱས་པའི་འཕྲིན་ལས་ས་རྡོ་རིན་པོ་ཆེ་བྱིན་གྱིས་བརླབས་པའི་ཆར་ཕབ། དབང་གི་སྒོ་ནས་ན་མཁའ་ལ་བྱོན་སྟེ་རྫུ་འཕྲུལ་བསྟན། དྲག་པོས་སྦ་ལྕག་ཀླད་ལ་བསྐོར་བས་ཉིན་གུང་ལ་མུན་སྲོས་ཅིང་རྡོའི་ཆར་ཕབ་པས་༼ཏ༤བ༽ཟློག་ཡབ་རྒྱལ་པོ་ལ་མུ་སྟེགས་གྱི་ར་ཙ་གྲགས་པ་སྡེའི་དམག་གིས་བསྐོར་བ་རེངས་པར་མཛད་སྟེ་ཟློག །ཐུགས་རྗེ་ཆེན་པོའི་མཎྜལ་ཤིང་སྟན་མདུན་དུ་བཞག་སྟེ་འདི་བསྐུལ་ནུས་ན་གསེར་སྲང་སྟོང་སྟེར་ནང་པ་ཐམས་ཅད་མུ་སྟེགས་ལ་འཇུག་གོ །བསྒུལ་མ་ནུས་ན་མུ་སྟེགས་ཐམས་ཅད་ནང་པ་ལ་ཞུགས་ཤིག་གསུངས་པས་གྱད་དང་གླང་ཆེན་དང་སྒྱུ་མ་བཤིག་སྔགས་སོགས་ཀྱིས་བསྒུལ་མ་ནུས་ཏེ་རྗེ་བཙུན་ཉིད་མེད་བསྲེགས་པས་མ་གནོད། ཟངས་སུ་བཅུག་གངྒཱ་བོར་བས་གངྒཱ་ཆར་པའི་བར་དུ་ཟངས་བཞག་སྟེ་གངྒཱ་གྱེན་དུ་ལོག་པས་ཕོ་བྲང་འཇིག་དུ་ཆ་བའི་ཚེ་གསོལ་བ་བཏབ་པས་ན་མཁའ་ལ་བྱོན་སྟེ་གངྒཱ་ཐོག་མའི་ཤུལ་དུ་སོང་གསུངས་པས་ཤར་གྱིས་སོང༌། ར་ཙ་དེས་མངའ་རིས་ཐམས་ཅད་ཕུལ་ཏེ་ཡབ་ཀྱི་མངའ་འབངས་དང་གཉི་ག་ལྷ་འབངས་སུ་བསྒྱུར་ཏེ་བསྟན་པ་དར་བར་མཛད། གནོད་སྦྱིན་ཀ་ལ་དང་བི་ཀ་ཥ་བྱ་བ་གཉིས་ཀྱིས་ཡུལ་གྲུ་ཆེན་པོ་ཅིག་སྟོངས་པར་ཟ་བ་བཏུལ་ཏེ་ཞམ་རིང་དུ་འབྲང་ཞིང་ཆོས་སྐྱོང་བྱེད། སྔར་ཐུགས་རྗེ་ཆེན་པོས་ཕྱི་ནང་གསང་བའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཚན་གསུམ་དུ་གསུངས་པ་རྣམས་ཨཽ་རྒྱན་གྱི་ཡུལ་གྱི་དུར་ཁྲོད་ཆེན་པོར་ཐུགས་རྗེ་ཆེན་པོ་དངོས་སུ་བཞེངས་ནས་རིག་འཛིན་དགུ་ལ་གསུངས་ཅིང་ཁྱད་པར་སློབ་དཔོན་པདྨ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ན་ད་ལྟ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་ཅིག་གིས་སེམས་ཅན་གྱི་དོན་མཛད་ཅིང་ཡོད། འདི་ནས་གདུང་རབས་ལྔ་ན་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཅིག་འབྱུང༌། དེས་མཁས་པ་མང་པོ་སྤྱན་འདྲེན་ཞིང་ཁྱོད་ཀྱང་སྤྱན་འདྲེན་པར་འགྱུར་བས་སོང་ལ་མི་རྣམས་ཐུགས་རྗེ་ཆེན་པོ་དང་གསང་བ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་ཐུལ་ཞིག །མི་མ་ཡིན་རྣམས་ཁྲོ་བོ་རྟ་མགྲིན་གྱི་ཏིང་འཛིན་གྱིས་ཐུལ་ཞིག་ཅེས་གསུངས་ནས་སློབ་དཔོན་པདྨ་ཉིད་ལ་ཐིམ་པའི་སྣང་བ་བསྟན། སྐུ་དངོས་ནི་ནམ་ཡང་འདའ་བ་མེད་པར་ལྷོ་ཕྱོགས་དཔལ་གྱི་རི་དང་ལི་ཁ་ར་ཤིང་འཕེལ་གྱི་ནགས་ལ་སྐུ་འདི་ཉིད་ཀྱིས་བཞུགས་ཅིང་སྐལ་ལྡན་དུ་མའི་དོན་མཛད། ཕྱིས་རིང་མོ་ཞིག་ལ་ཁྱད་པར་དུ་མཁས་པ་ཤྲཱི་རྣམ་གཉིས་ལ་རྡོ་རྗེ་ཐེག་པའི་མན་ངག་བསྟན།

དེའི་སྐབས་༼ཏ༥ན༽ཅིག་ན་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་དགུང་ལོ་ཉེར་དྲུག་པ་བལ་པོར་བཞུགས་པའི་ཚེ་ཆུ་སྟོད་ཟླ་བ་ལ་རྗེ་བཙུན་མི་ཏྲ་ཛོ་གི་བྷུ་ཁཾ་དུ་བྱོན་ཟེར་ཏེ་སྒྲ་ཆེ་བར་བྱུང་ཡང་ཡིད་མ་འཆེས། དེ་ནས་ཁྱེའུ་མི་འདྲ་བ་ལྷའི་རྣམ་པ་ཅན་ཞིག་འཁོར་མང་པོས་བསྐོར་ནས་ཤིང་ཀུན་སྐོར་བ་ལ་བྱོན། གུ་ལང་དུ་མུ་སྟེགས་ཀྱི་རྟེན་ཕྱུགས་བདག་རང་བྱུང་གི་གསེར་གྱི་གྷ་ཊུ་རའི་རྩེ་མོར་སྐྱིལ་ཀྲུང་བཅས་ཏེ་མུ་སྟེགས་ཀྱི་རྣལ་འབྱོར་པ་ནུས་པ་ཅན་རྩོད་པ་དང་ནུས་པས་ཕམ་པར་མཛད། ཙཀྲ་ཝརྟི་ཆེ་ཆུང་བྱ་བ་ཏ་པ་སི་གཉིས་ཀྱིས་ཕྱུགས་བདག་ལ་ཕྱག་འཚལ་བར་བསྒོ་བས་ཕྱག་ཐལ་མོ་བརྡབས་པས་སྒོ་རང་བྱེ་སྟེ་སྐུ་དེ་འདར་ཞིང་གཡོས། མེ་ཏོག་དམར་པོའི་ཆར་བྱུང༌། པཎ་ཆེན་བུདྡྷ་ཤྲཱིས་དེ་རཱ་ཛཱ་གུ་རུ་ཡིན་ན་ངའི་བླ་མ་ཡིན་གསུངས་ནས་མཇལ་ཏེ་གཉི་ག་ཤིན་དུ་མཉེས། ཁྲོ་ལོས་མཇལ་དུ་བྱོན་པས་ནགས་མཐོངས་ཤིག་ན་སྐྱེ་བོ་མང་པོས་མཆོད་པ་དང་བཅས་ཞལ་བྱང་ཕྱོགས་སུ་གཟིགས་ཏེ་ལྷ་དངོས་ཡིན་སྙམ་པ་སྐུ་སྨད་ལ་རས་ཁྲ་བོ་གཡོགས་ཅིང་ཤིང་སྟན་མཆན་ཁུང་གཡོན་ན་འཛིན་པ་ཅིག་མཐོང་བས་རྗེ་བཙུན་མི་ཏྲ་ཡིན་མིན་གྱི་ཐེ་ཚོམ་རང་སར་ཞིག་སྟེ་དགའ་བ་མཐའ་ཡས་པས་ཞབས་ལ་ཡང་ཡང་གཏུགས། གོ་ལ་གསོལ་འཕྲོ་ཞིག་ཞལ་ནས་ཕྱུང་སྟེ་གནང་བ་ཟོས་པས་བྱིན་རླབས་ཐམས་ཅད་ཞུགས། ཁྲོམ་རྣམས་ཀྱིས་མི་ཚོར་གསུངས་ནས་མ་ཞུས་ཀྱང་དྲུག་ཚན་གསུམ་པའི་ཆོས་དེ་ཉིད་ཏུ་གསུངས། རྗེ་པཎ་ཆེན་གྱིས་ཆོས་ཀྱི་ནང་བྱན་པ་མཛད་སྟེ་སེམས་ཉིད་ངལ་གསོ་དང་རྡོ་རྗེ་སྦས་པའི་གསང་ལམ་གསུངས། ཤིན་དུ་ཐུགས་བརྩེ་བ་ཕ་བུ་ཕྲད་པ་ལྟར་གྱུར། བོད་ཏུ་གཤེགས་པར་ཞུས་ཅིང་ཡི་དམ་ཆོས་སྐྱོང་ལ་ངོ་ཆེན་ཞུས། རྗེ་པཎ་ཆེན་གྱིས་ཀྱང་གནོད་སྦྱིན་གཅིག་གིས་གྲོགས་བྱེད་ཀྱང་གཅིག་གིས་གེགས་བྱེད་པར་སྣང་བས་ཀ་ལ་ལ་ཁྲག་སྣའི་གཏོར་མ་སྐྱོལ་གསུང་བ་ལྟར་བྱས་པས་ང་ནི་བོད་ཏུ་གཤེགས་ཆས་བྱེད་པའི་མི་མ་ཡིན་གྱི་ཟང་ཟིང་ངོ་གསུངས་ཏེ་རྗེ་བཙུན་གྱིས་ཀྱང་འབྱོན་པའི་ཞལ་བཞེས་ཙག་ཙིག་བྱུང༌། ལ་སྟོད་ཆུ་མིག་རིང་མོ་ན་དགེ་བའི་བཤེས་གཉེན་བྲང་པོ་ལུང་པ་ཞེས་པ་དོན་༼ཏ༥བ༽འགས་པ་ཆེན་པོ་ཅིག་ཝ་པོ་ཟླ་བའི་ཚེས་བརྒྱད་ལ་བསྙུང་གནས་མཛད་པའི་ཐོ་རེངས་སང་རེས་ཐུགས་རྗེ་ཆེན་པོ་རས་སེར་པོས་དྲིལ་བ་ཞིག་ཁྲོ་ཧུར་འབྱོན་ནོ་ཟེར་བའི་སྒྲེ་བྱུང་བ་དཔོན་སློབ་ལྔས་ཐོས། ལ་སྟོད་གཙང་སོའི་སྲིན་པོ་གདོང་གི་གནས་སུ་སྟོན་པ་དད་པ་བྱ་བ་ལ་རྗེ་བཙུན་མི་ཏྲ་ཛོ་གི་གནས་ཁང་གཡར་དུ་འབྱོན་གྱིས་ཁྱིམ་བྱི་དོར་གྱིས་བྱ་བ་ནུབ་གསུམ་དུ་བྱང༌། མཇལ་ནས་ལོ་ངོ་གཉིས་སོང་བ་ན་ཝཱ་ར་ཎ་སིའི་རྒྱལ་པོ་ཛཱ་ཡ་ཙནྡྲ་བྱ་བ་འཛམ་གླིང་ན་ཆེ་བ་དེ་དང་དེའི་མག་པ་དབུས་འགྱུར་འཆང་གི་རྒྱལ་པོ་ཤིང་རྟ་ཅན་བྱ་བ་དེ་གཉི་གས་ཏི་ར་ཧུར་ཏིའི་རྒྱལ་པོ་ལ་བཀའ་ཕབ་ནས་དེས་རྗེ་བཙུན་སྤྱན་འདྲེན་པའི་ཕྱིར་ཕོ་ཉ་བ་རལ་སྐོར་མཁན་ལ་སོགས་པའི་དམག་དཔུང་ཆེན་པོ་སླེབས་ཏེ་སྤྱན་དྲངས་ནས་ཕམ་ཐིང་དུ་གཤེགས། རྒྱ་གར་བའི་བསུ་བ་མཐའ་ཡས་པས་སླེབས། བོད་ཀྱིས་ཅི་བྱར་ཡང་མེད་པར་སོང་བའི་ཚེ་ལོ་ཙཱ་བ་ཆེན་པོས་ཀྱང་སྐྱེལ་ཐུང་གི་ཚུལ་དུ་བྱོན། རྗེ་བཙུན་ཕམ་ཐིང་གི་ཁང་བརྩེགས་ཅིག་གི་ཡང་ཐོག་བསིལ་ཁང་ན་བཞུགས་པའི་དྲུང་དུ་བཏོལ་ནས་གྲུབ་ཐོབ་འདི་ལྟ་བུ་དང་མཇལ་རྗེས་སུ་བཟུང༌། བོད་ཏུ་གཤེགས་པར་ཞལ་གྱིས་བཞེས་ནས་སྤྱན་མ་འདྲོངས་པར་སླར་གཤེགས་པ་ནི་བདག་དང་བོད་རྣམས་བསོད་ནམས་ཤིན་དུ་དམན། ང་ནི་ད་ལྟ་ལུས་སྲོག་དོར་ཏེ་ཤི་མ་ཐག་པོ་ཊ་ལར་རྗེ་བཙུན་ཉིད་ཀྱི་དྲུང་དུ་སྐྱེ་བར་བྱའོ་སྙམ་དུ་ཚམ་ཚོམ་མེད་པར་གྱུར་ཏེ་གསེར་གང་ཡོད་སྐུ་ལ་གཏོར་ནས་གཡང་ཆེན་པོ་ལ་རྒྱང་གིས་འཕྱོངས་པ་དང་རྗེ་བཙུན་གང་ནས་བྱོན་ཆ་མེད་པར་བར་སྣང་ལ་རྒྱང་བྱོན་ཏེ་ལོ་ཙཱ་བ་ཆེན་པོའི་ཕྱག་ནས་བཟུང་སྟེ་ཨ་ཧ་ཧ་དེ་ཙུག་མ་བྱེད་ཁྱོད་ཀྱི་འདོད་པ་ངས་སྒྲུབ་བོ་གསུངས་ཏེ་རྒྱལ་པོ་ཟླ་བ་ལ་འཕྲིན་ཡིག་མཛད། རྒྱ་གར་བ་རྣམས་ཟང་ཟིང་གིས་མགུ་བར་མཛད་སྟེ་སློག་ནས་དེ་ཕྱིན་ལོ་ཙཱ་བ་ཆེན་པོས་ཞབས་ཏོག་མཛད་ནས་ཐུན་མོང་གི་ཆོས་ཀྱིས་སྐྱེ་འགྲོ་མང་དུ་བཏུལ། ཁྱོད་ང་སྤྱན་འདྲེན་པ་ལ་དཀའ་བ་དེ་ཙམ་དུ་བྱེད་པ་དགོས་པ་ཅི་ཡོད་གསུངས་ཏེ་བསྟན་༼ཏ༦ན༽པ་དང་སེམས་ཅན་ལ་བསམས་པ་ཁོ་ན་ལས་གྲགས་འདོད་སོགས་རང་འདོད་ཀྱི་རྙོག་པ་རྡུལ་ཙམ་ཡང་མ་འདྲེས་པར་མཁྱེན་ནས་ཤིན་དུ་མཉེས། སྐུ་འཁོར་སྟོང་ལྷག་པའི་ཡོ་བྱད་ལོ་ཙཱ་བ་ཆེན་པོ་ཉིད་ཀྱིས་སྦྱར་ཏེ་བོད་ཕྱོགས་སུ་རིམ་པར་ཕེབས། སྐལ་ལྡན་རྣམས་དད་པའི་དབང་གིས་འདུས་ཁ་ཅིག་དེ་ལྟ་བུ་མི་སྲིད་ཟེར་ནས་བརྟག་དཔྱད་བྱེད་གྲགས་པ་དང་ལྟད་མོ་དང་དགེ་བའི་རྩ་བས་བསྐུལ་བའི་སྐྱེ་བོའི་ཚོགས་ཟླ་ལམ་ཙམ་ནས་སྤྲིན་བཞིན་འདུས་ཏེ་ཟང་ཟིང་གི་འབུལ་བ་རི་སྤུངས་པ་ལྟ་བུ་རྒྱུན་མི་ཆད་པ་ཐམས་ཅད་སྐྱི་རོང་གི་འཕགས་པ་སོགས་དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་འདུ་བའི་སྒོ་འཁྲུག་རྩོད་ཀྱི་སྡུམས་ལམ་འཕྲང་གསོ་བ་སོགས་ལ་དེ་མ་ཐག་གནང་སྟེ་ཅུང་ཟད་ཀྱང་བདག་གིར་མི་མཛད། ལོ་ཙཱ་བ་ཆེན་པོས་ཀྱང་སྔ་འཕྲུལ་གྱི་བུ་ལོན་སོགས་ཀྱིས་ཡོ་བྱད་བློར་མི་ཆུད་པ་རྒྱུན་དུ་དགོས་པ་རྣམས་ཀྱང་ནོར་རྒྱུན་མ་དང་རྣམ་ཐོག་སྲས་བྲན་དུ་བཀོལ་བས་སྒྲུབ་པ་མ་གཏོགས་རྗེ་བཙུན་གྱི་འབུལ་བ་མ་ཤ་ཀ་གཅིག་ཀྱང་ལོངས་མི་སྤྱོད། གར་ཕེབས་ཀྱི་ཡུལ་གྲུ་ཐམས་ཅད་ཏུ་ལྟད་མོ་དང་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་ལ་ཐུག་པ་མེད། སྐྱེ་བོ་འདུས་ཆེས་པས་ཁྱིམ་ཐམས་ཅད་ཐོག་ཁྲོལ་ཚགས་ལྟར་སོང༌། ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས། སྒོ་ཐམས་ཅད་ཐལ་བྱུང་དུ་གྱུར། བཟའ་བཏུང་ལ་འདོད་པ་མེད། འཐབ་རྩོད་དང་ཆེ་ཆུང་བརྩི་བའི་མིང་མི་གྲག་པར་སྐྱེ་བོ་ཆེ་ཆུང་ཐམས་ཅད་སྙིང་པོ་བཟློས་པ་དང་སྐྱབས་འགྲོ་སེམས་སྐྱེད་ཀྱི་འུར་དིར་དུ་སོང་སྐད། ཁ་ལ་བྱ་ལ་གསེབ་ལ་གསུམ་གང་ནས་བཞུད་པའི་ཁ་ཟིན་ལ་ཡུལ་པ་རྣམས་སོ་སོས་གསོལ་བ་བཏབ་པས་ལོ་ཙཱ་བས་ལ་ཕྱི་རྒྱབ་ཀྱི་གནས་ལེགས་པ་ཅིག་གཡོར་ཞིག་གསུངས་ཏེ་དཔལ་ཐང་ཡས་མིག་ན་དགེ་བཤེས་མོང་པོ་བྱ་བ་སྟོད་ཟུར་གྱི་དགེ་བསྙེན་ཚངས་སྤྱོད་པ་ཁྱད་པ་ཅན་ཞིག་བཞུགས་པ་ལ་གནས་གཡར་དུ་བཏང་བས་རྗེ་བཙུན་ཉིད་ཆིབས་པ་མཛད་སྟེ་འཁོར་སུ་ཡང་མེད་པར་ལ་ལ་མཇལ་བར་བསྒུག་པའི་སྐྱེ་བོ་སུས་ཀྱང་མ་མཐོང་བར་ལ་གང་ལ་བྱོན་ཡང་ཕེབས་མི་གཤའ་བའི་སྔ་བར་གདན་ཕེབས། དེ་རྣམས་སུ་སྐྱེ་བོ་༼ཏ༦བ༽མཐའ་ཡས་པ་འདུས་པ་ལ།

རྨི་ལམ་གྲོང་ཁྱེར་ཡངས་པ་ན། །སྒྱུ་མའི་སྐྱེ་བུ་ལོངས་སྤྱོད་པ། །ལོངས་སྤྱོད་དུས་ན་ལོངས་སྤྱོད་མེད། །སྣང་སེམས་དེ་ལྟར་ཤེས་པར་བྱ། །ཞེས་སོགས་གསུངས། དགེ་བཤེས་དེ་ལ་སྙིང་རྗེ་ཆེན་པོ་དང་གནས་ལུགས་ཀྱི་སྒོམ་དོན་སྦྱར་བ་ཞིག་གསུངས་པས་གེགས་སོལ། རྟོགས་པ་ཁྱད་པར་ཅན་འཁྲུངས་ཏེ་ཆོས་དེས་སྐྱེ་འགྲོ་མང་པོ་སྨིན་གྲོལ་ལ་བཀོད། དེ་ནས་ལམ་ལ་སྟོད་བྱང་ལ་བྱོན། སྲིན་པོ་གདོང་དུ་དགེ་བཤེས་མང་ཆེས་པས་ཁ་ཅིག་ལ་བཞུགས་གནས་མེད་པར་ཕྱིར་ལུས་པ་ན་རྗེ་བཙུན་གྱི་ཞལ་ནས་ངའི་གནས་འདི་རྣམས་ལ་ཕུལ་གསུངས་ཏེ་ཚམ་ཚོམ་མེད་པར་ཐལ་བྱོན་ཏེ་སྟོན་པ་དད་པའི་སྒོ་ཕྱེ་ནས་ཨ་ཙ་ར་ལ་གནས་བྱིན་གསུངས་པས་རྨི་ལམ་དང་མཐུན་པས་དགའ་ཆེས་ཏེ་གསེར་གཡུ་འཁར་སྡེར་གང་ལ་སོགས་ཡོད་རྒུ་ཅོག་ཕུལ། སྙིང་པོ་དོན་གསུམ་གྱི་གདམས་ངག་གནང་བས་གྲོལ་བ་ཞིག་བྱུང༌། དེ་སོགས་གཞན་ཕན་མཐའ་ཡས་པ་མཛད་ནས་ཁྲོ་ཕུར་ཕེབས་ཏེ་ཟླ་བ་དྲུག་ཙམ་དུ་བཞུགས། ཡོ་བྱད་ཐམས་ཅད་ལྷ་སར་མཆོད་པ་སྐྱེལ་དུ་བཏང༌། བོད་ཐ་དད་ནས་སྤྱན་འདྲེན་པ་ཟད་པ་མེད་ཀྱང་རྡོ་རྗེ་གདན་ལ་གར་ལོག་གི་དམག་ཡོང་བ་ཟློག་དགོས་གསུངས་ནས་ཟང་ཟིང་ལ་ལྟོས་པ་རྡུལ་ཙམ་ཡང་མེད་པར་ཕྱིར་གཤེགས། རྒྱུད་གྲོལ་བ་དང་སྨིན་པ་ནི་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་ཕལ་ཆེར་ལ་ཆོས་ཀྱི་ལས་འབེལ་བཞག་འུ་སྐོལ་གྱི་ལུགས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་དགེ་བ་ཅི་བྱེད་ཀྱང་མགོན་མེད་སྐྱབས་མེད་ཀྱི་སེམས་ཅན་འདི་རྣམས་འཁོར་བ་ལས་དྲང་དགོས་སྙམ་པའི་སྙིང་རྗེ་དང༌། དེ་ནུས་པའི་སངས་རྒྱས་ལ་འདོད་དགོས་སྙམ་སེམས་སྐྱེད་དང་ཤི་མ་ཐག་དགའ་ལྡན་དུ་སྐྱེས་ནས་ཆོས་ཉམས་སུ་བླང་བ་ལ་འགོད་པ་སྟེ་འདི་གསུམ་དང་མ་བྲལ་བར་བྱེད་དགོས་གསུང་ཞིང་ལོ་ཙཱ་བ་ཆེན་པོས་ཀྱང་ཆོས་དེའི་ཡོན་དུ་རྟ་བཟང་བ་གསུམ་ཕུལ་བས་ཆོས་རེ་ལ་ཡོན་རེ་འབུལ་བ་བཟང་གསུངས་ཏེ་དེ་ཕྱིན་ལོ་ཙཱ་བས་དེ་གསུམ་དང་འབྲལ་མེད་ཏུ་མཛད། ཁྲོམ་ཆེས་པས་༼ཏ༧ན༽ལམ་མ་ཤོགས་པ་ན་ནང་དུ་རྟོག་པའི་འདུ་འཛི་ལ་མ་ཤོགས་པའི་རྟགས་ཡིན། རྟོག་པ་ཐམས་ཅད་རང་ངོ་ཤེས་ན་ངོ་བོ་མེད་པ་ལ་བཤག་དགོས་པའི་མི་འོང༌། བཤག་རྒྱུ་ནང་དུ་གྲོལ་ན་ཕྱི་རོལ་འདྲ་སྐད་ཅིག་གིས་ཕྱལ་འགྲོ་ཡི་གསུངས། འོ་ན་ཕྱི་རོལ་ཇི་བཞིན་དེ་བཞིན་ནང༌། །བགྱི་བ་མང་པར་གདའ་ཞུས་པས། །མང་བ་མེད་སྟེ་དེ་སྐད་ཁ་ནས་འདོན་མཁན་ཚོ་རང་ཅེ་རེ་ལོང་དུ་འགྲོ་བར་འདུག་གསུངས་ཏེ་ལམ་འཕྲང་ནམ་དཀའ་བ་ན་སུས་ཀྱང་མ་མཐོང་བར་ཕ་གར་གཤེགས་པ་ཤ་སྟག་བྱུང༌། ཁྲོ་ཕུར་བྱམས་ཆེན་ཕོ་བྲང་དང་བཅས་པའི་རྟེན་འབྲེལ་མཛད་སྟེ་རབ་གནས་ཀྱི་དུས་ཁོ་བོའང་འོད་ཀྱི་ཕུང་པོའི་རྣམ་པར་འོང་གསུངས་ཏེ་ཕྱིས་སྐལ་ལྡན་མང་པོས་མཐོང་བ་བྱུང༌། བལ་པོར་སྤྱན་དྲངས་ནས་རྒྱ་གར་བ་སུམ་བརྒྱ་ཙམ་གྱི་ཞམ་རིང་བྱས་ཏེ་རྒྱ་གར་ལ་ཐལ་གྱིས་བཞུད། ཡོ་བྱད་ཐམས་ཅད་རང་སར་དོན་ལྡན་དུ་བཀྱེ་ནས་མ་བསྣམས་ཀྱང་དད་ལྡན་གྱིས་གསོལ་བ་བཏབ་པའི་གསེར་ཉུང་ཤས་ཤིག་བསྣམས་པ་ལས་མི་ཏྲ་ཡོ་གིས་གསེར་མི་ཁུར་མང་པོ་ཁྱེར་ཡོང་བྱ་བ་རྒྱ་བལ་དུ་གྲགས་ཉེ་གནས་གཉིས་ཀྱིས་མ་ག་དྷ་དང་ཝ་ར་ཎ་སིའི་རྒྱལ་པོ་བསུ་བ་ལ་སྦྲོན་ཞུས་ཀྱང་གནོད་སྦྱིན་གཉིས་དང་ཌཱ་ཀི་མ་གསུམ་སྦྲན་ཆོག་གསུངས་ཏེ་མ་གསན་པར་གཤེགས་པའི་ཚེ། འཁོར་མ་དག་པ་ཁ་ཅིག་གིས་ནང་བྱན་བྱས་ཏེ་གངྒཱའི་འགྲམ་དང་ཉེ་བར་གོ་སི་མ་ས་ལི་བྱ་བ་དང་ཏི་ཏི་ར་ཀུ་ར་བྱ་བའི་གྲོང་པ་གཉིས་ཀྱིས་ཡུལ་ལོག་བྱས་ཏེ་མི་ཏྲ་ཡོ་གི་འདི་སྔ་ཡང་བསད་པས་ཡང་ཡང་ལོག་ཟེར་བས་ད་རེ་མི་ལྡོག་པར་བྱ་ཟེར་ནས་སྐུ་སྟོད་སྨད་ཕྲལ་དབུ་བྱེ་མའི་གསེབ་ཏུ་སྦས། སྐུ་སྟོད་ཁྱེར་སྐུ་སྨད་གངྒ་ལ་བསྐྱུར། ཡོ་བྱད་རྣམས་བགོས་པས་ཞག་བདུན་ན་སྐུ་སྟོད་སྐུ་སྨད་དབུ་དང་བཅས་པ་འདུས་ཏེ་གཅེར་བུར་བྱོན་ནས་ཇག་པ་རྣམས་ལ་ཟས་སློང་པས་ཇག་པའི་ལག་ནས་ནོར་རྣམས་ཆ་མེད་ཏུ་སོང་བ་ཁོང་རང་གི་ཕྱག་དུ་འདུས་ནས་གསོ་ཕད་ཏུ་བཏུམས་དབྱུག་པའི་ངོས་གཉིས་སུ་བཀལ་ཏེ། ༼ཏ༧བ༽

མི་ཏྲ་ཛོ་གི་སྒྱུ་མའི་མི། །སྒྱུ་མའི་སྐྱེས་བུའི་འཕྲུལ་འཁོར་བཤིག །འཕྲུལ་འཁོར་བཤིག་པའི་རོ་ལ་ལྟོས། །མགོ་བོ་ཀོ་ཊའི་རལ་གྲིས་བཅད། །མགོ་བོ་གཏི་མུག་དག་པའི་རོ། །རོ་དེ་བྱེ་མའི་རློམ་དུ་སྦས། གཏི་མུག་རྣམ་པར་མི་རྟོག་ཞིང༌། ཁོག་སྟོད་ཏི་ཤི་ལི་ཡིས་བཅད། །ཁོག་སྟོད་ཞེ་སྡང་དག་པའི་རོ། །རོ་དེ་མ་ས་ལི་བས་ཁྱེར། །ཞེ་སྡང་འོད་གསལ་མེ་ཆེན་འབར། །ཁོག་སྨད་རོ་ཧི་ཁྱུད་འདྲས་བཅད། ཁོག་སྨད་འདོད་ཆགས་དག་པའི་རོ། །རོ་དེ་གངྒཱའི་ཆུ་ལ་བསྐྱུར། །འདོད་ཆགས་བདེ་བ་ཆེན་པོར་དག །མི་བཟད་མཚོན་གྱིས་དྲལ་བའི་ཚེ། །ཟུག་རྔུ་སྟོང་པའི་ངང་དུ་འབར། །ཟུག་རྔུ་ཚོར་བ་ཚོར་བས་སྟོང༌། །གཉིས་མེད་ཡེ་ཤེས་འུ་རུ་རུ། །ཞེས་གླུ་ལེན་ཞིང་བྱོན་སྐད། །བཀྲོངས་ཟེར་བའི་ཟེར་སྒྲ་ལས་བལ་བོད་དད་པ་མ་ཐོབ་པ་ཁ་ཅིག་ཐེ་ཚོམ་དུ་ཡང་གྱུར། དེ་ནས་རིང་པོ་མ་ལོན་པར་རྒྱ་གར་གྱི་གླུ་མཁན་གྱིས་གླུ་དེ་ལེན་པ་བལ་བོད་ཏུ་མང་བར་བྱུང་བས་སླར་ཐམས་ཅད་ཡིད་འཆེས་ཅིང་མ་མཇལ་བ་རྣམས་ཀྱང་འགྱོད། ཕྱིས་པཎྜིཏ་དོན་ཡོད་རྡོ་རྗེས་བསྣམས་པ་ལས་ལོ་ཙཱ་བ་ཆེན་པོས་གླུ་དག་པར་བསྒྱུར་རོ། །

དེ་ནས་རྗེ་བཙུན་གྱིས་རྡོ་རྗེ་གདན་དུ་བྱོན་ཏེ་རྟེན་འབྲེལ་གྱིས་དམག་ཟློག་དཔལ་གྱི་རིའི་ཕྱོགས་བཞི་ན་སྒོ་རེ་ཡོད་པའི་མཚམས་ན་འབྲོག་དགོན་པ་ཡང་མང་པོ་ཡོད་པ་དེ་རྣམས་སུ་ལྷ་ཁང་དང་མགྲོན་ཁང་མང་དུ་བཙུགས། ཨོ་ཏོའི་ཡུལ་དུ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ལྷ་ཁང་བརྒྱ་རྩ་བཞེངས། རྗེ་བཙུན་ཕྱིར་ཐེགས་ནས་ལོ་ལྔ་ལོན་པ་ན་བལ་པོའི་རྣལ་འབྱོར་པ་གཉིས་དང་ཡ་ཐ་སུ་ཁི་གཉིས་ཀྱིས་རྡོ་རྗེ་གདན་དུ་ཕྱིན་པས་རྗེ་བཙུན་དང་དངོས་སུ་མཇལ། གྲགས་པ་ངན་པ་དང་ལ་ལའི་ཐེ་ཚོམ་སེལ་བའི་ཕྱིར་ཐེངས་ཅིག་བལ་ཡུལ་དུ་ཅིས་ཀྱང་འབྱོན་པར་ཞུ་ཞེས་ཞུས་པས་ད་སྟེ་ཟླ་བ་གཅིག་ན་བལ་ཡུལ་དང་ཉེ་བའི་ཀ་མ་ཙར་ཅིར་འོང་གིས་གསུངས་ཏེ་༼ཏ༨ན༽དེ་བཞིན་དུ་བྱོན་ནས་བལ་པོའི་སློབ་མ་རྣམས་ཀྱིས་མཇལ། ཁྲོ་ཕུར་ཡང་བཀའ་འཕྲིན་གྱིས་སླེབ་བོ། དེ་ནས་ཕྱི་ཞིག་ན་ཨོ་རྒྱན་གྱི་པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་བཀའ་བསྒོས་ཏེ་ལྷ་སར་མཆོད་པ་དང་མི་ཏྲ་བརྒྱ་རྩའི་དབང་རྒྱུན་སྤེལ་བར་བོད་ཡུལ་དུ་བཏང༌།

དེ་ནས་ལོ་ཉིས་བརྒྱ་དང་བཞི་བཅུ་ཙམ་འདས་པ་ན་པཎྜི་ཏ་ཤྲཱི་པུ་ཏྲ་དཔལ་གྱིས་རས་ཀྱིས་རྗེ་བཙུན་མཇལ། ཐུགས་དམ་ལྷ་དྲུག་གི་མན་ངག་གནང་སྟེ་བོད་ཏུ་སོང་ལས་རྣལ་འབྱོར་པ་སྒྱུ་ལུས་རྨི་ལམ་འབྱོངས་པ་ཅིག་ཡོད་པ་དེ་ལ་བྱིན་གསུངས་ཏེ་ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མ་མི་ཉག་གྲགས་པ་རིན་ཆེན་ལ་པཎ་ཆེན་དེས་ལྷ་སར་གསུངས༌། སྤྱིར་ཤཱཀྱའི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་འགྲོ་དོན་མཛད་ཅིང་ལྷ་ས་ཆུས་མ་ཞིག་གི་བར་ལྷ་སར་ལོ་རེ་ལ་ལན་རེ་འབྱོན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །རྗེ་བཙུན་འདི་དང་སློབ་དཔོན་པདྨ་ལས་ལྷག་པའི་གྲུབ་ཐོབ་ནི་བོད་ཡུལ་དུ་གཞན་མ་བྱོན་པར་སྣང་བས་རྣམ་ཐར་ཆ་ཚང་ཞིག་བསྡུས་ནས་བཀོད་པའོ། །

 

        བུདྡྷཱ་ཤྲཱི་ཛྙཱ་ན་འདི་ནི་བལ་ཡུལ་ཁོ་ཕོམ་དུ་ཡབ་ཁ་ཆེ་བ་ཞིག་དང་ཡུམ་རྒྱ་གར་མོ་ཞིག་འདུས་པ་ལས་འཁྲུངས། རྒྱ་གར་དུ་བྱོན་ཏེ་བི་ཀྲ་མར་རིག་པའི་གནས་ལྔ་ལ་སྦྱངས། ཕལ་ཆེན་སྡེ་པ་ལས་རབ་ཏུ་བྱུང་སྟེ་བུ་སློབ་ཀྱང་རྒྱས་པར་གྱུར། ཁྱད་པར་རྡོ་རྗེ་གདན་པ་བི་ཁྱ་དེ་ཝ་སློང་མོ་པའི་ལྷ་ཞེས་པ་པཎ་ཆེན་གྲུབ་ཐོབ་ཅིག་རྩ་བའི་བླ་མར་བསྟེན་ཞིང་རྗེ་མི་ཏྲ་དང་མཇལ་ནས་རྡོ་རྗེ་ཐེག་པའི་བདག་པོར་གྱུར། རྡོ་རྗེ་གདན་དང་བི་ཀྲ་མ་ན་བཞུགས་པའི་ཚེ་རྡོ་རྗེ་གདན་པ་དེ་ལ་བལ་ཡུལ་གྱི་ཁོ་ཕོམ་རྒྱལ་པོ་དང་ཧང་དུ་དང་ཏ་པ་སི་རྣམས་ཀྱིས་བལ་ཡུལ་གྱི་ཆོས་སྟོན་པ་པོ་དང་ར་གྷ་བི་ཧ་ར་ལ་སོགས་གཙུག་ལག་ཁང་སར་པ་ཆ་གསུམ་གྱི་རབ་གནས་ལ་གཤེགས་པར་ཞུས་པས་ང་རྒས་ཆེས་བས་མི་སླེབ། ངའི་འོག་ན་མཁས་ཅིང་བཟང་བ་བུའི་དམ་པ་འདི་ཡིན་པས་གཏོང་གསུངས་ཏེ་རྗེ་འདི་སྲིངས། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་པཎ་ཆེན་འདི་ལོ་ལྔར་བསྟེན་སྟེ་༼ཏ༨བ༽སྒྲའི་བསྟན་བཅོས་ཆེན་པོ་རཱ་ཛཱ་ཤྲཱི་དང་ཀ་ཙན་དང་ཤད་མ་སླར་ཡང་སྦྱངས། སྡེ་སྣོད་གསུམ་གྱི་དོན་དྲིལ་བའི་བསྟན་བཅོས་རྒྱལ་བའི་ལམ་འཇུག་དང༌། མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མེ་ལ་སོགས་པ་རྩོམ་པར་ཞུས་ཏེ་བརྩམས། མདོ་སྔགས་མཐའ་དག་གི་དོགས་པ་བཅད་ནས་བོད་ཏུ་གཤེགས་པར་ཞུས་པས་རྗེ་མི་ཏྲ་ཕེབས་ཏེ་པཎ་ཆེན་ཉིད་ཀྱིས་ཐོག་མར་རྗེ་བཙུན་འདི་སྤྱན་དྲོངས། ཁྱོད་ལྷ་ཆེན་པོ་བཞེང་པ་སོགས་ལ་ས་གཞི་འདུལ་བ་དང་མི་རྣམས་བྱིན་གྱིས་རློབ་པ་ལ་འདི་མངགས་པ་ཡིན། རྗེ་བཙུན་འདི་བྱོན་ནས་ཐམས་ཅད་འུར་ལངས་པའི་སྐབས་སུ་ངས་འོངས་ནས་མདོ་སྔགས་གང་ལ་གང་འོས་བསྟན་ནོ་གསུངས། མེ་མོ་སྦྲུལ་ལོ་ལ་རྗེ་བཙུན་ཕེབས་ནས་ལོ་བཞི་པ་ལྕགས་ཕོ་སྤྲེའུའི་ལོ་པཎ་ཆེན་ཉིད་ལོ་དྲུག་བཅུ་རྩ་གཅིག་བཞེས་པ་ལ་བོད་ཏུ་སྤྱན་དྲངས། བྱམས་ཆེན་འགྲུབ་པའི་རྟེན་འབྲེལ་མང་དུ་མཛད། ཆག་ལོ་ཙཱ་བ་ལ་བཏང་ནས་སྨྱལ་ལ་སོགས་པར་སྤྱན་དྲངས། མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས་ནས་སླར་བལ་བོར་བཞུད་ཅིང་ཡོ་བྱད་ཀྱི་ཕུད་རྡོ་རྗེ་གདན་དུ་གསེར་སྲང་བརྒྱ་དང་བི་ཀྲ་མར་ཆོས་ཁྲིའི་ཕྱོགས་བཞིར་གླང་ཆེན་གྱིས་བཏེག་པའི་སེང་གེ་ཟངས་གསེར་ལས་བྱས་པ་ངོ་མཚར་བ་ཕུལ་ཞིང་དེ་འདྲ་བ་ཞིག་སྠཱ་བི་ཧར་ན་ཡང་ཡོད། པཎ་ཆེན་འདིའི་སྐུ་སྐྱེ་པ་ཁྲོ་ཕུ་སེམས་དཔའ་ཆེན་པོ་ཡིན་ནོ། །

ཤྲཱི་བྷ་དྲ་ནི་རྣམ་ཐར་འདུལ་བའི་སྐབས་སུ་བསྟན་ཟིན་ལ་དེའི་ཕྱགས་ཕྱིར་པཎ་ཆུང་དགུ་བྱོན་པ་ལས་བི་བྷཱུ་ཏི་ཙནྡྲ་རྣལ་འབྱོར་ཟླ་བ་ནི་སྒྲ་དང་མངོན་པ་ལ་མཁས་ཅིང་དཔལ་ཤ་ཝར་ལ་ཡང་དངོས་སུ་ཐུག་སྟེ་སྦྱོར་བ་ཡན་ལག་དྲུག་པ་གསན། དཔྱལ་ཨ་མོ་གྷ་ལ་གསུངས་པས་ཛོ་ནང་སྦྱོར་དྲུག་པ་རྣམས་བྱུང༌། པཎ་ཆེན་ལ་འབྲི་ཁུང་འཇིག་རྟེན་མགོན་པོ་དང་རྒྱ་མའི་སངས་རྒྱས་དབོན་སྟོན་གྱི་གདན་འདྲེན་འདོམས་ནས་གྲོས་མཛད་པ་ན་བི་བྷཱུ་ཏིས་ནོར་འབྲི་ཁུང་པ་མང་ཟེར་ཏེ་ཕྱག་རྒྱ་པ་འདི་རྫུན་ཆེ་ཟེར་བྱས་པས་༼ཏ༩ན༽རྗེ་པཎ་ཆེན་གྱིས་ནཱ་གརྫཱུ་ན་དེ་སྐད་མི་བཏུབ་བོ། །འབྲི་ཁུང་པའི་སློབ་མ་ཁམས་པ་ཅིག་གིས་ང་ལ་ཆོས་གོས་སློངས། སྣམ་བུ་བྱིན་པ་མ་འདོད་པར་ངའི་ཆོས་གོས་ནས་འཐེན། ཇོ་སྲས་ཉི་མས་དེ་ལ་ཕུལ་བརྡེག་བྱས་པས་བརྡབས་ནས་སྣ་ཁྲག་བྱུང༌། དེ་ནས་རྗེ་བཙུན་མ་སྒྲོལ་མ་ཞག་བདུན་དུ་ངའི་ཡན་ལག་བདུན་པའི་ཡུལ་མཛད་ཏུ་མ་བཞེད། ནན་གྱིས་གསོལ་བ་བཏབ་པས་ཀྱང་སྐུ་རྒྱབ་བསྟན་ནས་ཞལ་སྟོན་དུ་མ་བཞེད་རྒྱུ་མཚན་ཞུས་པས་ཁྱེད་ཀྱི་འཁོར་གྱིས་ནཱ་གརྫཱུ་ནའི་སློབ་མ་སུན་ཕྱུང༌། བཤེགས་པར་བནྡྷྱ་ཆོས་གོས་མེད་པ་བརྒྱ་ལ་ཆོས་གོས་བྱིན་གསུངས། པཎྜི་ཏ་ཡང་དེར་སོང་ལ་ངག་གི་ལས་བཤེགས་པ་གྱིས། གང་མོས་པའི་ལྷ་ཁང་ཞིག་བཞེངས་ཤིག་གསུངས། དེར་བི་བྷཱུ་ཏིས་འབྲི་ཁུང་དུ་བྱོན་ནས་བཤེགས་པ་ཕུལ་བསྟོད་པ་མཛད། ཕྱིས་སྲིན་པོ་རིར་པཎ་ཆེན་གྱི་སྐུ་ཚད་ཀྱི་བདེ་མཆོག་གི་ལྷ་ཁང་བཞེངས་ཏེ་ན་མཁའ་ལ་བཞུགས་པ་བྱིན་རླབས་ཅན་དུ་གྲགས། བོད་ཏུ་ཡུན་རིང་དུ་བཞུགས་ཅིང་ཕྱིས་ས་པཎ་གི་སྡོམ་གསུམ་རབ་དབྱེ་བརྩམས་ནས་སྡོམ་སུམ་གནས་གྱུར་དུ་བཤད་པ་གཟིགས་ནས། དེང་སང་བསྟན་པའི་ཞབས་འདི་རུ། །སྡོམ་པ་གསུམ་གྱི་རྣམ་གཞག་ལ། །མཁས་པའི་རྒྱུ་སྐར་འགའ་ཞིག་གིས། །ཕྱོགས་རེའི་ཆ་ཙམ་རྟོགས་གྱུར་མོད། །སོགས་ནས། བདག་བློ་ཉི་མའི་དཀྱིལ་འཁོར་གྱིས། །ཕྱོགས་ལས་རྒྱལ་བར་བྱས་ཏེ་འགོད། །ཅེས་དང༌། གསུམ་ལྡན་གསུངས་པའི་དགོངས་པ་ནི། །ཞེས་སོགས་ཀྱི་སྡོམ་གསུམ་འོད་ཕྲེང་བརྩམས་ཅིང་རང་འགྱུར་མང་དུ་མཛད་ཏོ། །

སུ་ག་ཏ་ཤྲི་བདེ་གཤེགས་དཔལ་དབུ་མ་དང་ཕར་ཕྱིན་ལ་མཁས། ཛ་ཡ་དྡྷ་རྒྱལ་བས་བྱིན་སྔགས་དང་འདུལ་བ་ལ་མཁས། དཱ་ནཱ་ཤཱི་ལ་ཚད་མ་རྒྱན་དང་ཆོས་མཆོག་ལ་མཁས། འདི་དང་སངྒྷ་ཤྲཱི་ལ་ས་སྐྱ་བ་ཀུན་དགའ་རྒྱལ་མཚན་གྱིས་སྒྲ་དང་ཚད་མ་བསླབས། །རྗེ་པཎ་ཆེན་ལས་བསྙེན་རྫོགས་མཛད་སྟེ་པཎྜི་ཏ་ཆེན་པོར་གྱུར། རྒྱ་གར་ན་༼ཏ༩བ༽དཱ་ན་ཤྲཱི་ལ་སྒྲ་ཚད་ལ་མཁས་པར་འདུག་པ་དེ་ངའི་རྩར་ཀོར་གྱིས་འཁོར་བྱུང་ཞེས་གསུངས་སྐད། རྒྱ་གར་བ་ཡི་དམ་གསང་བས་ས་པཎ་གྱིས་འདིའི་ཡི་དམ་མ་མཁྱེན་ནས་དྷ་དུ་ར་དཀར་པོའི་རྫས་དྲངས་བསྙུང་བ་ལ་སྨན་པས་འགྲངས་པར་ཁ་མར་བཏགས་ནས་ད་ཇི་ལྟར་མཛད་ཞུས་པས་འོ་ན་ཡི་དམ་ལ་འཕོ་བ་བྱེད་པ་ཡིན་གསུངས་ནས་ན་བཟའི་གོང་པའི་བར་ནས་གཤེད་དམར་གྱི་སྐུ་ཆུང་ངུ་ཞིག་བཏོན་ནས་དེ་ལ་འཕོ་བར་བཞེད་སྟེ་སྤྱི་བོ་ནས་འོད་ཁྲ་ཆེམ་བྱུང་བ་དང་ཀུ་རེ་བགྱིས་པ་ཡིན་མི་འཕོ་བར་ཞུ་ཞེས་ཡང་ཡང་ཞུས་པས་མ་འཕོས་ཀྱང་ཤིན་དུ་མ་མཉེས་ནས་མཐར་ས་པན་རང་གི་ལྕམ་མོ་ཞིག་ལས་རྒྱར་ཕུལ་བས་ཐུགས་སོས་ཏེ་གཤེད་དམར་ཡི་དམ་དུ་གནང་ཞེས་ཐོས་ཅིང་ཕྱིར་དཱ་ན་ཤཱི་ལ་སྐུ་འདའ་ཀར་ང་ལྟ་བུའི་མཁས་པ་བོད་ཐ་མཁོབ་ཏུ་འཆི་དགོས་པ་གསུངས་ནས་འདར་མ་བཞེད་པ་ལ་མཁན་པོ་བོ་དྷ་ས་ཏྭ་དང་ཇོ་བོ་རྗེ་དང་དམ་པ་སངས་རྒྱས་རྣམས་ཀྱང་བོད་ཏུ་འདས་ཞུས་པས་བིཀྵུ་སྡོམ་པ་གཙང་མ་ཡིན་ཨ་ཙ་ར་སེམས་བཟང་པོ་ཡིན་ཛོ་གི་མན་ངག་མང་པོ་ཤེས་གསུངས་སྐད། པཎྜི་ཏ་སྨི་ཏི་ཡང་བོད་ཏུ་འདས་བྱས་པས། དེ་ལྟ་བུ་མཁས་པ་ཆེན་པོ་ཡིན། འོ་ན་ཁོ་བོའི་འཆི་ས་ལོས་བཏུབ་གསུངས་ནས་གཤེགས་སྐད་ཏོ། །

སདྷ་ཤྲཱི་སྒྲ་ཙནྡྲ་པ་དང་མངོན་པ་མཛོད་ལ་མཁས། སུ་མ་ཏི་སཱ་གར་བློ་བཟང་རྒྱ་མཚོ་མངོན་པ་གོང་འོག་ལ་མཁས། ཀ་ལ་ཙནྡྲ་དུས་ཀྱི་ཟླ་བ་དུས་འཁོར་ལ་མཁས། ཛི་ན་གུཔྟ་རྒྱལ་བ་སྦས་པ་བྱམས་ཆོས་ལ་མཁས། མ་ཧཱ་བོ་དྷི་བྱང་ཆུབ་ཆེན་པོ་ཕར་ཕྱིན་དང་སྤྱོད་ཕྱོགས་ལ་མཁས་ཏེ་པཎ་ཆུང་དགུ་པོའོ། །ཕྱིས་པཎ་ཆེན་གཤེགས་ཀར་ལོ་ཙཱ་བ་ཆེན་པོ་ལ་བཀའ་ཡིག་ཕྱག་བྲིས་མཛད་སྟེ་རིང་སྲེལ་སྐྱེལ་བ་ལ་པཎྜི་ཏ་ཛ་བྷ་མ་ཤྲཱི་འཇུག་ངོགས་དཔལ་དང་ཏྲཻ་ལོཀྱ་ཨཱ་ནནྟ་འཇིག་རྟེན་གསུམ་ཀུན་ནས་དགའ་བ་གཉིས་ལ་བཀའ་ཕབ་སྟེ་བོད་ཏུ་བྱོན། སིལ་སྙན་བདུན་པའི་ཚིགས་བཅད་སོགས་བསྒྱུར་རོ། །ལོངས་སྤྱོད་རྡོ་རྗེ། །རཏྣ་ཤྲཱི། ༼ཏ༡༠ན༽བལ་པོ་མ་ཧཱ་པ་ན། བལ་པོ་བཛྲ་ཀིརྟི། བལ་པོ་ཀཱ་ཡ་ཤྲཱི། བལ་པོ་གྲགས་པ་དཔལ། སུ་མཱ་ར། ཐམས་ཅད་མཁྱེན་པའི་དཔལ། སཱདྷཱུ་ཀིརྟི། བི་ན་ཡ་ཤྲཱི། མངྒ་ལ་ཤྲཱི། དཱབ་ན་ཨཱ་ཙརྻ། ཛ་ཡ་དེ་ཝ། ལ་ཀཱིམ་ཀཱ་ར། རཏྣ་ཤྲཱི། ཨཱ་ནནྟ་ཤྲཱི། རཱ་ཧུ་ལ་ཤྲཱི། ཟངས་གླིང་པ། ཀིརྟི་པཎྜི་ཏ་ལ་སོགས་དང༌། ཤཱ་རི་པུ་ཏྲ་དང༌། ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་པཱ་རཏྣ་ནགས་ཀྱི་རིན་ཆེན་ཞེས་བྱ་བ་སངས་རྒྱས་དབྱངས་ཀྱི་སློབ་མ་ཤ་ཝ་རིས་རྗེས་སུ་བཟུང་ནས་བོད་ཡུལ་དུ་སོང་ཞིག་རྒྱལ་པོ་ཅིག་ལ་བརྟེན་ནས་སྐྱེ་བོ་རྣམས་ཀྱི་ལོག་རྟོག་ལྡོག་པར་འགྱུར་རོ་ཞེས་ལུང་བསྟན་ཏེ་བོད་ཏུ་བྱོན། ལྷ་གཟུགས་གྲགས་པ་འབྱུང་གནས་ཀྱིས་སྦྱིན་བདག་བྱས་ཏེ་ཆོས་མང་དུ་གསུངས་བོད་ཀྱི་མཁས་པ་དང་དཔྱོད་ལྡན་མང་ཞིག་གི་ལྟ་བ་དྲང་པོར་མཛད་ནས་བལ་པོར་གཤེགས་ཏེ་པཎྜི་ཏ་ཚད་ལྡན་བོད་ཏུ་བྱོན་པ་དེང་སང་ཡན་ལ་འདི་རྟིང་མར་སྣང་ངོ༌། །

 

བསྟན་པ་སྔ་དར་གྱི་ལོ་ཙཱ་རྣམས་བྱོན་ཚུལ།

 

སྒྱུར་བྱེད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་ཇི་ལྟར་བྱོན་པ་ནི། ལོ་ཙཱ་བ་ལ་སྔ་བ་ཐོན་མི་སམྦྷོ་ཊ། དྷརྨ་ཀོཥྛ། ལྷ་ལུང་རྡོ་རྗེ་དཔལ། བྲན་ཀ་མུ་ལ་ཀོ་ཥ་རྣམས་ཆོས་རྒྱལ་སྲོང་བཙན་གྱི་དུས་ཀྱི་ལོ་ཙཱ་བའོ། །

ཁ་ཆེ་ཨཱ་ནནྟ། ཁྲི་བཞེར་སང་ཤི་ཏ། སྦྲང་རྒྱ་རེ་ལེགས་གཟིགས། སེང་མ་གོང་ལྷ་ལུང་གཟིགས། རྦ་ཡེ་ཤེས་དབང་པོ། ངན་ལམ་རྒྱལ་བ་མཆོག་དབྱངས། དབའ་ས་མཛྙུ་ཤྲཱི། པ་གོར་བཻ་རོ་ཙ་ན། རྦ་མང་རྗེ་གསལ་སྣང༌། སྣ་ནམ་རྡོ་རྗེ་བདུད་འཇོམས། གཉགས་ཛྙ་ན་ཀུ་མར། ཅེ་ཛྙ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྴི་ཏ། ཤུད་བུ་དཔལ་གྱི་སེང་གེ །རྩངས་དེ་ཝེནྡྲ་རཀྴི་ཏ། བྲན་ཀ་མོ་ཏི་ལ། ཁོན་ནཱ་གེནྡྲ་རཀྵི་ཏ། རྨ་རིན་ཆེན་མཆོགརྩངས་ས་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨཱ་ལོ་ཀ་དྲན་པ་ན་མཁའ། སྒྲོ་རིན་ཆེན་སྡེ། རྨ་རྣམ་པར་མི་རྟོག་པ། རྨ་ཤཱཀྱ་འོད། ཅེ་ཁྱི་༼ཏ༡༠བ༽འབྲུགརླངས་ཁམས་པ་གོ་ཆ། གཉགས་དེ་ཝ་ཀོ་ཥ། ཞང་རྒྱལ་ཉེན་ཉ་བཟང༌། མགོས་ཆོས་གྲུབ། སྟོང་ཆོས་གྲུབ། སྟོང་ཨཱ་ཙརྻ། དྷརྨ་ཏ་ཤྲཱི་ལ། ཅོག་རོ་ཀླུའི་རྒྱལ་མཚན། ཀ་བ་དཔལ་བརྩེགས་སྲུང་བ། ཞང་གི་བནྡྷྱ་ཡེ་ཤེས་སྡེ། རྣཱ་རཀྟི་ཏ། ཛ་ཡ་རཀྟི་ཏ། མཉྫུ་ཤྲི་ཝརྨ། རད་ནེནྡྲ་ཤཱི་ལ། བཟང་སྐྱོང༌། ལྷའི་ཟླ་བ། དཔལ་གྱི་ལྷུན་པོ། དཔལ་འབྱོར། ཡེ་ཤེས་སྙིང་པོ། རྒྱལ་བ་ཤེས་རབ། ཤཱཀྱ་བཤེས་གཉེན། དགེ་བ་དཔལ། ལེགས་པའི་སྡེ། སྣུབས་ན་མཁའ་སྙིང་པོ། ཡི་གེ་པ་དགོན་གླིང་རྨ། གཞོན་ནུ་སྲུང་བ། ན་མཁའ་སྐྱོང་རྣམས་ནི་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཡིན་ནོ། །

 

བསྟན་པ་ཕྱི་དར་གྱི་ལོ་ཙཱ་རྣམས་བྱོན་ཚུལ།

 

ཕྱི་དར་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སུ་ཁྱེའུ་ཀུན་བསགས་ནས་བློ་རྣོ་ཉེར་གཅིག་རྒྱ་གར་དུ་བརྫངས་ཏེ་རབ་བདུན་ནས་རིན་ཆེན་བཟང་པོ་དང་འབྲིང་བདུན་ནས་གྲགས་འབྱོར་ཤེས་རབ་གཉིས་མ་གཏོགས་པ་ཤི། རིན་ཆེན་བཟང་པོ་མཁས་པའི་མཐར་ཐུག་པར་གྱུར་ཏེ་མཚན་ཉིད་ཐེག་པ་དང་རྒྱུད་སྡེ་བཞི་གནས་བསྒྱུར་ཞིང་ཁྱད་པར་ཡོ་ག་དང་གསང་འདུས་ཀྱི་ཕྱོགས་བསྒྱུར། སྔགས་ལོག་སུན་འབྱིན་མཛད་སྟེ་སྦྱོར་གྲོལ་དུས་མིན་དུ་སྤྱོད་པ་བཀག་ལོ་ཙཱ་བ་ཆེན་པོར་མཚན་གྲགས་སོ། །

མངའ་རིས་སུ་སངས་རྒྱས་སྐར་རྒྱལ་ཡིན་ཟེར་བ་སྟོན་པའི་སྐུ་ལྟར་སྣང་བ་རྫུ་འཕྲུལ་ཅན་ཞིག་གིས་ན་མཁའ་ལ་འཕགས་ཏེ་སངས་རྒྱས་ཀྱི་བསྟན་པ་དང་འདྲ་མིན་དུ་བསྟན་པ་ལ་སྐྱེ་བོ་ཐམས་ཅད་འདུས་པ་ན་ལོ་ཆེན་གྱིས་འཇིགས་བྱེད་ཀྱི་སྒྲུབ་པ་ཟླ་བ་དྲུག་མཛད་སྟེ་སྐྱེད་རིམ་བརྟན་པོས་དེའི་རྩར་བྱོན་པ་ན་ལོ་ཆེན་གྱིས་གཟིགས་པ་ཙམ་གྱིས་དེ་ས་ལ་ལྷུང་སྟེ་རྫི་བོ་ཐ་མལ་པ་ཅིག་དུ་གྱུར། དེས་བསྟན་པའི་ཆོས་ལས་དོར་གཅོད་ཀྱི་ཕན་ཡོན་མ་གཏོགས་བསྣུབས་སྐད། དེ་ནི་ནག་ཕྱོགས་ཀྱི་ཀླུ་སྐར་རྒྱལ་ཞེས་བྱ་བས་རྫི་བོ་ཞིག་ལ་བརླབས་ཏེ་བསྟན་པ་ལ་བར་ཆད་བརྩམས་པར་སྣང༌། ཕྱིས་ཇོ་བོ་རྗེ་ལས་སྒྲུབ་པའི་གདམས་ངག་གསན་ཏེ་སྒྲུབ་ཁང་རིམ་པ་གསུམ་གྱི་སྒོ་རེ་རེ་༼ཏ༡༡ན༽ཞིང་འདི་ཚུན་ལ་ཆོས་མིན་གྱིས་རྟོག་པ་དང༌། རང་དོན་ཡིད་བྱེད་ཀྱི་རྟོག་པ་དང༌། ཐ་མལ་གྱི་རྟོག་པ་སྐྱེས་ན་མགོ་བོ་ཁོས་ཤིག་ཅེས་བྲིས་ནས་ཉེ་རྒྱུའི་སྒྲུབ་པ་མཛད་སྟེ་དགུང་ལོ་དགུ་བཅུ་གོ་བརྒྱད་བཞེས་པ་ཇོ་བོ་ཐེགས་པའི་ཕྱི་ལོ་ཤིང་ལུག་ལ་སྐུ་ལུས་འདིས་མཁའ་སྤྱོད་ཏུ་གཤེགས་སོ། །

དེའི་ལོ་ཆུང་གྲགས་འབྱོར་ཤེས་རབ་ཀྱིས་ཀྱང་ཚད་མ་དང་མ་རྒྱུད་བདེ་མཆོག་གི་སྐོར་བསྒྱུར་ཞིང་འཕྲིན་ལས་ཆེའོ། །

བལ་པོ་ཆུང་འགར་ཆོས་བཟང་གིས་ཀྱང་ལོ་ཙཱའི་ཆོས་དྲུག་ཅེས་གྲགས་པ་བསྒྱུར་ནས་རི་བོ་རྩེ་ལྔར་གཤེགས། དགེ་ཚུལ་ཁྱུང་གྲགས། བལ་པོ་པདྨ་རུ་ཙེ། པ་ཚབ་ཚུལ་ཁྲིམས་མཚན་འདིས་དྲན་པ་ཉེར་བཞག་གི་འགྱུར་ཆད་བསབས། དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན། རོང་པ་ཆོས་བཟང༌། འབྲོ་སེང་དཀར་ཤཱཀྱའི་འོད། ཁྱུང་པོ་ཆོས་བརྩོན། རྒྱ་བརྩོན་འགྲུས་སེང་གེ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ཁྱུང་པོ་རྣལ་འབྱོར། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་རྨ་དགེ་བའི་བློ་གྲོས། བྱི་ཇོ་ཟླ་བའི་འོད་ཟེར་འདིས་དུས་འཁོར་ཐོག་མར་བོད་ཡུལ་དུ་བསྒྱུར། དེ་ནས་ལོ་བཅུ་དྲུག་པ་ལ་ཇོ་བོ་རྗེ་བོད་ཏུ་ཕེབས་སོ། །

ལྷ་ཞི་བ་འོད། ཁུ་དངོས་གྲུབ། ཆོས་ཀྱི་ཤེས་རབ། མར་ཐུང་དད་པ་ཤེས་རབ། ག་རོད་ཚུལ་ཁྲིམས་འབྱུང་གནས། འབྲོག་མི་ཤཱཀྱ་བློ་གྲོས། འབྲོག་མི་ཤཱཀྱ་ཡེ་ཤེས་འདིའི་བཀའ་རྒྱུད་དཔལ་ལྡན་ས་སྐྱ་པའོ། །སྟག་ལོ་གཞོན་བརྩོན། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་འདིས་སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ་ལོ། །མགོས་ཁུག་པ་ལྷ་བཙས་འདིས་རྒྱ་གར་དུ་ལན་གསུམ་བྱོན། པཎ་གྲུབ་བདུན་བཅུ་རྩ་གཉིས་བསྟེན་མ་རྒྱུད་མང་དུ་བསྒྱུར། སྔགས་ལོ་གསུམ་འབྱིན་བརྩམས་སོ། །ཟངས་དཀར་འཕགས་པ་ཤེས་རབ་ནི་མངའ་རིས་ཟངས་དཀར་དུ་འཁྲུངས། ཁ་ཆེ་དགོན་པ་བ་དང་ཁ་ཆེ་ཛྙཱ་ན་ཤྲཱི་སོགས་བསྟེན། རྣམ་སྲས་ཀྱི་སྐོར་སྤྱན་དྲངས་༼ཏ༡༡བ༽ལྷ་སའི་སྤྲང་ཚང་བཏོན། ལྷ་ས་བསམ་ཡས་དང་མཐའ་འདུལ་ཕལ་ཆེར་ཏེ་གཙུག་ལག་ཁང་བཅོ་ལྔ་ཙམ་ལ་ཞིག་གསོ་ཕུལ་ཕྱིན་མཛད། སྣུར་ཉི་མ་དང་སྦལ་ཏི་སེམས་དཔའ་ཆེན་པོ་སོགས་ཟངས་དཀར་གྱི་བུ་བཞི་བྱུང༌། རྭ་ལོས་འཕགས་སྐོར་བསྒྱུར་ཡང་ཤློ་ཀ་ལྔ་ཙམ་ལས་མ་འགྱུར་བ་ལྔ་འགྱུར་ཙམ་མྱུར་དུ་བསྒྱུར་བས་ཕྲག་དོག་སྐྱེས་ཏེ་རེག་དུག་བཏང་བས་སྙུང༌། ཕྱིས་ཆུ་མིག་རིང་མོར་འདས་ཞེས་རྣམ་ཐར་ན་སྣང༌། གཉན་དར་མ་གྲགས་ཀྱིས་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས། ཆོས་མང་དུ་བསྒྱུར། ཁྱད་པར་དུ་མགོན་པོ་ཞལ་བཞི་པ་སྤྱན་དྲངས། ཕྱིས་རྭ་ལོ་དང་མཐུ་འགྲན་པས་གཉི་ག་གཤེགས་སྐད། རྭ་རྡོ་རྗེ་གྲགས་ཀྱིས་བ་རོ་ཕྱག་རྡུམ་སོགས་བསྟེན། གཤེད་སྐོར་སོགས་གཙོ་བོར་བསྒྱུར། རྒྱ་བོད་ཏུ་ཟང་ཟིང་གི་དགེ་བ་མང་དུ་མཛད་མངོན་སྤྱོད་མང་དུ་མཛད་སྐད། འདི་ལ་རྗེ་འཇིག་རྟེན་མགོན་པོ་སོགས་ནི། བ་རོ་དེ་མུ་སྟེགས་ཡིན་ཞིང་རྭ་ལོས་ཁོང་རང་གི་སློབ་དཔོན་མཐུས་བསད་པ་ཡིན་ཞེས་འདི་ལས་བརྒྱུད་པ་ཙམ་གྱི་ཆོས་ལ་མི་མཉེས་ཁེར་གང་འཁོར་ལོ་གྲགས། ལ་ཆིངས་ཡོན་ཏན་འབར། སྤོང་ཞོ་གསལ་བ་གྲགས། མགར་ཆོས་ཀྱི་བཟང་པོ། ཤེའུ་བཛྲ་དེ་ཝ། རབ་ཞི་བཤེས་གཉེན། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་འདི་ཡ་འབྲོག་དོ་ནང་དུ་འཁྲུངས། བདེ་མཆོག་གི་སྐོར་མང་དུ་བསྒྱུར་རོ། །དེའི་ལོ་ཆུང་ལེགས་པའི་ཤེས་རབ་ཀྱིས་ཀྱང་བདེ་མཆོག་གི་སྐོར་མང་དུ་སྤྱན་དྲངས་སྒྲུབ་པ་རྩེ་གཅིག་མཛད་སྟེ་སྐུ་ལུས་འདིས་མཁའ་སྤྱོད་ཏུ་བྱོན་ནོ། །སྤྱིར་ལོ་ཆེན་རིན་ཆེན་བཟང་གི་སློབ་མ་ལོ་ཆུང་སྟེ་གཉིས་ཀ་ལ་སྤུ་རངས་ལོ་ཆུང་ཞེས་གྲགས་ཤིག་གཉིས་ཀའི་མཚན་ལེགས་པའི་ཤེས་རབ་ཏུ་འདོད་པ་དུ་མ་བྱུང་ཡང་སྔ་མའི་མཚན་ནི་གྲགས་འབྱོར་ཤེས་རབ་དང་ཕྱི་མའི་མཚན་ལེགས་པའི་ཤེས་རབ་ཡིན་ལ་སྐུ་ལུས་འདིས་མཁའ་སྤྱོད་ཏུ་གཤེགས་པ་ནི་ཕྱི་མ་ཡིན་པར་སྣང་ངོ༌། །༼ཏ༡༢ན༽

ཟུ་དགའ་བ་རྡོ་རྗེ། ཆོས་ཀྱི་ཡོན་ཏན། ཆོས་ཀྱི་རིན་ཆེན། ཀློག་སྐྱ་ཤེས་རབ་བརྩེགས། བ་རི་རིན་ཆེན་གྲགས་འདི་ཁམས་སུ་འཁྲུངས། རྡོ་རྗེ་གདན་པ་ལ་སོགས་བསྟེན། དོན་ཞགས་ལ་གཙོ་བོར་མཛད་ནས་ཐུགས་རྗེ་ཆེན་པོ་ཞལ་གཟིགས། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོས་མི་བརྒྱ་ཕྲག་བླུད་ཏུ་གསོད་པ་གསེར་གང་ཡོད་ཀྱིས་བླུས། ལན་གཅིག་ཐུགས་རྗེ་ཆེན་པོ་བཤུམ་ཞིང་འདུག །ཅི་ནོངས་ཞུས་པས་ངའི་བུ་མང་འོར་ལོ་ཙཱ་བའི་གསེར་ཞོ་དོ་ངའི་བུ་སྨྱལ་པ་ལོ་ཙཱ་བས་བརྐུས་ནས་ངུ་ཞིང་འདུག་གསུངས། མ་ག་དྷའི་གྲོང་དུ་བཙལ་བས་དེ་ལྟར་འདུག་སྟེ་བླ་མ་གྲུབ་ཐོབ་ཅིག་ལ་དབང་བསྐུར་ཞུ་བའི་ཆོས་འཚོལ་དུ་བོད་ཏུ་ཕྱིན་པས་གསེར་ཞོ་དོ་རྙེད་པ་སྟོར། ད་དབང་བསྐུར་མི་ཐོབ་ཟེར་ནས་སྡུག་བསྔལ་བར་འདུག་པས་བ་རི་བས་གསེར་ཞོ་བཞི་བྱིན། འདིས་ས་སྐྱའི་བླ་མ་ཡང་མཛད་ཆོས་མང་དུ་བསྒྱུར། གཙོ་བོར་དོན་ཞགས་ཀྱི་འཕྲིན་ལས་ཆེའོ། །

པ་ཚབ་ཉི་མ་གྲགས། ལྷ་བཙན་པོ་མུ་ནི་རཱ་ཛཱ། དིང་རི་ཆོས་གྲགས། རྒྱུས་སྨོན་ལམ་གྲགས། མང་འོར་བྱང་ཆུབ་ཤེས་རབ། མལ་གྱི་བློ་གྲོས་གྲགས་འདིས་མགོན་པོའི་སྐོར་དུ་མ་སྤྱན་དྲངས་ཏེ་མགོན་པོའི་དངོས་སློབ་རྒྱ་གར་གྱི་སློབ་དཔོན་ཨ་རྞ་པ་ལ་གསན་པ་གྲི་གུག་ལྕགས་པར་མ་སྨྱལ་པ་ཉི་མ་འབར་ལ་གནང་ནས་ཕྱིས་བེར་ནག་ཅན་དུ་གྲགས། བྲམ་ཟེ་མཆོག་སྲེད་ནས་ཤྲཱདྡྷ་ཀ་ར། ལོ་ཆེན་རིན་བཟང༌། བྲག་སྟེང་པ་ཡོན་ཚུལ་ལ་གསན་པ་གྲི་ཕུག་ཅེར་བུ་ནི་ས་ཆེན་ཀུན་སྙིང་ལ་གནང་སྟེ་ཕྱིས་གུར་མགོན་དུ་གྲགས་སོ། །

གྱི་ལྗང་དབུ་དཀར་ནི་མ་མགོན་གྱི་གྲུབ་ཐོབ་ཡིན། འགྲོ་ཤེས་རབ་གྲགས་འདིས་དུས་འཁོར་འབྲོ་ལུགས་རྣམས་བསྒྱུར། བ་རེག་ཐོས་པ་དགའ། རྨ་ཆོས་འབར། མཚུར་དབྱིག་གི་རྒྱལ་མཚན་འདི་གསུམ་གྱིས་རྒྱ་གར་ཕྱག་ན་བསྟེན་ནས་གྲུབ་སྙིང་དང་དོ་ཧའི་སྐོར་བསྒྱུར།

ཙ་མི་སངས་རྒྱས་༼ཏ༡༢བ༽གྲགས་པ་འདི་མདོ་ཁམས་སྨད་མི་ཉག་གི་ཡུལ་དུ་འཁྲུངས། རྒྱ་གར་དུ་མཁས་ཅིང་དངོས་གྲུབ་ཐོབ་ནས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད། དུས་འཁོར་ཙ་མིའི་རྒྱུད་གསུམ་སོགས་བསྒྱུར། རྒྭ་ལོ་གཞོན་ནུ་དཔལ་འདི་མདོ་ཁམས་སུ་འཁྲུངས། རུས་རྒྭ་ཡིན་པ་རྒན་གཞོན་གཉིས་ཕྱིན་པས་རྒྭ་ཆེན་རྒྭ་ཆུང་དུ་གྲགས། རྒྱ་གར་དུ་སུ་མཁས་དྲིས་པས་ཙ་ནི་ཁོ་ན་མཁས་ཟེར་བས་རྒྱ་གར་དུ་ཡོང་ནས་བོད་གཅིག་གིས་གཅིག་ལ་ཉན་པ་མི་ཡོང་བསམས་ནས་གཞན་དྲིས་པས་ཨ་བྷྱ་ཀཱ་ར་དང་ཨོ་རྒྱན་གྱི་པཎྜི་ཏ་ཝཱ་གི་ཤྭ་ར་མཁས་ཟེར་ཏེ་དེ་གཉིས་ཀྱང་ཙ་མི་ལ་ཆོས་ཉན་ཞིང་འདུག་པས་སླར་ཙ་མི་དང་ཨ་བྷྱ་ལ་ཆོས་ཞུས། བདེ་མཆོག་གི་བསྙེན་པ་བྱས་པས་ཡི་དམ་གྱི་ལུང་བསྟན་བྱུང་ནས་སྤྱོད་པ་ལ་དུར་ཁྲོད་གསིལ་བ་ཚལ་དུ་ཕྱིན། དེར་ལས་མགོན་བྱ་རོག་མས་སྲོག་སྙིང་ཕུལ། བར་ཆད་མེད་པར་ལོག་པས་བླ་མ་གཉིས་ཀྱིས་ཀྱང་བཀུར་སྟི་མཛད། མ་ག་དྷའི་རྒྱལ་པོས་སྤྱན་དྲངས་སྐྱེ་བོའི་ཚོགས་ས་གཞི་གང་བ་འདུས་ཏེ་མེ་ཏོག་གཏོར་བ་ལ་པུས་མོ་ནུབ་པ་ཙམ་བྱུང་སྟེ་སངས་རྒྱས་མྱ་ངན་ལས་འདས་རྗེས་ཆོས་སྨྲ་བ་ལ་མེ་ཏོག་གཏོར་བ་དེ་ལས་མང་བ་མ་བྱུང་བར་གྲགས། ཆོས་དུ་མ་བསྒྱུར་ཞིང་ཁྱད་པར་མགོན་པོ་བྱ་རོག་མ་སྤྱན་དྲངས་ཏེ་རྗེ་དུས་མཁྱེན། ཞང་རིན་པོ་ཆེ། ཁམས་པ་ཨ་སེང་གསུམ་ལ་གནང་ཞིང་ཁམས་པ་ཨ་སེང་ལ་དཔལ་ཕག་མོ་གྲུ་པས་གསན་ཏེ་མགོན་པོ་ལར་ལུགས་ཚལ་ལུགས་འབྲི་གདན་གྱི་ལུགས་རྣམས་བྱུང་ངོ༌། །

རྒྭ་ལོ་ལ་སྲོག་གེགས་བྱུང་བ་གཞན་གྱིས་མ་སོལ་ནས་ས་ཆེན་གྱིས་བསལ་ཞེས་བོད་ན་ཟེར་ཡང་གཞན་ཞིག་དང་འཁྲུལ་བ་ཏེ་དེ་ལྟའི་གནས་མེད་པས་རྒྭ་ལོའི་རྣམ་ཐར་ལྟོས་ཤིག་ཀྲེ་བོ་ཤེས་རབ་དཔལ། མཚུར་སྟོན་དབང་གི་རྡོ་རྗེ། རྭ་ཆོས་རབ། དཔྱལ་ཀུན་དགའ་རྡོ་རྗེ། དཔྱལ་ཀུན་དགའ་གྲགས། ཞང་ཤེས་རབ་བླ་མ། ཞ་མ་སེང་རྒྱལ། བཀྲ་ཤིས་རྒྱལ་མཚན། །༼ཏ༡༣ན༽ཆོས་ཀྱི་སྙིང་པོ། ཀཾ་ཆོས་ཀྱི་ཡེ་ཤེས། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ། ཚུལ་ཁྲིམས་ཡོན་ཏན། ཁེར་གང་ཡོན་ཏན་དཔལ། བསོད་ནམས་བཟང་པོ། སུམ་བྷ་དཔལ་མཆོག་དང་པོའི་རྡོ་རྗེ་འདིས་རྡོ་རྗེའི་གདན་དུ་སྒྲོལ་མ་དང་ཕག་མོ་ལས་བློ་སྦྱོང་སྙན་རྒྱུད་གསན་པས་རྟོགས་པ་འཁྲུངས་ཅིང་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་གཙོ་བོར་སྤྱན་དྲངས་སོ། །

ཉི་མ་རྡོ་རྗེ། ཁུ་དགེ་བསྙེན་ནེ་ཙོ། ཀློག་སྐྱ་གཞོན་ནུ་འབར། ལྷ་ཡེ་ཤེས་རྒྱལ་མཚན། བྱང་ཆུབ་འབྱུང་གནས། གླན་ཆོས་ཀྱི་བློ་གྲོས། ཅོག་གྲུ་ཏིང་འཛིན་བཟང་པོ། ཤེས་རབ་ཡེ་ཤེས། རིག་པ་གཞོན་ནུ། གཞོན་ཚུལ། ཁུ་མདོ་སྡེ་འབར། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་འདིས་མདོ་མང་གི་ལུང་རྒྱུན་སྤྱན་དྲངས། ཤེས་རབ་བརྩོན་འགྲུས། གཡུང་དྲུང་འོད། བསོད་ནམས་རྒྱལ་བ། ཅོག་གྲུ་ཤེས་རབ་བླ་མ། ཅོག་གྲུ་མྱ་ངན་མེད། བསོད་ནམས་མོས་པ། ཚུལ་ཁྲིམས་བརྩེགས། རྔོག་བུདྡྷ་པཱ་ལ། རྒྱལ་ལོ་ཙཱ་བ། སྦལ་རྡོ་རྗེ་རྒྱལ་པོ། ལྷ་རིན་པོ་ཆེ། ལྷ་ཆོས་ཀྱི་རིན་ཆེན། ཀྱུ་ར་ཚུལ་ཁྲིམས་འོད་ཟེར། དགེ་སློང་བྱའི་གདོང་ཅན། ར་བྱིང་ལོ་ཙ། ཕུར་བུ་འོད། ཤེས་རབ་ལེགས། ནག་ཚོ་དྷརྨ་གྲགས། མར་པ་བློ་གྲོས་བཟང་པོ། སེ་ལོ་ཙཱ། རོང་གླིང་ལོ་ཙཱ། ཤོ་རིམ་ལོ་ཙཱ། ཟླ་བ་གྲགས་པ། གཉལ་མི་ཡེ་ཤེས་ཆོས། ཆོས་ཀྱི་ཟླ་བ། ཤེས་རབ་སྐྱབས། ནག་ཚོ་ཤེས་རབ་རྒྱལ་མཚན། འ་ཞ་རྒྱ་གར་བརྩེགས། གཉན་བསོད་ནམས། བ་རི་ཆོས་གྲགས། ཨོང་པོ་ལོ་ཙཱ། གཞོན་ནུ་ཤེས་རབ། །མགར་ཤེས་འབྱུང༌། འཇམ་དཔལ་གཞོན་ནུ། །ཤེས་རབ་འོད་ཟེར། ཅེ་དགའ་བ་དཔལ། ཡེ་ཤེས་འབྱུང་གནས། བརྩོན་འགྲུས། ལོ་རྡོ་རྗེ་རྒྱལ་མཚན། ཞམ་དགེ་བསྙེན་སེང་རྒྱལ། ཅེ་བཀྲ་ཤིས། ཆག་དགྲ་བཅོམ། ༼ཏ༡༣བ༽དཔྱལ་ཆོས་བཟང༌། དཀར་ལོ་ཙཱ་བ། ཞང་དགེ་བ། ལོ་ཙཱ་བ་ཆེན་པོ་སྣུབས་བྱམས་པའི་དཔལ། ཆག་ཆོས་རྗེ་དཔལ། དཔྱལ་ཤེས་རབ་འོད། ཞང་གྲུབ་པ་དཔལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་འདིས་ཚད་མ་རྣམ་འགྲེལ་དར་བར་མཛད། གློ་བོ་ཤེས་རབ་རིན་ཆེན། ལྷོ་བྲག་པ་འུ་རུ་དར་མ་སེང་གེ་མི་མཉམ་བཟང་པོ། ཨོ་རྒྱན་པ་རིན་ཆེན་དཔལ། ཤོང་རྡོ་རྗེ་རྒྱལ་མཚན། ཤོང་བློ་གྲོས་བརྟན་པ། ཁམས་པ་བློ་གྲོས་རྒྱལ་པོ། འདན་མ་ཚུལ་སེང༌། ར་བ་གཞོན་བརྩོན། ཤུད་ཀེ་གྲགས་པ་རྒྱལ་མཚན། ཐར་ལོ་ཉི་མ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ། སྒྲ་ཚད་པ་རིན་རྒྱལ། དབུས་པ་བློ་གསལ་འདིས་རྒྱ་ནག་དང་ཡུ་གུར་ནས་འདུལ་བ་ལུང་གི་ལུང་རྒྱུན་སྤྱན་དྲངས། སྟག་ལུང་པ་ཤཱཀྱ་བཟང་པོ། ལེགས་པའི་བློ་གྲོས། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙ་བ་རིན་ཆེན་རྣམ་རྒྱལ། ཇོ་ནང་བློ་གྲོས་རྒྱལ་མཚན། ས་བཟང་བློ་གྲོས་དཔལ། འབྲི་ཁུར་ལོ་ཙཱ་བ། ཀུན་སྤངས་གྲགས་པ་རྒྱལ་མཚན། ཡར་ལོ་གྲགས་པ་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། བོ་དོང་གྲགས་པ་རྒྱལ་མཚན། སྣར་ཐང་བ་སང་གྷ་ཤྲི། ལོ་ཆེན་སྐྱབས་མཆོག་དཔལ་བཟང༌། ཆོས་འཁོར་སྣང་བ་ཤེས་རབ་རིན་ཆེན། མགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཁྲིམས་ཁང་བ་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་གི་མཁན་པོ་དོན་གྱི་སླད་ཏུ་མཚན་ནས་སྨོས་ཏེ་ཞ་ལུ་ལོ་ཆེན་ཆོས་སྐྱོང་དཔལ་བཟང་པོ་འདིས་ནི་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་དང་མཛོད་ཀྱི་གནས་དགུ་པ་སོགས་འགྱུར་མང་པོ་མཛད། ཕྱི་དུས་བརྡ་སྤྲོད་ཡན་ལག་དང་བཅས་པའི་བསྟན་པ་རྨང་ནས་གསོས་ཏེ་དར་བར་མཛད་ཏོ། །

དེ་ལྟར་ལོ་པཎ་དེ་རྣམས་ཀྱིས་མདོ་རྒྱུད་མན་ངག་བཀའ་བསྟན་བཅོས་མང་དུ་བསྒྱུར་ཞིང་འགྱུར་བཅོས་དང་ཞུས་དག་སོགས་མཛད་པའི་དྲིན་ལས་༼ཏ༡༤ན༽དེང་སང་དུའང་བསྟན་པའི་ཆ་ཤས་ཙམ་གནས་པ་ཡིན་ནོ། །འདི་ཕྱིན་རང་རང་གི་ཕྱོགས་གཞུང་ནས་མཆིང་བུ་ནོར་བུའི་གྲལ་དུ་འཛུད་པ་མ་ཡིན་པའི་ལོ་པཎ་ཚད་ལྡན་མཐོང་ན་བསྣན་པར་བྱ་ཞིང་སྔ་མ་རྣམས་ཕལ་ཆེར་བུའི་ཆོས་བྱུང་ལྟར་ཡིན་ཞིང་ཅུང་ཟད་ཁ་བཀང་བ་ཡིན་ཡང་བདག་འདྲ་བས་མ་ཐོས་པ་མང་བའི་ཕྱིར་འདིར་མ་ཆུད་པའི་ཚད་ལྡན་གྱི་ལོ་པཎ་གཟུར་གནས་ཀྱིས་མཐོང་ན་བསྟན་པར་བྱའོ། །

ལེགས་པར་བཤད་པ་མཁས་པའི་དགའ་སྟོན་གྱི་བོད་ཡུལ་གྱི་སྐབས་ལས་ལོ་པཎ་ཇི་ལྟར་བྱོན་པ་སྤྱིར་བསྟན་པ་སྟེ་སྐབས་བཞི་པའོ། ནོར་འཛིན་དབང་མོ་ཚོགས་གཉིས་གྲུབ་མ་ཡིས། པར་འདི་བྱར་གྱི་གཞག་ཡུལ་སྟག་རྩེར་བསྒྲུབས། །ཤུ་བྷཾ།

 

 

༼ཐ༡ན༽༄༅། །ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཡུལ་གྱི་སྐབས་ལ་ལེའུ་བཅུ་པ་ལས་སྐབས་ལྔ་པ་གསང་སྔགས་རྙིང་མའི་ཆོས་བྱུང་བཞུགས་སོ། །༼ཐ༡བ༽

 

༄༅། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་གཟོད་ནས་ཡེ་རྫོགས་ཀུན་དུ་བཟང༌། །ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པས། །དག་པའི་ས་ལ་གནས་པའི་གདུལ་བྱ་ལ། །རྩོད་མེད་ལྷུན་གྲུབ་ཐེག་པ་བླ་མེད་ཆེ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་དུས་བཞིར་ནི། །དུས་མེད་བསྟན་པས་གངྒཱའི་བྱེ་སྙེད་ཀྱི། །རྒྱལ་སྲས་བླ་མེད་བྱང་ཆུབ་ཆེན་པོར་བཀོད། །དེ་ལྟའི་ཆོས་ཀྱི་རྣམ་གྲངས་ན་མཁའ་ཡི། །ཚད་ཀྱི་ཀླས་པ་གཞལ་དུ་མེད་པ་ལས། །རྩ་མཆོག་བུ་ག་ཙམ་ཞིག་འཛམ་གླིང་འདིར། །དགའ་རབ་རྡོ་རྗེ་ཤྲཱི་སིངྷ་དང༌། །ཛྙཱ་ན་སཱུ་ཏྲ་མཁས་པ་བཱི་མ་ལ། །པད་མ་ཀཱ་ར་ལ་སོགས་མཆོག་དངོས་ཀྱི། །རིག་པ་འཛིན་པ་དུ་མས་སྣང་བར་མཛད། །སྐྱེད་རིམ་སྟོན་པའི་རྒྱུད་སྡེ་སྔ་འགྱུར་ཚོགས། །དུ་མས་སྐལ་ལྡན་མང་ཞིག་སྨིན་གྲོལ་བྱས། །རྡོ་རྗེ་༼ཐ༢ན༽ཕུར་བུ་པད་མ་དབང་ཆེན་སོགས། །དྲག་སྔགས་གྲུབ་པའི་ནུས་ལྡན་དཔག་མེད་ཀྱིས། །བོད་ཡུལ་སངས་རྒྱས་བསྟན་པ་རབ་ཏུ་བསྲུངས། །སེ་བས་བོད་ལ་གཅིག་དུ་བཀའ་དྲིན་ཆེ། །དེ་ལྟར་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི། །ལྷ་ཚོགས་རྣམས་དང་རྩ་རྒྱུད་བླ་མར་བཅས། །མཆོག་གི་རིག་པ་གྲུབ་པ་ཐམས་ཅད་ལ། །དད་པའི་ཡིད་ཀྱིས་རབ་ཏུ་ཕྱག་འཚལ་ལོ། །

 

གསང་སྔགས་སྔ་འགྱུར་རྣམས་བཀའ་ཡང་དག་དུ་སྒྲུབ་པ།

 

གསང་སྔགས་འགྱུར་སོགས་ལ་འགོས་ཁུག་པ་ལྷ་བཙས་སོགས་ཀྱིས་མཛད་ཏོ་བར་གྲགས་པའི་སྔགས་ལོག་སུན་འབྱིན་དུ་འདོད་པ་དུ་མར་བཀའ་བསྟན་བཅོས་ཁུངས་མ་ཡིན་པར་སྨྲ་བ་རྣམས་ནི་བདག་གིས་ཀྱང་གཞན་དུ་ལན་བཏབ་ཟིན་ཅིང་སྤྱིར་ལོ་ཆེན་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དང་ལྷ་ཞི་བ་འོད་ཀྱི་འཇམ་ཡིག་སོགས་སར་རྙིང་གང་གིའང་རུང་སྟེ་སྦྱོར་དགྲོལ་ལ་སོགས་པའི་སྔགས་སྤྱོད་སོ་སྐྱེས་སྒྲ། ཇི་བཞིན་དུ་སྤྱོད་པ་འགོག་པ་ཡིན་གྱི་གསང་སྔགས་རྙིང་མའི་རྩ་བ་འགོག་པ་མ་ཡིན་ལ། ཇོ་བོ་རྗེ་ལ་སོགས་པ་རྒྱ་གར་གྱི་པཎ་གྲུབ་དེ་ཙམ་ཞིག་བོད་ཏུ་བྱོན་པ་ཐམས་ཅད་ཀྱིས་མ་བཀག་པའི་ཕྱིར་དང༌། གལ་སྟེ་ཀླུ་དཀར་རྒྱལ་གྱིས་བཀའ་བརྫུས་མ་བསྟན་པ་ལྟ་བུ་ཡིན་ན་བསྟན་པ་ལ་ཤིན་དུ་སེལ་ཆེ་བས་ལོ་ཆེན་རིན་བཟང་གིས་ཀླུ་དཀར་རྒྱལ་བཏུལ་བ་ལྟར་རྙིང་མ་སྨྲ་བ་འདུལ་བྱེད་ཀྱི་སྐྱེས་བུ་དམ་པ་རྫུ་འཕྲུལ་དང་ནུས་པར་ལྡན་༼ཐ༢བ༽པ་བྱོན་ནས་བཏུལ་ཏེ་ཕྱིན་ཆད་ཐམས་ཅད་ཀྱིས་ཡང་དག་མ་ཡིན་པར་ཤེས་ནས་སུ་ཡང་མི་འཇུག་པ་ཅིག་ངེས་པར་འོང་དགོས་པ་ལས་དེ་ལྟ་བུ་མ་བྱུང་བའི་ཕྱིར་དང༌། གལ་སྟེ་བཀའ་བརྫུས་མ་ཡིན་ན་པཎྜི་ཏ་མཁས་པ་བོད་ཏུ་བྱོན་པ་རྣམས་ཀྱིས་མི་མཁྱེན་མི་སྲིད་ཅིང་མཁྱེན་ན་བསྟན་པའི་དབེན་དེ་ལྟ་བུ་ལ་བཏང་སྙོམས་སུ་འཇོག་པ་ག་ལ་སྲིད་པའི་ཕྱིར་དང༌།

བཀའ་གདམས་གླེགས་བམ་ཚད་མར་བྱེད་ན་དེ་ལས་ཇོ་བོ་རྗེ་སྔོན་སློབ་དཔོན་པད་མར་མཛད་སྟེ་བོད་ཀྱི་ལྷ་སྲིན་བཏུལ་བའི་དུས་ཀྱི་ཆོས་བླ་མས་ད་ལྟ་སྔགས་པ་རྣམས་ལ་དར་བ་འདི་ཡིན་ཞེས་གསུང་པ་དང༌། པཎ་ཆེན་ཤཱཀྱ་ཤཱི་དང་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་བསམ་ཡས་ནས་གསང་སྙིང་གི་རྒྱ་དཔེ་རྙེད་སྟེ་རྟ་སྟོན་གཟི་བརྗིད་ཀྱི་ཕྱག་དུ་བྱུང་བ་ཤ་གང་ལོ་ཙཱ་བ་ལ་ཕུལ། དེས་བཅོམ་ལྡན་རལ་གྲི་ལ་བསྐུར་བས་ཐུགས་འཆེས་ཏེ་གསང་སྙིང་གྲུབ་པ་རྒྱན་གྱི་མེ་ཏོག་བརྩམས་ཏེ་དེར་གསང་འདུས་ཀྱི་འགྲེལ་ཆེན་བི་ཤྭ་མི་ཏྲས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས་ལོག་མིན་གྱི་གནས་མཐའ་དང་མུ་མེད་པ་ན་གཞི་ཚང་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་དྲངས་པ་སོགས་གསང་སྙིང་གི་མཚན་སྨོས་ནས་ལུང་གསལ་བར་ལན་བརྒྱད་དགུར་བགྲངས་པ་སྨོས་ཅིང༌།

ལོག་པའི་སྐྱོན་བཞི་བརྗོད་པ་འདི་སྐད་བདག་གིས་བཤད་པ་ཞེས་མི་རིགས་པ་དང༌། གཞི་ཚད་མེད་མི་རིགས་དང༌། དུས་གསུམ་ལ་དུས་བཞིར་བཤད་པ་མི་རིགས་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔས་བྱས་པ་མི་རིགས་པ་བཞི་ལ། འདི་སྐད་བདག་གི་བཤད་པའི་དུས་གཅིག་ན་ཞེས་པ་ནི་སྟོན་པ་ཉིད་སྡུད་པ་པོར་བཞེད་པའི་ལུགས་ཏེ། འདུས་པའི་འགྲེལ་པ་མཚོ་སྐྱེས་རྡོ་རྗེའི་གསང་བ་གྲུབ་༼ཐ༣ན༽པར། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་སྟོན་ཉིད་ཀྱིས་བསྡུས་པར་བཞེད་པ་ཡིན་ལ། གཞི་ཚད་མེད་ཀྱང་མངོན་པ་ནས་འོག་མིན་ཚད་མེད་ཏུ་བཤད་པ་དང༌། དུས་བཞི་ཡང་བི་ཤྭ་མི་ཏྲའི་འགྲེལ་པར། དུས་བཞི་མཉམ་པ་ཉིད་ཏུ་དེ་བཞིན་རིག་པར་བྱ། །ཞེས་དང༌། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱི་ཞེས་བཤད་ལ་སངས་རྒྱས་གསང་བས་དུས་བཞི་བསྐལ་པ་བཞི་ལ་བཤད་ཏོ། །རྡོ་རྗེ་སེམས་དཔའ་དབུས་སུ་འབྱུང་བ་ནི་གཙོ་བོ་འཕོ་བ་སྟེ་སར་མ་ནས་ཀྱང་བཤད་ཏོ། །

ཏིཀྲ་ནི་ཤེས་རབ་མིང་དུ་སྨ། །ཞེས་ཐིག་ལ་ཏིཀྲ་རུ་བྱས་པ་ནི་གསང་སྙིང་གི་རྒྱ་དཔེར་སཱུ་ཏྲཾ་པྲཛྙཱ་ཏིཀྲ་ཥྱ་ཏི་ཞེས་ཡོད་པ་ལ་སཱུ་ཏྲཾ་ཐིག་གི་སྐད་དོད་ཡིན་ལ་ཐིག་ལ་ཏིཀྲ་ཅེས་འདོན་པ་བརྡ་རྙིང་ཡིན་ལ་རྒྱུད་གཞན་དུ་ཁ་འཕངས་པ་ནི་དགྱེས་རྡོར་སོགས་ཀྱང་དེ་ཉིད་འདུས་པར་ཁ་འཕངས་པ་བཞིན་ནོ་ཞེས་དོགས་པ་བསལ་ཞིང༌། སྒྱུ་འཕྲུལ་སྡེ་བརྒྱད་དང་གསང་སྙིང་གི་འགྲེལ་པ་ཉི་འོད་སེང་གེས་བྱས་པ་རྣམས་པད་མ་རུ་ཅི་རས་བསྒྱུར་པ་དང༌། གསང་སྙིང་གི་སངས་རྒྱས་གསང་བའི་འགྲེལ་པ་བཻ་རོ་ཙ་ནས་བསྒྱུར་བར་དཀར་ཆག་འཕང་ཐང་མར་བཤད་ཅེས་དང༌། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ལྕེ་བཀྲ་ཤིས་ཀྱི་བསྒྱུར་བར་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་གཉིས་ཀར་བཤད་ཅེས་དང༌། སྨྀ་ཏི་དང་ལོ་ཆེན་རིན་བཟང་གིས་ཡང་དག་མེ་གཅིག་དང་ཡང་དག་གི་འགྲེལ་པ་ཀུན་སྙིང་གིས་མཛད་པ་དང་རྫོགས་༼ཐ༣བ༽ཆེན་ཁ་ཅིག་བསྒྱུར་བར་ཡང་བཅོམ་རལ་བས་བཤད་ཏོ། །

གཞན་ཡང་རྡོ་རྗེ་བཞད་པའི་འདུས་པའི་འགྲེལ་ཆེན་དང་མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོའི་མཛད་པར་ཡང་གསང་སྙིང་གི་ལུང་མང་དུ་དྲངས་ཡོད་པར་སྣང་ལ། ཕུར་པ་རྩ་བའི་དུམ་བུ་ཤངས་སྲེག་ཞིང་ནས་སློབ་དཔོན་པད་མའི་རྒྱ་དཔེ་དངོས་རྙེད་ནས་ས་སྐྱ་པཎྜི་ཏས་བསྒྱུར་ཞིང་ཐར་ལོས་བལ་པོར་ཡང་རྒྱ་དཔེ་ཅིག་གཟིགས་པར་གསུངས་སོ། །

རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་རྣམས་ནི་རྒྱ་གར་ཉིད་ཏུ་ཡང་སྤྱོད་པ་བླང་དོར་བླ་ན་མེད་པར་བསྟན་པའི་དོན་མ་རྟོགས་ན་ཆད་ལྟ་དང་ཉེ་བར་འགྱུར་བས་ཤིན་དུ་སྦས་ཏེ་སྔགས་ལ་མཁས་པའི་པཎྜིཏ་རྣམས་དང་རྒྱལ་པོས་རྒྱས་བཏབ་སྟེ་ལོངས་སྤྱད་ཏུ་མེད་པ་ཤྲཱི་སིངྷ་དང་བཱི་མ་ལ་མུ་དྲས་བཻ་རོ་ཙ་ན་གཙང་ལེགས་གྲུབ་ལ་ལྐོག་དུ་བཤད་པས་པཎྜིཏ་ཐམས་ཅད་ཀྱི་རྨི་ལམ་འཁྲུགས་ཏེ་མན་མན་ངག་གི་ཆོས་བོད་ཏུ་ཤོར་བར་ཤེས་ནས་སླར་དཔེ་རྣམས་རྡོ་རྗེའི་གདན་དུ་སྦས་ནས་མི་ཐོན་པར་བྱས་པར་བཻ་རོའི་འདྲ་འབག་ལྷད་མེད་རྣམས་ལས་མཐོང་བས་ད་ལྟ་རྒྱ་གར་ན་པཎྜིཏ་ལ་མ་གྲགས་པ་ཡིན་ལ། ཇོ་བོ་རྗེས་བསམ་ཡས་སུ་རྒྱ་དཔེའི་དཀོར་མཛོད་གཅིག་ཁ་ཕྱེ་གཟིགས་པས་སྔར་གསན་གཟིགས་མེད་པའི་རྒྱུད་ཤིན་དུ་མང་བར་གཟིགས་ཏེ་ངས་འཛམ་གླིང་ན་གྲགས་པའི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པ་ཁོ་ན་ཡང་མཐའ་ཡས་པར་མཐོང་སྟེ་དེ་ཀུན་ལ་ཡང་རྒྱུད་འདི་རྣམས་མི་གདའ། ཕལ་ཆེར་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྲིན་པོའི་ཡུལ་ནས་བླངས་པ་ཡིན་མཆི་ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མེད་པ་རང་དུ་འདུག་ཅེས་མཁས་པའི་ཐུགས་རྒྱལ་མ་ལུས་པ་དེར་ཆག་པར་བཤད་པས་དེ་ཀུན་ནི་ཕལ་ཆེར་རྫོགས་ཆེན་གྱི་རྒྱུད་རྣམས་སུ་གོར་མ་ཆག་སྙམ་ལ། འདུས་པ་མདོ་ནི་ལྷས་ཞུས་པའི་མདོའམ་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཅེས་༼ཐ༤ན༽གྲགས་པ། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །སོགས་ཀྱི་ཁུངས་དེ་ཉིད་ཡིན་པར་འགོས་ལོ་གཞོན་ནུ་དཔལ་བ་སོགས་འཆད་ཏོ། །

སྤྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་གཙོ་བོར་ལྷ་ཀླུ་སོགས་འགྲོ་བའི་གནས་གཞན་ཁོ་ན་ན་བཞུགས་པ་ལས་ཤེར་ཕྱིན་འབུམ་པ་སོགས་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་བླངས། མདོ་སྡེ་ས་བཅུ་པ་སོགས་མང་ཞིག་འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་ནས་བླངས་ཏེ་དར་བ་ན་ཉན་ཐོས་པ་ཀུན་ཀྱིས་སྐུར་པ་བཏབ་པ་ལས་ཐེག་ཆེན་བཀར་བསྒྲུབས། གསང་སྔགས་རྙིང་མ་རྣམས་སློབ་དཔོན་དགའ་རབ་རྡོ་རྗེ་དང་སློབ་དཔོན་པདྨ་ལ་སོགས་ཀྱིས་འོག་མིན་དང་སྲིན་པོའི་ཡུལ་སོགས་ནས་སྤྱན་དྲངས། དགྱེས་རྡོར་བདེ་མཆོག་འདུས་པ་ལ་སོགས་འཕགས་པ་ཀླུ་སྒྲུབ་དང་རྒྱལ་པོ་ཨིནྡྲ་བོ་དྷི་དང་སློབ་དཔོན་ལ་བ་པ་དང་རྟ་མཆོག་བི་ན་ས་ལ་སོགས་པས་སྤྱན་དྲངས་ཏེ་དར་བའི་ཚེ་མཚན་ཉིད་ཐེག་པ་བ་རྣམས་ཀྱིས་སྒྲོ་སྐུར་བྱས་པ་ན་གསང་སྔགས་བཀར་སྒྲུབ་དགོས་པ་བྱུང་བ་ཡིན། དེས་ན་བོད་ཡུལ་པ་དག་རྒྱ་དཔེ་ཡོད་ན་ཡང་དག་ཡིན་ལ་མེད་ན་ཡང་དག་མིན་པར་འཆད་པ་འདི་ལ་ཡང་དེ་ཙམ་གྱི་སྙིང་པོ་ཅི་ཡོད་སྟེ་རྒྱ་དཔེ་རྒྱང་འཕེན་གྱི་གཞུང་ལ་སོགས་པ་མུ་སྟེགས་ཀྱི་ཆོས་རྣམས་ལ་ཡང་ཡོད་ལ་དགའ་ལྡན་དང་འོག་མིན་དང་ཀླུ་ལ་སོགས་པའི་གནས་ནས་བླངས་པའི་གླེགས་བམ་རྣམས་རྒྱ་གར་གྱི་ཏཱ་ལའི་ལོ་མ་ཁོ་ན་ལ་ལོ་པཎ་ལ་གྲགས་པའི་ཡི་གེ་ཁོ་ནས་བྲིས་པ་ཅིག་ཡོད་པར་དཀའ་སྟེ་དེ་རྣམས་ཀྱི་བྲི་གཞི་སྣག་ཚ་ཡིག་གཟུགས་སོགས་གང་དུ་ཡོད་ཤེས་དཀའ་བས་གལ་སྟེ་མཐོང་ན་ཁྱེད་ཅག་ཡང་དག་མ་ཡིན་པར་ལྟ་བའི་བློ་སྐྱེ་ཡང་སྲིད་ལ། ཡང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ཀྱང་ཡུལ་དུས་ཀྱི་གདུལ་བྱ་དེའི་ཁམས་དང་དབང་པོ་དང་འཚམས་པར་དེའི་སྐད་དང་ཚིག་དུ་གོ་བར་༼ཐ༤བ༽འགྱུར་བ་ལྟར་ཞིང་གཞན་ནས་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་གླེགས་བམ་འབྱུང་བ་ན་ཡང་ཡུལ་དུས་དེའི་སྐད་དང་ཡིག་གཟུགས་སུ་འབྱུང་བར་ཡང་མི་འགལ་བས་སློབ་དཔོན་པདྨ་ལྟ་བུས་བོད་ཀྱི་གདུལ་བྱའི་དོན་དུ་འོག་མིན་སོགས་ནས་གླེགས་བམ་སྤྱན་དྲངས་པ་ན་ཡང་བོད་ཀྱི་སྐད་དང་ཡིག་གཟུགས་སུ་མི་འབྱོན་པར་ཡང་མ་ངེས་པས་ཉན་རང་དང་བྱང་སེམས་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་འདི་དག་ལ་བདག་ཅག་བྱིས་པ་རྣམས་ཀྱིས་ཚད་འཛིན་པའི་ངལ་བས་ཅི་བྱ་སྟེ་བག་ཡོད་པར་སྤྱོད་ཅིག་དེས་ན་རྒྱལ་བ་བྱམས་པས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་པས་ཐེག་ཆེན་བཀར་བསྒྲུབས་པའི་རིགས་པ་འདི་ཁོ་ནས་གསང་སྔགས་རྙིང་མ་ཡང་བཀར་སྒྲུབ་ནུས་ཏེ། གལ་སྟེ་རྙིང་མ་བཀའ་མིན་ན་མ་འོངས་པར་གསང་སྔགས་རྙིང་མའམ་རྫོགས་ཆེན་བྱ་བ་བཀའ་མ་ཡིན་པ་བཀའ་ལྟར་བཅོས་པ་འབྱུང་ཞེས་ལུང་སྟོན་རིགས་པ་ལས་དེ་ལྟར་བསྟན་པ་མི་སྣང་བའི་ཕྱིར་དང༌། དེ་ལྟ་བུ་འབྱུང་བ་མ་མཁྱེན་པ་མི་རིགས་ཏེ་སངས་རྒྱས་རྣམས་ནི་མངོན་སུམ་གྱི་སྤྱན་ཅན་ཡིན་ལ་དུས་ལའང་ཡེ་ཤེས་མ་བསྒྲིབས་པའི་ཕྱིར། མཁྱེན་ཀྱང་མ་བསྟན་པ་མི་རིགས་ཏེ་བསྟན་པ་དག་ཀྱང་སྲུང་བར་མཛད་པའི་ཕྱིར། བདེ་དགྱེས་ལ་སོགས་པ་རྣམས་ཀྱིས་ཀྱང་རྒྱུད་རྒྱས་པ་འབུམ་བདུན་དང་འབུམ་ལྔ་མངོན་བརྗོད་འབུམ་པ་ཆེན་པོ་སོགས་རྣམས་དང་སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་འདི་རྣམས་ནི་སྔོན་རྫོགས་ལྡན་ལ་སོགས་པའི་དུས་སུ་མཚུངས་པར་གསུངས་པས་རྒྱུད་སྟེ་དག་ལྷན་ཅིག་དུ་བྱུང་བ་ཡིན་ན་དེ་ལས་གང་ཡང་དག་དང་གང་ལྟར་སྣང་དུ་འཇོག །མདོ་སྒྱུ་སེམས་གསུམ་གྱི་རྒྱུད་ལྷད་མེད་འདི་ལྟ་བུ་རྟོག་གེ་པ་ལ་སོགས་པས་རྩོམ་པར་ག་ལ་ནུས་ཏེ་འདི་ལྟ་བུ་ཉན་རང་གི་ཡང་སྤྱོད་ཡུལ་མ་༼ཐ༥ན༽ཡིན་ན་གཞན་གྱིས་ལྟ་ཅི་སྨོས་པའི་ཕྱིར། གལ་སྟེ་སྟོན་པ་ལས་གཞན་པའི་སངས་རྒྱས་ཞིག་གིས་གསུངས་སོ་སྙམ་ན་དེ་ལྟར་ན་བཀའ་ཡིན་པར་གྲུབ་པ་དང༌། ཡང་སར་མའི་རྒྱུད་སྡེ་འདི་དག་ལས་གཞན་པའི་གསང་སྔགས་ཡོད་ཏམ་མེད། མེད་ན་གསང་སྔགས་ནི་མཐའ་མི་མངོན་པར་བཤད་པ་དང་འགལ་ཞིང༌། ཡོད་ན་སྔ་འགྱུར་འདི་དག་ཀྱང་སངས་རྒྱས་པའི་གསང་སྔགས་ཡང་དག་ཅིའི་ཕྱིར་མ་ཡིན། སྔོན་སློབ་དཔོན་པདྨ་ལ་ཆོས་རྒྱལ་ཁྲི་སྲོང་གིས་བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་ཕུལ་བ་བཞེས་པས་བློན་པོ་རྣམས་བཙུན་མོ་ཡང་ཕྲོགས་པས་རྒྱལ་སྲིད་འཕྲོག་ངེས་ཟེར་ནས་གཤེགས་པར་གསོལ་བ་བཏབ་སྣང་བས་རྒྱལ་པོ་ལ་མ་རྒྱུད་ཀྱི་གདམས་པ་གནང་བར་གདོན་མི་ཟ་ལ། དགེ་སློང་ལུས་ལ་ཕྱག་རྒྱ་བསྟེན། །ཞེས་སློབ་དཔོན་པདྨ་དངོས་རིག་གི་ལམ་པར་ཡང་སྣང་བ་དེ་དུས་བདེ་དགྱེས་སོགས་ནི་མ་བསྒྱུར། རྙིང་མ་ནི་བཀའ་མིན་པས་སློབ་དཔོན་པདྨས་རྒྱལ་པོ་ལ་གསུངས་པ་དང་སྣུབས་ནམཁའ་སྙིང་པོས་ལས་རྒྱ་ལས་སྒྲུབ་པ་མཛད་པར་གྲགས་པའི་དབང་གསུམ་པའི་ལམ་དེ་དག་གཞན་གང་ཞིག་ཡིན་ཏེ་རྙིང་མའི་གསང་སྔགས་ཉིད་ལས་འོས་ཅི་མཆིས།

གལ་སྟེ་སར་མའི་རྒྱུ་དང་མི་མཚུངས་པ་དུ་མ་ཡོད་པས་སོ་ཞེ་ན། འོ་ན་རྒྱུན་མི་ཆད་པས་རྒྱུད་ཏུ་བཤད་པ་སོགས་མཚུངས་པ་དེ་བས་ཀྱང་མང་བས་དེས་ཡང་དག་དུ་ཡང་ཅིས་སྒྲུབ་མི་ནུས། རྫོགས་ཆེན་དུ་ལས་འབྲས་མེད་པ་དང་འཁོར་འདས་གང་ཡང་མེད་པའི་སྔོན་ཏུ་ཀུན་དུ་བཟང་པོ་སངས་རྒྱས་པ་སོགས་བཤད་པས་ཡང་དག་མ་ཡིན་ནོ་སྙམ་ན། ལས་འབྲས་མེད་པ་ནི་ལས་འབྲས་ལ་གཅིག་དུ་ཞེན་པའི་གཉེན་པོའི་འཛིན་པ་གཞིག་པའི་ཆེད་སྟེ་མདོ་ལས་ཀྱང་མཚོན་ཆ་ཐོགས་པའི་ཆོས་ཀྱི་རྣམ་གྲངས་བཤད་པ་དང༌། རྒྱལ་ལ་སོགས་ལ་ཆགས་བ་ཕྲ། །༼ཐ༥བ༽ཞེས་བཤད་པ་ལྟར་ཡིན་གྱི་གནས་སྐབས་གཞན་དུ་མ་ཡིན་ལ། འཁོར་འདས་གང་ཡང་མེད་པའི་སྔོན་ནི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ལ་འཁོར་འདས་གང་ཡང་མི་དམིགས་པ་དང༌། དེ་རང་ངོ་ཤེས་པས་ཀུན་བཟང་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པར་སངས་རྒྱས་པ་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་ལྟར་ཆོས་དབྱིངས་རང་ངོ་ཤེས་ན་དེ་ཉིད་ཏུ་གྲོལ་བ་དང༌། དེའི་འོད་ལྔ་ཡེ་ཤེས་ལྔ་དང་སྐུ་ལྔར་ཤར་བ་སོགས་ནི་ལྷན་སྐྱེས་ཀྱི་སྐུ་འོད་གསལ་དེ་ཉིད་ལོངས་སྤྲུལ་གྱི་རྣམ་པ་ཐམས་ཅད་ཏུ་འཆར་ཞིང་སེམས་ཉིད་དྲི་མ་མེད་པ་འདི་ལས་ཅི་ཡང་སྣང་དུ་རུང་བའི་དོན་ལ་སོགས་པར་གླེང་གཞི་ལྟ་བུའི་སྒོ་ནས་གཞི་ལམ་འབྲས་བུ་བརྗོད་པས་སྒྲ་གཞན་དུ་བསྟན་པར་བྱ་བ་ཡིན་གྱི་ལོ་རྒྱུས་བརྗོད་པ་མ་ཡིན་ལ། འདི་ནི་སར་མའི་རྒྱུད་སྡེ་ལ་ཡང་འདི་སྐད་བདག་ཐོས་སོགས་ཡི་གེའི་དོན་དུ་ཚིག་འདི་སྐད་སྟོན་པས་གསུངས་པ་སྡུད་པ་པོ་བདག་གིས་དུས་དེར་འཁོར་དེ་དག་དང་ལྷན་ཅིག་པར་ཐོས་པའི་དུས་ཅིག་ན་ཞེས་ལོ་རྒྱུས་ལྟར་ཡོད་མོད་ཀྱང༌། སྦས་དོན་ཏུ་ཨེ་ཡིག་དམར་ཆ་དང་ཝཾ་ཡིག་དཀར་ཆ་དང་ཨ་ཡིག་བར་སྲིད་གསུམ་ཚོགས་པ་ཨེ་ཝཾ་གཉིས་མེད་ལས་སྐྱེད་རིམ་གྱི་སྦྱང་གཞི་ལུས་གྲུབ་པ་སོགས་སུ་འཆད་ཅིང༌། མཐར་ཐུག་གི་དོན་དུ་ཨེ་ཤེས་རབ་དང་ཝཾ་ཡིག་ཐབས་ཐིག་ལེ་གཉིས་སུ་མེད་པ་སྟེ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་དབྱེར་མེད་ཏུ་སྟོན་པར་བཤད་པ་ཡིན་ནོ། །

དེས་ན་སར་རྙིང་གི་རྒྱུད་འཛིན་པོ་སུ་ཡིན་ཡང་རུང་སྟེ་རྒྱུད་ཀྱི་གླེང་གཞི་དང་འཁོར་འདས་ཀྱི་བྱུང་ཚུལ་འདི་དག་སྔོན་བྱུང་གི་ལོ་རྒྱུས་ཁོ་ནར་རྟོག་པར་ནི་མི་བྱ་སྟེ་ལོ་རྒྱུས་ཀྱི་ཚུལ་གྱིས་ཉམས་སུ་བླང་བྱའི་ཆོས་ཀྱི་རྣམ་གྲངས་སྟོན་པར་རིག་པར་བྱའོ། །དེས་ན་རྫོགས་ཆེན་ལས་འཁོར་འདས་ཀྱི་ཐོག་མའི་མཐའ་བཤད་ཏོ་སྙམ་ན་ངེས་པའི་དོན་འདི་མཚོན་བྱེད་ཡིན་གྱི་བསྐལ་པ་ཆགས་འཇིགས་བཤད་པ་ལྟ་བུ་ཞིག་མ་ཡིན་ནོ། །༼ཐ༦ན༽ཉོན་མོངས་པའི་གཉེན་པོ་ཡང་བྱེད་སྟེ་སྐྱེད་རིམ་དང་རྫོགས་རིམ་ཆགས་ལམ་དང་གྲོལ་ལམ་གཉིས་ཀྱིས་ལམ་སྦྱོང་པར་སར་མའི་བླ་མེད་རྣམས་དང་ཐ་མི་དད་པའི་ཕྱིར་རོ། །

དེས་ན་སྐྱེད་རྫོགས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བས་རྡོ་རྗེ་ཐེག་པའི་འདུལ་བ་ལ་སྣང༌། དབྱིངས་རིག་གཉིས་སུ་མེད་པའི་རང་གི་སེམས་ཉིད་འོད་གསལ་བ་ལ་འཇུག་པས་སྔགས་ཀྱི་མདོ་སྡེ་ལ་འཇུག་ཆོས་ཐམས་ཅད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཅིང་གང་དུ་ཡང་འཆར་རུང་བ་དང་མི་འགལ་བའི་ཕྱིར་ཆོས་ཉིད་དང་མི་འགལ་བས་ན་བཀའ་ཡང་དག་པ་སྟེ། སྟོན་པ་ཉིད་ཀྱིས་ང་མྱ་ངན་ལས་འདས་ནས་འདུལ་བ་ལ་སྣང་མདོ་སྡེ་ལ་འཇུག་ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་ཟུང་ལ་དེ་ལས་ལྡོག་ན་མ་ཡིན་པར་ཟུང་ཞིག་ཞེས་གསུངས་ལ་རྒྱལ་བ་བྱམས་པས། རང་གི་འདུལ་ལ་སྣང་ཕྱིར་དང༌། །ཞེས་ཐེག་ཆེན་ཉིད་ལ་སྦྱར་བ་བཞིན་ནོ། །

འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་དང་རྫོགས་སོའི་དོད་ཏུ་ནམ་དུ་ཡང་མ་རྫོགས་སོ་ཞེས་འབྱུང་བ་སོགས་ཀྱང༌། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པོ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ཞེས་ཆོས་ཐམས་ཅད་སྟོན་པ་ཉིད་ཏུ་གསུངས་པ་དང་ཁྱེད་མེད་ལ། རྗོད་བྱེད་ཚིག་གི་རྒྱུད་ཀྱི་མཐར་རྟོགས་སོ་སྦྱར་བ་ནི་རེ་ཞིག་གླེགས་བམ་དེ་རྫོགས་པའི་དོན་ཡིན་གྱི་རྒྱུད་རྫོགས་པའི་དོན་མིན་ལ། བརྗོད་བྱ་དོན་གྱི་རྒྱུད་ལས་བརྩམས་ན་ནམ་ཡང་མ་རྫོགས་པའི་རྒྱུན་ཆད་མེད་པ་ཅིག་མ་བཞག་ན་རྒྱུད་ཏུ་ཇི་ལྟར་འཇོག་དེས་ན་དོན་ལ་རྟོན་པར་བྱའི་ཚིག་ཙམ་ལ་བརྩད་པས་ཅི་ཞིག་བྱ། དུས་ཐམས་ཅད་ཀྱི་མཆོག་ནི་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་ཀྱི་དུས་ཡིན་ལ་དུས་གསུམ་ནི་འཇིག་རྟེན་གྱི་གདགས་པ་ཙམ་སྟེ་དེས་ན་དུས་བཞིར་བཤད་པ་ལ་འགལ་བ་ཅི་ཡོད། ༼ཐ༦བ༽

རྡོར་སེམས་ལྷའི་གཙོ་བོར་མི་རིགས་ནས་མཐར་རྡོར་སེམས་གཙོ་བོར་བྱས་པའང་འགོག་དགོས་སོ། །སྤྱིར་རྡོར་སེམས་ཀྱི་མཚན་རིགས་དྲུག་པ་རྡོ་རྗེ་འཆང་ལ་འཇུག་པའི་སྐབས་དང་རིགས་ལྔ་པའི་མི་བསྐྱོད་པ་ལ་འཇུག་པ་དང་གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱི་ལ་འཇུག་པ་དང་རྡོར་རིགས་ཀྱི་སེམས་དཔའ་སྤྱི་ལ་འཇུག་པ་དང་རྡོར་རིགས་ཀྱི་སེམས་དཔའི་ནང་ཚན་རྣལ་འབྱོར་རྒྱུད་ཀྱི་ཤར་གྱི་སེམས་དཔའ་བཞིའི་དང་པོ་ལ་འཇུག་པ་སོགས་མང་བས་སྐབས་ཐོབ་མ་ཕྱེ་བའི་མིང་ཙམ་ལ་རྩོད་པ་ནི་བོད་ཕྱི་རབས་པ་རྣམས་ཀྱིས་མཁས་ཉམས་སུ་བྱེད་པར་སྣང་མོད། དཔྱོད་ལྡན་གྱི་མདུན་དུ་བྲིམ་པར་བྱ་བ་མ་ཡིན་ནོ། །

བཏགས་གྲོལ་དང་མཐོང་གྲོལ་དང་མྱོང་གྲོལ་སོགས་ཀྱང་གདུལ་བྱེད་དང་དེར་རིགས་སད་པ་ལས་འཕྲོ་བཞག་པ་ཁ་ཅིག་ལ་ནི་དེ་དག་གི་དེ་མ་ཐག་དུ་གྲོལ་བ་ཡང་ཡོད་ལ་སྤྱིར་ཕན་ཡོན་གྱི་སྒོ་ནས་དུས་གཞན་ལ་དགོངས་པ་ཡིན་ཡང་གང་ཟག་དེས་ད་ལྟ་ཉིད་ལ་གོ་ནས་འཇུག་པའི་རྒྱུར་འགྱུར་བ་ཡིན་ལ། ཟ་མ་ཏོག་གི་མདོ་ལས་ཡིག་དྲུག་གི་ཕན་ཡོན་བཤད་པ་དང་སོ་སོར་འབྲང་མའི་མདོ་ལས་གཟུངས་དེ་ལུས་ལ་བཅངས་པའི་ཕན་ཡོན་བཤད་པ་སོགས་སར་མའི་མདོ་རྒྱུད་ལ་ཆེས་མང་ཞིང་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པ་འཐོབ་པར་གསུངས་པ་དང་ཡང་མཚུངས་སོ། །ལུང་རིགས་ཀྱིས་གྲུབ་པར་མ་ཟད་དམ་པ་རྒྱ་གར་གྱིས་རྫོགས་ཆེན་ཡང་དག་དུ་གསུངས་པ་དང༌། དམ་པའི་བླ་མ་ཕ་རྒྱུད་གཡོ་བ་རླུང་གི་རྣལ་འབྱོར་གྱི་བླ་མ་བཅུ་གཅིག་གི་ནང་ནས་ཡོ་ག་ལ་མཁས་པ་གསུམ་གྱི་གཅིག་བུདྡྷ་གུཧྱ་སྟེ་སངས་རྒྱས་གསང་བ་ཡིན་ལ་དེའི་སྐབས་སུ། དེ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ལ་རྩ་རྒྱུད་གསང་སྙིང་སོགས་རྒྱུད་འགྲེལ་གདམས་པ་ལག་ལེན་དང་བཅས་པ་དཔག་མེད་བཞུགས་ཀྱང་ཉམས་ལེན་ཚིག་གསུམ་པོ་འདིས་ཆོག་སྟེ། དག་སྣང་ཡིད་ལ་བྱས་པས་དངོས་འཛིན་ཡིད་ཀྱི་སྤུ་རིས་སུབས་ནས་སྣང་༼ཐ༧ན༽བ་སྤྲུལ་སྐུར་འཆར་བ་འདི་ནི་བུདྡྷ་གུཧྱའི་གདམས་པ་ཡིན་ཞེས་སངས་རྒྱས་གསང་བའི་རྣམ་ཐར་དང་བཅས་ཏེ་གསུངས་པ་དང༌། པཎ་ཆེན་ཤཱཀ་ཤྲིའི་ཁྱད་པར་གྱི་བླ་མ་བཞི་ལས་གདམས་པ་ཁྱད་པར་བ་བཞི་ཞེས་པའི་གཅིག་སློབ་དཔོན་པདྨ་ལས་རྡོ་རྗེ་ཕུར་པའི་དབང་རྒྱུད་མན་ངག་གསན་པ་ལ་བྱས་པ་དང༌། རྗེ་མི་ལ་སོགས་མར་པའི་བཀའ་རྒྱུད་ཀྱི་གྲུབ་ཆེན་ཕལ་ཆེར་གྱིས་ཕྱག་རྫོགས་གཅིག་དུ་སྦྱོར་ཞིང་འབྲི་ཁུང་འཇིག་རྟེན་མགོན་པོ་དང་ཐམས་ཅད་མཁྱེན་རང་བྱུང་རྡོ་རྗེ་སོགས་ཀྱིས་རྩ་འཁོར་ལོ་ལྔ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་རིགས་ལྔ་དང་རྩ་ཕྲན་ལ་གཞན་གསུམ་བཀོད་པ་དང༌། རྗེ་རྒོད་ཚང་པས་ཛཱ་ལནྡྷ་རར་བྱོན་དུས་དེའི་སྐོར་དུ་རྫོགས་ཆེན་གྱི་གྲུབ་ཐོབ་མང་པོ་མཇལ་བ་དང་རྗེ་ཡང་དགོན་པའི་ཐུགས་དམ་རྫོགས་ཆེན་ལས་འཁྲུངས་པ་དང་ཞང་གཡུ་བྲག་པའི་འཆིམས་ཕུ་བཀའ་རྒྱ་མ་ཞེས་སློབ་དཔོན་པདྨ་བོ་དྷི་ས་ཏྭ་བཱི་མ་ལ་མི་ཏྲ་རྣམས་ལ་དངོས་སུ་གསན་པའི་རྫོགས་ཆེན་གྱི་གདམས་ངག་ཡོད་པ་སོགས་སར་མ་ཉིད་ཀྱི་ཡང་སྐྱེས་ཆེན་མཐའ་དག་གིས་མངོན་དུ་མཛད་ཅིང༌། བསྐལ་བཟང་གི་སངས་རྒྱས་དྲུག་པར་རྩོད་པ་མེད་པ་གྲུབ་ཐོབ་ཀརྨ་པག་ཤིས་སྔོན་རྫོགས་ལྡན་གྱི་མཐའ་མ་མང་བཀུར་རྒྱལ་པོའི་དུས་རྡོ་རྗེ་འཆང་ཨིནྡྲ་བོ་དྷི་ཡེ་ཤེས་སྒྲིབ་པ་མེད་པའི་སྐུར་བསྟན་པའི་ཚེ་ཤཱཀྱའི་རིགས་མཐོང་ན་ཡིད་འོང་གི་མདུན་དུ་ཁོ་བོ་ཡང་རྣལ་འབྱོར་ན་མཁའ་འོད་ཡེ་ཤེས་དབྱིངས་སུ་གྱུར། རྒྱལ་པོ་ཛའི་ཁབ་ཏུ་ཆོས་ཀྱི་ཆར་བབ་པའི་ཚེ་རྒྱལ་པོའི་ཚ་བོ་བཛྲ་ཤྲཱིར་གྱུར། ལྷའི་བུ་ཀུན་དགའ་སྙིང་པོ་དགའ་རབ་རྡོ་རྗེ་བྱས་ཏེ་རྫོགས་པ་ཆེན་པོ་སྟོན་པའི་ཚེ་ཏོག་ཙེ་རྣལ་འབྱོར་གྱི་དབང་ཕྱུག་དུ་གྱུར་པས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་ཐམས་ཅད་རྟོགས་པ་ནས་ད་ལྟའི་བར་གསང་སྔགས་སར་རྙིང་ཐམས་ཅད་ཇི་ལྟ་བར་མངོན་དུ་གྱུར་ཞེས་སྔོན་གནས་རྗེས་སུ་དྲན་པས་གསལ་བར་བསྟན་ཞིང་ཕྱག་རྫོགས་དབྱེར་མེད་པའི་སྐུ་བཞི་གནད་༼ཐ༧བ༽ཀྱི་ངོ་སྤྲོད་གདམས་ངག་གི་སྙིང་པོར་མཛད་པ་དང༌། རྗེ་རང་བྱུང་པས་བཱི་མ་ལ་རང་གི་མཛོད་པུར་ཐིམ་པར་གཟིགས་ཏེ་སྙིང་ཐིག་གི་དོན་ཇི་ལྟ་བ་མངོན་ཏུ་གྱུར་ཏེ་ཡིག་ཆ་མཛད། རྗེ་རོལ་པའི་རྡོ་རྗེ་ཀརྨར་བཞུགས་དུས་ཀུན་བཟང་གི་དགོངས་པ་མཐར་ཐུག་རྫོགས་ཆེན་ཐོད་རྒལ་གྱི་རྟོགས་པ་མངོན་ཏུ་གྱུར་ནས།

རང་གསལ་སྙིང་པོ་སྟོང་གསལ་ཀུན་དུ་བཟང༌། །གདོད་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། །གཞི་ལྔའི་གདངས་ལ་རང་གསལ་ཀུན་དུ་ཁྱབ། །འོད་ལྔའི་གདངས་ལ་མ་བཅོས་མཉམ་པར་བཞག །ཞེས་སོགས་ཀྱི་རྡོ་རྗེའི་མགུར་མཛད། མཚན་བརྗོད་པར་དཀའ་བ་རྒྱལ་བ་མི་བསྐྱོད་རྡོ་རྗེས་གུ་རུ་མཚན་བརྒྱད་ཞང་སྐུ་བརྒྱད་ཀརྨ་པ་རབས་བརྒྱད་རྣམས་དབྱེར་མེད་ཏུ་གཟིགས་ནས་དེའི་བླ་མ་སྒྲུབ་པ་མཛད། ཇོ་ནང་ཀུན་མཁྱེན་གྱིས་ཇོ་ནང་གི་སྐུ་འབུམ་གྱི་སྲོག་ཤིང་ཨོ་རྒྱན་གྱིས་བཙུགས་པར་གཟིགས་ཅིང་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་གཅིག་ཨོ་རྒྱན་གྱི་ལྷ་ཁང་དུ་མཛད་པ་སོགས་སྐྱེས་ཆེན་མཐའ་ཡས་པ་ཕྱོགས་འདིར་དགོངས་པ་གཅིག་པ་ཡིན་ལ། གཏེར་མ་ཡང་སྤྱན་རས་གཟིགས་ཀྱིས། ང་དང་ཁྱོད་གཉིས་ཁྱད་པར་མེད། །སྐྱེར་པ་སྒང་འདི་པོ་ཏ་ལ། །ཞེས་གསུངས་པའི་དབོན་སྟོན་སྐྱེར་སྒང་པས་མནལ་ལམ་བཟུང་སྟེ་ཨོ་རྒྱན་དུ་བྱོན། སློབ་དཔོན་པདྨ་ལས་རྟ་མགྲིན་གསང་སྒྲུབ་ཀྱི་མན་ངག་ཞུས་ཚེ་རྟ་མགྲིན་གྱི་སྐུར་བཞེངས་ནས་ལན་གསུམ་གསུངས་ཏེ་རྟ་མགྲིན་གྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་དུ་གྱུར་པ་འདི་ངས་བོད་ཏུ་ལྷ་སྲིན་འདུལ་དུ་འོངས་པའི་ཚེ་སྙེ་མོར་སྦས་པ་ད་ལྟ་སྔགས་པ་ཅིག་གིས་ཐོན་ནས་ཡོད་པས་ཞུས་ཤིག་གསུངས་ནས་སྙེ་མོར་སྔགས་པ་དེ་ལ་ཞུས། ཕྱིས་སློབ་དཔོན་གྱི་དྲུང་དུ་ཞུས་དག་བྱས་པས་ད་དུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས་ཏེ་སླར་འབུལ་བ་བྱས་ནས་འཁོར་ལོ་བྱིན་པར་བཤད་པས་སློབ་དཔོན་གྱིས་སྣོད་ལྡན་གྱི་དོན་ཏུ་སྦས་པའི་གཏེར་ཡོད་པར་གྲུབ་ལ། ཞང་༼ཐ༨ན༽རིན་པོ་ཆེས་འཕྲང་པོའི་བྲག་ནས་ལུང་བསྟན་གྱི་ཤོག་སེར་རྙེད། ཇོ་ནང་ཀུན་མཁྱེན་དང་འཕགས་པའི་གནས་བརྟན་བཌྷུ་ལའི་སྐུའི་བཀོད་པ་གཉག་དབོན་ཆེན་པོས་གྲུབ་ཐོབ་འདར་བྱ་རུ་བའི་གཏེར་མ་རྟ་མགྲིན་ཡང་གསང་ཁྲོས་པ་ལ་ཐུགས་དམ་གཙོ་བོར་མཛད། དཔལ་ལྡན་ས་སྐྱ་པ་ན་རིམ་གྱི་ཡི་དམ་གྱི་གཙོ་བོ་ཕུར་པ་བཀའ་མ་ལ་མཛད་པ་སོགས་ཡང་དག་པའི་ཤེས་བྱེད་བགྲང་བ་ལས་འདས་པ་ཡིན་ནོ། །

འོན་ཀྱང་ཕྱི་དུས་རང་བཟོ་སྣ་ཚོགས་དང་ཆོས་སྣ་ཚོགས་བསྲེས་ཅིང་དེ་ཐམས་ཅད་གཏེར་བརྫུས་བྱས་ནས་རྙེད་པ་འཚོལ་ཞིང་བླུན་པོ་མགོ་བསྐོར། དེ་ལ་བརྟེན་ནས་ཡང་དག་པའི་དཔྱོད་ལྡན་རྣམས་ཡི་ཆད། དཔྱོད་ལྡན་དུ་རློམ་པའི་རྟོག་གེ་པ་རྣམས་དེ་མཐོང་བས་རྙིང་མ་ཐམས་ཅད་ལ་སྐུར་བ་འདེབས་ཅིང་ར་གན་གསེར་བརྫུས་གཅིག་གཉིས་མཐོང་བའི་རྟགས་ཀྱིས་གསེར་ཐམས་ཅད་ལ་སྐུར་པ་འདེབས་པ་ལྟར་སྣང་མོད་ཀྱང་བསྟན་པ་ཐ་མ་ལ་ཕལ་ཆེར་བདུད་དབང་དུ་གྱུར་ནས་ལོག་པའི་ཚུལ་མང་དུ་འབྱུང་བར་གསུངས་པས་འདི་དག་ནི་རྡོ་རྗེ་ཐེག་པ་རྙིང་མའི་བསྟན་པ་བར་ཆད་བྱེད་པའི་གདོན་གདུག་པ་ཅན་ཞིག་གིས་དང་པོར་ལུང་བསྟན་སྣ་ཚོགས་དང་ལྷ་འདྲེའི་ནོར་ཕྲ་མོ་རེ་གཉིས་རྙེད་ཏུ་བཅུག་པས་རློམ་སེམས་སྐྱེད་རྒྱུད་ཆོས་མིན་དུ་བསྒྱུར་ནས་ཕྱིས་རྫུན་རྒྱབ་ཏུ་རྫུན་གྱི་འཁོར་ལོ་བསྐོར་བས་གཏེར་ཆོས་ཡང་དག་རྣམས་ཀྱང་དྲི་མ་ཅན་དུ་བྱེད་པ་ཅིག་ཡིན་པར་སྣང་ལ། བདག་གི་སློབ་མ་བསམ་གཏན་པ་མང་པོ་ལ་ཡང་ཐོག་མར་རྨི་ལམ་དང་ཉམས་སུ་གཏེར་གནས་སྟོན་པ་དང་ཁ་བྱང་གི་ལུང་སྟོན་པ་སོགས་མང་དུ་བྱུང་སྣང་བ་རྣམས་སྐྱོན་ཡོན་དང་བདེན་རྫུན་དུ་མ་བཟུང་བར་ཉམས་ལེན་པར་བསྐྱངས་པས་ཕྱིས་གདོན་གྱི་རྟགས་རེ་བསྟན་ནས་དེ་ཕྱིན་མི་འབྱུང་བ་མང་དུ་བྱུང་བས་ཕྱིས་འབྱུང་རྣམས་འདི་ལ་གཟབ་པར་བྱ་ཞིང༌། འདི་རིགས་དང་ལྷ་སྐུ་ཞལ་མཐོང་སོགས་ཐམས་ཅད་ལ་སྤྱིར་ལམ་འབྲས་ལས་བརྡས་༼ཐ༨བ༽བརྟག་བར་བཤད་ཀྱང་འདི་རིགས་ཀྱི་སྐད་ཅིག་དེ་རྟོག་མེད་ལ་འབྱུང་བས་དེའི་ཚེ་བརྡ་དྲན་བར་དཀའ་ལ་སྤྲུལ་སྐུ་ཞལ་མཐོང་བ་སོགས་ཡང་དག་ཡིན་ན་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་དངོས་གྲུབ་རིང་དུ་བྱེད་ཅིང་ལྟར་སྣང་ཡིན་ན་དད་པ་ཙམ་སྐྱེས་པས་ཀྱང་བར་ཆད་ཅུང་ཟད་རེ་མི་འབྱུང་མི་སྲིད་པས་འདི་ཐམས་ཅད་ལ་བདེན་རྫུན་གྱི་རློམ་སེམས་མེད་པར་ཉམས་ལེན་བསྐྱངས་པའི་ཚེ་ཡང་དག་ཡིན་ན་ཇེ་གསལ་ཇེ་བརྟན་དུ་འགྱུར། ཉམས་རྟོགས་ཀྱང་གོང་དུ་འཕེལ། མོས་གུས་དང་སྙིང་རྗེ་ཆེར་རྒྱས་པར་འགྱུར་ལ། ཡང་དག་མིན་ན་རང་ལ་རློམ་སེམས་དང་ང་རྒྱལ་སྐྱེ། བླ་མ་དང་གདམས་ངག་ལ་ཐེ་ཚོམ་ཟ་བ་ཞིག་འབྱུང༌། འོན་ཀྱང་བར་ཆད་ཀྱི་རློམ་སེམས་སུ་ཡང་མ་བཟུང་བར་བསྐྱངས་པས་མཐར་ཆོ་འཕྲུལ་སྟོན་པའམ་རང་བཞིན་གྱིས་ཞི་བར་འགྱུར་བ་ཡིན་ནོ། །

དེས་ན་རྒྱ་གར་ན་སར་རྙིང་ཐ་དད་པ་མེད་ཀྱང་བོད་ཏུ་འགྱུར་སྔ་ཕྱིའི་དབང་གིས་མིང་ཐ་དད་ཐོགས་ཅིང་ཐ་སྙད་མི་འདྲ་བ་ཅུང་ཟད་འབྱུང་བ་ནི་དགྱེས་རྡོར་གྱི་རྒྱུད་ཉིད་ལའང་བརྟག་གཉིས་དང་ཕྱག་ཐིག་དང་ཡེ་ཤེས་ཐིག་ལེ་རྣམས་ཐ་སྙད་མི་འདྲ་བ་ཡོད་པ་བཞིན་ཡིན་ལ། རོག་གི་མཁས་པ་ཤེས་རབ་འོད་ཀྱི་གྲུབ་མཐའ་ཆེན་མོར་སར་རྙིང་ལ་ཁྱད་ཡོད་མེད་གསུམ་བྱས་པའང་ཁྱད་ཡོད་པར་འདོད་པ་གཞན་ལུགས་ཀྱི་ན་ཡམས་བཀོད། ཁྱད་མེད་པར་འདོད་པ་རང་ལུགས་ཀྱི་ལན་དངོས་བཤད། ཁྱད་པར་ཆེ་བར་འདོད་པ་རྙིང་མའི་ཆེ་བ་དབྱུང་བ་སྟེ་སྟོན་བྱེད་པཎྜི་ཏའི་ཁྱད་པར་སྔོན་གྱི་སློབ་དཔོན་པདྨ་ལ་སོགས་པས་བསྟན་པ་དང་ཕྱིས་ཀྱི་པཎྜིཏ་གསེར་འཚོལ་བའི་ཆེད་ཏུ་བོད་ལ་གང་བྲིན་གྱི་ཆོས་བྱེད་ཅིང་ཆོས་རེ་ལ་ཡང་དུམ་བུ་མང་པོར་བཅད་ནས་རེ་རེ་ལ་གསེར་གྱི་ཡོན་ཐ་དད་པ་ལེན་པས་བཤད་པ་མི་འདྲ། སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་སྔོན་གྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་རྒྱ་དཔེ་ལས་བོད་སྐད་དང་བོད་དཔེ་ལས་རྒྱ་སྐད་ཏུ་བཀླག་༼ཐ༩ན༽ནུས་པ་རྣམས་ཀྱིས་བསྒྱུར་ཞིང་ཞུས་པ་དང་ཕྱིས་ཀྱི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད་དགུན་བལ་པོར་ཕྱིན་སྔོན་བསྒྱུར་བ་མི་འདྲ། སྤྱན་འདྲེན་ཡོན་བདག་གི་ཁྱད་པར་ཆོས་རྒྱལ་བྱང་སེམས་རྣམས་ཀྱིས་སྤྱན་དྲངས་པ་དང་ད་ལྟ་ཛོ་གིའམ་ལོ་ཙཱ་བ་རེ་ཙམ་གྱིས་ཁྲིད་ནས་འོངས་པ་མི་འདྲ། ཆོས་གཞི་བཞུགས་གནས་ཀྱི་ཁྱད་པར་སྔོན་བསམ་ཡས་ལ་སོགས་པར་གདན་ཕབ་པ་དང་དེང་སང་དགོན་བུ་ཅག་ཅོག་རེར་སྡོད་པ་མི་འདྲ། ཞུ་རྟེན་གསེར་ཕྱེའི་ཁྱད་པར་སྔོན་གསེར་ཕྱེ་ཤ་བའི་རླུད་བུ་བཀང་ནས་འབུལ་བ་སོགས་དང་ཕྱིས་ཞོ་རེ་ཞོ་གཉིས་འབུལ་བ་མི་འདྲ་ཞེས་རྙིང་མའི་ཆེ་བ་འདོན་ཕྱིར་བརྗོད་པར་ཟད་སྟེ། ཇོ་བོ་རྗེ་དང་པཎ་ཆེན་ཤཱཀ་ཤྲི་སོགས་གསེར་དང་བོང་བར་མཉམ་པའི་དམ་པ་འདི་དག་ནི་ཕྱིས་གདུལ་དཀའ་བའི་དུས་སུ་ཡང་འཕྲིན་ལས་འདི་ལྟ་བུ་མཛད་པ་ལས་ན་སངས་རྒྱས་གཉིས་པར་སྣང་ལ། ལོ་ཙཱ་བ་ཡང་ལོ་ཆེན་རིན་ཆེན་བཟང་པོ། རྔོག་ལོ་ཙཱ་བ་ཆེན་པོ། ཁྲོ་ལོ་བྱམས་པའི་དཔལ་རྣམས་ནི་མཁྱེན་པ་དང་འཕྲིན་ལས་གཉི་ག་སྔོན་གྱི་ལོ་ཙཱ་བ་མཐའ་དག་བསྡུས་པས་ཀྱང་མི་དོ་བར་སྣང་ལ། སྤྱན་འདྲེན་ཀྱང་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུ་ཆོས་ཕྱིར་སྲོག་བཏང་བ་བློའི་ར་བ་ལས་བརྒལ་བ་དེ་ལྟ་བུ་བྱུང་བས་གཅིག་དུ་ངེས་པ་ནི་མ་ཡིན་ལ། སྤྱིར་པཎྜིཏ་ཁ་ཅིག་བོད་རབ་བྱུང་ལ་ཚིས་ཆེ་བར་ཐོས་ནས་ཀྱི་རོང་ཏུ་ཇོ་བོའི་མདུན་དུ་རྟགས་རང་བླངས་བྱས་ནས་བོད་ཏུ་མཁན་པོ་བྱེད་པ་ལོ་ཙཱ་བ་ཁ་ཅིག་གིས་མཐོང་ཟེར་བ་སོགས་ཀྱང་དུ་མ་སྣང་བས་སྤྱིར་དུ་ནི་དེ་དག་ལ་ཡང་བདེན་པའི་ཆ་ཤས་ཡོད་ཏོ། །

 

ཆོས་ཀྱི་གཙོ་བོ་མདོ་སྒྱུ་སེམས་གསུམ་ལས་དང་པོ་སེམས་ཕྱོགས་ནི།

 

དེ་ལྟར་གསང་སྔགས་སྔ་འགྱུར་རྣམས་བཀའ་ཡང་དག་དུ་བསྒྲུབས་ནས་དེ་ཡང་དེ་ནི་དེ་དག་གི་དམ་པའི་ཆོས་ཇི་ལྟར་བྱུང་བ་བརྗོད་པར་བྱ་སྟེ། གསང་སྔགས་སྔ་འགྱུར་གྱི་ཆོས་ཀྱི་གཙོ་བོ་ནི་སེམས་ཕྱོགས་སྒྱུ་འཕྲུལ་འདུས་པ་མདོ་སྡེ་མདོ་སྒྱུ་སེམས་གསུམ་ཞེས་གྲགས་པ་༼ཐ༩བ༽ཡིན་ལ་དེ་ལས་དེ་ཡང་སེམས་ཕྱོགས་རྫོགས་པ་ཆེན་པོ་ཇི་ལྟར་བྱུང་བ་ནི་འཁོར་འདས་གང་གི་ཡང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ངོ་བོ་སྟོང་རང་བཞིན་འོད་གསལ་ཐུགས་རྗེ་འགག་མེད་ཏུ་བཞུགས་པ་ནི་གཞི་དེ་བཞིན་ཉིད་སྟེ་འཁོར་འདས་སུ་ཤར་བ་ན་ཡང་དེ་ཉིད་ལས་གཡོ་བ་མེད་ཏོ། །

གལ་སྟེ་འཁོར་འདས་སུ་འདོགས་པ་ན་ནི་ཀུན་བཟང་ནས་འཇག་མིག་གི་སྲིན་བུའི་བར་ཁྱད་མེད་པར་ཤེས་བྱའི་གཤིས་གནས་ལུགས་ཀྱི་འདུག་ཚུལ་རང་བཞིན་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་སངས་རྒྱས་པ་ཞེས་བྱ་སྟེ། སྒྱུ་འཕྲུལ་རྒྱས་པར། ཕྱོགས་བཅུ་དུས་བཞིའི་རང་བཞིན་ནི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །དེ་ལ་འཁོར་འདས་ཀྱི་གདགས་པ་མེད་པ་ནི་ངོ་བོའི་ཆ་ནས་ཡིན་ལ་བཏགས་པ་ནི་འདོགས་འདོད་ཀྱི་ཆ་ནས་ཡིན་པས་མི་འགལ་སྟེ་བུམ་པ་ལ་མིང་གང་ཡང་མི་གནས་པ་དང་གང་ཡང་འདོགས་སུ་རུང་བ་མི་འགལ་བ་བཞིན་ནོ། །

དེ་ལས་རང་བཞིན་ཐ་མི་དད་པའི་ཡེ་ཤེས་ཀྱི་རླུང་གཡོ་བ་མེད་པར་གཡོས་པས་རང་བཞིན་གོ་འབྱེད་པའི་ཆ་ལས་རང་རྩལ་ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་ངོ་བོ་རང་བཞིན་ཐུགས་རྗེ་ཐ་མི་དད་པ་དེ་ཉིད་རང་ངོ་རང་གིས་ཤེས་པས་གཟི་ཐོག་དེ་ཉིད་ཏུ་འབྲས་བུར་རང་གྲོལ་བ་ནི་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་ཀུན་དུ་བཟང་པོ་གཞི་ཐོག་ནས་བྱང་ཆུབ་པ་སྟེ་སྤྲོས་བྲལ་ཆེན་པོ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཞེས་བྱ་བ་ཆོས་སྐུའི་ཞིང་ཁམས་རྒྱ་ཚད་ལས་འདས་པས་ན་ལྷུན་གྲུབ་ཀྱི་དབྱིངས་ན་དུས་བཞི་འཕོ་འགྱུར་མེད་པའི་རང་བཞིན་ན་མཁའ་ཇི་སྲིད་བར་ཕུན་ཚོགས་ལྔ་ལྡན་དུ་བཞུགས་ཞེས་བྱ་ལ་འོན་ཀྱང་རྟེན་བརྟེན་པ་དང་དབྱིབས་ཁ་དོག་གི་རྣམ་པ་ནི་མེད་ཏོ། །

དེ་ལྟར་སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱང་འདས་ཐམས་ཅད་ཀྱི་གཞི་ཐ་མི་དད་པ་དེ་ཉིད་ལས་རང་རྩལ་ལྷུན་གྲུབ་ཀྱི་སྣང་བ་ཤར་བའི་ཚེ་རང་ངོ་ཤེས་པར་མ་ནུས་པ་༼ཐ༡༠ན༽ནི་མ་རིག་པ་ཡིན་ལ་དེ་ལས་ལས་ཀྱི་རླུང་གཡོས་ཏེ་ངོ་བོ་མ་རྟོགས་བཞིན་དུ་རང་བཞིན་ལ་བདག་དང་རང་རྩལ་ལ་གཞན་དུ་འཁྲུལ་བས་གཟུང་འཛིན་སྲིད་པའི་འཁོར་ལོར་སྣང་བ་ནི་འཁོར་བ་སྟེ་འདིའི་ཚེ་ཡང་གཞི་ལས་གཡོས་པ་ནི་མེད་ཏོ། །

དེ་ལྟར་རྨི་ལམ་ལྟར་མི་བདེན་ཀྱང་བདེན་པ་ལྟར་འཁྲུལ་བའི་སེམས་ཅན་རྣམས་ལ་འབད་པ་དང་རྟོག་པ་དང་མཚན་མ་མེད་བཞིན་དུ་མཁྱེན་ཞིང་བརྩེ་བ་ཐུགས་རང་བྱུང་གི་ཡེ་ཤེས་ལྔའི་རྣམ་པར་གཡོས་པ་ལས་ཆོས་ཀྱི་སྐུ་དེ་ཉིད་ལས་གཡོ་བ་མེད་བཞིན་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་མཁའི་མཐས་ཀླས་པར་རིགས་ལྔ་གངས་ཆེན་མཚོ་དང་རིགས་དྲུག་པ་དཔལ་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེ་མཐའ་ཡས་པ་ཅན་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ་རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བགྲང་བ་ལས་འདས་པ་རྣམས་ལས་འཁོར་གྱི་རྣམ་པར་སྣང་ཡང་གཅིག་པ་དང་ཐ་དད་པ་གང་ཡང་མ་ཡིན་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་ལ་རང་བཞིན་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཆོས་ཐམས་ཅད་གཟོད་ནས་ཡེ་སངས་རྒྱས་པ་ལྷུན་གྲུབ་ཡོངས་རྫོགས་སུ་སྟོན་པ་བྱ་རྩོལ་དང་བྲལ་བའི་ཐེག་པ་ཉིད་སྨྲ་བསམ་བརྗོད་པ་དང་བྲལ་བར་ཅི་ཡང་མི་སྟོན་པའི་ཚུལ་གྱིས་ཐོག་མ་མེད་པའི་དུས་ནས་བསྟན་ཅིང་ད་ལྟར་སྟོན་ལ་ཕྱི་མའི་མཐར་གཞལ་བར་མི་ནུས་པ་ན་མཁའ་ཇི་སྲིད་པ་དང་སེམས་ཅན་ཇི་སྲིད་པ་དེ་སྲིད་ཏུ་སྟོན་པར་འགྱུར་བས་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་ལ་སྐུ་ན་མཁའ་གང་བ་དེ་རྣམས་ཀྱི་བ་སྤུའི་སྒོ་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པས་ན་མཁའ་ཀུན་གང་ལ་ཕྱག་མཚན་འཁོར་ལོ་དང་རྡོ་རྗེ་དང་རིན་ཆེན་དང་པདྨ་དང་རྒྱ་གྲམ་རྣམས་སོ་སོའི་ཁོང་སེང་ལས་སྐྱེས་པའི་པདྨ་ཉེར་ལྔ་ལ་ཞིང་གི་གཙོ་བོ་ཉེར་ལྔ་དང་དེ་ཐམས་ཅད་ཀྱི་གོ་ན་འབྱུང་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པ་རེ་རེའི་ཁོངས་ན་ཡང་༼ཐ༡༠བ༽སངས་རྒྱས་ཀྱི་ཞིང་དབྱིབས་རྒྱུ་ཚད་ཁ་དོག་འགྲོ་བའི་རིས་ཐ་དད་པ་བསམ་པར་མི་ནུས་པ་ཞིང་ཐམས་ཅད་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་ཡོད་ལ་དེ་རྣམས་ཀྱང་ཆགས་འཇིག་སྟོངས་གནས་སྣ་ཚོགས་པ་ཉི་ཟེར་གྱི་རྡུལ་གཡོ་བ་ལྟ་བུ་ཡིན་ལ་ཕར་ཕྱིན་ཐེག་པར་རྣམ་སྣང་གངས་ཆེན་མཚོ་ཞེས་པ་ཙམ་ལས་མེད་ཀྱང་ཐེག་པ་འདིར་རིགས་ཐམས་ཅད་ཀྱི་གནག་ཆེན་མཚོའི་སྟོན་པ་གསུངས་པ་འདི་ནི་ནམ་ཡང་མྱ་ངན་ལས་འདའ་བ་མེད་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དངོས་བཤད་པ་ཡིན་ནོ། །

དེ་ལྟར་ནམ་མཁས་ཁྱབ་ཚད་ན་ཞིང་གིས་ཁྱབ་པའི་ཞིང་སོ་སོའི་འགྲོ་བ་རྣམས་ཀྱི་ཆོས་སྐུ་མགོན་པོ་འོད་མི་འགྱུར་བ་ཉིད་ལོངས་སྐུ་རིགས་དྲུག་གི་རྣམ་པར་བཞེངས་པ་དེ་དག་ལ་སྣང་བ་དག་པ་རྣམས་ཀྱིས་མདོའི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་དང་སྔགས་ཀྱི་སངས་རྒྱས་ཧེ་རུ་ཀ་ཁ་སྦྱོར་གྱི་སྐུ་ཞི་བ་དང་ཁྲོ་བོ་སྣ་ཚོགས་སུ་སྣང་བར་འགྱུར་ལ་རང་དང་འཚམས་པའི་ཆོས་ཐེག་པ་དེ་དང་དེ་གསུང་བར་མཐོང་ནས་ལམ་དེ་དག་སྒྲུབ་པར་འགྱུར་ལ། སངས་རྒྱས་ཀྱི་རྣམ་པར་མཐོང་མི་ནུས་པ་རྣམས་ཀྱིས་གྲུབ་པ་དང་རིག་པ་འཛིན་པ་དང་དགེ་བའི་བཤེས་གཉེན་དུ་སྣང་ལ། ལྷ་རྣམས་ཀྱིས་རང་རང་གི་གཙོ་བོར་སྣང་བས་བག་མེད་ལས་ལྡོག་པ་དང་ལྷ་མིན་གྱིས་ཐག་བཟང་རིས་སུ་སྣང་བས་རང་གི་སྲིད་སྲུང་བར་མཐོང་ལ། དུད་འགྲོས་སེང་གེ་ལ་སོགས་པ་རང་རང་གི་གཙོ་བོར་མཐོང་སྟེ་སྐྲག་པས་དེས་བསྟན་པ་ལས་འགོང་མི་ནུས་པ་དང༌། ཡི་དྭགས་རྣམས་ཀྱིས་གཙོ་མོ་ཁ་འབར་མ་ལྟ་བུར་སྣང་སྟེ་སེར་སྣའི་ཉེས་པ་སྟོན་པ་དང༌། དམྱལ་བ་པ་རྣམས་ཀྱིས་གཤིན་རྗེའི་རྒྱལ་པོ་དང་དམྱལ་སྲུང་དུ་སྣང་བས་ལས་འབྲས་ལུང་སྟོན་པས་ལས་རྒྱུ་འབྲས་ལ་ཡིད་འཆེས་བསྐྱེད་པ་སོགས་གང་འདུལ་དེར་སྣང་བ་སྟོན་པ་སྟེ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་སྤྲུལ་སྐུ་འབྱུང་བའི་༼ཐ༡༡ན༽གོ་རིམ་དུ་བསྟན་པ་ཉིད་ཁོ་ན་ཡིན་ལ་དེས་ན་མིའི་ཐུབ་པ་ཤཱཀྱ་སེང་གེ་ཞེས་བཤད་པའང་བསྟན་པ་འདིའི་གཙོ་བོའི་དབང་དུ་སྤྱིར་བསྟན་གྱི་བྱེ་བྲག་དུ་རང་ཉིད་གང་གིས་འདུལ་བ་དེ་ཁོ་ན་རང་སྐལ་གྱི་ཐུབ་པ་ཡིན་པས་རང་ཅག་གི་ཐུབ་པ་དང་ཀུན་བཟང་དང་རྡོ་སེམས་ནི་རྩ་བའི་བླ་མ་འདི་ཁོ་ན་ཡིན་པར་རིག་པར་བྱའོ། །

དེ་ཡང་ཆོས་སྐུའི་ཞིང་ནི་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བསྟན་ཏེ་ལོངས་སྤྲུལ་གྱི་ཞིང་གཉིས་ཀ་འདིར་ཆུད་ཏོ། །ལོངས་སྐུའི་ཞིང་ནི་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ་སྟེ་སྤྲུལ་སྐུའི་ཞིང་ཐམས་ཅད་འདིའི་ཁོངས་སུ་ཆུད་ཏོ། །

སྤྲུལ་སྐུའི་ཞིང་ནི་ཚངས་ཆེན་གྱི་ཞིང་ཞེས་བྱ་སྟེ་དག་མ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདིར་ཆུད་ཏོ། །དེ་ལྟར་འཁོར་འདས་སྤྱིར་བཤད་ནས་ཞིང་འདིར་སྟོན་པའི་མཛད་པ་བསྟན་པའི་ཚུལ་ནི། ཐོག་མའི་མགོན་པོ་དེ་ཉིད་ཞིང་འདི་འདུལ་བའི་ཕྱིར་རིས་མཐུན་གྱི་སེམས་ཅན་མིར་གྱུར་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ལམ་བགྲོད་ནས་སངས་རྒྱས་པར་སྣང་བ་སྟེ། ཁ་ཅིག་ཐོག་མའི་མགོན་པོ་ལས་རྒྱུད་ཐ་དད་པའི་སེམས་ཅན་གྱིས་སེམས་བསྐྱེད་པར་འདོད་པ་ལ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་དང༌། འདི་ནི་སྟོན་པ་རྡོ་རྗེ་འཆང༌། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་གསུངས་པ་དང་འགལ་ལོ་ཞེས་མཁས་པ་ཀློང་ཆེན་པས་བཤད་ཏོ། །

 

རྒྱལ་བ་དགོངས་པའི་བརྒྱུད་པ།

 

དེ་ཡང་སྔོན་བསྐལ་པ་མཐའ་ཡས་པ་ན་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པར་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་ཞིག་ཕུལ་ནས་དང་པོར་ཐུགས་བསྐྱེད། དེ་ནས་ཅི་ཞིག་ན་བྲམ་ཟེ་ལེགས་བྱིན་དུ་གྱུར་པའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྐུའི་དགོངས་པ་ལ་བཞུགས་པ་ལས་ལོངས་སྐུར་རང་༼ཐ༡༡བ༽བྱོན་ཏེ་མཛད་པ་སུམ་བཅུ་རྩ་དྲུག་དང་ལྡན་པར་ཐུགས་རྗེ་ཕྱོགས་བཅུར་འཕྲོས་པའི་ངང་ལས་རིགས་ལྔ་འཁོར་གྲངས་མེད་བརྗོད་ཏུ་མེད་པ་ཆོས་ཉིད་ཀུན་དུ་བཟང་པོའི་ལོངས་སྤྱོད་ཏུ་འདུས་ཅིང་རྫོགས་པ་ཆེན་པོའི་སྐུར་འོད་འབར་ཏོ། །དེའི་ཚེ་འོད་ཁྱིམ་རྣམ་དག་བཀོད་ལེགས་ཀྱི་ཁང་བརྩེགས་སུ་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་རྣམ་སྣང་གངས་ཆེན་མཚོ་ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དུ་འབྱུང་སྟེ་སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིན་པོ་ཆེའི་ངང་ལས་མི་གཡོ་མི་འབྱུང་མི་གནས་མི་ལེན་མི་འདོར་མི་སྐྱོད་པ་ཉིད་ཏུ་རང་བྱུང་ལ་གདུལ་བྱ་མ་ཡིན་ལ་འདུལ་བྱེད་ཏུ་གྱུར་པའི་འཁོར་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་ཡང་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་འཕྲོས་ཅིང་འདུས་ཏེ་ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་མ་ཡིན་པ་སྟུག་པོ་བཀོད་པ་རང་སྣང་དག་པ་རང་ཤར་གྱི་ཞིང་དག་པར་འོད་གསལ་ཏོ། །དེའི་སྣང་ཆ་ལ་མཚན་དཔེ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་གི་སྐུར་བྱུང་སྟེ་སྔོན་རྡོ་རྗེ་ཕུལ་ནས་སེམས་བསྐྱེད་པའི་རྒྱུ་ལས་སོ། །

མདོར་ན་ཆོས་སྐུའི་དུས་ན་གནས་ཆོས་དབྱིངས་དམིགས་པ་མེད་པར་སྟོན་པ་ཀུན་བཟང་རང་བཞིན་གྱིས་མཛད་པ་མ་ལུས་པ་རྫོགས་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་ཇི་སྙེད་ཀྱི་སངས་རྒྱས་རྒྱ་མཚོ་དང་ལྷན་ཅིག་བསྟན་པ་དངོས་རང་བཞིན་རྫོགས་པ་ཆེན་པོ་དུས་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པའི་སྤྱོད་ཡུལ་ཏེ་ཕུན་ཚོགས་ལྔར་རྟག་དུ་བཞུགས་པ་དེ་མཚོན་བྱེད་ཆོས་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་ཡུལ་དུས་དེའི་མི་རྣམས་ཀྱི་ཆག་གང་བ་ན་མཁའ་ལ་ལྷུན་གྱིས་གྲུབ་པ་སྟེ་བསྟན་པའི་བཙས་དང་པོའོ། །

ལོངས་སྐུའི་བསྟན་པའི་དུས་ན་སྟོན་པ་གངས་ཆེན་མཚོའི་སྤོས་ཆུའི་མཚོ་དང་པདྨ་དང་འོད་ཀྱི་རྡུལ་རེ་རེ་ལ་ཞིང་གཞལ་དུ་༼ཐ༡༢ན༽མེད་པར་སྟོན་འཁོར་ཚད་མེད་པར་གནས་ཅིང་བྱ་རྩོལ་དང་བྲལ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་མཚོན་བྱེད་གསུང་རང་བྱུང་གི་ཡི་གེ་སུས་ཀྱང་མ་བྱས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་གི་གླེགས་བམ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱུང་བ་ཆོས་ཀྱི་རང་སྒྲ་སྒྲོག་པ་ན་མཁའ་ལ་ཤར་བ་ནི་བསྟན་པའི་བཙས་གཉིས་པའོ། །

ལོངས་སྐུའི་སྣང་ཆ་ཉིད་ལས་གནས་རིས་བཅུ་གཉིས་སུ་སྟོན་པ་བཅུ་གཉིས་སུ་སྣང་བས་སེམས་ཅན་རྣམས་འདུལ་བར་མཛད་སྟེ་དེ་མཚོན་བྱེད་སྤྲུལ་སྐུའི་བྱིན་རླབས་ལས་རང་བྱུང་བ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་སུས་ཀྱང་མ་བྱས་པར་གྲུབ་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་ཅིག་ན་མཁའ་ལ་རང་བྱུང་བ་ནི་བསྟན་པའི་བཙས་གསུམ་པ་སྟེ་འདི་དག་སྐུ་གསུང་ཐུགས་ཀྱི་བསྟན་པ་གར་ཡོད་ཏུ་གནས་ལ། ཐུགས་ཀྱི་རྟེན་རྡོ་རྗེས་འགྲོ་བའི་རེ་འདོད་ཐམས་ཅད་སྐོང༌། གསུང་གི་རྟེན་གླེགས་བམ་དེ་དང་ཕྲད་པ་དང་སྒྲ་ཐོས་པ་ཙམ་གྱིས་གྲོལ་བར་བྱེད་སྟེ་འདིའི་ཆོས་ཀྱི་རྣམ་གྲངས་ནི་བཏགས་གྲོལ་གྱི་རྒྱུད། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། མཐོ་དམན་ཕྱི་ནང་མེད་གནས་སུ། །སྟོན་པ་ཀུན་དུ་བཟང་པོ་ཡིས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །ཡབ་ཀྱི་དགོངས་པ་ཀུན་དུ་བཟང༌། །ཨ་ཏི་རང་ཤུགས་ཚིག་དུ་བྱིན། །ཨེ་མ་འདི་འཛིན་སྐལ་བ་ཆེ། །འདི་ནི་རང་བྱུང་ཆེན་པོའོ། །ཞེས་སོགས་ཡབ་དང་ཡུམ་དང་གཉིས་མེད་ཀྱི་དགོངས་པ་ཀུན་དུ་བཟང་པོ་བཏགས་གྲོལ་གྱི་རྒྱུད་ཡིན་ནོ། །

སྐུའི་རྟེན་དེ་གང་གིས་མཐོང་བའི་ལུས་འོད་གསལ་དུ་གྲོལ་བར་བྱེད་ཏོ། །དེ་ལྟར་བསྟན་པའི་བཙས་དེ་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་གར་ཡོད་ཏུ་གནས་པ་སྟེ། ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་༼ཐ༡༢བ༽བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་དུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བརྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །ཞེས་སོགས་ཀྱིས་ཞིང་རེ་རེར་ཡང་སྣོད་ཀྱི་དབང་གིས་སྙིང་པོ་ལྡན་དང་རྫོགས་ལྡན་ཆེན་པོ་རྫོགས་ལྡན་དང་གསུམ་ལྡན་དང་གཉིས་ལྡན་རྩོད་ལྡན་དང་རྩོད་ལྡན་ཆེན་པོ་སྟེ་འབྱུང་བའི་དུས་བདུན་དེ་དག་གི་བར་རྣམས་ལ་མི་འབྱུང་བའི་དུས་བདུན་ཏེ་སྒྲོན་བསྐལ་བདུན་དང་མུན་བསྐལ་བདུན་ཞེས་ཀྱང་བྱ་ལ། དེ་ལྟར་དར་ནུབ་བཅུ་བཞི་པོ་རྫོགས་པ་ན་ཞིང་དེའི་ཆོས་འདིའི་གདུལ་བྱ་རྫོགས་པས་ཞིང་གཞན་དུ་འཕོ་བ་ཡིན་ལ་དེ་ཡང་སྔོན་སྟུག་པོ་བཀོད་པར་ཀུན་དུ་བཟང་པོས་བཟུང༌། དེ་ནས་ལྕང་ལོ་ཅན་དུ་རྣམ་པར་སྣང་མཛད་ཀྱིས་བཟུང༌། དེ་ནས་ཞིང་འདི་ཆགས་ནས་གནས་བསྐལ་གྱི་དང་པོ་སྟོན་པ་བཅུ་གཉིས་ལས་ཐོག་མའི་ཚེ་བཙས་གསུམ་པོ་འདིར་བབ་ཅིང་དེ་ནས་ཡ་ཐོག་རིང་མོའི་མཐའི་མའི་ཚེ་ལོ་བཅུ་པ་འདིའི་བར་ལ་ཞིང་ཁམས་འདིར་བསྟན་པ་ཇི་ལྟར་འཕར་ཚུལ་ཡང༌། བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསལ་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །ཅེས་སོགས་ལུང་བསྟན་པ་སྟེ། །

བྱང་ཕྱོགས་གཡོ་ལྡན་དུ་དགེ་སློང་དཔལ་ལྡན་སྐྱོང་སྦྱིན་༼ཐ༡༣ན༽བདག་རྒྱལ་པོ་ཛི་ན་མི་ཏྲ་དུས་ལོ་སྟོང་དང་སུམ་བརྒྱ་མུན་བསྐལ་དྲུག་བཅུའོ། །དེ་ནས་ལྷོ་ཕྱོགས་འཚལ་པ་སྐྱོོབ་ཏུ་དགའ་བའི་དཔལ་དང་ཁྱིམ་བདག་དགེ་བའི་དངོས་གྲུབ་ཀྱིས་ལོ་བརྒྱར་འཛིན་ཏེ་མུན་པའང་ལོ་བརྒྱ་དང་ཉི་ཤུའོ། །དེ་ནས་ཤར་ཕྱོགས་རྡོ་རྗེ་འབྱུང་བའི་རི་རྩེར་རྒྱལ་པོ་སཱུ་ཏྲ་སེ་ན་དང་བྲམ་ཟེ་ཛ་ཡ་ཨ་ཀ་རས་སྟོང་དང་བཞི་བརྒྱར་འཛིན་ཏེ་མུན་པ་ལོ་ལྔ་སྟོང་ངོ༌། །དེ་ནས་ནུབ་ཕྱོགས་བྷ་ཏི་སེ་ལིར་དགེ་སློང་བདེ་བ་སྐྱོད་དང་དཔའ་བོ་འཇིགས་ཀྱིས་ལོ་སྟོང་འཛིན་ལ་ལྔ་སྟོང་དུ་མུན་པའོ། །དེ་ནས་འདི་ཉིད་ཏུ་བབས་ཏེ་ལོ་ལྔ་བརྒྱ་ལྔ་བཅུར་བློ་གྲོས་བཟང་པོ་དང་མཁའ་འགྲོ་མ་གསལ་བྱེད་མས་འཛིན་ལ། འདིའི་ཚེ་ལོ་བཅུ་པ་རྫོགས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་བའོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་དང་ལོ་ལྔ་བརྒྱ་ནི་ལོ་ཆེན་ཏེ་ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ་ཞེས་ཀློང་ཆེན་པས་བཤད་པ་ལྟར་ན་ལྔ་རྒྱ་ཕྲག་རེ་ལ་ལོ་རེར་བརྩི་བ་ཡིན་ནམ་སྙམ་མོ། །དེ་ཙམ་ཞིག་ཞིང་དེའི་མི་རྣམས་ལ་སྣང་ལ་གཞན་དུ་མཁའ་འགྲོའི་དོན་བྱེད་པའོ། །

ཁྱད་པར་འཛམ་གླིང་འདི་ཉིད་ཀྱི་དུས་བཅུ་བཞི་ནི། ཐལ་འགྱུར་ལས། བསྟན་པ་འཇིག་བའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་དུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །དེ་དེ་དག་ནི་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །ཞེས་མུན་པར་བྱེད་པའི་གང་ཟག་སྤྱིར་བསྟན་ནས། འདི་ཉིད་དང་པོ་མུན་པའི་དུས། །ཛམྦུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །རྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་བཅུའི་བར་ལ་འབྱུང༌། །༼ཐ༡༣བ༽དེ་ནས་དཔལ་འཛིན་དང་པོས་འཛིན། །ཞེས་སོགས་ཀྱིས་བྱེ་བྲག་དུ་བསྟན་ཏེ། དཔལ་འཛིན་དང་པོས་སྒྲོན་མེ་སྟོང་སུམ་བརྒྱ། དེ་ནས་བྱང་ཕྱོགས་སུ་གཟི་ལྡན་གྱི་རི་རྩེར་དགེ་སློང་གཟི་བརྗིད་ཅན་གཡས་པ་ལ་རྣ་བ་གཉིས་དང་མིག་ཟུར་གསུམ་མ་འགེབས་པ་ཅིག་གིས་མུ་སྟེགས་དང་རྩོད་ནས་མུན་པ་ལོ་དྲུག་བཅུ། དེ་ནས་བདེ་བའི་ལྷས་སྣང་བ་ལོ་བརྒྱ། དེ་ནས་བྱང་ཤར་ཆུ་བོ་རབ་མེད་ཀྱི་རྩར་རྒྱལ་པོ་མིག་གཅིག་པ་གྱད་ཀྱི་སྟོབས་ཅན་གྱིས་ལོ་དྲུག་བཅུ་མུན་པར་བྱེད། དེ་ནས་རང་རྒྱལ་གྱི་གཟུགས་ཅན་རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་བས་སྒྲོན་མེ་ལོ་བརྒྱ་དང་ཉི་ཤུ། དེ་ནས་ཡུལ་དབུས་སུ་གྲོང་གསེར་དུ་གནས་བརྟན་ལྕེ་རྩེ་གཉིས་པ་ལུས་ཐུང་བས་སྡེ་པ་རྩོད་སྟེ་མུན་པ་ལོ་དྲུག་བཅུ། དེ་ནས་ཤར་ལྷོ་ཀི་ཏའི་ཆུ་འགྲམ་དུ་དཔལ་གྱི་སེང་གེས་སྒྲོན་མེ་ལོ་སྟོང་བཞི་བརྒྱ། དེ་ནས་གངྒཱའི་འགྲམ་དུ་རྒྱལ་པོ་དཔུང་པ་ལྗང་གུ་ལ་རབ་བྱུང་གི་གཟུགས་སོར་བཞི་ཡོད་པས་ལོ་དྲུག་བཅུ་མུན་པ། དེ་ནས་བྲྀ་ཀ་མ་ལའི་གཙུག་ལག་ཁང་གི་བདག་པོ་གཞོན་ནུའི་མགོན་གྱིས་སྒྲོན་མེ་ལོ་སྟོང༌། དེ་ནས་ལྷོ་ཕྱོགས་ཚངས་པའི་གྲོང་དུ་དམངས་རིགས་སེང་གེའི་མགོ་ཅན་སྐྱེས་ནས་ཟླ་གསུམ་ལོན་པ་ནས་མུན་པ་ལོ་དྲུག་བཅུ། དེ་ནས་བྱ་རྒོད་ཕུང་རིར་དགེ་སློང་མཛེས་བྱེད་གཞོན་ནུས་སྒྲོན་མེ་ལོ་ལྔ་བརྒྱ་ལྔ་བཅུ། དེ་ནས་ཁ་ཆེ་སྒྲ་ལྡན་གྱི་གྲོང་དུ་རིགས་ངན་གྱི་ནང་དུ་བྱ་ལུས་མི་གདོང་ཅན་སྐྱེས་ནས་ལོ་བཅུ་ནས་བཟུང་སྟེ་མུན་པ་ལོ་དྲུག་བཅུ། དེ་ནས་ཡུལ་དབུས་ནས་ཤར་དུ་དཔག་ཚད་ལྔ་འདས་པར་དགེ་སློང་ཛི་ཀས་ལོ་བཅུ་འཛིན་ཏེ་འདིའི་དུས་ཚེ་ལོ་བཅུ་པ་རྫོགས་ནས་ཞིང་འདིའི་དར་ནུབ་བདུན་ཚང་སྟེ་དེ་སྲིད་ཆོས་འདིས་ཁྱིམ་པ་དང་རབ་བྱུང་གི་མི་ཇི་སྙེད་གྲོལ་བ་ཡང༌། བཀོད་པ་ཆེན་པོའི་རྒྱུད་ལས། ད་ནི་འདི་ནས་མི་གནས་ནས། །༼ཐ༡༤ན༽ཚེ་ལོ་དྲུག་བཅུ་ཡན་ཆད་ལ། །འབྲས་བུར་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བར་ད་དེངས་དག་དུ་སྟེ། །ཞེས་སོགས་ཏེ་ཁྱིམ་པ་སྙེད་རབ་བྱུང་དེའི་ཕྱེད་དང་ལྷག་མ་བྱང་སེམས་ཚེ་ལོ་ལྔ་བཅུ་པའི་བར་དུ་སྐྱེས་པ་ཉིས་སྟོང་དང་སྤྱིར་བུད་མེད་ཤས་ཆེ་བ་འབུམ་ཕྲག་གཉིས་གྲོལ། སུམ་བཅུ་པའི་བར་དུ་བུད་མེད་འབུམ་ཕྲག་གཅིག་དང་སྐྱེས་པ་སྟོང་ཕྲག་ལྔ་གྲོལ་བ་སྟེ་འདི་ཐམས་ཅད་ནི་སེམས་ཆོས་སྐུ་དང་ལུས་འོད་ཀྱི་སྐུར་གྲོལ་བའི་གྲངས་བསྟན་པའོ། །

སྒྲོན་མེའི་བསྟན་པ་མཐའ་མ་ད་ལྟའི་འདི་ཉིད་འཛིན་པ་པོ་ལུང་བསྟན་པ་ནི་ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་དུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བ་ཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །ཞེས་དགའ་རབ་རྡོ་རྗེ་དང༌། དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས། །ལོ་ནི་བདུན་བཅུ་རྩ་ལྔར་འཛིན། །ཞེས་འཇམ་དཔལ་བཤེས་གཉེན་དང༌། །དེའི་རྗེས་སུ་སྐལ་ལྡན་ལ། །སོ་ཤ་གླིང་ཞེས་བྱ་བ་རུ། །ཁྱིམ་བདག་རིགས་སྐྱེས་ཤྲི་སིངྷ། །ཞེས་བྱ་བ་ཡིས་འཛིན་པར་འགྱུར། །ཞེས་ཤྲི་སིངྷ་དང༌། དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙ་ན་སཱུ་ཏྲས་འདི་ཉིད་འཛིན། །ཞེས་ཛྙ་ན་སཱུ་ཏྲ་དང༌། དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་ངག་གིས་འཛིན། །ཞེས་བཱི་མ་ལ་རྒྱ་ཆེན་དང་མུ་དྲ་ཕྱག་རྒྱ་སྟེ་འདི་ལྟར་ན་བཱི་མ་ལུ་མུ་དྲ་དག་པར་ཀློང་ཆེན་པ་འཆད་ཏོ། །

དེ་ཡིས་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང༌། ཉང་ཏིང་འཛིན་བཟང་པོ། གཡུ་སྒྲ་སྙིང་པོ། པངས་མི་ཕམ་མགོན་པོ་སོགས་སུ་སྣང༌། དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་༼ཐ༡༤བ༽དག་གིས་འཛིན། །ཞེས་ལྡང་མ་ལྷུན་རྒྱལ། དེ་རྗེས་སིངྷ་ཤྲ་རས་འཛིན། །ཞེས་ལྕེ་ཨེ་བཙུན་སེང་གེ་དབང་ཕྱུག་འདི་མན་ནས་དགེ་སློང་དཔལ་ལྡན་རིག་འཛིན་ཀུ་མ་རཱ་ཛཱ་ཡིན་པར་དངོས་སུ་བསྟན་ནས་བློ་གྲོས་ཆེན་པོ་ཀློང་ཆེན་པ་ཉིད་ཏུ་བཞེད་པར་འདུག་ཀྱང་བར་དེ་དག་གོ་རིམ་མི་འབྱོར་བར་སྣང་ལ།

ལྕེ་བཙུན་གྱི་འོག་དུ། དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །ཞེས་སྣང་བ་འདིས་སྙིང་ཐིག་འཛིན་པའི་དམ་པ་མང་པོ་ཞིག་ལྷན་ཅིག་དུ་ལུང་བསྟན་པ་སྙམ་སྟེ་མཁའ་འགྲོ་སྙིང་ཐིག་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་དཔལ་བར་བྱེད། །ཅེས་རྗེ་རང་བྱུང་པ་ལུང་བསྟན་པ་དང་ཡང་མཐུན་བར་སྣང་བས་རྗེ་རང་བྱུང་བ་དང་ཞང་སྟོན་ལ་སོགས་མང་པོ་ལུང་བསྟན་པར་གོའོ། །

དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲཱ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་པྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་ཏོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་ས་ན། །ཞེས་པ་འདི་རྣམས་ལས་ཕལ་ཆེར་སླར་འོང་དགོས་པ་སྙམ་ལ། བབས་ལུགས་ཆེན་མོར་ལོ་བརྒྱ་བརྒྱ་ན་བཱི་མ་ལའི་སྐུའི་བཀོད་པ་རེ་འབྱུང་བར་ལུང་བསྟན་དང་སྦྱར་ན་ལྡང་མ་མན་ཆོད་བཱི་མ་ལ་ཉིད་འབྱོན་པ་སྙམ་ལ། འོན་ཀྱང་ལོ་བརྒྱ་མི་སྤྱིར་བརྩིས་ནས་སྦྱར་བ་ཞིག་ཡིན་པ་སྙམ་དུ་སྐྱེས་ཏེ་དེས་ན་ཆོས་རྒྱལ་ཁྲི་སྲོང་དང་ཉང་དུས་མཉམ་ཡིན་མོད་ཀྱང་ཉང་དང་ལྡང་མའི་བར་དུ་མི་རབས་གསུམ་བཞི་ཡོད་པས་སྤྱིར་བརྩིས་ན་ལོ་བརྒྱ་རེ་ལ་རེ་རེ་འགྲིག་པ་ཅིག་དུ་དགོངས་པར་གདོན་མི་ཟ་ལ་༼ཐ༡༥ན༽སྒྲ་མཁས་དཔལ་འཛིན་ནི་ཀློང་ཆེན་པ་ཉིད་ཏུ་གོའོ། །

ཚེ་ལོ་བཅུ་པའི་འོག་དུ་འདིའི་གདུལ་སྐལ་རྫོགས་པས་བསྟན་པའི་བཙས་དང་བཅས་ཏེ་མཛེས་ལྡན་བཀོད་པའི་ཞིང་དང༌། ཡངས་པ་སྐྱོབ་པའི་ཞིང་དང༌། གཙུག་ཕུད་དབྱངས་ལྡན་གྱི་ཞིང་རྣམས་སུ་རིམ་པར་འཕར་ཞིང་དེ་རྣམས་ཀྱི་བསྟན་པ་བདུན་ཚན་རེ་རྫོགས་ནས་སྤྲུལ་སྐུའི་ཞིང་གངས་ཆེན་མཚོའི་ཐུགས་དཔལ་བེའི་ཐད་ཀྱི་འཇིག་རྟེན་སྟོངས་ཏེ་རྡོ་རྗེ་འཆང་ཆེན་པོའི་མཛད་པ་སྐོར་གཅིག་རྫོགས་ལ་སླར་དེའི་འཇིག་རྟེན་འོག་མ་ལ་བསྐལ་པ་ས་ཡ་དྲུག་འབུམ་དུ་འཕེལ་འགྲིབ་མེད་པར་གནས་པ་སོགས་ན་མཁའ་སྐྱེ་འགག་མེད་པ་ལ་སྤྲིན་སྐྱེ་འགག་དང་བཅས་པ་མི་འགལ་བའི་ཚུལ་གྱིས་ན་མཁའ་ཇི་སྲིད་པ་དེ་སྲིད་ཏུ་འཕྲིན་ལས་རྒྱུན་མི་ཆད་པའོ། །

དེ་ཡང་སྤྱིར་ཚེ་ལོ་དཔག་མེད་ནས་ཚེ་ལོ་སྟོང་གི་བར་ནི་སྐུའི་བསྟན་པའི་དུས། དེ་ནས་བདུན་བཅུའི་བར་གསུང་གི་བསྟན་པ། དེ་ནས་བཅུ་པའི་བར་ཐུགས་ཀྱི་བསྟན་པའི་དུས་ནི་སྤྱིར་བཏང་ཡིན་ལ། བྱེ་བྲག་དུ་བསྟན་པ་དངོས་ཀྱི་ཚད་ནི་སྐུའི་བསྟན་པ་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ། གསུང་དང་ཐུགས་ནི་ལྔ་བརྒྱ་ལྔ་སྟོང་ཕྲག་རེའོ། །

དེ་ལ་སྐུའི་བསྟན་པའི་དུས་ན་རྡོ་རྗེ་ནི་ཨོ་རྒྱན་གྱི་ཡུལ་གྱི་ལན་ཚྭའི་རྒྱ་མཚོ་ལ་ཡོད་སྟེ་སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་ཅན་མང་པོའི་སྤྲུལ་པ་འབྱུང་ངོ༌། །ཡི་གེ་དང་སྐུ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་ན་མཁའ་ལ་བཞུགས་ཏེ་མཁའ་འགྲོ་མས་འཛིན་ཞིང་མཆོད་ཏོ། །གསུང་གི་བསྟན་པའི་དུས་ན་རྡོ་རྗེ་ནི་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་རྣམས་ཀྱིས་ཕྱག་བྱེད་ཏོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁར་གནས་སོ། །སྐུ་ནི་འཛམ་གླིང་ཐམས་ཅད་ཏུ་འཕར་ཞིང་འགྲོ་ལ་སྐབས་སུ་བསྟན་པ་ལ་གནོད་པ་བྱུང་ཚེ་ཞལ་ནས་ཧཱུྃ་སྒྲ་དང་སྤྱན་ལས་མེ་བྱུང་བས་ཟློག་གོ །ཐུགས་ཀྱི་བསྟན་༼ཐ༡༥བ༽པའི་དུས་ན་རྡོ་རྗེ་གདན་གྱི་ནམ་མཁར་གནས་ལ་ཡི་གེ་རབ་ཏུ་ཁྲོས་པས་དྲང་སྲོང་གི་ཕུག་ན་གནས། སྐུ་ནི་སུམ་བཅུ་རྩ་གསུམ་གྱི་གནས་ལག་ན་རྡོ་རྗེའི་ཁང་བརྩེགས་ཞེས་བྱ་བའི་ཡང་ཐོག་ན་གནས་ཏེ་དེ་ལྟར་རང་བྱུང་གི་རྟེན་འདི་གསུམ་གྱིས་འཛམ་གླིང་འདི་གཞན་ལས་ཁྱད་པར་དུ་འཕགས་སོ། །

དེ་ལ་སྤྱིར་ཐུན་མོང་སྡེ་སྣོད་གསུང་བའི་ཆ་ནས་བསྐལ་བཟང་འདི་ལ་སྟོན་པ་སྟོང་ཡིན་མོད་ཀྱང་འབྲས་བུ་གསང་སྔགས་རྫོགས་པ་ཆེན་པོ་སྟོན་པའི་དབང་དུ་བྱས་ནས་སྟོན་པ་བཅུ་གཉིས་ཏེ།

རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཐོག་མ་མེད་པའི་དུས་ཀྱི་ཚེ། །དེ་ཡི་ནོར་བུ་རིན་ཆེན་སྟོར། །ནོར་བུ་སྟོར་བའི་རང་བཞིན་གྱིས། །སྣང་མུན་གཉིས་ཀྱི་མཚམས་ནས་འོངས། །རྐྱེན་བཞི་དམིགས་པ་མ་དག་པས། །དགའ་ལྡན་བརྩེགས་པའི་ཡུལ་དུ་འོངས། །རྟེན་ནི་པདྨ་དག་པ་ཡིན། །གསང་སྔགས་རྒྱུད་ཆེན་བསྟན་པ་བཙུགས། །ཉེ་བའི་འཁོར་ནི་མི་འཁྲུགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་བཤད། །ཅེས་སོགས་དང་ཨ་ཏི་བཀོད་པའི་རྒྱུད་བཱི་མ་ལས་གཡུ་ཡིག་ཅན་དུ་དྲངས་པ་ལྟར། དང་པོ་ཚེ་ལོ་དཔག་མེད་ཀྱི་དུས་ཡུལ་དགའ་ལྡན་བརྩེགས་པར་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་པདྨ་གསེར་གྱི་མདོག་ཅན་སྟོང་གི་དབུས་མ་ལས་བརྫུས་ཏེ་འཁྲུངས་ཅིང་པདྨ་སྟོང་པར་ང་དང་འདྲ་བའི་སྤྲུལ་སྐུ་སྟོང་སྣང་བ་ནི་བསྐལ་བཟང་གི་སངས་རྒྱས་སྟོང་འབྱུང་བའི་ལྟས་དང་ན་མཁའ་འཁོར་གྱི་སྐར་མ་འབུམ་ཕྲག་དྲུག་བཅུ་རྩ་བཞི་སྣང་བ་རྫོགས་ཆེན་གྱི་རྒྱུད་སྟེ་ཙམ་འབྱུང་བའི་ལྟས་སུ་བྱུང་ལ་འོད་ཆེར་གསལ་བའི་སྐར་མ་བཅུ་བདུན་བྱུང་བ་ནི་རྒྱུད་ཀྱི་གཙོ་བོ་བཅུ་བདུན་གྱི་ལྟས་སོ། །དེ་ལྟར་འཁོར་ལྟ་བུར་སྣང་བའི་སངས་རྒྱས་སྟོང་དང་རྩ་གཉིས་ལ། སྒྲ་ཐལ་འགྱུར་གྱི་རྒྱུད་ལྷའི་བྱེའི་མཆུ་འགྱུར་གྱི་སྐད་ཀྱིས་བསྟན་ཏེ་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་དགའ་༼ཐ༡༦ན༽བྱེད་དབང་ཕྱུག་ཅེས་བྱ་བ་སེམས་དཔའ་གཉིས་ཀྱིས་བསྡུས་སོ། །

གཉིས་པ་ཚེ་ལོ་བྱེ་བ་གཅིག་གི་ཚེ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ་འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་ཁྱབ་འཇུག་ཟུར་ཕུད་ལྔ་པའི་སྐད་ཀྱིས་བསྟན་ཏེ་ཆོས་འདིས་གྲོལ་བའི་བུད་མེད་དེ་ཙམ་ཞིག་འབྱུང་བའི་ལྟས་སོ། །གསུམ་པ་ཚེ་ལོ་འབུམ་གྱི་ཚེ་གནས་དྲོད་གཤེར་འདུས་པ་འོད་དཀྱིལ་སྤུངས་པར་སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ་རླུང་གི་སྒྲ་མ་ར་ཤ་ཤུ་ལས་དྲངས་ནས་འཁོར་བ་དོང་སྤྲུགས་ལ་སོགས་པའི་རྒྱུད་གསུངས་ཏེ་སྐྱེས་པ་དེ་སྙེད་ཅིག་འདིས་གྲོལ་བའི་ལྟས་སོ། །བཞི་པ་ཚེ་ལོ་བརྒྱད་ཁྲི་པའི་ཚེ་གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པས་རྣམ་པར་རྩེ་བས་འཁོར་གནོད་སྦྱིན་སྟོང་ལ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་བསྟན། ལྔ་པ་ནི་ཚེ་ལོ་བདུན་ཁྲི་པའི་ཚེ་སུམ་བཅུ་རྩ་གསུམ་གྱི་གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར་དྲུག་པ་རྡོ་རྗེ་འཆང་གིས་འཁོར་སངས་རྒྱས་རབས་བདུན་དུ་སྣང་བ་རང་བཀོད་ནས་འབད་བཅས་འབད་མེད་གཉིས་ཀ་དང་ལྡན་པ་སྟེ་ཕར་ཕྱིན་དྲུག་གསུམ་བཅོ་བརྒྱད་ཀྱི་ཆོས་གསུངས། དྲུག་པ་ཚེ་ལོ་དྲུག་ཁྲི་པའི་ཚེ་རི་རབ་བྱང་ཤར་གྱི་བང་རིམ་སྟེང་དུར་ཁྲོད་མེ་རི་འབར་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞལ་གསུམ་ཕྱག་དྲུག་ན་རིགས་དྲུག་གི་གྲོང་ཁྱེར་འཛིན་པ་ཅིག་གིས་བྱང་སེམས་སྤྲིན་གྱི་ཤུགས་ཅན་སོགས་བདུན་དང་མཁའ་འགྲོ་དང་ལྷ་ཀླུ་དཔག་མེད་ལ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་གསུངས། བདུན་པ་ནི་ཚེ་ལོ་ཁྲིའི་དུས་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་ཕྱག་གཉིས་མདབ་བཟང་གི་བུ་འཛིན་པས་སྲིན་པོའི་ཡུལ་དུ་ལུའི་སྒྲ་དང་ལྡན་པའི་ཕུག་དུ་སྲིན་པོ་བྱེ་བ་༼ཐ༡༦བ༽གཅིག་ལ་འདུལ་བའི་རྒྱུད་བཅུ་ལ་སོགས་པ་བསྟན། བརྒྱད་པ་ཚེ་ལོ་ལྔ་སྟོང་བའི་ཚེ་བྱ་རྒོད་ཕུང་པོའི་རིར་སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པས་ཉན་ཐོས་གྲངས་མེད་པ་ལ་འདུལ་བ་ཁྲི་ཕྲག་དཔག་མེད་གསུངས། དགུ་པ་ཚེ་ལོ་སྟོང་གི་དུས་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་དུ་སྟོན་པ་བརྩེ་བས་རོལ་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་དཔག་མེད་ལ་ཕྲ་རྒྱུད་བདུན་ལ་སོགས་པ་གསུངས། བཅུ་པ་ཚེ་ལོ་ལྔ་བརྒྱ་བའི་ཚེ་བྱ་རྒོད་ཕུང་རིར་སྟོན་པ་འོད་སྲུང་སྒྲེས་པོས་སྐར་མ་འོད་བཟང་སོགས་བདུན་ལ་ལུང་ཨ་ནུ་སོགས་ཁྲི་ཕྲག་བརྒྱད་བསྟན། བཅུ་གཅིག་པ་ནི་ཚེ་ལོ་སུམ་བརྒྱ་བའི་ཚེ་རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོས་རིགས་གསུམ་མགོན་པོ་ལ་ངེས་པའི་དོན་འབའ་ཞིག་གསུངས། བཅུ་གཉིས་པ་ནི་ཚེ་ལོ་བརྒྱ་པའི་དུས་ཝ་ར་ཎ་སི་ལ་སོགས་པར་སྟོན་པ་ཤཱཀྱའི་དབང་པོ་ཉིད་ཀྱིས་ཐེག་པའི་རིམ་པ་རྣམས་གསུངས་པ་སྟེ་སྟོན་པ་བཅུ་གཉིས་སོ། །

ཅི་བསྐལ་བཟང་འདིར་སྔོན་བྱོན་པའི་སངས་རྒྱས་འཁོར་བ་འཇིགས་ལ་སོགས་པ་མི་འདྲེན་པར་མ་གྲགས་པ་དེ་དག་འདྲེན་པ་ཅི་ཞེ་ན། འདུས་པ་སོགས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པ་དང་མཐའ་མ་མོས་པ་མ་གཏོགས་པ་བསྐལ་བཟང་གི་སངས་རྒྱས་གཞན་ལ་ཐུན་མོང་གི་གདུལ་བྱ་སྔགས་ཀྱི་ཐེག་པ་མི་འབྱུང་བར་བཤད་པ་ཉིད་དང་ཁྱད་མེད་པར་རྫོགས་པ་ཆེན་པོ་ཉིད་གདུལ་བྱ་ལ་ཇི་ལྟར་སྣང་བ་བརྗོད་པ་ཡིན་ལ་འཇམ་དཔལ་རྩ་བའི་རྒྱུད་སྔོན་ཚེ་ལོ་དཔག་དུ་མེད་པའི་དུས་གཙང་མའི་གནས་སུ་གསུངས་པར་བཤད་པ་བཞིན་ནོ། །

དེ་ལྟར་སྐུ་གསུམ་པོ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་མཛད་པ་གསུམ་རེ་དང་དེ་རེ་རེ་ལ་ཕྱི་ནང་གསང་བ་ཡང་གསང་གི་མཛད་པ་བཞི་རེ་ཡོད་པས་སྐུ་གསུམ་པོ་རེ་རེ་ལ་སོ་སོའི་མཛད་པ་སོ་དྲུག་རེར་རྣམ་པར་འཇོག་ལ། སྟོན་པ་བཅུ་གཉིས་ལ་ཕུན་༼ཐ༡༧ན༽ཚོགས་ལྔ་རེ་སྦྱར་བས་ཆོས་ཀྱི་རྣམ་གྲངས་དྲུག་བཅུ་ཞེས་བྱ་ལ་སྤྱིར་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་དང་ལྡན་ན་བསྟན་པའི་གཙོ་བོ་ཞེས་བྱ་ཞིང་མི་ལྡན་ན་ཁོལ་བུའི་སྟོན་པ་ཞེས་བྱ་ལ། དེ་ཡང་གནས་མི་འདྲ་བ་བཅུ་གཉིས་སུ་སྟོན་པ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་བཅུ་གཉིས་སུ་བྱོན་ཏེ་གདུལ་བྱ་རིས་མི་འདྲ་བ་བཅུ་གཉིས་ཀྱི་ངོར་མཛད་པ་མི་འདྲ་བ་བཅུ་གཉིས་སྣང་བ་སྐུའི་བསྟན་པ་དང༌། དེས་ཆོས་མི་འདྲ་བ་བཅུ་གཉིས་བསྟན་པས་གདུལ་བྱའི་ངག་གི་འཆིང་བ་བཅུ་གཉིས་འགྲོལ་བ་གསུང་གི་བསྟན་པ་དང༌། ཐུགས་ཀྱི་དགོངས་པ་མི་འདྲ་བ་བཅུ་གཉིས་ཀྱིས་གདུལ་བྱའི་རྟོག་པ་མི་འདྲ་བ་བཅུ་གཉིས་འགྲོལ་བ་ཐུགས་ཀྱི་བསྟན་པ་སྟེ་དེ་ལྟར་བཅུ་གཉིས་ཚན་བརྒྱད་ཀྱིས་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་གོ །དེ་ལྟར་སྐུ་གསུམ་དང་སྟོན་པ་བཅུ་གཉིས་ལ་སོགས་དང་སླད་ནས་འབྱོན་པའི་སངས་རྒྱས་བྱམས་པ་ལ་སོགས་པ་རྣམས་ཀྱང་རྣམ་པ་ཐ་དད་པར་བསྟན་ཡང་རང་བཞིན་ཐ་མི་དད་པའི་ཕྱིར་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །

 

རིག་འཛིན་བརྡའི་བརྒྱུད་པ།

 

སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་དྲུག་བཅུ་ན་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་བཀྲ་ཤིས་བདེ་བརྩེགས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་གཙུག་ལག་ཁང་སྟོང་དྲུག་བརྒྱའི་འཁོར་དང་ལྡན་པ་ཡོད་པ་ན་རྒྱལ་པོ་ཨུ་པ་རཱ་ཛཱ་དང་བཙུན་མོ་འོད་ལྡན་མའི་སྲས་མོ་མིའི་ལུས་ལས་འདས་པའི་དགེ་སློང་མ་གཞོན་ནུ་མ་ཞིག་རྒྱ་མཚོའི་གླིང་ན་བསམ་གཏན་བྱེད་པ་ན་མི་དཀར་པོ་འོད་དང་ལྡན་པ་ཅིག་གིས་ཤེལ་གྱི་བུམ་པ་ཡིག་ལྔས་སྤྲས་པ་ཅིག་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སྤྱི་བོར་བཞག་སྟེ་དབང་སྐུར་བས་ལུས་བདེ་བས་གང་འོད་ཀྱིས་ཁམས་གསུམ་དུས་གཅིག་ལ་གསལ་བར་རྨིས་ཏེ་སད་ནས་བཤད་པ་ན་གཡོག་མོ་མཁའ་འགྲོ་མ་བུརྞེ་མི་ལུས་བཟུང་བ་དེ་ན་དེ་ཉིད་ལ་སངས་རྒྱས་ཀྱི་སྤྲུལ་པ་ཅིག་འཁྲུང་བའི་རྟགས་ལགས་སོ་༼ཐ༡༧བ༽ཟེར་ཏེ་རྡོ་རྗེ་སེམས་དཔའི་སྐུའི་བཀོད་པ་ལྷའི་བུ་ཀུན་དགའ་སྙིང་པོ་ཉིད་ལྷུམས་སུ་ཞུགས་ཏེ་ཅི་ཞིག་ན་ཁྱེའུ་འོད་དང་ལྡན་པ་ཅིག་རྩིབ་མའི་གོ་བར་ནས་བཙས་པས་སྐྲག་སྟེ་ཐལ་ཁུང་དུ་བོར་བས་འོད་དང་སྒྲ་དང་མེ་ཏོག་གི་ཆར་བྱུང་བས་ཕྱུང་བ་ན་མ་ཉམས་པར་འདུག་པས་ཁྲུས་གསོལ་བས་ལྷ་དང་མཁའ་འགྲོས་མཆོག་ཅིང་བསྟོད་ནས་དགའ་རབ་རྡོ་རྗེ་ཞེས་གྲགས་ཅིང་མྱུར་བར་སྐུ་རྫོགས་ཏེ་ལོ་བདུན་པ་ལ་པཎྜིཏ་ལྔ་བརྒྱ་དང་རྩོད་པ་བྱས་པས་སུས་ཀྱང་མ་ཐུབ་སྟེ་སྤྲུལ་པར་རིག་ནས་ཞབས་སྤྱི་བོར་བླངས། དེ་ནས་བྱང་ཕྱོགས་ཉི་མ་རབ་ཏུ་སྣང་བྱེད་ཀྱི་རི་བྲག་ཡི་དྭགས་དྲག་པོ་གནས་པར་འཇག་སྤྱིལ་དུ་ལོ་གསུམ་བཅུ་རྩ་གཉིས་ཏིང་འཛིན་མཛད་པས་ས་གཡོས་ཅིང་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་ཞེས་པའི་སྒྲ་བྱུང༌། ཕྱུགས་རྫི་རྣམས་ཀྱིས་ཏིང་ངེ་འཛིན་ལས་སློང་མ་ནུས་པ་མུ་སྟེགས་ཀྱི་རྒྱལ་པོས་ཐོས་ཏེ་གཤེད་མ་བཏང་བས་སྐུ་ཉི་ཞུར་ལྟར་སྣང་བས་གནོད་མ་ནུས་ཏེ་སླར་ན་མཁའ་ལ་སྤྲིན་གྱི་གསེབ་ཏུ་གཤེགས་པས་དད་པ་གྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། སྔོན་གི་སྟོན་པ་རྣམས་ཀྱིས་གསུངས་པའི་སྡེ་སྣོད་དང་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ཐུགས་ལ་མངའ་བ་དེ་རྡོ་རྗེ་སེམས་དཔས་མངོན་སུམ་གནང་བ་བྱིན་ནས་མ་ལ་ཡའི་རྩེར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་དང་ཡོན་ཏན་མཐའ་ཡས་པའི་མཐའ་འགྲོ་མ་དང་གསུམ་གྱིས་གླེགས་བམ་དུ་བཀོད། མཁའ་འགྲོ་མ་སེམས་ལྡན་མ་མཆོད་པ་པོར་རྗེས་སུ་གནང་སྟེ་མཁའ་འགྲོ་མངོན་བྱུང་གི་ཕུག་དུ་བཞུགས་སོ། །དེ་ནས་སློབ་དཔོན་ཉིད་རྡོ་རྗེ་གདན་གྱི་བྱང་ཤར་དཔག་ཚད་ལྔ་ན་དུར་ཁྲོད་གསིལ་བའི་ཚལ་ཡོད་པར་ཁྱབ་འཇུག་གི་བུ་མོ་གཅེར་བུ་ལ་ཆིབས་ཏེ་བྱོན་ནས་དབུས་ཀྱི་མཆོད་རྟེན་གྱི་རྩར་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཏོ། །

དེའི་ཚེ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ན་བྲམ་ཟེའི་རིགས་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་རིག་པའི་གནས་༼ཐ༡༨ན༽ལྔ་མཐར་ཕྱིན་པ་ཅིག་ལ་འཇམ་དཔལ་རྣོན་པོས་ལུང་བསྟན་ཏེ་གསིལ་བའི་ཚལ་དུ་བྱོན་ནས་ལོ་དོན་ལྔར་ཆོས་མཉན་ཏེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་བཞི་བཅུ་ལོན་པའི་ཚེ་ཆུ་བོ་དན་ཏིག་གི་མགོར་དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་ཏེ་འོད་ཀྱི་དཀྱིལ་ནས་འདས་རྗེས་ཀྱི་གླེགས་བམ་བབས་པ་གཟིགས་པ་ཙམ་གྱིས་འཇམ་དཔལ་བཤེས་གཉེན་ཉིད་དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པར་གྱུར་ཏེ་རྫོགས་པ་ཆེན་པོ་འབུམ་ཕྲག་རྩ་བཞི་བསྡུས་ནས་གནས་པ་སེམས་ཀྱི་སྡེ། བྱ་བྲལ་ཀློང་གི་སྡེ། གནད་མན་ངག་གི་སྡེ་དང་གསུམ་དུ་ཕྱེ། གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང་རྣར་རྒྱུད་གཉིས་སུ་ཕྱེ་ནས་རྣར་རྒྱུད་མཆན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་སྤེལ་བའི་གནས་མ་རྙེད་ནས་རྡོ་རྗེ་གདན་དུ་སྦས། སློབ་དཔོན་ཉིད་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དུར་ཁྲོད་སོ་ས་གླིང་དུ་ལོ་བརྒྱ་དང་རྩ་དགུར་བཞུགས་སོ། དེའི་ཚེ་རྒྱ་ནག་གི་ཡུལ་དུ་ཁྱིམ་བདག་གི་བུ་ཤྲཱི་སིངྷ་ཞེས་བྱ་བ་རིག་གནས་ལ་མཁས་པ་ཅིག་ལ་སྤྱན་རས་གཟིགས་ཀྱིས་འཇམ་དཔལ་བཤེས་གཉེན་གྱི་དྲུང་དུ་སོང་ཞིག་པར་ལུང་བསྟན། དེས་ཀྱང་མྱུར་དུ་རྟོགས་པར་བྱ་བའི་ཕྱིར་གསང་སྔགས་མཐའ་དག་སྦྱངས་ཅིང་རབ་ཏུ་བྱུང༌། སླར་ཡང་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་ཚེའི་རིག་འཛིན་དང་རྫུ་འཕྲུལ་བསྒྲུབས་ནས་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ་ལོ་ཉེར་ལྔར་བསྟེན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་སུམ་བཅུ་འདས་པའི་ཚེ་སློབ་དཔོན་འོད་ཕུང་དུ་ཡལ་ཏེ་འདས་རྗེས་ཤྲཱི་སིངྷའི་ཕྱག་དུ་བབས་པས་རྟོགས་པ་མཉམ་པར་གྱུར། དེ་ནས་ལོ་བརྒྱ་དང་ཉེར་ལྔ་ན་འཇམ་དཔལ་བཤེས་གཉེན་ཉིད་ནུབ་ཕྱོགས་སུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་ཏེ་འདིས་སློབ་དཔོན་པདྨ་འབྱུང་གནས་ལ་གསང་སྔགས་མཐའ་དག་བསྟན་ཞིང༌། ཨཱརྻ་དེ་ཝ་ལ་གདམས་པ་སྙིང་ཐིག་༼ཐ༡༨བ༽བསྟན་པས་འོད་ཏུ་ཡལ་ལོ། །འདིས་སངས་རྒྱས་ཡེ་ཤེས་ཞབས་རྗེས་སུ་བཟུང་སྟེ་འཇམ་དཔལ་ཞལ་ལུང་ནི་རྫོགས་པ་ཆེན་པོ་དང་ཐ་མི་དད་པར་འགོས་གཞོན་ནུ་དཔལ་འཆད་ཏོ། །

འཇམ་དཔལ་བཤེས་གཉེན་འདས་པའི་འོག་དུ་ཤྲཱི་སིངྷ་མན་ངག་གི་དཔེ་ཕྱུང་ནས་ཐིག་ལེའི་སྐོར་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་གསང་བ་བླ་ན་མེད་པའི་སྐོར་ཏེ་བཞིར་ཕྱེ་ནས་སྔ་མ་གསུམ་གཏེར་དུ་སྦས། གསང་བ་བླ་ན་མེད་པ་ནི་ཉིད་ཀྱི་ཐུགས་ལ་གབ་པ་ལས་སླར་མཁའ་འགྲོས་ལུང་བསྟན་ཏེ་དེ་ཉིད་ཏུ་སྦས། ཉིད་གསིལ་སྦྱིན་གྱི་དུར་ཁྲོད་ཏུ་བཞུགས་སོ། །

དེའི་ཚེ་རྒྱ་གར་ནུབ་ཕྱོགས་སུ་ཁྱིམ་བདག་གི་བུ་ལས་རབ་ཏུ་བྱུང་བ་བི་མ་ལ་མི་ཏྲ་དང་ཤར་ཕྱོགས་སུ་གདོལ་པའི་རིགས་ལས་རབ་ཏུ་བྱུང་བ་ཛྙཱ་ན་སཱུ་ཏྲ་ཅེས་བྱ་བ་མཁས་པ་མཐར་ཕྱིན་པ་གཉིས་རྡོ་རྗེའི་གདན་ན་པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཀུར་ཞིང་སྔོན་སྤུན་དུ་གྱུར་པས་གཉི་ག་ཐུགས་ཤིན་དུ་གཅུགས་པར་གནས་པ་ལས་སྐྱོ་སེང་ལ་བྱོན་པའི་སར་ན་མཁའ་ལ་རྡོ་རྗེ་སེམས་དཔའ་བྱོན་ཏེ་ཁྱེད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ནས་ཆོས་སྤྱད་ཀྱང་ཅི་ཡང་མ་ཐོབ་ཀྱིས་ཚེ་འདིར་འཚང་རྒྱ་བར་འདོད་ན་རྒྱ་ནག་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག་པར་བསྐུལ་བ་ན་བཱི་མ་ལ་བརྩོན་འགྲུས་ཆེ་བས་དེ་མ་ཐག་བྱོན་ཏེ་རྣ་རྒྱུད་དང་ཕྱི་ནང་གསང་གསུམ་གྱི་མན་ངག་གཉན་ནས་ཚིམ་སྟེ་རྒྱ་གར་དུ་ལོག་ཛྙཱ་ན་སཱུ་ཏྲ་དང་མཇལ་བས་ལུང་བསྟན་དྲན་ཏེ་སངས་རྒྱས་ཀྱི་སྤྲུལ་པ་དེ་ད་ལྟ་བཞུགས་སམ་དྲིས་ནས་དེ་མ་ཐག་བྱོན་ཏེ་བྱིན་རླབས་ཀྱིས་ཉིན་གཅིག་ལ་ཟླ་བ་དགུའི་ལམ་བགྲོད་སྟེ་སླེབ་པ་ན་བུད་མེད་མཛེས་མ་ཆུའི་བུམ་པ་ཁུར་བ་ཞིག་གིས་བཀྲ་ཤིས་ཁྲི་སྒོར་སོང་ཞིག་པར་ལུང་བསྟན། དེར་ཕྱིན་པ་ན་མཁའ་འགྲོ་མ་སྤྱོད་མས་དུར་ཁྲོད་གསིལ་སྦྱིན་དུ་སོང་ཞིག་པར་ལུང་བསྟན་ཏེ་ཕྱིན་པ་ན་ཤྲཱི་སིངྷ་ཐོད་པའི་ཁང་བརྩེགས་ཀྱི་ནང་ནས་ཁྱབ་འཇུག་གི་སྟན་ལས་བཞེངས་ཏེ་ཕྱག་སོར་མོ་གསུམ་གྱེན་ལ་ཕྱར་བས་ལོ་གསུམ་ན་༼ཐ༡༩ན༽གནང་བར་གོ་སྟེ་དེའི་བར་བླ་མའི་ཁོལ་པོ་མཐའ་དག་བྱས། དེ་ནས་ལོ་དགུར་རྣ་རྒྱུད་དང་ཕྱི་ནང་གསང་གསུམ་གནང་སྟེ་འདི་ལ་དཔེ་ཞིག་ཡོང་ཐང་སྙམ་པ་ན་དཔེ་རྣམས་ཕྱུང་སྟེ་གནང༌། ཐུགས་ཚིམ་ནས་འགྲོ་བར་ཆས་པ་ན་ཚིམ་མམ་གསུངས། ཚིམ་ལགས་ཞུས་པས་གཏད་པ་མེད་གསུང་བས་སླར་གདམས་པ་ཁྱད་པར་བ་ཡོད་པར་ཤེས་ནས་གསོལ་བ་བཏབ་པས་སྤྲོས་བཅད་ཀྱི་དབང་རྫོགས་པར་བསྐུར་ནས་གསང་བ་བླ་མེད་ཀྱི་གདམས་ངག་ལོ་གསུམ་དུ་གནང༌། འདི་རྣམས་ཀྱི་གླེགས་བམ་ནི་དུས་ལ་བབ་པའི་ཚེ་ཁྱོད་ཉིད་ལ་སྣང་བར་འགྱུར་རོ་ཞེས་ལུང་བསྟན། གདམས་ངག་ཐོབ་པས་ད་ནི་ཉམས་སུ་བླང་བཞིན་པས་བླ་མའི་ཞབས་ཏོག་བྱའོ་སྙམ་པ་ན་སླར་སྤྲོས་མེད་ཀྱི་དབང་རྫོགས་པར་བསྐུར་ཏེ་ལོ་གཅིག་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཚར་ཕྱིན་ཤིན་དུ་སྤྲོས་མེད་ཀྱི་དབང་བསྐུར་བས་ངེས་ཤེས་ཁྱད་པར་ཅན་སྐྱེས། རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པ་ན་བརྟན་པ་ཐོབ་སྟེ་ལོ་བཅུ་དྲུག་དུ་བླ་མའི་མཛད་སྤྱོད་ལྟ་ཞིང་ཉམས་སུ་བླངས། དེའི་དུས་ཤྲཱི་སིངྷ་ཉིད་བརྟུལ་ཞུགས་སུ་རླུང་འཛིན་གྱི་སྤྱོད་པ་དང་ཁྲོ་བོ་དང་ཧེ་རུ་ཀའི་ཆ་བྱད་ཀྱིས་དུར་ཁྲོད་ཉུལ་བ་དང་འབྱུང་བཞིའི་རྟེན་འབྲེལ་སོགས་མ་ངེས་པའི་སྤྱོད་པ་མཛད་ཏོ། །

དེའི་ཚེ་རྒྱལ་པོ་དཔལ་བྱིན་གྱིས་སྤྱན་དྲངས་ནས་སེང་གེ་དཀར་པོ་ཡན་ལག་དྲུག་ལྡན་ལ་བཅིབས་ཏེ་གཤེགས། ཞག་བདུན་ན་ས་གཡོ་བ་དང་སྒྲ་དང་འོད་བྱུང་སྟེ་མྱ་ངན་ལས་འདས་པར་ཤེས་ནས་གསོལ་བ་བཏབ་པས་ཞལ་ཆེམས་གཟེར་བུ་བདུན་པ་ཛྙཱ་ན་སཱུ་ཏྲའི་ཕྱག་དུ་བབས་ཏེ་གསང་བའི་མན་ངག་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ཁོང་ནས་ལོང་ལ་དུར་ཁྲོད་བ་སིང་གི་ནགས་ལ་སོང་ཞིག་པར་ལུང་བསྟན་ཐོབ་སྟེ་འདིའི་ཚེ་འདས་ལོ་དགུ་བརྒྱ་དང་བརྒྱད་བཅུ་བཞི་ལོན་ནོ། །དེ་ནས་གླེགས་བམ་རྣམས་ཕྱུང་སྟེ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཐག་རིང་པོ་ན་དུར་ཁྲོད་བ་སིང་ཡོད་པར་བྱོན་ནས་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་༼ཐ༡༩བ༽ཏོ། །

དེའི་ཚེ་བཱི་མ་ལ་དུར་ཁྲོད་གཞན་ཞིག་དུ་སྤྱོད་པ་ལ་བྱོན་པ་ན་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་སྔ་མ་ལས་ཆེས་ཟབ་པ་གསང་བ་སྙིང་ཐིག་གི་མན་ངག་ཡོད་ཀྱིས་བ་སིང་དུ་སོང་ཞིག་པར་བསྐུལ་ནས་སྐད་ཅིག་གིས་བྱོན་པ་ན་ཛྙཱ་ན་སཱུ་ཏྲ་བཞུགས་ཅིང་གདའ་ནས་ཐེ་ཚོམ་མེད་པར་རྗེས་སུ་འཛིན་པར་ཞུས་པས་མཛོད་པུ་ནས་འོད་ཟེར་མཐའ་ཡས་པ་བཀྱེ་སྤྱན་གྱེན་དུ་ལྡོག་པས་ལོངས་སྐུའི་ཞིང་ཁམས་དཔག་མེད་བསྟན་ཏེ་ཡིད་འཆེས་སྐྱེད་ནས་སྤྲོས་བཅས་ཀྱི་དབང་བསྐུར་བས་བཱི་མ་ལའི་མཛོད་པུའི་སྒོ་བྱེ། སྤྲོས་མེད་ཀྱི་དབང་བསྐུར་བས་བ་སྤུའི་སྒོ་ནས་འོད་བྱུང༌། ཟླ་བ་དྲུག་གིས་འཁོར་འདས་ཀྱི་རུ་ཤན་ཕྱེ་སྟེ་ཤིན་དུ་སྤྲོས་མེད་ཀྱི་དབང་བསྐུར་བས་ཉམས་མྱོང་ཁྱད་པར་ཅན་སྐྱེས་ཏེ་ཤངས་ཀྱི་རྩེར་ཨ་དཀར་པོ་འཁྲིག་ལ་ཁད་པ་བྱུང༌། རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བས་སེམས་ཉིད་ཟང་ཐལ་དུ་སོང༌། གདམས་པ་ཐམས་ཅད་ཡོངས་སུ་རྫོགས་ཏེ་འདིའི་ཚེ་སློབ་དཔོན་གཉི་གས་ལོ་བརྒྱ་དང་གསུམ་རེ་ལོན། དེ་ནས་ལོ་བཅུ་ན་ཛྙཱ་ན་སཱུ་ཏྲ་ཟག་བཅས་ཀྱི་ལུས་མི་སྣང་བར་ཡལ་ཏེ་བཱི་མ་ལའི་ཕྱག་དུ་འདས་རྗེས་བབས་པས་རྟོགས་པ་མཉམ་པར་གྱུར་ཏེ་འདིའི་ཚེ་འདས་ལོ་དགུ་བརྒྱ་གོ་བཞིའོ། །

བཱི་མ་ལ་ཉིད་ནི་ཀ་མ་རུའི་རྒྱལ་པོ་དང་ནུབ་ཕྱོགས་ཀྱི་རྒྱལ་པོ་དྷརྨ་པ་ལའི་མཆོད་གནས་ལོ་ཉི་ཤུ་རེ་མཛད་ནས་དུར་ཁྲོད་རབ་ཏུ་སྣང་བྱེད་ཏུ་མཁའ་འགྲོ་དབང་དུ་སྡུད་པའི་སྤྱོད་པ་སྣ་ཚོགས་མཛད་ཅིང་གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས་ཨོ་རྒྱན་གྱི་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དང་ཁ་ཆེའི་ཐ་མཁོབ་རིགས་ངན་གྱི་གྲོང་གསེར་གླིང་གི་བྲག་སྐྱིབས་དང་དུར་ཁྲོད་དེ་ཉིད་རྣམས་སུ་རེ་རེ་སྦས་སོ། །

སྤྱིར་འཛམ་གླིང་ན་མཁའ་འགྲོ་ངེས་པར་འདུ་བའི་དུར་ཁྲོད་བརྒྱ་དང་བཅུ་གསུམ་ལས་སྤྱོད་པའི་གནས་དྲུག་ཉམས་སྦྱོང་བའི་གནས་བཅུ་བཞི། དམ་ཚིག་སྐོང་བའི་གནས་བརྒྱད། འདོད་ཅིང་འདུན་པའི་གནས་བཞི་སྟེ་སོ་གཉིས་རྒྱ་གར་ན་ཡོད་ལ་ཨོ་རྒྱན་ན་བརྒྱད། ༼ཐ༢༠ན༽ཁ་ཆེ་ན་བཅུ། ལི་དང་ཧོར་ན་ལྔ། མི་ཉག་དང་ཟ་ཧོར་ན་བཅུ། རྒྱ་ཡུལ་ན་སོ་གཅིག་བོད་ན་གཉིས། ལྷག་མ་ཡུལ་གྲུ་གཞན་ན་ཁ་འཐོར་དུ་ཡོད་ལ་དེ་རྣམས་ཀྱི་ནང་ནས་དུར་ཁྲོད་ཆེན་པོ་བརྒྱད་ནི་རང་བཞིན་གྱི་མཁའ་འགྲོའི་གཙོ་མོ་གནས་པས་མཆོག་ཡིན་ལ་དེ་དག་ན་མཆོད་རྟེན་རེ་ཆུ་རེ་ལྷ་འདྲེ་དྲག་པོ་རེ་མ་མོ་རེ་གྲུབ་པའི་སློབ་དཔོན་རེ་དངོས་གྲུབ་རེ་ཡོད་ཅིང་ལྷ་དང་མ་མོ་དེ་དག་ལ་སྒྲུབ་ཐབས་ཟབ་མོ་རེ་ཡང་ཡོད་ལ་དུར་ཁྲོད་དངོས་དེ་རྣམས་སུ་སུས་ཀྱང་མ་བསྐྱལ་བར་གླིང་བཞི་གའི་སེམས་ཅན་གྱི་རོ་རང་བཞིན་གྱི་འདུ་ཞིང་མཆོག་གི་དངོས་གྲུབ་འཐོབ་ལ། དུར་ཁྲོད་དངོས་དེ་དག་ནི་རྙེད་པར་ཤིན་དུ་དཀའ་ལ་རོ་མིས་སྐྱེལ་བའི་དུར་ཁྲོད་རྣམས་ནི་མི་མ་ཡིན་གདུག་པ་དང་ཤ་ཟ་མཁའ་འགྲོའི་གནས་ཏེ་བར་ཆད་ཀྱང་མང༌། ཐུན་མོང་གི་དངོས་གྲུབ་ཀྱི་གནས་ཙམ་དུ་ཟད་ཅིང་དུར་ཁྲོད་གཙོ་བོ་བརྒྱད་པོ་དང་མིང་གཅིག་པ་ཙམ་ནི་ཤིན་དུ་མང་ལ་བོད་ཀྱི་གཉིས་ནི་གཞོའི་ཏི་སྒྲོ་མཁའ་འགྲོ་རེས་འགའ་འདུ་བའི་གནས་དང་ཙཱ་རི་ནི་མཆོག་གི་དངོས་གྲུབ་འཐོབ་པའི་གནས་ཡིན་པར་ལམ་ཡིག་ཅུང་ཟད་དང་བཅས་བཤད་ཅིང་འདིའི་ཡང་གནས་ཀྱི་སྙིང་པོ་ནི་མཁའ་འགྲོ་མ་ཁྲུས་བྱེད་ཀྱི་མཚོ་འོ་མ་ལྟ་བུ་ལ་སྔོ་དམར་གྱི་རི་མོ་ཡོད་པའི་དབུས་ན་ཤེལ་གྱི་མཆོད་རྟེན་སྒོ་བདུན་བཅུ་རྩ་བདུན་པ་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་བཞུགས་པར་བཤད་ལ། འཛམ་གླིང་གི་གྲུབ་པའི་གནས་དེ་ཐམས་ཅད་ཏུ་བཱི་མ་ལས་སྤྱོད་པ་མཛད་ལ་ཙཱ་རི་ན་ཡང་མུ་སྟེགས་ཀྱི་རྣལ་འབྱོར་པ་བཏུལ་བའི་བཱི་མ་ལའི་ཞབས་རྗེས་ཡོད་ཏོ། །འདི་ཡན་ནི་མཆོག་གི་དངོས་གྲུབ་ཐོབ་པའི་རིག་འཛིན་བརྡ་དང་བྱིན་རླབས་ཀྱིས་གྲོལ་བའི་ཕྱིར་རིག་འཛིན་བརྡའི་བརྒྱུད་པ་ཅེས་བྱའོ། །

 

གང་ཟག་སྙན་ཁུང་དུ་བརྒྱུད་པ།

 

འདི་ཕྱིན་ནི་གང་ཟག་སྙན་ཁུང་དུ་བརྒྱུད་པ་ཞེས་བྱ་སྟེ་སྤྲུལ་པའི་གང་ཟག་ཆོས་རྒྱལ་རྗེ་བློན་ལྟ་བུ་དང་ལམ་ལ་དབང་བའི་གང་ཟག་ས་ལམ་ཐོབ་པ་དང་མོས་པས་སྤྱོད་པའི་སྐལ་ལྡན་གྱི་སྒྲུབ་པོ་རྣམས་རྣ་བའི་དབང་པོར་༼ཐ༢༠བ༽མིང་ཚིག་གི་རྣམ་པའི་གདམས་པ་བཏབ་པས་རྒྱུད་གྲོལ་ཏེ་བླ་མའི་རྟོགས་པ་སློབ་མའི་རྒྱུད་ལ་འཕོ་བས་གདམས་པའི་བྱིན་རླབས་ཀྱི་རྒྱུན་མ་ཆད་པའི་དོན་ནོ། །དེའི་ཚེ་བོད་ཡུལ་དུ་འཇམ་དཔལ་དང་སྤྱན་རས་གཟིགས་ཐ་མི་དད་པའི་སྐུའི་བཀོད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུ་བསྟན་ཏེ་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བཞེངས་དམ་པའི་ཆོས་བསྒྱུར་ནས་དར་ཞིང་རྒྱས་པའི་ཚེ་རྒྱལ་པོས་གསང་སྔགས་ཀྱི་ཆོས་ཁྱད་པར་བ་ཡོད་པར་མཁྱེན་ཞིང་ཐོག་མར་རྒྱལ་བུའི་དུས་ཀྱི་སྐུ་རྫི་ཕྱིས་རབ་ཏུ་བྱུང་བ་མྱང་ཏིང་འཛིན་བཟང་པོ་ཅེས་བྱ་བ་ལོ་བདུན་དུ་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་པ་ཤའི་སྤྱན་གྱིས་གླིང་བཞི་པའི་འཇིག་རྟེན་ཐམས་ཅད་གཅིག་ཅར་གཟིགས་པས་མྱང་བན་ཤའི་སྤྱན་ཅན་ཞེས་གྲགས་པ་དེས་ཀྱང་བསྐུལ་ཏེ་བཱི་མ་ལ་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་ལ་སྤྱན་འདྲེན་པར་ཀ་ཅོག་གཉིས་མངགས་ཏེ་བཱི་མ་ལས་ཀྱང་གདམས་ངག་གི་མཆོག་ཐམས་ཅད་བསྣམས་ཨ་ཙ་ར་སའི་སྙིང་པོ་གཡོག་དུ་ཁྲིད་ནས་བོད་ཏུ་བྱོན། རྒྱ་གར་བ་ཐམས་ཅད་ཀྱི་རྨི་ལམ་འཁྲུགས་ཅིང་ཤིང་རྩི་དང་མེ་ཏོག་ཐམས་ཅད་ཀྱང་ཁ་བོད་ཏུ་བལྟས། མཁའ་འགྲོ་མ་ཐམས་ཅད་གྱིས་ཆོ་ངེས་བཏབ། ཆུ་ཚོད་ཀྱི་རྩིས་ཐམས་ཅད་ཀྱང་འཁྲུགས་པས་ཅིས་ལན་བརྟགས་པ་ན་བུད་མེད་མཁའ་འགྲོ་མ་ཞིག་ན་རེ་པཎྜིཏ་མཁས་པ་ཅིག་འབྲས་བུ་གསང་སྔགས་ཀྱི་སྙིང་པོ་ཐམས་ཅད་དཔེ་ཙམ་ཡང་མ་བཞག་པར་བསྣམས་ཏེ་བོད་ཏུ་བྱོན་པས་ལན་ཟེར་བ་དང་རྒྱ་གར་བ་རྣམས་ཀྱིས་བོད་ཐེ་ཚོམ་སྐྱེད་པའི་ཕྱིར་རྐང་མགྱོགས་པ་བཏང་སྟེ་བཱི་མ་ལའི་སྔུན་དུ་བོད་ཏུ་སླེབས་པར་བྱས་ནས་ཕྲ་མེན་གྱི་ངན་སྔགས་མཁན་པོ་ཅིག་ཁྲིད་སོང་ངོ་ཞེས་བསྒྲགས་པས་པཎྜིཏ་བསམ་ཡས་སུ་ཕེབས་ཀྱང་བོད་རྣམས་ཐེ་ཚོམ་ཟོས་ཏེ་རྒྱལ་པོ་དང་མ་མཇལ། དབུ་ཚལ་དུ་ལྡེར་ཚོ་ལ་ཕྱག་མཛད་པས་ལྡེར་ཚོ་ས་ཕུང་དུ་ཞིག་པས་སླར་ལ་ཐེ་ཚོམ་ཆེར་༼ཐ༢༡ན༽སྐྱེས། ཡང་བཱི་མ་ལས་ས་ཕུང་གི་སྤྱི་བོར་ཕྱག་བཞག་ཅིང་དབུའི་ཞྭ་བཀོན་པ་ཙམ་གྱིས་སྔ་མ་ལས་ཆེས་ལེགས་ཅིང་འོད་དང་ལྡན་པར་གྱུར། ཐེ་ཚོམ་སེལ་ཕྱིར་སྐྱབས་འགྲོ་ཡན་ལག་དྲུག་པ་ཡང་མཛད་པས་ཡིད་འཆེས་ཏེ་རྒྱལ་པོས་ཕྱག་མཛད་པའི་ཚེ་རྒྱལ་པོའི་ཐུགས་ཀར་རིགས་གསུམ་མགོན་པོ་བཀྲ་ལམ་མེ་བཞུགས་པ་བཱི་མ་ལས་གཟིགས་ཅིང་སྣོད་དག་པ་གཞན་འགས་ཀྱང་མཐོང༌། བཱི་མ་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སེ་གོལ་བརྡབས་པས་དབུ་ཞྭ་རིན་པོ་ཆེའི་པྲོག་ཞུར་གྱུར་ཏེ་རིགས་ལྔའི་སྐུ་ལམ་གྱིས་བྱུང་བ་རྒྱལ་པོ་ལ་སོགས་པས་གཟིགས། འདི་ལ་དེབ་སྔོན་དུ་བཱི་མ་ལ་སྔ་མ་འདི་རྣལ་འབྱོར་པ་རལ་པ་ཅན་དུ་ཡོད་པས་ཕྱི་རོལ་པར་དོགས་པ་སྐྱེས་པ་སེལ་ཕྱིར་ཡན་ལག་དྲུག་པ་བརྩམས་ཟེར་བ་སྣང་ཡང་ཡེར་པའི་དཀར་ཆག་ལས་ལྷ་ལུང་རབ་འབྱོར་དབྱངས་སྤུན་གསུམ་བཱི་མ་ལས་རབ་ཏུ་ཕྱུང་བར་བཤད་པ་དང༌། སྐུ་འདྲ་རྙིང་པའི་སློབ་དཔོན་པདྨ་རྒྱ་གར་མ་ལྟ་བུའི་པཎ་ཞྭ་མདབ་རིང་མདབ་མའི་རྒྱབ་སྒོར་མོ་པད་རིས་ཅན་གསོལ་བ་ཁོ་ནར་ཐོས་པས་རབ་བྱུང་དུ་གོར་མ་ཆག་ལ་རྒྱལ་བློན་གྱི་ཐེ་ཚོམ་སེལ་བའང་རྐང་མགྱོགས་པས་ངན་པར་བསྒྲགས་པ་ལས་བྱུང་བའི་ཐེ་ཚོམ་སེལ་ཕྱིར་ཉིད་ཏོ། །འདིའི་ཚེ་བཱི་མ་ལས་ལོ་སུམ་བརྒྱ་བཞེས་ཅིང་སྤྱིར་འདས་ལོ་སྟོང་དང་བརྒྱད་བཅུར་འཆད་ཏོ། །

དེར་ཕར་ཕྱིན་དང་དབུ་མ་གསུང་བའི་ཚེ་བཻ་རོ་ཙ་ན་ཚ་བ་རོང་དུ་བཞུགས་པས་བོད་ཀྱི་རྒྱལ་བློན་ལ་ལ་ཡོགས་འདོར་དུ་གཡུ་སྒྲ་སྙིང་པོ་བཏང་བ་དེས་སློབ་དཔོན་གྲོལ་བཞུད་པའི་ཤུལ་དུ་ཆོས་ཁྲི་ལ། ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། །ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། །བྱ་བ་བྲིས་པ་གཟིགས་ནས་དྲིས་པ་ན་ད་ཅི་སྤྲང་པོ་ཅིག་འདི་ན་འདུག་ཟེར་ནས་བཙལ་བས་གཡུ་སྒྲ་སྙིང་པོ་རྙེད་སྟེ་སེམས་སྨད་ལྔ་ལ་མཁས་པར་གཟིགས་ནས་སླར་ཁོང་ལ་འཚམས་པའི་ཕྱི་འགྱུར་བཅུ་གསུམ་པོ་བསྟན་༼ཐ༢༡བ༽པས་སེམས་སྨད་བཅོ་བརྒྱད་ཏུ་གྲགས། སྤྱིར་སྒྱུ་འཕྲུལ་ལ་སོགས་པའི་ཆོས་དུ་མ་གཉགས་ལ་སོགས་པས་བསྒྱུར། གསང་བ་བླ་མེད་ཀྱི་རྒྱུད་མན་ངག་ནི་གཞན་སུ་ལ་ཡང་ཆ་མེད་པར་རྗེ་བློན་གཉིས་ཀྱིས་ཐུགས་དམ་མནོག་ཆོས་སུ་མཛད་ནས་སྲོད་དང་ཐོ་རེངས་ཀྱི་ཚེ་བསྒྱུར་ཞིང་རྗེ་བློན་གྱིས་ཤིན་དུ་ཟབ་པའི་ཆོས་འདི་ལྟ་བུ་བློར་མི་ཆུད་ཚུལ་བཞིན་དུ་སྤྱོད་པ་མི་འབྱུང་བས་མ་འོངས་པའི་སྐལ་ལྡན་གྱི་དོན་དུ་སྦ་པར་བཀས་བཅད། བཱི་མ་ལས་གསང་བ་སྙིང་ཐིག་གི་སྐོར་རྣམས་མཆིམས་ཕུའི་དགེ་གོང་དུ་བོད་ཡིག་དུ་བསྒྱུར་ནས་སྦས། ཐིག་ལེའི་སྐོར་གྱི་རྒྱུད་མན་ངག་གི་རྒྱ་དཔེ་རྣམས་མ་འོངས་པ་ན་ཚོང་འདུས་ཀྱི་འོ་མ་ལྟར་བསླད་ཅིང་ཉམས་འགྲོ་བར་གཟིགས་ནས་ཞུས་དག་གི་ཐེབས་སུ་སྦས། དེ་ལྟར་ལོ་བཅུ་གསུམ་བོད་ཡུལ་དུ་བཞུགས་ནས་སུམ་བརྒྱ་དང་བཅུ་གསུམ་བཞེས་ཚེ་རྒྱ་ནག་དུ་གཤེགས་ཏེ་བསྟན་པ་ཇི་སྲིད་གནས་ཀྱི་བར་ལ་སྐུ་དེ་ཉིད་མ་བསྡུས་པར་བཞུགས་པ་ཡིན་ལ་ལོ་བརྒྱ་བརྒྱ་ན་བོད་ཏུ་སྐུའི་བཀོད་པར་འབྱུང་ལ་འདིས་ནི་དགའ་རབ་རྡོ་རྗེ་ཉིད་ལ་ལན་བདུན་དུ་མཇལ་ནས་གསན་ཞིང་མ་འོངས་པ་བསྟན་པའི་བཙས་འཇིག་རྟེན་གཞན་དུ་འཕོས་པའི་ཚེ་རྡོ་རྗེའི་གདན་དུ་འོད་ཀྱི་སྐུའི་ཡལ་བར་འགྱུར་རོ། །ཨ་ཙ་ར་སའི་སྙིང་པོ་མཆིམས་ཕུར་གྲོངས་པས་ལྟས་ཁྱད་པར་ཅན་བྱུང་སྟེ་བཱི་མ་ལ་གྲོངས་པར་ནོར་བ་བྱུང་ངོ༌། །

བཱི་མ་ལ་བཞུད་ནས་ལོ་ལྔ་བཅུ་རྩ་ལྔ་ན་མྱང་ཏིང་འཛིན་བཟང་པོ་དེ་རྒྱུད་རྣམ་པར་དག་ནས་རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་ནས་ནས་རྔ་མོའི་ཁལ་རྒྱབ་བརྒྱ་བཀལ་བྱུང་བ་ལ་རྡོ་རྗེ་འཕངས་པས་དམ་ཚིག་དྲན་ཏེ་ནས་ཕུལ་བ་ལ་ཞྭའི་ལྷ་ཁང་བཞེངས་ནས་གདམས་པ་རྣམས་ཀེ་ཚང་རིས་གསུམ་སྒོའི་སྟེང་ཀ་བའི་ཁོང་གསེང་རྣམས་སུ་སྦས་ཅིང་སྙན་རྒྱུད་ཚིག་གི་རིམ་པ་འབྲོ་རིན་ཆེན་འབར་བ་ལ་བརྒྱུད་པའི་སྲོལ་མི་ཉམས་པའི་ཆེད་ཏུ་གཏད། བབས་ལུགས་ཆེན་མོ་ན་འདི་ཙམ་ལས་མི་སྣང་ཡང་འདྲ་འབག་ལྷད་མེད་དང་སྙིང་ཐིག་གི་༼ཐ༢༢ན༽ལོ་རྒྱུས་སོགས་སུ་བཱི་མ་ལས་གཞན་ལ་སྣོད་བརྟགས་པས་མ་རྙེད། མྱང་ལ་ང་ཨ་ཙ་ར་རྒྱ་གར་དུ་འགྲོ་བ་ལ་གསེར་མང་པོ་དགོས་པས་ཁྱོད་ཀྱིས་ཡོད་ཚད་གསེར་དུ་དྲིལ་ལ་ང་ལ་ཕུལ་ཞིག་གསུངས་པས་རྒྱལ་པོ་དང་གཉགས་སོགས་ལ་མི་གསུང་བར་བདག་ལ་དེ་ལྟ་བུ་གསུང་བ་བསོད་ནམས་ཆེ་སྙམ་ནས་གསེར་མང་དུ་ཕུལ་བ་ན་ང་ལ་གསེར་གྱིས་དགོས་པ་མེད་སྣོད་བརྟགས་པ་ཡིན་གསུངས་ནས་སྙིང་ཐིག་རྫོགས་པར་གནང་བར་བཤད་ལ་ཞྭའི་ལྷ་ཁང་ཡང་བཱི་མ་ལ་དང་མྱང་ཐུན་མོང་དུ་བཞེངས་ཅིང་གཏེར་རྣམས་ཀྱང་གཙོ་བོར་བཱི་མ་ལ་ཉིད་ཀྱིས་སྦས་པ་ཡིན་ནོ། །

འབྲོས་སྦས་བློ་གྲོས་དབང་ཕྱུག་ལ་བཤད། དེས་གཞོའི་ལྡང་མ་དགེ་མཆོག་གི་བུ་གནས་བརྟན་ལྡང་མ་ལྷུན་རྒྱལ་ལ་བཤད། འདི་བཱི་མ་ལའི་སྐུའི་བཀོད་པ་ཡིན། འདི་ལ་ཞྭའི་མགོན་པོས་ལུང་བསྟན་ནས་གཏེར་རྣམས་ཕྱུང༌། སྣོད་ལྡན་བཙལ་བས་གཞན་མ་རྙེད་ནས་ཉང་རོ་གཉན་མཚོའི་ལྕེ་ཐུབ་པའི་བུ་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་ཆོས་མང་དུ་ཤེས་པ་ཅིག་ལ་བསྟན་པས་ཞར་ལ་བལ་པོ་སྒོམ་ཆུང་བྱ་བ་ཞིག་ཀྱང་འདིས་གྲོལ། དཔེ་འདི་དག་པར་བྲིས་ལ་ཁྲའི་ཟླ་བ་ལ་སྐྱོལ་ཞིག་གསུངས་ནས་གྱེས། འབུལ་བ་ཆེན་པོ་ཁྱེར་ནད་དཔེ་སྐྱེལ་དུ་ཕྱིན་པས་སྙེ་ཐང་དུ་སླེབས་ཚེ་ཉང་བཀའ་གདམས་པ་བྱ་བ་དང་ཕྲད་པས་ལྡང་མ་ཁྲའི་ཟླ་བ་ལ་གཤེགས། སྔར་གནས་བརྟན་ཡིན་པ་ཙམ་ལས་བཟང་པོར་མི་རྩི་བ་འདུག་སྟེ་གཤེགས་པའི་དུས་མཁྱེན་རྟགས་ངོ་མཚར་བ་མཐའ་ཡས་བྱུང་བས་ཕྱིས་ཐམས་ཅད་འགྱོད་པ་སྐྱེས་འདུག་ཁྱེད་འབུལ་བ་འདི་ཙམ་སྐྱེལ་བ་གདམས་ངག་ཁྱད་པར་ཅན་ཞུས་པར་ཐག་ཆོད་པས་དེ་བདག་ལ་ཞུ་ཟེར་ཏེ་བྱིན་པས་ཏི་སྒྲོར་ལོ་སོ་གཉིས་བསྒོམས་ཏེ་ཟག་པ་ཟད་ཡོན་ཏན་ཆེར་སྐྱེས། ལྕེ་བཙུན་གྱིས་བཱི་མ་ལ་དངོས་སུ་མཇལ་ཏེ་ལོ་དུ་མར་བསྟེན། མཆིམས་ཕུའི་གཏེར་ལུང་བསྟན་ཏེ་༼ཐ༢༢བ༽མཁའ་འགྲོས་ཕྱེ་ནས་བྱིན། སློབ་དཔོན་པདྨའི་གཏེར་དང་སྣུབས་སངས་རྒྱས་ཡེ་ཤེས་ཀྱི་གཏེར་ཡང་ཐོན། སྣོད་ལྡན་མ་རྙེད་པས་ཕལ་ཆེར་སྣོད་ལྡན་ལ་སྨོན་ལམ་བཏབ་སྟེ་སྦས། ལོ་བརྒྱ་དང་ཉེར་ལྔ་ལ་འོད་ལུས་སུ་ཡལ་ཏེ་འདས་རྗེས་མཁའ་འགྲོའི་ཕྱག་དུ་བབས། དེ་ནས་ལོ་སུམ་བཅུ་ན་རོང་སྣར་མངའི་ལྕེ་སྒོམ་ནག་པོས་ཕྱི་ནང་གསང་གསུམ་གྱི་སྐོར་བཏོན་ཏེ་དར་རྒྱས་སུ་གྱུར། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ལ་བཤད་སྟེ་ཡ་འབྲོག་གི་དོ་ནང་དུ་འཁྲུངས། མདོ་སྔགས་ལ་མཁས་པར་སྦྱངས་རྡོར་ལེགས་ཀྱིས་ལུས་དང་གྲིབ་མ་ལྟར་འགྲོགས་པས་གྲོགས་ཐམས་ཅད་བྱས་ཏེ་འུ་ཡུག་གི་བྲག་ནས་ཁ་བྱང་བརྒྱ་རྩ་བརྒྱད་དང་མན་ངག་མང་པོ་ཐོན། ཚོགས་བསྐྱངས་པས་འོད་ལུས་མ་གྲུབ་ཀྱང་འདས་རྟགས་བཟང་པོ་བྱུང༌། དེའི་རིགས་ཀྱི་སྲས་མཁས་པ་ཉི་འབུམ་ནི་ཕྱག་རྡོར་གྱི་སྤྲུལ་པ་བཛྲ་ཕ་ལ་ཡིན་པར་འཆད། ཡབ་དང༌། རྒྱ་སྟོན་ལུང་དྲོ་བ་དང༌། ཞང་གཡུ་བྲག་པ། རྔོག་རྒྱལ་ཚ་རྡོར་སེང་སོགས་བསྟེན་འཕྲིན་ལས་ཤིན་དུ་ཆེའོ། །

དེའི་སློབ་མ་ཆོས་དག་གུ་རུ་ཇོ་འབེར་ནི་མཁས་པ་ཉི་འབུམ་གྱི་གཅུང་གི་སྲས་ཤེས་བྱ་ཐམས་ཅད་ལ་ཐོགས་བརྡུགས་མེད་པའི་ཤེས་རབ་མངའ་གཙོ་བོར་སྙིང་ཐིག་གི་བདག་པོར་གྱུར། དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ་ནི་དབུས་ཀྱི་གྲར་འཁྲུངས། རྐྱེན་རེ་ལ་བསྟེན་ནས་གཞན་ལ་མཐོ་འགྲོགས་དང་ཁྱད་གསོད་མི་བྱེད། ཤིག་དང་འཇི་བ་དང་ལོང་སྤྲང་ཁོ་ན་ལ་བྱམས་པ་སོགས་བྱིས་པའི་དུས་ནས་དམ་བཅའ་མང་པོ་བྱས། ཆོས་མ་ཉན་ཀྱང་སེམས་སྟོང་པར་གོ་སྟེ་སྙིང་པོའི་དོན་རྟོགས། ལེ་སྒང་པ་ལས་རབ་ཏུ་བྱུང་སྙིང་ཐིག་ལས་ཆོས་ཉིད་ཟད་པའི་སང་བ་ཤར། བཞུགས་སའི་མིང་གིས་སེང་གེ་རྒྱབ་པར་གྲགས། དེའི་སློབ་མ་མེ་ལོང་རྡོ་རྗེ་ནི་སྒྲགས་ཀྱི་ཕུར་འཁྲུངས། ཆུང་ངུ་ནས་ཆོས་ཕྱིར་དཀའ་༼ཐ༢༣ན༽སྤྱད་མང་པོ་བྱས། གྲུབ་ཐོབ་ཟ་ལུང་པ་དང༌། མཚུར་ཕུའི་མདོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་སྟེ་རྩ་བའི་བླ་མ་གསུམ་བསྟེན་ཞིང་འཁྲུལ་ཞིག་པ་ལས་རྒྱུད་མན་ངག་གི་སྙིང་པོ་རྙེད། སྒྲུབ་པ་གཙོ་བོར་མཛད་སྟེ་དྲུག་བཅུ་རྩ་གཅིག་ལ་མཁར་ཆུར་འདས་ཏེ་གདུང་ཁང་འོད་ཀྱི་དྲ་བས་གཡོགས་པ་བྱུང་སྐད།

དེའི་སློབ་མ་རིག་འཛིན་ཀུ་མ་རཱ་ཛཱ་ཡིན་ཏེ་གཡོ་རུ་འོན་གྱི་བར་སར་རྫིང་ཁར་ཇོ་སྲས་སུ་འཁྲུངས། ཕག་མོ་གྲུར་སྤྱན་སྔ་གྲགས་ཡེ་བ་ལས་རབ་ཏུ་བྱུང༌། ཚར་སྟེང་པ་དང་མཚུར་ཕུའི་གཉན་རས་དང་གྲུབ་ཐོབ་ཨོ་རྒྱན་པ་སོགས་བླ་མ་མང་དུ་བསྟེན་ནས་ཆོས་མཐའ་དག་གསན། ཁྱད་པར་མེ་ལོང་པ་ལས་རྟོགས་པ་སྐྱེས་ཅིང་དབང་གདམས་ངག་རྣམས་ཡོངས་སུ་རྫོགས་ཏེ་མཉེས་པ་གསུམ་གྱིས་མཉེས། མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་སྙིང་ཐིག་གི་ཆོས་ཕུལ། གཡེ་དྭགས་ཀོང་པོ་རྣམས་ལ་ལམ་རྒྱ་མཛད། ཤངས་ལ་ཨའི་རི་མོ་ཡོད་ཅིང་སྔགས་བདག་གཟའ་དམ་ཅན་གསུམ་དང་མི་བཞིན་དུ་ལབ། སྙིང་ཐིག་གི་ཟབ་གནད་རྣམས་གཞན་དང་ཕྱེ་ནས་སྟོན་པས་བཱི་མ་ལའི་སྐུའི་བཀོད་པར་གྲགས། བདུན་བཅུ་རྩ་བརྒྱད་པ་སྟོན་ཟླ་འབྲིང་པོའི་ཉེར་ལྔ་ལ་གྲོངས་པ་ལས་ཤུལ་པས་སྨེ་སྔགས་བཏོན་གསོལ་བ་བཏབ་པས་བཞེངས་ཏེ་བསྙུང་བ་མེད་པར་ཞག་བཅུ་བཞིར་བཞུགས་ནས་ཆོས་དང་ཞལ་ཆེམས་མཛད་སྟེ་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་འདས།

དེའི་སློབ་མ་ནི་ཀུན་མཁྱེན་ཚུལ་བློ་ཡིན་ཏེ་གཡོ་རུ་གྲའི་སྟོད་གྲོང་དུ་ཇོ་སྲས་སུ་འཁྲུངས། མཁན་པོ་བསམ་རིན་ལས་རབ་ཏུ་བྱུང་ཞིང་གསང་ཕར་སྡེ་སྣོད་མཐའ་དག་ལ་སྦྱངས། ཤེས་རབ་ཀྱི་ལྷ་གྲུབ་སྟེ་བློ་གྲོས་ཐོགས་པ་མེད་པས་ཀློང་ཆེན་རབ་འབྱམ་དུ་གྲགས། ཀརྨ་པ་རང་བྱུང་རྡོ་རྗེ་ལས་གདམས་པ་མང་དུ་གསན། །༼ཐ༢༣བ༽རིག་འཛིན་པ་དང་མཇལ་བས་མདང་ལྷའི་བྱ་ཡིན་ཟེར་བ་ངོ་མཚར་ཅན་ཞིག་བྱུང་བ་ཁྱེད་ཏུ་འདུག་གསུངས་ནས་ཆོས་དང་བརྒྱུད་པ་གཏད། ཆོས་ཉན་པ་སྒྲུབ་པ་གང་གི་སྐབས་སུ་ཡང་ཟས་གོས་དང་གནས་ཀྱི་དཀའ་བ་ཆེར་སྤྱད། ཕྱིས་འབྲི་ཁུང་པ་དང་ཏ་སི་བྱང་རྒྱལ་སོགས་མི་ཆེན་དང་དགེ་བཤེས་ཐམས་ཅད་ཀྱི་བླ་མ་རྩོད་མེད་ཏུ་གྱུར། ཞྭའི་ལྷ་ཁང་གསོ་བའི་ཞིག་རལ་གྱི་དུས་མནན་པའི་ཐོད་པ་མང་པོ་འཕར་ཞིང་བྱུང་བ་ན་ཟ་གཡབས་པས་བཟུང་སྟེ་སྡིགས་མཛུབ་ཀྱིས་སླར་མནན། དབུ་རྩེའི་རྒྱབ་ནས་ལྷ་ཁང་གསོ་བའི་ཐེབས་གསེར་འགུ་རྩེ་གང་བཅུས་པ་ལ་སྐུད་གསེར་བྱས། གཏེར་མང་དུ་འདུག་པ་ལ་འགའ་ཙམ་ལས་མ་བླངས། དམ་ཅན་པ་བྱིས་པ་གཡུ་རྣ་ཅན་ཞིག་དུ་བྱས་ནས་ཉིན་རེ་བཞིན་བཟོ་བོའི་གྲོགས་ལ་བྱུང༌། རྡོ་རིང་ཆེན་མོ་གཉིས་ཡོད་པ་གཙུག་ལག་ཁང་ཞིག་པའི་ཚེ་འགྱེལ་ནས་སུས་ཀྱང་མ་ལྷོངས་པ་ལ་གཏོར་མ་དང་བདེན་ཚིག་བརྗོད་ནས་སྐུ་ཆོས་བརྡབས་པས་ལྷོངས་པའི་ངོ་མཚར་བསྟན། ཐོད་པ་སྣ་ཚོགས་སུ་དམ་སྲི་མནན་འདུག་པ་རྣམས་ཀྱི་ཉམས་པ་གསོས་ནས་སླར་མནོན་པར་བརྩམས་པའི་ཚེ་རླུང་ནག་གཡོས་ས་རྡོའི་ཆར་བབ་པས་མི་ཐམས་ཅད་བྲོས་ཏེ་གྲོགས་མ་བྱུང་བ་ལ་ཉིད་ཀྱིས་དྲག་པོའི་གར་མཛད་པས་ཐོད་པ་རྣམས་འཕར་ནས་ཕན་ཚུན་རྡབ་ཅིང་འཁྲོལ་ཐོད་པ་ཆེ་ཤོས་ཅིག་ན་མཁའ་ལ་འཆོར་བར་བྱུང་བ་སྡིགས་མཛུབ་ཀྱིས་ཕབ་སྟེ་ཞབས་ཀྱིས་མནན་པས་གུ་རུ་དྲག་པོ་དངོས་སུ་མཐོང་བ་བྱུང་ཐོད་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་ཞབས་སུ་མནན། རབ་གནས་ཀྱི་དུས་ངོ་མཚར་མཐའ་ཡས་པ་བྱུང༌། སངས་རྒྱས་བྱང་སེམས་ཀྱི་དག་སྣང་ནི་མཐའ་ཡས་པར་གཟིགས།

ས་ཕག་གི་རྩོད་པ་འབྱུང་བར་མཁྱེན་ནས་ལྷོ་མོན་ཕྱོགས་སུ་བྱོན་ནས་ཆོས་ཀྱི་སྲོ་གཏོད། སླར་ལྷོ་འབྲོག་དབུ་གཡོར་ཐམས་ཅད་ཏུ་འཕྲིན་༼ཐ༢༤ན༽ལས་ཤིན་དུ་ཆེ་བས་ཐམས་ཅད་ཕན་བདེ་ལ་བཀོད། ཆོས་ཁྲལ་མི་ལེན། དད་རྫས་ཆུད་མི་གཟོན། ཡོ་བྱད་ཆོས་ཕྱོགས་སུ་བསྔོས་པ་རྣམས་གང་དུ་ཡང་བསྔོས་བསྒྱུར་མི་མཛད། བཀུར་སྟི་དགེ་འདུན་ལ་དགོས་པ་ཡིན་སྡིག་ཅན་ལ་མི་དགོས་གསུངས་ནས་ཁྱིམ་པའི་མི་ཆེན་ལ་སྟན་དང་བཀུར་སྟི་མི་མཛད། འབུལ་བ་ལ་འདབ་ལན་མི་མཛད། ཚོགས་གསོག་ཡོན་བདག་གི་བྱ་བ་ཡིན་མཆོད་ཡོན་གྱི་བྱ་བ་གོ་ལོག་པ་མ་བཟང་གསུངས། སྤྲང་པོ་སོགས་སྙོམས་ཆུང་གིས་ཅི་དྲངས་ཀྱང་ཞིམ་ཞིམ་ལྟར་གསོལ་ཞིང་མོད་དང་བསྔོ་བ་རྒྱས་པར་མཛད། དེ་ལ་སོགས་པ་སྐྱེས་བུ་དམ་པའི་སྤྱོད་པ་ལ་གནས། ཁྱད་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མོ་པདྨ་གསལ་ལ་སློབ་དཔོན་པདྨས་དབང་བསྐུར་མཁའ་འགྲོ་སྙིང་ཐིག་གི་ཆོས་བདག་དུ་བཏང་སྟེ་སྐྱེ་བ་རིམ་པར་བརྒྱུད་པའི་པདྨ་ལས་འབྲེལ་རྩལ་ཞེས་གསང་མཚན་དུ་འབོད་པ་དཔའ་ལུང་པ་རིན་ཆེན་རྡོ་རྗེའི་སྐྱེ་བ་ཡིན་ཏེ། མཆིམས་ཕུར་མཁའ་འགྲོ་སྙིང་ཐིག་གི་ཆོས་བཀའ་ཕྱེ་བའི་མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བར་རྣལ་འབྱོར་མ་ཞིག་ལ་རྡོ་རྗེ་ཕག་མོ་ཡེ་ཤེས་སུ་བབས་ཏེ་གདམས་པའི་ལྷག་ཆད་བསལ། སློབ་དཔོན་རིན་ཆེན་རྡོ་རྗེ་གར་ཡོད་དྲིས་པས་ཁོང་འདི་ན་ཟེར་ནས་བླ་མ་ལ་མཛུབ་མོ་བཙུགས། བླ་མས་ཁོང་དེའི་རྗེས་ལ་བུམ་ཐང་དུ་སྐྱེ་བར་བཤད་པ་ཡིན་མོད་ང་གར་ཡིན་གསུངས་པས། ལོངས་སྐུའི་ཞིང་མྱུལ་ནས་བུམ་ཐང་དུ་སྐྱེ་བར་གསུངས་པ་ཡིན་ཁྱེད་རང་ད་ལྟ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་སྤྱོད་པ་འདི་ལོངས་སྐུའི་ཞིང་མྱུལ་བ་ཡིན་ཞེས་བསྟན། ཆོས་བཀའ་ཆེ་བའི་ངོ་མཚར་མཐའ་ཡས་པ་བྱུང་བར་སྣང༌། སྒྲ་ཚད་སྙན་ངག་སོགས་རྟོག་གེའི་སྐོར་དང༌། བྱམས་ཆོས་དབུ་མ་འདུལ་མངོན་སྤྱོད་ཕྱོགས་ཀྱི་ཡིག་ཆ་དང༌། སྔགས་སར་རྙིང་༼ཐ༢༤བ༽ཕྱག་རྫོགས་ཞི་གསུམ་གྱི་ཡིག་ཆ་མང་པོ་དང༌། ཁྱད་པར་མཁའ་འགྲོ་སྙིང་ཐིག་གི་སྙིང་པོ་མཁའ་འགྲོ་ཡང་ཐིག་དང་བཱི་མ་ལ་སྙིང་ཐིག་གི་སྙིང་པོ་བླ་མ་ཡང་ཐིག་དང་ཟབ་མོ་ཡང་ཐིག་སོགས་བསྟན་བཅོས་ཚད་ཏུ་ལོངས་པ་མང་བར་མཛད་པའི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བ་སྣང༌། ང་དྲུག་བཞེས་པའི་ཆུ་ཡོས་ལ།

ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང༌། །རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོང་པ་དང༌། །བསམ་གཏན་གྲུབ་པའི་དགའ་བས་ཆེས་ལྷག་གོ །ཞེས་སོགས་ཀྱི་ཞལ་ཆེམས་མཛད་སྟེ་བསམ་ཡས་མཆིམས་ཕུར་གཟུགས་སྐུ་བསྡུས་ཏེ་ལྟས་ངོ་མཚར་བ་བསྟན་ཏོ། །

བུ་སློབ་མང་དུ་བྱོན་པ་ལས་སྙིང་ཐིག་གི་བཀའ་ནི་མཁས་གྲུབ་དྷརྨ་ཀིརྟི། སྤྲུལ་སྐུ་ཉི་མ་འོད་ཟེར། བྱང་སེམས་ཀུན་དགའ་རྒྱལ་མཚན། སྤྲུལ་སྐུ་ཆོས་དབྱིངས་གྲགས་པའི་བར་དུ་རིམ་པར་བཀའ་བབས་སོ། །

སྤྱན་རས་གཟིགས་དབང་ཕྱུག་དངོས་སུ་བྱོན་པ་ལ་ཀརྨ་པ་རང་བྱུང་རྡོ་རྗེས་བཱི་མ་ལ་མུ་དྲ་རང་གི་མཛོད་པུར་ཐིམ་པའི་མོད་ལ་སྙིང་ཐིག་གི་དགོངས་པ་ཇི་ལྟ་བ་མངོན་དུ་གྱུར་ཀྱང་གསང་སྔགས་བླ་མ་ལ་བལྟོས་པའི་མིག་ལྟོས་བསྟན་པའི་ཆེད་ཏུ་རིག་འཛིན་ཀུ་མ་རཱ་ཛཱ་ལ་གསན། སློབ་དཔོན་པདྨ་ལ་བརྒྱུད་པ་ཅིག་འོང་ཐང་དགོངས་པའི་ཚེ་སློབ་དཔོན་པདྨ་ལས་དངོས་སུ་གསན་ཡང་སླར་ཤོའི་རྒྱལ་སྲས་ལེགས་ལྡན་པ་སྤྱན་དྲངས་ཏེ་ཙཱ་རི་དགོན་སར་དུ་གསན་པར་བསྟན་ནས་ཕྱིས་སློབ་མ་རྣམས་ལ་གསུངས་ཏེ་འདི་ལྟ་བུའི་ཆོས་ནུབ་ཏུ་ཕངས་པས་སློབ་དཔོན་རྒྱ་བ་གཡུང་སྟོན་རྡོ་རྗེ་དཔལ་གྱིས་གཙང་ཕྱོགས་དང་ཡེ་རྒྱལ་བས་ཁམས་ཀོང༌། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཅེས་སྨན་ལུང་པ་ཤཱཀྲ་གཞོན་སོགས་ལ་རྗེས་སུ་གདམས་ཏེ། ས་ལ་༼ཐ༢༥ན༽གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་ལུང་བསྟན་པ་མངོན་དུ་གྱུར་པའོ། །

ཀུན་མཁྱེན་པ་ལ་མཁས་གྲུབ་བདེ་ལེགས་པ་ཞེས་བྱ་བ་མཁྱེན་པ་དང་སྙིང་བརྩེ་དང་རྟོགས་པ་དང་ནུས་པར་ལྡན་ཞིང་སྤྱོད་པ་ཤིན་དུ་དག་པ་ཅིག་གིས་ཀྱང་སེམས་ཕྱོགས་མཐའ་དག་གསན་ནས་དེའི་སློབ་མ་འཕན་ཡུལ་པ་བློ་གྲོས་རྒྱ་མཚོས་སྨན་རྩེའི་དགོན་པ་བཏབ་ཅིང་རིམ་པས་ཉན་ཕོ་བ་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱན་ལ་སོགས་པ་རིམ་པར་བྱོན། ཡང་བཱི་མ་ལས་རྨ་རིན་ཆེན་མཆོག་དང་གཉགས་ཛྙཱ་ན་ཀུ་མར་ལ་བཤད། གཉགས་ལ་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། །གཉན་དཔལ་དབྱངས། མཚུར་ནག་ཡེ་ཤེས་འབར། ཨུ་པ་བདེ་གསལ། ཐང་བཟང་དཔལ་རྡོར། སྒྱེར་འཕགས་པ་ཤེས་རབ། བུ་སུ་ཀུ་མཆོག་གི་བྱང་ཆུབ་རྣམས་ཀྱི་ཞུས་ཅིང་སོག་པོ་དཔལ་ཡེ་ལ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་གསན་པ་ཡང་སྒྱུ་འཕྲུལ་དང་སེམས་ཕྱོགས་གཉིས་ཀའི་བཀའ་བབས་གཅིག་གོ་བཻ་རོ་ཙ་ན་ལས་བརྒྱུད་པ་ནི་འདྲ་འབག་ཆེན་མོ་ལས་འདི་ལྟར་དུ་བཤད་སྟེ། སུམ་བཅུ་རྩ་གསུམ་གྱི་གནས་ན་ལྷ་དེ་ཝ་བཟང་སྐྱོང་ལ་བུ་ལྔ་བརྒྱ་ཡོད་པའི་ཐུ་བོ་ལྷའི་བུ་ཀུན་དགའ་སྙིང་པོ་ནི་བག་མེད་པ་ལས་ལོག་སྟེ་རྩེ་གཅིག་དུ་སྒོམ་པ་ལས་ལྷའི་བུ་སེམས་ལྷག་ཅན་ཞེས་མིང་དུ་གྱུར་ཅིང་དེ་ལས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་སྤྱི་གཙུག་དུ་ཐིམ་པ་དང༌། ཚངས་པ་དང་ཁྱབ་འཇུག་དང་གུ་ལང་གསུམ་ཁྱུར་མིད་བྱས་པ་དང༌། ཉི་ཟླ་གཉིས་ལག་དུ་བཟུང་སྟེ་འཇིག་རྟེན་སྣང་བར་བྱས་པ་དང༌། སྤྲིན་རིན་པོ་ཆེའི་མདོག་ཅན་ལས་བདུད་རྩིའི་ཆར་བབ་པས་ཐམས་ཅད་སྐྱེས་པ་སྟེ་ངོ་མཚར་གྱི་རྨི་ལམ་བཞི་རྨིས་པ་ན་ལྷའི་༼ཐ༢༥བ༽དབང་པོས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྟོགས་པ་དང༌། བདུད་འཐུལ་བ་དང༌། རྒྱུ་འབྲས་ལས་འདས་པའི་རྩོལ་མེད་ཀྱི་ཐེག་པ་རྙེད་པར་འགྱུར་བ་དང༌། དེས་སྐད་ལྡན་གྱི་དོན་བྱེད་པའི་ལྟས་སུ་བསྟན་ཏོ། །

དེར་ལྷའི་བུས་ཕྱོགས་བཅུར་བལྟས་ཏེ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་པའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་སྟོན་པ། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ན་མཁའ་ལ་འདུས་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །བདེ་གཤེགས་མ་ལུས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དང་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །ཚིག་གཅིག་དོན་དུ་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་དོན། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །ཞེས་མགྲིན་གཅིག་དུ་རྡོ་རྗེ་སེམས་དཔའ་ལ་བསྐུལ་བས་རྡོ་རྗེ་སེམས་དཔས། རྡོ་རྗེ་སེམས་དཔའ་ན་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གིས་སྒྲོགས་པར་ཤིན་དུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ཞིང་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པར་ནི་རྣམ་པར་དགྲོལ། །ཞེས་གསུངས་ཏེ་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་ཕྱུང༌། དེས་ཤར་ཕྱོགས་རྡོ་རྗེས་རྣམ་པར་གནོན་པའི་སངས་རྒྱས་རྡོ་རྗེ་གསང་བ་དང༌། ལྷོ་ཕྱོགས་རིན་ཆེན་སྣང་བའི་སངས་རྒྱས་རིན་ཆེན་ཞལ་དང༌། ནུབ་ཕྱོགས་པདྨ་བརྩེགས་པའི་སངས་རྒྱས་པདྨའི་འོད་དང༌། བྱང་ཕྱོགས་༼ཐ༢༦ན༽རྣམ་དག་གྲུབ་པའི་སངས་རྒྱས་གྲུབ་པར་སྣང་བ་དང༌། དབུས་ཕྱོགས་མཐའ་དང་བྲལ་བའི་སངས་རྒྱས་རྣམ་པར་སྣང་མཛད་རྣམས་ལ་གསོལ་བ་བཏབ་པས་གཟོད་ནས་སྐྱེ་འགག་མེད་པ་དང་ཡོན་ཏན་ཡེ་རྫོགས་དང་བྱང་ཆུབ་ཀྱི་སེམས་འཁོར་བས་མ་གོས་པ་དང༌། དེ་རྟོགས་ན་ཕྲིན་ལས་རང་ལས་འཆར་བ་དང༌།

ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ན་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་རྒྱན་དུ་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་ཏུ་གནས། །གཞི་བཞག་རང་ལུགས་རིན་ཆེན་འོད། །རང་བྱུང་མ་བཙལ་གདོད་ནས་དག །ཅེས་སོགས་གསུངས་པས་སེམས་དཔའ་རྡོ་རྗེ་རྩོལ་མེད་ཨ་ཏིའི་དོན་མངོན་དུ་གྱུར་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་བྱོན་ནས་ལྷའི་བུ་ཀུན་དགའ་སྙིང་པོ་ལ་རྒྱལ་ཐབས་སྤྱི་ལུགས་ལ་སོགས་པའི་དབང་བསྐུར། ལྷུན་གྲུབ་རྣམ་གསུམ་ལ་སོགས་པའི་ལུང་ཕོག་ནས། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་ཤོག །ཅེས་ལུང་བསྟན་བསྟན་པ་གཏད་ཏོ། །ལྷའི་བུ་དེ་ཉིད་དགེ་སློང་མ་མེ་ཏོག་གསལ་ལས་ཕ་མེད་པར་རྩིབ་མའི་གོ་བར་ལས་བཙས་ཏེ་རྒྱལ་སྲིད་སྐྱོང་བ་ན་ཕྱག་ན་རྡོ་རྗེས་ཀློང་དགུ་བམ་པོ་ཉི་ཁྲི་དང་བཅས་པའི་རྒྱུད་མན་ངག་སྐད་ཅིག་གིས་ཁོང་དུ་ཆུད་པར་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ་རྫོགས་པ་ཆེན་པོའི་ས་ལ་སངས་རྒྱས་ནས་སྐལ་ལྡན་ལ་སྟོན་ཏེ། །དེའི་ཚེ་བྲམ་ཟེ་སྙིང་པོ་གྲུབ་པ་ཞེས་བྱ་བ་འཇམ་དཔལ་བཤེས་གཉེན་རྒྱལ་པོ་དྷ་ན་ཏཱ་ལ་དུ་པོ་རཱ་ཛཱ་ཏི་ཀ་༼ཐ༢༦བ༽སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་དགའ་པོ་མིའི་ལུས་གདོལ་པའི་རིགས་བཟུང་བ་ན་ག་ཙཱརྻ་དང་ལག་ན་རྡོ་རྗེའི་སྲས་མོ་གནོད་སྦྱིན་མོ་བྱང་ཆུབ་མ་རྣམས་ལ་ཆོས་བསྟན་པས་འཇམ་དཔལ་བཤེས་གཉེན་སྤངས་རྟོགས་མཐར་ཕྱིན་ལ་གཞན་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་དོན་བྱས་སོ། །

དེ་ནས་གཟུགས་ཚོང་མ་ས་ར་ནི། ཁ་ཆེའི་གནས་བརྟན་རབ་སྣང༌། ཨོ་རྒྱན་གྱི་དགེ་སློང་མ་ཧཱ་རཱ་ཛཱ། སྲས་མོ་གོ་མ་དེ་ཝ། ཨཱ་ཙཱརྻ་ཨཱ་ལོ་ཀ་ཀུ་ཀུ་རཱ་ཛཱ་སྔ་མ། དྲང་སྲོང་བ་ཤི། སྨད་ཚོང་མ་བདག་ཉིད་མ། ནཱ་གཱ་རྫཱུ་ན། ཀུ་ཀུ་རཱ་ཛཱ་ཕྱི་མ། འཇམ་དཔལ་བཤེས་གཉེན་ཕྱི་མ་དྲང་སྲོང་དེ་ཝ་རཱ་ཛཱ། བྷཱ་ཏི་ཀུ་ནཱ། ཤྲཱི་སིངྷ། དེ་ལ་བཱི་མ་ལ་མི་ཏྲ་དང་དགེ་སློང་མ་ཀུན་དགའ་མོ་སྟེ་རིམ་པར་རྗེས་སུ་བཟུང་བས་རྟོགས་པ་སྐྱེས་པ་ན་ཆེད་ཏུ་བརྗོད་པ་རེ་བྱས་སོ། །དགེ་སློང་མ་ཀུན་དགའ་མོས་མན་ངག་ཚིག་མང་པོས་བསླད་ནས་བཤད། རྩོད་པ་ཡང་བྱས་པས་འཇིག་རྟེན་ན་ནད་མུག་མཚོན་གསུམ་བྱུང་སྟེ་མཁས་པའི་པཎྜི་ཏ་མི་དགུས་པྲ་ལ་སོགས་པས་བརྟགས་པས་མན་ངག་སྣོད་མིན་ལ་འཕེལ་བས་ལན་པར་ཤེས་ཏེ་ལྷད་ཅན་རྣམས་བསྲེགས། རྒྱུད་མན་ངག་གཙང་མ་རྣམས་རྒྱལ་པོ་དང་པཎྜི་ཏའི་རྒྱ་གཉིས་ལྡན་བྱས་ཏེ་རྡོ་རྗེ་གདན་དུ་མི་སྤེལ་བར་ཁྲིམས་སུ་བཅས་ཏེ་བཞག་ཀུན་དགའ་མོ་བཀའི་ཆད་པས་ལུས་དོར་ནས་སེམས་ཕྱག་རྡོར་གྱི་ཐུགས་ཀར་ཐིམ་སྟེ་སྔགས་ཀྱི་ཆེ་བ་དབྱུང་བའི་ཆེད་ཏོ། །

དེའི་ཚེ་རྒྱ་གར་གྱི་དགེ་སློང་ཨ་བ་དྷུ་ཏི་ཚེ་འཕོས་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུ་གྱུར་ཏེ་བསྟན་པ་བཙུགས། སྔོན་གྱི་བག་ཆགས་ལས་རྒྱ་གར་ན་རྩོལ་མེད་ཀྱི་ཐེག་པ་ཡོད་པར་ཤེས་ནས་ལེན་པར་འདོད་སྟེ་སྤྲོ་བ་དྲིས་པ་ན་གཞན་མ་རྙེད་ནས། སྔོན་ཨོ་རྒྱན་དུ་རྒྱལ་པོ་པཱ་ལ་དེ་ཝ། ཁ་ཆེར་ཙནྡྲ་གི་ཏ། སིང་ངའི་ཡུལ་དུ་དགེ་སློང་ལེགས་པའི་བློ་གྲོས། དེ་ཚེ་མཁན་པོ་ལ་མ་༼ཐ༢༧ན༽གུས་པས་ཕྱི་མར་ཚ་བ་རོང་གི་ཕྱུགས་རྫི། དེ་ནས་ཨ་ཝ་དྷུ་ཏི། དེ་ནས་ཚ་བ་རོང་གི་དགེ་སློང་པུ་རྞ་ལས་བོད་ཏུ་སྐྱེས་པ་པ་གོར་བཻ་རོ་ཙ་ན་མཁྱེན་པ་ཆེ་ཞིང་རྫུ་འཕྲུལ་ཐོབ་པ་དེ་དང༌། ཚུལ་ཁྲིམས་སྲུང་ཕྱིར་རང་སྲོག་བཏང་བའི་དགེ་སློང་བྷ་ཧུ་རའི་སྐྱེ་བ་གཙང་ལེགས་གྲུབ་དང་གཉིས་རྒྱ་གར་དུ་ཆས་ཏེ་ཨཱརྻ་པ་ལོའི་གླིང་དུ་གནས་སྤགས་པས་བཻ་རོ་ལ་བུ་མོ་ཞིག་གིས་ཁོག་པ་དྲལ་ནས་སྙིང་གི་ཆུ་སེར་བཙིར་བ་དང༌། མི་སྙིང་ཉེར་གཅིག་ཟོས་པ་དང༌། མི་དཀར་པོ་ཅིག་གིས་སྤྱི་བོར་ཨ་ཅིག་བཞག་པས་ཨ་མེར་འབར་ཏེ་ལུས་ཚིག་པ་དང༌། བྱང་ཆུབ་ཀྱི་ཤིང་རྩ་བ་བཏོན་ནས་བོད་ཏུ་ཁྱེར་འོངས་པ་དང༌། ན་མཁའ་ནས་ཉི་ཟླ་གཉིས་ཤར་བ་ཟླ་བ་ནམ་མཁར་ནུབ་ཅིང་ཉི་མ་ཧས་པོ་རི་ལ་ཤར་སྟེ་ཡང་ནུབ་ནས་ཚ་བ་རོང་དུ་ཤར། ཡང་བོད་ཏུ་ཤར་བ་རྨིས་པས། སྒྲིབ་པ་དག་པ་དང༌། མཁས་པ་ཉེར་གཅིག་གི་དགོངས་པ་ལོན་པ་དང༌། རྣམ་སྨིན་གྱི་ལུས་འདག་པ་དང༌། མན་ངག་གི་ཆོས་ལོན་པ་དང༌། ལེགས་གྲུབ་སྔར་འདས་ཅིང་ཉིད་ཀྱང་ཚ་བ་རོང་དུ་སྤྱུག་པ་དང༌། སླར་བོད་ལ་ཕན་པར་ཤེས་སོ། །

བཻ་རོ་ལ་ལམ་དུ་ཁང་པ་རྡིབ་པ། མཚོན་ཟུག་པ། མེ་ཆུ་དུག་སོགས་ཀྱི་གནོད་པ་སོགས་ཤི་ལ་ཐུག་པ་ལྔ་བཅུ་རྩ་བདུན་བྱུང་ཡང་མ་གནོད། གཅན་ཕྲེང་པས་གསོད་པར་བརྩམས་པ་རྫུ་འཕྲུལ་བསྟན་པས་ལྡོག །རྒྱ་གར་དུ་བཏོལ་ཏེ་གསེར་རྣམས་ས་ལ་སྦས་ཏེ་མན་ངག་གི་ཆོས་ལ་སུ་མཁས་ཐམས་ཅད་ལ་དྲིས་པས་སློབ་དཔོན་ཤྲཱི་སིངྷ་ཞེས་བྱ་བ་མཁས་པ་ཉེར་ལྔའི་ཐུགས་སྲས་པཎྜི་ཏ་སྟོང་གི་སློབ་དཔོན་འཇམ་དཔལ་དང་དངོས་སུ་མཇལ་བ་ཞིག་དྷ་ནེ་ཀོ་ཤའི་གནས་སང་ལྡེང་བསིལ་བྱེད་ཀྱི་ཚལ་སིངྷ་དྲི་ཞིམ་གྱི་ནགས་རིན་པོ་ཆེ་ཟ་མེ་ཏོག་སྤུངས་པའི་ཁབ་བྱ་བར་བཞུགས་ཞེས་ཐོས་ནས་བཙལ་ཏེ་རྒྱལ་པོ་ཅིག་གིས་གཙུག་ལག་ཁང་དེ་འདི་ཡིན་ཏེ་འདི་ན་ཀེ་ཚང་ཆེན་པོ་དགུ་ལས་ཐོག་མ་ན་སྟོན་པ་དགའ་༼ཐ༢༧བ༽རབ་རྡོ་རྗེ་ཆོས་ཉིད་སྐྱེ་འགག་མེད་པའི་དངོས་གྲུབ་ཐོབ་པ་རིག་པ་ཀློང་དུ་ཤར་བའི་སྐྱེས་བུ་དེའི་སྤྱན་སྔར་མཁས་པ་དགོངས་རྒྱུད་རྣམ་པར་དག་པ་བཅུ་དྲུག་བཀའི་ལུང་ནོད་ཅིང་བཞུགས་པ་ལས་དགོངས་པ་ཀློང་དུ་གྱུར་ཏེ་སྨྲ་བསམ་ཚིག་ལས་འདས་པར་བཞུགས་སོ། །མཁས་པ་ཕྱི་མ་བདུན་ད་དུང་ཚིག་ལ་ཆགས་པས་ལ་མ་ཟློས་ཏེ་ཀེ་ཚང་གཉིས་པ་ན་བཞུགས་སོ། །གསུམ་པ་ནི་བཱི་མ་ལ་མི་ཏྲ་ལ་སོགས་པ་བཞུགས་སོ། །གནད་དེ་ན་བྲམ་ཟེ་མོ་རྒན་མོ་ཞིག་ཡོད་པ་ལ་དྲིས་ཤིག་ཞེས་བསྟན། བྲམ་ཟེ་མོ་ལ་དྲིས་པས་དེས་པྲ་སེ་ནས་མི་རྟོགས་པའི་ཐབས་བྱས་ཏེ་མན་ངག་གི་ཆོས་བོད་ཏུ་འཁྱེར་བའི་ལྟས་སུ་པཎྜི་ཏ་རྣམས་ཀྱི་རྨི་ལམ་ལོག་པ་བཤད་སྟེ་མན་ངག་འཐོབ་པར་ལུང་བསྟན། བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ཆུ་ལེན་དུ་འོང་བ་ལ་འཕྲིན་སྲིངས་ཤིག་པར་བསྟན་ཏོ། །འདི་ལྟར་ན་ནོར་བཟང་གི་རྣམ་ཐར་གྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྣམ་ཐར་གྱི་ཁང་བརྩེགས་བཅུའི་བཅུ་པ་ན་སངས་རྒྱས་རྣམས་ཆོས་བགྲོ་བ་དང་དགུ་པ་ནས་བཅུ་པ་པ་རྣམས་གནས་པ་སོགས་བཤད་པ་ལྟར་གནས་འདི་ཡང་དག་པའི་སྣང་བའི་གནས་ཕལ་པས་མཐོང་བར་མི་ནུས་པ་ཅིག་ཡིན་པར་སྣང་ལ་ཀེ་ཚང་ཞེས་པའང་ཁང་བརྩེགས་ཀྱི་འགྱུར་ཁྱད་ཏུ་སྣང་ངོ༌། །ཆུ་ཆུན་མ་ལ་འཕྲིན་དུ་མར་བསྲིངས་ཀྱང་མ་གྲུབ་པས་བཻ་རོ་ཙ་ནས་ལྟ་སྟངས་ཀྱིས་ཆུ་བུམ་ས་ལ་སྦྱར་བས་འཁུར་མ་ནུས་ནས་ཁྱོད་ཀྱང་རྫུ་འཕྲུལ་དང་ལྡན་པར་གདའ་སྟེ་བདག་ལའང་འདི་ལྟ་བུ་ཡོད་ཟེར་ནས་མོས་རང་གི་བྱང་ཁོག་ཕྱེ་བས་རྡོ་རྗེ་དབྱིངས་ཀྱི་ལྷ་སོ་བདུན་བཀྲ་ལམ་མེ་བསྟེན། ཐབས་ཀྱིས་ནང་དུ་བཏོལ་བར་གྱིས་ལ་བཱི་མ་ལ་ལ་སོགས་པའི་མཁས་པ་རྣམས་བཞུགས་པ་ལ་ཕྱག་གིས་བརྡ་འདི་བསྟན་པ་ལ་ལན་འདི་གྱིས་བསླབས། སྐབས་བཙལ་ནས་སྒོའི་གསེང་ཅིག་ལ་ནང་དུ་བཏོལ་ཏེ་ཕྱག་བྱས། ༼ཐ༢༨ན༽བརྡ་ལན་གྱིས་མཉེས། ནང་པར་ཤྲཱི་སིངྷ་ལ་ཤོག་འཕྲིན་ཕུལ་བས་མཇལ་ཏེ་གསེར་དཔག་མེད་ཕུལ། རྩོལ་མེད་ཀྱི་ཐེག་པ་སྟོན་པར་ཞུས་པས་དོ་ནུབ་མ་བརྟག་གི་གསུངས་ནས་ནང་བར། མཚན་མ་བཟང་བོད་ལ་ཕན་ཐོགས་ངེས། དེ་ཡང་སྒྲོན་བསྐལ་མུན་བསྐལ་གྲངས་མེད་འདས་པའི་སྔོན་དུ་བསྐལ་པ་དགའ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་བཅུ་བྱུང་བའི་མཐའ་མ་མངོན་རྫོགས་རྒྱལ་པོས་མན་ངག་རྣམས་ཐུགས་ཀྱི་སྲས་བདུན་ལ་གཏད་པས་དེ་དག་རིམ་པར་སངས་རྒྱས། དེ་ནས་མུན་བསྐལ་ལྔ་བརྒྱའི་འོག་དུ་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་ཤཱཀྱའི་བསྟན་པ་ལ་རྒྱུ་འབྲས་ལ་ཟློ་བའི་ཐེག་པ་འདི་འབྱུང་སྟེ་དང་པོ་རྒྱ་གར་དུ་དར་ནས་ཨོ་རྒྱན་གྱི་ཡུལ་དུ་འཁོར་བ་ལན་གསུམ་སྟོངས་པར་བྱེད། དེ་ནས་གསང་བ་དམ་པ་འདི། །ཐ་མཁོབ་ཡུལ་དུ་རྒྱས་པར་འགྱུར། །ཞེས་བརྒྱད་པའི་བྱང་སེམས་གཅིག་གིས་བླངས་ཏེ་ཐ་མཁོབ་རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལ་སྟོན། དེར་གཞན་འདུལ་བའི་དུས་ལ་མ་བབ་སྟེ་ཚ་བའི་ཡུལ་དུ་ས་བདུན་པའི་བྱང་སེམས་ལྐོག་མ་ན་རྨེ་བ་ཡོད་པ་ཅིག་དྲང་རྒྱལ་གྱི་སྤྲུལ་པ་ཅིག་ལ་སྟོན། དེས་ས་བདུན་པའི་བྱང་སེམས་ཅིག་ལ་སྟོན། དེ་ནས་རིམ་པར་ས་ལྔ་པ་དང་བརྒྱད་པ་དང་བདུན་པ་དང་གསུམ་པ་པ་དང༌། དེ་ནས་བརྒྱད་པ་དང་བདུན་པ་པ་སྤེལ་བ་བདུན་རྒྱུད་ལ་བསྟན་ནས་གྲུབ་པ་འཐོབ་པར་འགྱུར་ལ། དེ་ནས་ས་བརྒྱད་པ་པ་ཅིག་ལ་བསྟེན་ཏེ་དེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་ལ་བསྟན་ཏེ་ལ་ལས་ནི་གོ་ལ་ལས་ནི་མ་གོ་ལ་ལ་ཉམས། ལ་ལ་གྲོལ་ཞིང་བཀའ་ཉམས་ནས་གླེགས་བམ་མང་པོ་བྲིས་ཏེ་སྣོད་མིན་གྱི་ལག་དུ་འགྲིམས་ནས་དེས་མན་ངག་ཉམས་ལྷ་སྲིན་རྣམས་འཁྲུགས་ཏེ་བསྐལ་པ་ཕྲ་མོ་འཇིག་གོ །མན་ངག་འདི་དང་ཕྲད་པའི་སྐྱེས་བུས་བླ་མ་སངས་༼ཐ༢༨བ༽རྒྱས་ཉིད་ཏུ་མཐོང་བར་བྱས་ཏེ་གསངས་ཏེ་སྤྱད་ན་མྱ་ངན་ལས་འདའོ། །

བསྐལ་པ་འདིའི་འོག་དུ་མུན་པའི་བསྐལ་པ་ལྔ་བརྒྱ་འབྱུང༌། དེ་ནས་སྒྲོན་མེའི་བསྐལ་པ་བཟང་ལྡན་བྱ་བ་ལ་གསང་བའི་སྣོད་ལྡན་གྱི་གང་ཟག་མོས་པའི་རྡོ་རྗེ། སྟོབས་ཀྱི་རྡོ་རྗེ། ཤུགས་འཆང་བའི་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དང་བཞིས་གྲུབ་པར་འགྱུར་རོ། །དེས་ན་དུས་ལ་བབ་པས་ན་ཁྱེད་ལ་བསྐུར་བར་བྱ་སྟེ་བསྐུར་ཐབས་མ་ལེགས་ན་འུ་ཅག་གསུམ་གའི་སྲོག་ལ་འོང༌། ཡུལ་འདིར་ཡང་གང་དགར་སྤྱད་ཏུ་མེད་སྟེ་རྒྱལ་པོས་ཚོར་ན་མན་ངག་རང་ཡང་མེད་པར་བྱེད་པས་ཁྱེད་གཉིས་ཆོས་གཞན་ཉན་པ་ལྟར་གྱིས་ལ་པཎྜི་ཏ་བརྒྱད་ལ་གསེར་ཕུལ་ལ་རྒྱུ་འབྲས་ཀྱི་ཆོས་ཉོན་ཞིག་མཚན་མོ་མན་ངག་གི་ཆོས་བསྟན་གྱི་གསུངས་ཏེ་དེ་ལྟར་བྱས། མཚན་མོ་པྲ་སེ་ནས་མི་ཟིན་པའི་ཐབས་བྱས་ཏེ་མན་ངག་བཤད་ཅིང་དར་དཀར་ལ་ར་དཀར་མོའི་འོ་མས་བྲིས་ཏེ་དུད་པས་བདུགས་ན་ཡི་གེ་གསལ་བ་བྱས། རྫུ་འཕྲུལ་དང་འཕྲུལ་ཐབས་ཀྱིས་མན་ངག་གི་དཔེ་བམ་པོ་བརྒྱ་དང་ལྔ་བཅུ་རྩ་བཞི་ཕྱུང་བའི་ཚེ་གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་བཅུ་དང་སྔགས་ཕྱི་ནང་གི་སྲུང་མ་ཐམས་ཅད་ལྷགས་ཏེ་ཕྱག་དང་སྐོར་བ་བྱས་ནས་བདག་ཅག་ཆོས་སྲུང་རྣམས་ནི་བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ་ཁྱད་པར་མན་ངག་སྙན་རྒྱུད་ཀྱི་རྗེས་སུ་མཆིའོ་རབ་ཏུ་ཡང་མཆིའོ། །

སྣོད་དང་མི་ལྡན་པ་ཐོབ་ལོ་ཤེས་ལོ་མཁས་ལོ་བཙུན་ལོ་ཉན་ལོ་ཐོས་ལོ་སྒོམ་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་པ། དད་པ་གཏིང་ནས་མེད་པ། ཞེན་པ་མ་ལོག་འཛིན་ཆགས་མ་ཁྲོལ་བ། ཆོས་དང་འབུལ་བ་ལ་ཕམ་རྒྱལ་རྩི་བའི་མི་ལག་འགྲིམས་ཙ་ན་དམ་ཉམས་སུ་སོང་བ་ཡིན་པས་དེ་ཙ་ན་བདག་ཅག་རྣམས་མི་དགའ་ཤིན་དུ་རབ་ཏུ་ཡང་མ་དགའ་སྟེ་བདག་ཅག་༼ཐ༢༩ན༽ལ་ལ་ནི་ཕ་མ་བསད་པ་སྙམ་བྱེད། ལ་ལ་ནི་བུ་གཅིག་སྟོར་བ་སྙམ་བྱེད། དཔྲལ་བའི་མིག་ཕྱུང་བ་སྙམ་ཁོང་གི་སྙིང་ཕྱུང་བ་སྙམ་ནོར་བུ་རིན་པོ་ཆེ་སྟོར་བ་སྙམ་བྱེད་སྟེ་དེའི་ཚེ་ནད་དང་མུ་གེ་དང་འཁྲུག་པ་དང་ས་གཡོས་དང་རླུང་ནག་དང་བུ་ཡུག་དང་མི་ཤིས་པ་སྣ་ཚོགས་པ་འོང༌། ན་རག་ཆེན་པོ་ཡང་ཡོངས་སུ་འཕེལ། སློབ་དཔོན་ཡང་ཚེ་ཐུང་ནད་མང༌། སློབ་མ་རྣམས་ཕོངས་ཅིང་དུག་དང་གྲིར་འཆི། ཆོས་པ་རྣམས་མཐུ་ཆུང༌། བོན་དང་མུ་སྟེགས་དང་སྲིན་པོ་བདུད་ཏུ་ལྡང༌། དེའི་ཚེ་ལ་ལས་མན་ངག་འདི་རྣམས་སྲེག་ལ་ལས་རུལ་དུ་འཛུད། ལ་ལས་ནི་འཚོང༌། ལ་ལས་ནི་བསྲེས་ཅིང་བསླད་སྟེ། དེ་ལ་བསྟེན་ནས་འདི་འཆད་ཅིང་ཐུགས་ལ་འཆང་བ་རྣམས་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་ཀྱང་དེ་ལ་ལ་ལས་སྐུར་པ་འདེབས། ལ་ལས་སྨོད། ལ་ལས་སུན་འབྱིན། རྐྱེན་དེས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་རོ། །དེས་ན་ཤིན་དུ་གསང་བར་སྦོས་ཤིག །ཤིན་དུ་གསངས་ལ་སྤྱོད་ཅིག །ཤིན་དུ་གསང་བས་ཆོངས་ཆིག་གསང་བར་ཡིད་ལ་གྱིས་ཅིག་ཅེས་མགྲིན་གཅིག་དུ་བསྒྲགས་ནས་མི་སྣང་བར་གྱུར་ཏོ། །དེ་ཡང་རེས་ནགས་ཚལ་གྱི་དབུས། རེས་རི་བོའི་རྩེ། རེས་ན་མཁའི་མཐོངས། རེས་རྒྱ་མཚོའི་ནང་དུ་བཤད་སྟེ་ཐོག་མར་བོད་ཏུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག །ཚང་ཞིང་རྫོགས་པའི་རྟགས་སུ་རྩལ་ཆེན་སྤྲུགས་པ། དེ་བཞིན་དུ་བསམ་གཏན་སྟོན་པ་ཐིག་ལེ་དྲུག་པ། ཐེག་པ་ཐམས་ཅད་ཀྱི་ལྟ་སྐྱོང་ཁོངས་སུ་ཆུད་པ་ཁྱུང་ཆེན་ཐེག་པ། ཐམས་ཅད་ལས་ཁྱད་འདོན་པ་མི་ནུབ་རྒྱལ་མཚན་སྟེ་ཆེ་བ་ལྔ། གྲུབ་མཐའ་ཐམས་ཅད་འདུས་པ་ཡིད་བཞིན་ནོར་བུ། ཆོས་དང་གང་༼ཐ༢༩བ༽ཟག་གི་ཆེ་བ་དབྱུང་བ་ཆེ་བཙན་དམ་པ། ཐེག་པ་གོང་འོག་གི་སྐྱོན་ཡོན་འབྱེད་པ་སྤྱི་སྦྱོང་རྒྱལ་པོ་ཤེས་རབ་གསུམ་ལ་བསྟེན་པ་ཀུན་འདུས་རིག་པ་སྟེ་ཆུང་བ་བཞི། གདམས་པ་ལ་རགས་པར་སྟོན་པ་བདེ་འབྱམས། འབྲས་བུ་སྐུ་གསུང་ཐུགས་སྟོན་པ་སྲོག་གི་འཁོར་ལོ། དཔེ་དོན་རྟགས་གསུམ་སྟོན་པ་སེམས་ཏི་ཀྲ་དང་ན་མཁའ་རྒྱལ་པོ་སྟེ་འབྲིང་བཞི། དྲང་ངེས་དབྱེ་བ་བདེ་བ་ཕྲ་བཀོད། ཐེག་པའི་ཤན་འབྱེད་པ་སྤྱི་ཆིངས་རིགས་པ་དང་མི་འགལ་བ་རྡོ་ལ་གསེར་ཞུན། སྤྱོད་པ་དང་དམ་ཚིག་སྟོན་པ་རྩེ་མོ་བྱུང་རྒྱལ་སྟེ་ཆེ་བའི་ཕྱོགས་བཞི། འཆལ་པ་ཚར་གཅོད་པ་རྨད་བྱུང་བཤད་སྟེ་སེམས་སྡེ་བཅོ་བརྒྱད་ཏོ། །དེའི་ཚེ་བཻ་རོས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་ཆོས་ཐོས་ཏེ་བཻ་རོ་ཙ་ནར་མིང་བཏགས་སོ། །

སྤྱིར་སད་མི་བདུན་རབ་ཏུ་བྱུང་ཚེ་བཻ་རོ་ཙ་ན་རཀྵི་ཏ་ཞེས་རྣམ་སྣང་སྲུང་བའམ་རྣམ་སྣང་འཚོར་མིང་བརྗེས་པ་ཡིན་ཀྱང་སླར་ཡང་རྣམ་པར་སྣང་མཛད་ཉིད་ཏུ་བཏགས་པའོ། །དེས་ལེགས་གྲུབ་ཚིམ་སྟེ་རྒྱལ་པོ་ལ་ངོ་སོ་འདོད་པས་བོད་ཏུ་སོང་བ་གཅན་འཕྲང་བས་བསད་ཏོ། །བཻ་རོ་ཙ་ན་མ་ཚིམ་སྟེ་ཡིད་མི་བདེ་བར་འདུག་པ་ན་བླ་མས་ཁྱོད་ནའམ་གསུངས་ཏེ། མཐོང་སྟེ་མ་ཕྲད་རང་སེམས་ན། །མྱངས་ཏེ་མ་ཚིམ་རང་སེམས་ན། །ནད་གཞིལ་སེམས་སྡེ་བཅོ་བརྒྱད་པོས། །གདེང་མ་རྙེད་པར་འདོད་པ་རྙེད། མཐར་ཕྱིན་གྱི་སྨན་ཞིག་ང་གཏོང་འཚལ། །ཞུས་པས། ངས་ཐམས་ཅད་བསྟན་ཟིན་ན་ཁྱོད་ཅི་ལ་བརྡུགས་གསུང་བ་ན། ལྟ་བ་ཕྱོགས་རིས་མེད་པ་དེ། །ལས་དང་རྟོག་པའི་འཕྲང་ལ་བརྡུགས། །སྤྱོད་པ་བླང་དོར་མེད་པ་དེ། །འདོད་རྩོལ་གཉིས་ཀྱི་འཕྲང་ལ་བརྡུགས། །ལམ་ལ་སྒྲོད་ཏུ་མེད་པ་དེ། །༼ཐ༣༠ན༽ལུང་དང་རིགས་པའི་འཕྲང་ལ་བརྡུགས། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །བག་ཆགས་སྟུག་པོའི་འཕྲང་ལ་བརྡུགས། །དུས་གསུམ་སངས་རྒྱས་དགོངས་པ་དེ། །བྱིང་རྒོད་གཉིས་ཀྱི་འཕྲང་ལ་བརྡུགས། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ། །བརྡ་དོན་ཕྲད་པའི་འཕྲང་ལ་བརྡུགས། །རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ། །བརྡ་དོན་དབྲལ་བའི་འཕྲང་ལ་བརྡུགས། །སངས་རྒྱས་སྤྱོད་ཡུལ་རང་དབང་དེ། །སྤྱི་བླུགས་ཚངས་པའི་དབང་ལ་བརྡུགས། །ཆ་ལ་སེམས་སྡེ་བཅོ་བརྒྱད་པོས། །འཕྲང་བརྒྱད་སྐྱེལ་མ་མ་ཤོགས་པས། །བདག་རང་བཻ་རོ་ཙ་ན་ཡང༌། །ཡུལ་དུ་འགྲོ་བ་འཕྲང་ལ་བརྡུགས། །ཞུས་པས་སློབ་དཔོན་གྱིས་ཀྱང་ཁྱད་པར་བ་སྟོན་པར་དགོངས། པཎ་ཆེན་རྣམས་ཀྱི་རྨི་ལམ་གཉིས་པ་ལོག་སྟེ་ཆུ་ཐམས་ཅད་བོད་ཏུ་བབ་པ་དང་རྩི་ཤིང་ཐམས་ཅད་བོད་ཏུ་སོང་བ་སོགས་རྨིས། རྒྱུད་སྡེ་དྲུག་བཅུ་དང་དབང་མན་ངག་གནང༌། ཁྱད་པར་དུ་འབྲས་བུ་རང་ཆས་སུ་སྟོན་པ་རྒྱ་མཚོའི་ཀློང་བསྟན་པས་རྟོགས་པའི་མཐར་ཕྱིན་ཀྱང་སྒྲོ་འདོགས་གཅོད་པའི་ཕྱིར། སྐུ་གསུམ་སྟོན་པ་མཆོག་གི་སྲས། །ཐམས་ཅད་མཁྱེན་པ་བདག་གི་ཕ། །བློ་ཡི་རེ་དོགས་བཅད་པའི་ཕྱིར། །དབུ་སྨྱུང་བཞེས་པའི་ཆོས་ཤིག་ཞུ། །བྱས་པས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང༌། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སིདྡྷི་ཀན། །གསུང་ངོ༌། །

དེ་ནས་བླ་མའི་ཞལ་ནས་གདམས་པ་འདི་ལ་བཙའ་ལུགས་གསུམ་བྱིན་པ་བཞིན་མི་སྦྱིན་པ་བཞི་ཡོད་སྟེ་འཁོར་འདས་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་མིག་འབྲས་ལྟར་བཙའ། ཐེག་པ་ཀུན་གྱི་བཅུད་ཡིན་པས་ཁོང་སྙིང་ལྟར་བཙའ། ༼ཐ༣༠བ༽ཆོས་ཀུན་གྱི་རྩ་བ་ཡིན་པས་སྲོག་ལྟར་བཙའོ། །དད་ལྡན་འཇམ་རིང་ཡུན་བརྟེན་ལ། །དཔེ་དང་འགྲེལ་ཊཱིཀ྄་མན་ངག་རྣམས། །གྲངས་བཏབ་བསྡེབས་ཏེ་བྱིན་པར་བྱ། །དཔུང་བཟང་ཡུན་རིང་སྣོད་ལྡན་ལ། སྦ་སྲི་མེད་པར་ཚང་བར་བྱིན། །དད་པ་ཅན་ལ་མི་ཞུ་ཡང༌། །ནན་གྱིས་བྱིན་ཞིང་གཏད་གཉེར་བྱ། །དད་ཅན་ཤེས་རབ་ཆུང་བ་ལ། །ཡིད་དང་སྦྱར་ལ་བྱིན་པར་བྱ། །ཁོང་ཁྲོ་ཆེ་ཞིང་དད་མེད་ལ། །ཚིག་འགས་བྲིད་ལ་མི་སྦྱིན་བསྐྲད། །དད་བརྩོན་ཤེས་ཆུང་ཚིག་ལ་དགའ། །བཤད་རིངས་དཔེ་འགྲེལ་འདོད་པ་ལ། །ཕྱོགས་ཙམ་གྱིས་བྲིད་མི་སྦྱིན་བསྐྲད། །མི་སྒོམ་ཡི་གེར་བྲི་རིངས་ལ། །ཆོས་གཞན་གྱིས་བྲིད་མི་སྦྱིན་བསྐྲད། །ནོར་ཕྱིར་ཆོས་འཚོལ་དད་མེད་རིགས། །དང་པོ་ཉིད་ནས་བརྟགས་ཏེ་སྤང༌། །འོན་ཀྱང་བོད་ཀྱི་རྒྱལ་པོ་ལ་སྟོན་ཅིག་གསུངས་ནས་རྗེས་སུ་གནང༌། དགའ་རབ་རྡོ་རྗེ་དང་མཇལ་བར་ལུང་བསྟན་ནས་བཙལ་བས་མཁའ་འགྲོས་ཨོ་རྒྱན་དུ་སོང་ཞིག་པར་ལུང་བསྟན་ཏེ་ཨོ་རྒྱན་གྱི་དུར་ཁྲོད་ཏུ་འོད་ཀྱི་ཁྱེ་ཆུང་དུ་བཞུགས་པ་དང་མཇལ། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་བཅུ་བཞི་བསྟན་ཏེ་ན་མཁའ་ལ་འོད་ཏུ་ཡལ། སླར་ཤྲཱི་སིངྷའི་དྲུང་དུ་འོངས་པས་སློབ་དཔོན་གྱི་ཞལ་ནས། རང་སེམས་ཡེ་ཤེས་རྡོ་རྗེ་འདི། །ཡོད་མེད་དབུས་སུའང་མི་དམིགས་ཅིང༌། །རྟག་ཆད་མཐའ་ལ་མི་གནས་པ། །སྒྲོ་སྐུར་མེད་པའི་ཆོས་ཉིད་ལ། །བླང་དོར་མེད་པར་བློ་བཞག་སྟེ། །འདི་ཞེས་སྒོམ་པའི་འདུ་ཤེས་བྲལ། །དེ་ནི་དགོངས་པའི་མཐར་ཐུག་གོ །སེམས་ནི་སངས་རྒྱས་ཀུན་གྱི་དངོས། །སེམས་ཀྱིས་སེམས་ལ་ལྟ་བ་ན། །སེམས་ཀྱི་སྐྱོན་དང་གོ་ས་བརྟག །དེ་ནས་ཉམས་དང་དྲོད་ཚད་སྐྱེ། །རང་སྣང་དཀྱིལ་འཁོར་རང་ལ་འཆར། །༼ཐ༣༡ན༽སེམས་ནི་ཁ་དོག་ཅིར་མི་དམིགས། །དབྱིབས་ཀྱི་རྣམ་པ་གང་ཡང་མེད། །སེམས་ནི་རྒྱུད་ལས་མ་སྐྱེས་ཏེ། །རྐྱེན་གྱིས་རྣམ་པར་འཇིག་པ་མེད། །ཐོག་མར་མ་བྱུང་མཐར་མི་འགྲོ། །དུས་གསུམ་ཀུན་དུ་སྟོང་ཞིང་དབེན། །འདི་འདྲ་ཞེས་སུ་བསྟན་དུ་མེད། །བདག་གཞན་གཟུང་འཛིན་བཏང་སྙོམས་དང༌། །རྒྱུ་རྐྱེན་གང་གིའང་སྤྱོད་ཡུལ་མིན། །བྱིང་རྒོད་གཉིས་པོ་འདི་ལ་མེད། །ཇི་བཞིན་པ་ཡི་ངང་དུ་ཞོག །ཡིག་འབྲུ་ཕྱག་མཚན་སྐུར་མི་དམིགས། །སྒྲ་དང་ཚིག་ལས་འདས་པར་བསྒོམ། །སྙམ་བྱེད་བློའམ་འཇིགས་པའི་བློ། །ཀུན་ལ་རེ་དོགས་མེད་པར་བཞག །ཅིར་ཡང་རྟོག་པར་མི་བྱའོ། །སྟོང་པའི་ངང་ལས་མ་གཡོས་ན། །དབུགས་ཀྱི་རྒྱུ་བ་མི་ཚོར་ཞིང༌། །ཕུང་པོ་ཡོད་པར་མི་མངོན་ཏེ། །ན་མཁའ་སྟོང་པའི་ངང་ཉིད་ལས། །རིག་པ་ཡེ་ཤེས་ཤར་བའི་དྲོད། །སྐར་མའི་འོད་འདྲ་ཀློག་འབྱུང་འདྲ། །ཉི་མ་ཤར་བའི་འོད་འདྲར་གསལ། །གཅིག་གོ་ཀུན་རྫོགས་མན་ངག་ཡིན། །ཞེས་གནད་ཀྱི་ཞལ་ཆེམས་ཐུགས་ཀྱི་མཛོད་བཏོལ་ཏེ་རླུང་གིས་ཀྱང་ཐོས་སུ་མི་རུང་བར་མཛད་ནས་བཻ་རོ་ཉིད་ལ་གདམས་ཏེ་སློབ་དཔོན་འོད་ཏུ་ཡལ་བའི་ཚེ་རྐང་མགྱོགས་གྲུབ་པའི་མཆོག་ཀུ་མ་ར་དང་ཀུ་ཧ་ར་དྷཱ་ཏུ་བྱ་བ་གཉིས་ཡོད་པ་ལས་བཻ་རོས་ཀུ་མ་ར་དང་གྲོགས་པོར་བྱས་གསེར་བྱིན་ནས་རྐང་མགྱོགས་བསླབས་པས་གཏན་གྱི་རྐང་མགྱོགས་ཕས་བུ་ལ་ཡང་མི་སྟེར་བས་བོད་ཏུ་མ་སླེབས་བར་གྱི་རྐང་མགྱོགས་བྱིན་ནོ་ཟེར་ནས་ཅུང་ཟད་བྱིན་ཏེ་རེ་མ་ཏིའི་རྐང་མགྱོགས་བསྒྲུབས་པས་སྤྱིར་གླག་གཟན་ལ་འཇུམས་པ་ལྟར་མགྱོགས་པ་ཡོད་ཀྱང་གོ་བོ་རི་རྩིབས་གཅོད་པ་བཻ་རོས་གྲུབ། རྐྱང་མགྱོགས་ཀི་གཙོ་བོ་གཅིག་ཤོས་ལ་ཡང་རྔན་པ་བཅུག་སྟེ་བོད་མི་མ་མཐོང་གནོད་སྦྱིན་ཤ་བའི་རུ་ཅན་སོང་ངོ་བར་སྒྲོགས་སུ་༼ཐ༣༡བ༽བཅུག་སྟེ་ཆས་དེ་ལྟ་བུར་ཞུགས་ཏེ་བྱོན། ལམ་དུ་ཡང་སྐལ་ལྡན་འགའི་དོན་མཛད། བོད་ཏུ་མྱུར་བར་ཕེབས་ཏེ་རྒྱལ་པོས་ཞབས་མཐིལ་གཙུག་དུ་བླངས་པས་རྒྱལ་པོ་ལ་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་དང་མཚན་མོ་རྫོགས་པ་རྩོལ་མེད་ཀྱི་ཐེག་པ་བསྟན། བཻ་རོ་བོད་ཏུ་ཞལ་ཕྱོགས་ནས་བྱོན་པའི་ནུབ་ནས་བཟུང་སྟེ་རྒྱ་གར་བའི་རྨི་ལྟས་གསུམ་པ་ལོག་པས་མན་ངག་གི་ཆོས་བོད་ཏུ་ཤོར་བར་ཤེས་ཏེ་རྡོ་རྗེ་གདན་དུ་བལྟས་པ་ན་རྒྱ་རུ་སྤོད་ཞིག་ཅིང་ཆོས་མ་ཚང་བར་ཤེས་པས་རྒྱལ་པོ་དང་པཎྜི་ཏ་གཅིག་ལ་གཅིག་ཡིད་མ་འཆེས་ཏེ་རྒྱལ་པོས་པཎྜི་ཏ་རྣམས་ལ་གསངས་ནས་རྡོ་རྗེ་གདན་དུ་བལྟས་པ་ན་རྒྱ་རུ་སྤྲོད་ཞིག་ཞིང་ཆོས་མ་ཚང་བར་མེད་པས་རྒྱལ་པོ་དང་པནྜི་ཏ་གཅིག་ལ་གཅིག་ཡིད་མ་ཆེས་ཏེ་རྒྱལ་པོས་པཎྜི་ཏ་རྣམས་ལག་སངས་ནས་རྡོ་རྗེ་གདན་ནམ་ཨ་སུ་ར་གསང་བའི་བྲག་ཕུག་གམ་བྱ་རྒོད་ཕུང་པོར་སྦས་སམ་ཡང་ཟེར་སྟེ་མི་སྣང་བར་བྱས། བོད་ཐེ་ཚོམ་སྐྱེད་ཕྱིར་ཕྲ་མེན་གྱི་ངག་སྔགས་ཁྱེར་སོང་བས་བོད་མི་བརླག་པའི་ཐབས་གྱིས་ཞེས་རྐང་མགྱོགས་པ་བཏང་སྟེ་རུ་བཞི་ཐམས་ཅད་ཏུ་བསྒྲགས་པས་བོད་བློན་རྣམས་ཀྱིས་གཅུགས་ལ་ཉན་ཏེ་འདི་མི་གསོད་ན་རྒྱལ་ཁྲིམས་བཤིག་པར་བགྲོས་ཏེ་རྒྱལ་པོ་ལ་གསོལ་བ་བཏབ། བཙུན་མོ་ཚེ་སྤོང་བཟས་ཀྱང་བཻ་རོ་ཙ་ན་སླུ་བར་མ་ཚུགས་པའི་སེམས་ནད་བྱས་ཏེ་བློན་པོ་རྣམས་བསླད། རྒྱལ་པོ་ལ་ནན་གྱིས་ཞུས་པ་ན་ཐབས་མ་རྙེད་ནས་བསད་པར་ཞལ་གྱིས་བཞེས་ཏེ་སྤྲང་པོ་ཞིག་ལ་བཻ་རོའི་ཆས་བཅོས་ནས་མི་རྣམས་ཀྱིས་མ་སླེབས་ཙམ་ལ་ཟངས་སུ་བཅུག་སྟེ་ཆུར་བསྐུར། གདན་ཁྲིའི་འོག་དུ་གནམ་སྒོ་སྔོ་ཐེམ་ཅན་ལས་བབས་པར་བཻ་རོ་བཞུགས་ཏེ་རྒྱལ་པོས་ནམ་ཕྱེད་ན་ཆོས་ཉན་པ་ལས་ནང་འཁོར་བ་ཞིག་གིས་མཐོང༌། དེ་ནས་རྒྱལ་པོའི་གདུགས་ཁང་བྱ་བའི་ཕྱིར་ཀ་བ་ཁོང་སྟོང་སྒོ་ཅན་དུ་བྱས་པར་སློབ་དཔོན་བཞུགས་ན་བཙུན་མོས་ཤེས་ཏེ་བློན་པོ་རྣམས་ལ་བསྙད་སྟེ་བོད་འབངས་སྤྱིས་ནན་གྱིས་གསོལ་བས་ཐབས་མ་རྙེད་སྟེ་སྤྱུག་པར་ཞལ་གྱིས་བཞེས། སློབ་དཔོན་གྱིས་ཀྱང་ཚ་བ་རོང་དུ་སྔོན་གྱི་༼ཐ༣༢ན༽ལས་འབྲེལ་ཞིག་ཡོད་པས་དེར་འགྲོའོ་གསུངས་ནས་རྒྱལ་བློན་ཐམས་ཅད་ཀྱིས་བསྐྱལ། དཀའ་བ་བཅོ་བརྒྱད་ལ་སོགས་པའི་མགུར་མང་པོ་མཛད་སྟེ་གཤེགས། རྒྱལ་མོ་རོང་པའི་ཡུལ་མི་རྣམས་ཀྱིས་བོད་ཀྱི་རྟོག་ཆེན་པར་དོགས་ནས་སྦལ་དོང་དུ་ཞག་བདུན་དང་ཤིག་སྣ་ཚོགས་པའི་དོང་དུ་ཞག་བདུན་བསྐྱུར། སྐྱེ་བ་མང་པོའི་གོང་དུ་ཡུལ་དེའི་ནེ་ལེར་གྱུར་ཚེ་སྦལ་པ་བཟོས་པ་དང༌། ཡུལ་དེར་དགེ་སློང་ཞིག་དུ་གྱུར་ཚེ་ཤིག་དོར་བ་བྱས་ཟོས་པའི་རྣམ་སྨིན་གྱི་མཐའ་མར་ཞལ་གྱིས་བཞེས་ཏེ་དགེ་སློང་པུརྞའི་སྔོན་གནས་དྲན་པ་གསུངས་པས་གྲུ་དང་མདོ་གཞེར་ལ་སོགས་པ་རྒྱལ་བློན་རྣམས་ཀྱིས་རྒྱལ་པོའི་མེས་སུ་གཏོགས་པའི་དགེ་སློང་པུརྞ་ཡིན་པར་ཤེས་ནས་བཤགས་པ་དང་བཀུར་སྟི་བྱས། ཐུགས་མི་བདེ་བ་ལྟར་མཛད་པའི་རྒྱུ་དྲིས་པས་ང་སྤྱུགས་པའི་རྐྱེན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདི་ཙམ་ན་འགྲོངས་པར་འདུག་པས་དེས་མི་དགའ་གསུངས་ཏེ་འདི་ལ་ཟླ་བ་གསུམ་དང་དྲུག་དང་ལོ་གསུམ་དང་ལོ་སྐོར་གཅིག་ཟེར་བ་སོགས་ཡི་གེ་མི་འདྲ་བ་སྣ་ཚོགས་འདུག །འོན་ཀྱང་རྒྱལ་པོ་དེའི་སྲས་གཡུ་སྒྲ་སྙིང་པོ་མ་དད་ནས་བུ་གཅིག་ཤི་བའི་ཕ་མ་དང་རྒན་རྒོན་འཆིར་གཏུགས་པ་དང་སྐྱེས་པ་བུད་མེད་ལང་ཚོ་ཅན་རྩེ་བ་རྣམས་རིམ་པར་བཏང་སྟེ་ཆོས་བྱས་ན་བུ་དང་ཕྲད་དམ། རྒས་པ་གཞོན་ནུར་ལྡོག་གམ། རྩེ་དགའ་འདི་ལས་ལྷག་པའི་བདེ་སྐྱིད་ཆོས་ལ་ཡོད་ཏམ་བྱ་བ་རིམ་པས་འདྲིར་བཅུག་པས། བུ་བས་རང་ཉིད་ཀྱང་འཆི་བ་དང༌། རྒས་དུས་ཆོས་དྲན་ཀྱང་འཕྱིས་པ་དང༌། ཐམས་ཅད་མི་རྟག་པ་རྣམས་རིམ་པར་གསུངས་པས་དེ་དག་ཀྱང་དད་ཅིང་གཡུ་སྒྲ་ཡང་ཅུང་ཟད་དད་ནས་འོག་རྟ་ཕུལ་ཏེ་ཆོས་ཞུས་པས་མ་གནང་བ་དང༌། ཡང་ཁྲུས་ལ་གདན་དྲངས་ནས་ཆུའི་ནང་དུ་གདམས་པ་མི་གནང་ན་ཆུ་ལ་བཀྲོང་ངོ་ཞེས་བསྡིགས་པས། ཡོན་དང་དད་པ་གཉིས་མེད་པར། །༼ཐ༣༢བ༽ནན་ཚིར་བྱས་པས་ཆོས་འཁུགས་སམ། །འཆི་ན་གཉི་ག་འཆི་མེད་སྟེ། །ང་ཤི་འོག་མིན་གནས་སུ་འགྲོ། །ཁྱོད་ཤི་ངན་སོང་གསུམ་དུ་འགྲོ། །ཁྱོད་ཀྱིས་ཕོད་ན་ང་ཡིས་ཕོད། །གསུངས་པས་སྐྲག་སྟེ་བཟོད་གསོལ་བྱས། །ཡང་དཔེ་ཆ་བརྐུས་ནས་ཀུན་བྱེད་ཀྱི་རྒྱུད་བྲིས་ཏེ་ང་ལ་ཡང་ཆོས་ཡོད་ཟེར་བས། རྡོ་རྗེ་སེམས་དཔའ་དགའ་རབ་འཇམ་དཔལ་གྱི། །ཞལ་ནས་གསུངས་པའི་མན་ངག་ངེས་པའི་དོན། །རྒྱལ་བའི་དགོངས་པ་ཤིན་དུ་གཏིང་ཟབ་ལ། །ཡིག་ནག་ཚིག་གིས་བྱང་ཆུབ་རྙེད་པ་མིན། །ཞེས་གསུངས་པས་དད་པ་དྲག་དུ་སྐྱེས་ཏེ་ངུས་ནས་རྗེས་སུ་བཟུང་བར་ཞུས་པས་རྒྱུ་འབྲས་ཀྱི་ཆོས་གསུངས་པས་མ་ཚིམ་སྟེ་ཚེ་འདིར་འཚང་རྒྱ་བའི་གདམས་པ་ཞུས་པས། ལུས་ཀྱི་སྒོ་ནས་བྲན་གཡོག་ཅི་དགོས་བྱེད་པ། བླ་མའི་སྐུ་དགྲ་འདུལ་བ། ཕྱག་སྐོར་གྱིས་སྒྲིབ་པ་སྦྱོང་བ་སྟེ་ལུས་ཀྱི་སྦྱང་བ་གསུམ། ངག་གིས་ཞེ་ས་དང་གསོང་པོར་སྨྲ་བ། སྐུ་དགྲ་ལ་དྲག་སྔགས་ཀྱི་སྨོད་པ་འབེབས་པ། རྟག་དུ་གསོལ་བ་འདེབས་པ་སྟེ་ངག་གི་སྦྱང་བ་གསུམ། ཡིད་ཀྱིས་རྟག་དུ་བླ་མའི་རྣལ་འབྱོར་སྒོམ་པ། ཅི་གསུངས་མོས་པས་སྒྲུབ་པ། ལུས་ལོངས་སྤྱོད་ཐམས་ཅད་འབུལ་བ་སྟེ་ཡིད་ཀྱི་སྦྱང་བ་གསུམ་དང་དེ་ལྟར་སྦྱང་བ་དགུ་ཁྱིམ་དང་ཉེ་འབྲེལ་སྤོང་བར་ཕོད་པ་སོགས་ཕོད་པ་བཅུ་གསུམ་བྱེད་ནུས་ན་བསྟན་ནོ་ཞེས་གསུངས་པས་ཅི་གསུང་སྒྲུབ་པར་དམ་བཅས་པ་ན། འོ་ན་ཨོ་རྒྱན་གྱི་ཡུལ་རྡོ་རྗེའི་གདན་རྣམས་སུ་སོང་ལ་དགའ་རབ་རྡོ་རྗེ་དང་མཁས་པ་ཉེར་ལྔ་རྣམས་ལ་གསེར་འདི་འབུལ་དུ་སོང་ཞིག་དེ་རྣམས་ཀྱི་གདམས་པ་ངས་གདབ་བོ་ཞེས་གསེར་མང་པོ་བསྐུར་བ་དང་བཀའ་ཉན་ཏེ་ཨོ་རྒྱན་དུ་འགྲོ་ཁར་ཁོང་རང་གི་ཡབ་ཡུམ་བློན་འབངས་དང་བཅས་པས་ཨོ་རྒྱན་དུ་ཕྱིན་རུང་དགའ་རབ་རྡོ་རྗེ་མི་རྙེད། དེ་བས་སློབ་དཔོན་བཻ་རོ་༼ཐ༣༣ན༽ཉིད་ལ་གཏུགས་པ་བཟང་ཟེར་ནས་གྲོས་བཏབ་པས་སྲོག་ལ་བབ་ཀྱང་བླ་མའི་བཀའ་སྒྲུབ་ཟེར་ནས་འགྲོ་བར་ཆས་པའི་ཚེ་སློབ་དཔོན་གྱི་ཞལ་ནས་ཁྱོད་སྟེ་ཙམ་དུ་བླ་མའི་བཀའ་སྒྲུབ་ན་ཨོ་རྒྱན་དུ་འགྲོ་མི་དགོས། འདི་ཉིད་ཏུ་རྗེས་སུ་བཟུང་གིས་ཉམས་སད་བྱས་པ་རྣམས་ལ་བཤགས་པ་གྱིས་ཤིག་ཅེས་གསུངས་ནས་གཡུ་སྒྲས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ཏེ་གདམས་ངག་དུ་མ་གནང༌། སྤྱིར་ཡི་གེ་སྔ་ཞིང་བར་དུ་ཡིག་མཁན་གྱི་སྐྱོན་བརྒྱུད་པ་དུ་མ་དང་པདྨ་དཀའ་ཐང་དང་སྲེ་བ་ལ་སོགས་པ་སྲེ་བསླད་མི་འདྲ་བ་མང་དུ་སྣང་བས་འདྲ་འབག་ལྷད་གཏན་མེད་དེང་སང་མི་རྙེད་པར་སྣང་ཡང་ལྷད་ཅན་གྱི་གསེབ་ནས་ལྷད་མེད་ཀྱི་དོན་གོ་བར་སྣང་ལ། དེས་ན་ཁ་ཅིག་རྒྱལ་མོ་གཡུ་སྒྲ་སྙིང་མོ་ཞེས་རྟེན་རྒྱལ་པོའི་སྲས་མོར་འདོད་པ་དང༌། ཡང་རྒྱལ་པོའི་སྲས་པོ་ཡིན་པ་ལ་བཻ་རོས་དོང་ནས་ན་མཁའ་ཆེའི་རྒྱུད་ཁ་ཐོན་མཛད་པ་བློ་ལ་ཟིན་ནས་ཕྱིས་བཻ་རོས་ཡབ་ཡུམ་ལས་བསླངས་བྱ་བ་དང༌། གཙང་ལེགས་གྲུབ་ཀྱི་སྐྱེ་བའི་སྤྲང་ཕྲུག་དུ་འདོད་པ་དང༌། དེ་ཡང་བུད་མེད་ཏུ་འདོད་པ་སོགས་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་པ་དང༌། ཉམས་སད་བྱས་པ་དང༌། མཁས་པར་གྱུར་ནས་བཱི་མ་ལ་བསམ་ཡས་སུ་བྱོན་པའི་དུས་རྒྱལ་བློན་ལ་ལ་ཡོགས་དོར་དུ་བཏང་ནས་བོད་འབངས་ཐམས་ཅད་འགྱོད་སྟེ་སྐྱེ་བ་སྔ་ཕྱི་དྲན་པས་བྱང་ཆུབ་སེམས་དཔའ་ཡིན་ཡང་དག །མན་ངག་གི་ཆོས་ཁྱད་པར་ཅན་རྙེད་པས་སྤྲུལ་སྐུ་ཡིན་ཡང་དག་སོགས་ལྷའི་སྤྱན་ཐོབ། རྐང་མགྱོགས་གྲུབ། བཟོད་པ་ཐོབ་བདེན་པ་མཐོང༌། སྒྲིབ་གཉིས་བྱང༌། སངས་རྒྱས་ཀྱི་སྤྲུལ་པ་སྟོན་པའི་ཞལ་སྐྱིན་ས་བརྒྱད་པ་ཐོབ་པ་ཡིན་ཡང་དག་ཞེས་བཻ་རོ་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ཕུལ་ནས་བཻ་རོ་སྤྱན་འདྲེན་དུ་༼ཐ༣༣བ༽བཏང་བས་ཐུགས་གཏིང་ནས་མཉེས་ཏེ་གདམས་ངག་ཚང་སྤྲུགས་སུ་དེར་རྫོགས་པ་འདི་དག་པར་སྣང་ལ། བཱི་མ་ལ་བོད་ཏུ་བྱོན་པ་ཡང་ཆོས་རྒྱལ་ཁྲི་སྲོང་གི་དུས་དང་མུ་ནེ་བཙན་པོའི་དུས་དང་སད་ན་ལེགས་ཀྱི་དུས་ཡིན་པར་བཤད་པ་གསུམ་སྣང་ཡང་སད་ན་ལེགས་རྒྱལ་པོར་གྱུར་ནས་མུ་ནེ་བཙན་པོའི་གཤིད་མཛད་དུས་བཱི་མ་ལ་བྱོན་པ་དང༌། གཙང་ལེགས་གྲུབ་ཀྱི་སྐྱེ་བ་ནི་ཕྱིས་བཻ་རོ་ལི་ཡུལ་དུ་སྤྱན་འདྲེན་པ་མོ་ལི་བཟའ་ཚུལ་ཁྲིམས་སྒྲོལ་མར་བཤད་པའི་ཕྱོགས་འདི་དག་པར་སྣང་ངོ༌། །

སློབ་དཔོན་བཻ་རོས་ཀྱང་རྒྱ་ནག་དུ་བྱོན་ཏེ་གྲུབ་ཐོབ་དང་མཁའ་འགྲོ་མ་རྣམས་དང་དགོངས་ཉམས་བསྡུར། ཁམས་སུ་ཡང་གཞན་དོན་མཛད། སླར་བོད་ཏུ་བྱོན་པའི་ལམ་དུ་ཙངས་མི་ཕམ་མགོན་པོ་ལོ་བརྒྱ་ལོན་པ་ཅིག་ལ་རྒད་པོ་མཛུབ་ཚུགས་ཀྱི་གདམས་པ་བཏབ་པས་ཅིག་ཅར་དུ་གྲོལ་ཏེ་རང་རྒྱལ་གྱི་ལུས་ཀྱི་བཀོད་པར་བཤད་པ་དེ་ཡིན། བོད་ཏུ་བྱོན་ནས་རྒྱལ་བློན་ཐམས་ཅད་ལ་ཆོས་གསུངས། སླར་ལི་ཡུལ་དུ་གཤེགས་ཏེ་ཕྱིས་བ་སིང་གི་ནགས་སུ་འོད་ཀྱི་སྐུར་ཡལ་ལོ། །གཡུ་སྒྲས་ཀྱང་པངས་སངས་རྒྱས་མགོན་པོ། རྒྱ་བློ་གྲོས་གཞོན་ནུ། སྦས་རྡོ་རྗེ་རྒྱལ་མཚན་སོགས་སྨིན་གྲོལ་དུ་བྱས་སོ། །ཡར་ལུངས་པ་སྙགས་ཛྙ་ན་ཀུ་མ་རས་བཱི་མ་ལ་དང་བཻ་རོ་དང་གཡུ་སྒྲ་སྟེ་གསུམ་ག་ལ་བསྟེན་ནས་བླ་མ་སོ་སོ་ལས་ཀྱང་ང་རང་མཁས་སྙམ་པའི་བློ་ལན་གསུམ་སྐྱེས་པས་གསོད་ངེས་ཀྱི་བཙོན་དུ་ལན་གཉིས་ཚུད། ཕྱིས་སྦྲུལ་ཆེན་པོ་ཅིག་གིས་རྐེ་ལ་འཁྲིལ་བ་ལ་སོག་པོ་དཔལ་གྱི་ཡེ་ཤེས་ཀྱིས་ལུས་སྲོག་དང་བསྡོས་ནས་ཐར་བར་བྱས། སྦྲུལ་གྱི་མགོ་ནས་ཟོས་པས་གདམས་ངག་རྫོགས་པར་གནང་སྟེ་འདི་སྔོན་མགར་བ་བེག་ཙེ་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་ཅིག་སྣོད་ལྡན་དུ་མཁྱེན་ནས་གདམས་ངག་གིས་ཁ་བྲིད་སྟེ་སོག་པོ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས་པ་ཡིན། དེ་ལ་སྣུབས་སངས་རྒྱས་རིན་པོ་ཆེས་ཞུས་སོ། །

ཤྲཱི་སིངྷ་དང་༼ཐ༣༤ན༽དགའ་རབ་རྡོ་རྗེ་སོགས་བཻ་རོ་ཙ་ན་དང་དུས་མི་མཚུངས་སོ་སྙམ་དུ་དོགས་པར་མི་བྱ་སྟེ་གྲུབ་ཆེན་དེ་རྣམས་ནི་སྐལ་ལྡན་ལ་ད་ལྟར་ཡང་མཇལ་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་སེམས་ཕྱོགས་ཀྱི་བཀའ་བབས་གཉིས་བཤད་ནས་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ལས་ཇི་ལྟར་བྱུང་བ་ནི། སྤྱིར་ཐང་ཡིག་ལེའུ་བརྒྱ་དང་གཅིག་པར་འདོད་པ་ཚིག་བཅད་ལྷུག་གཉིས་སྣང་བ་འདི་ལ་ལྷད་ཧ་ཅང་མང་ཆེས་པས་བདག་གིས་མཐོང་བ་ཁོ་ན་ཡང་མི་འདྲ་བ་ལྔ་བཅུར་ཟིན་པ་སྣང་བས་ཡིད་རྟོན་མི་ནུས་པར་སྣང་ལ། འོན་ཀྱང་སྐྱེ་བོ་མ་བརྟགས་པར་འཇུག་པ་རྣམས་ཀྱི་དད་པ་འཕེལ་བའི་རྒྱུར་སྣང་བས་འདི་རྣམས་ལ་ཡང་སྐུར་པ་གདབ་པར་མི་བྱ་སྟེ་ཆོས་བསྟན་པའི་དགོས་པ་ནི་གདུལ་བྱ་དད་པ་ལ་འགོད་པ་ཡིན་པའི་ཕྱིར་རོ། །

དེས་ན་སྔོན་གྱི་མཁས་གྲུབ་དུ་མའི་གསན་ཡིག་ན་སློབ་དཔོན་གྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཞེས་དང༌། རྒྱས་པ་ཉང་རལ་གྱི་གཏེར་མ་ལེའུ་ཞེ་བརྒྱད་པ་ཅེས་སྣང་བས་འདིའི་ཕོགས་དག་པ་སྙམ་ལ་འདི་ལའང་ལྷད་ཅུང་ཟད་སྐབས་སྐབས་ན་ཡོད་པ་འདྲ་ནའང་ས་བོན་ཙམ་བརྗོད་ན། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མི་མངའ་ནས་དཀོར་མཛོད་སྦྱིན་པར་བཏང་སྟེ་རྒྱ་མཚོ་ནས་ཡིད་བཞིན་ནོར་བུ་ཀླུ་མོ་མཛེས་ལྡན་མ་ལས་བླངས་ཏེ་ཚུར་ལམ་དྷ་ན་ཀོ་ཤའི་གླིང་ནས་ཁྱེའུ་པདྨ་ལས་འཁྲུངས་པ་རྙེད་ཏེ་སྤྱན་དྲངས་ནས་མཚོ་སྐྱེས་རྡོ་རྗེར་མཚན་གསོལ་ཏེ་སྲས་སུ་བཟུང༌། ནོར་བུའི་མཐུས་རིན་པོ་ཆེའི་ཁྲི་སྟན་དང་ཁང་བཟང་བྱུང་ཞིང་ཟས་གོས་དང་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཚིམ་པར་བྱས། སྲས་ཀྱིས་རྒྱལ་སྲིད་སྤོང་བའི་ཕྱིར་རྩེད་མོའི་གར་མཛད་པའི་མཚོན་ཤོར་བའི་ཚུལ་གྱིས་བློན་པོའི་བུ་བསད་སྟེ་ཁྲིམས་ཀྱིས་སྤྱུགས། དུར་ཁྲོད་ཏུ་བྱོན་ཏེ་དུར་ཁྲོད་ཀྱི་རྫས་ལ་ལོངས་སྤྱོད་ཅིང་མཁའ་འགྲོ་རྣམས་དབང་དུ་འདུས་ཏེ་སྦྱོར་དགྲོལ་གྱི་སྤྱོད་པ་མཛད་པས་སྲིན་པོ་ཤ་ན་རཱཀྵར་གྲགས། ༼ཐ༣༤བ༽མཁའ་འགྲོ་མ་བདུད་འདུལ་མ་དང་ཞི་འཚོ་མས་དབང་བསྐུར་བྱིན་གྱིས་བརླབས། འཁྲུངས་སའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་གི་མཁའ་འགྲོ་བཞི་དབང་དུ་འདུས་ཏེ་ཕག་མོའི་ཞལ་མཐོང་བྱིན་གྱིས་བརླབས་ཏེ་རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་རྣམས་དམ་ལ་བཏགས་ཏེ་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། སློབ་དཔོན་པྲ་ཧ་སྟི་ལས་རབ་ཏུ་བྱུང་སྟེ་ཤཱཀྱ་སེང་གེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་མཉན་པས་དེ་ཉིད་ཏུ་ལྷ་རྣམས་ཞལ་མཐོང༌། འཇམ་དཔལ་བཤེས་གཉེན་ལ་གསོལ་བ་བཏབ་པས་ངས་ཁྱོད་འདུལ་བའི་དུས་ལ་མ་བབ་དགེ་སློང་མ་ཀུན་དགའ་མོ་ལ་དབང་ཞུས་ཤིག་གསུངས་ཏེ་མཁའ་འགྲོ་མ་གསང་བ་ཡེ་ཤེས་དགེ་སློང་མར་བསྟེན་པ་དང་མཇལ་བ་ན་ཧཱུྃ་ཡིག་དུ་བསྒྱུར་ནས་དེས་ཞལ་དུ་མིད་པདྨར་བཏོན་ནས་སྒྲིབ་པ་གསུམ་སྦྱངས་ནས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་ཕྱི་ཚེའི་རིག་འཛིན། སྤྱན་རས་གཟིགས་ཀྱི་སྒོ་ནས་ནང་ཕྱག་ཆེན་གྱི་རིག་འཛིན། གསང་བ་རྟ་མགྲིན་གྱི་སྒོ་ནས་དྲེགས་པ་ཅན་ཐམས་ཅད་འདུལ་བར་དབང་བསྐུར་རོ། །

དེ་ནས་འཇམ་དཔལ་བཤེས་གཉེན་ལས་ཕྱི་ནང་གི་ཆོས་དུ་མ་མཉན་ཏེ་འཇམ་དཔལ་གྱི་ཞལ་མཐོང༌། སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག །ཤཱཀྱ་དེ་ཝ་ལས་ཕུར་པ། ན་གཱརྫཱུ་ན་ལས་པདྨ་གསུང༌། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། རྡོ་རྗེ་མི་འགྱུར་ལས་བདུད་རྩི་ཡོན་ཏན། དྷ་ན་སཾ་སྐྲྀ་ཏ་ལས་སྲིད་པ་མ་མོ། ཤྲཱི་སིངྷ་ལས་སེམས་ཕྱོགས། གུ་ཧྱ་ཙཎྜ་ལས་དམོད་པ་དྲགས་སྔགས་རྣམས་ཚར་རེ་གསན་པས་ལྷ་སོ་སོའི་ཞལ་གཟིགས་ཏེ་བློ་ལྡན་མཆོག་སྲེད་ཏུ་གྲགས་སོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མེ་ཏོག་མནྡྷ་ར་བ་དབང་དུ་མཛད་སྟེ་རི་བོ་པོ་ཏ་ལའི་འདབས་སུ་ཁར་ཏིའི་གནས་སུ་ཚེའི་རིག་འཛིན་གྲུབ་སྟེ་ཡབ་ཡུམ་གྱི་ཚུལ་གྱིས་ཟ་ཧོར་གྱི་ཡུལ་དུ་བསོད་སྙོམས་༼ཐ༣༥ན༽ལ་བྱོན་པས་མེ་ཕུང་དུ་བསྲེགས་པ་ན་ཏིལ་མར་མཚོར་འཁྱིལ་བའི་དབུས་ན་པདྨའི་སྡོང་པོ་ལ་ཡབ་ཡུམ་བཞུགས་ཏེ་པདྨ་འབྱུང་གནས་དང་པདྨ་སམྦྷ་ཝར་གྲགས་ཅིང་ཟ་ཧོར་གྱི་རྒྱལ་ཁམས་བཏུལ། ཨོ་རྒྱན་དུ་བྱོན་ཏེ་བསོད་སྙོམས་མཛད་པས་འབངས་ཀྱིས་ངོ་ཤེས་ནས་མེར་བསྲེགས་པས་སོལ་བའི་གུར་ཁྱིམ་ན་པདྨའི་སྡོང་པོ་ལ་བཞུགས་ཏེ་སེམས་ཅན་འཁོར་བ་ལས་བསྒྲལ་བ་མཚོན་པས་ཐོད་སྐམ་གྱི་ཕྲེང་བ་གསོལ་བར་མཐོང་སྟེ་པདྨ་ཐོད་ཕྲེང་རྩལ་ཏུ་གྲགས། སྔོན་རྒྱལ་པོའི་སྲས་ཡིན་པས་པདྨ་རྒྱལ་པོར་ཡང་གྲགས་ཏེ་ཨོ་རྒྱན་གྱི་རྒྱལ་ཁམས་བཏུལ་ཏེ་རྒྱལ་པོ་འཁོར་བཅས་འོད་ལུས་སུ་ཡལ། རྒྱ་གར་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་སྣུབ་པའི་ཚེ་བྱོན་ནས་རྩོད་པ་མཛད་པས་སློབ་དཔོན་རྒྱལ། མུ་སྟེགས་ཀྱིས་མཐུ་བྱེད་པའི་ཚེ་མཁའ་འགྲོ་མ་བདུད་འདུལ་མས་བསེའི་སྒྲོམ་བུ་ཞིག་ཕུལ་ནས་བདུད་དང་མུ་སྟེགས་ཐུལ་ཅིག་པར་གསོལ་བ་ན་སྒྲོམ་བུ་ནས་སྲོག་སེར་ཐོག་དང་བཅས་པའི་ངན་སྔགས་བྱུང་ནས་ཐོག་ཕབ་སྟེ་མུ་སྟེགས་རྣམས་ནགས་སུ་བསྲེགས། ལྷག་མ་སངས་རྒྱས་པར་བཙུད་སྟེ་སེང་གེ་སྒྲ་སྒྲོག་དུ་གྲགས། རྒྱ་བལ་གྱི་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་དུ་བལ་མོ་ཤཱ་ཀྱ་དེ་ཝ་ལ་སྒྲུབ་རྟེན་མཛད་ནས་ཡང་དག་གི་སྒོ་ནས་མཆོག་བསྒྲུབས་པས་ཀླུ་གིང་པོ། གནོད་སྦྱིན་རྒོད་མ་ཁ་ཕྲ་མེན། གློག་མ་སྲིན་གསུམ་གྱིས་བར་དུ་བཅད་སྟེ་ལོ་གསུམ་དུ་ཆར་མ་བབ་པས་ནད་མུག་རྒྱས་པའི་ཚ་བར་ཆད་ཏུ་དགོངས་ནས་རྒྱ་གར་གྱི་བླ་མ་རྣམས་ལ་བར་ཆད་འདུལ་བའི་ཆོས་རྫོང་བར་ཞུས་པས་སློབ་དཔོན་པྲ་ཧསྟི་ལ་ཕུར་པའི་ཆོས་ཞུས་ཤིག་པར་གཞན་རྣམས་ཀྱིས་ལུང་བསྟན་ཏེ་པྲ་ཧསྟིས་ཕུར་པ་འབུམ་སྡེའི་ནང་ནས་དགྲ་བགེགས་འདུལ་བའི་སྐོར་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་ཞི་ཆར་བབ་ནད་མུག་ཆད། ཡང་ཕུར་གྱི་ལྷ་ཚོས་ཐམས་ཅད་ཞལ་གཟིགས་༼ཐ༣༥བ༽མཆོག་གི་དངོས་གྲུབ་ཐོབ་སྟེ་ཡང་དག་ཚོང་པ་འདྲ། དངོས་གྲུབ་ཆེ་ཡང་བར་ཆོད་མང་བས་ཕུར་པ་སྐྱེལ་མ་དང་འདྲ་བ་དགོས་པར་གཟིགས་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མཛད། སྲོད་ལ་ཤྭ་ན་མ་མཆེད་བཞི། གུང་ལ་རེ་མ་ཏི་མཆེད་བཞི། ཐོ་རངས་བསེའི་ལྷ་མོ་མཆེད་བཞི། བསེའི་སྐྱེས་བུ་བཞི། དུང་གི་སྐྱེས་བུ་བཞི། ལྕགས་ཀྱི་སྐྱེས་བུ་བཞི་སྟེ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཏེ་ཕུར་པའི་བཀའ་སྲུང་དུ་བཞག་གོ །

བོད་ཀྱི་ལྷ་སྲིན་ཐམས་ཅད་ཏམ་ལ་བཏགས་པ་ན་རྡོ་རྗེ་ཁྲོ་ལོད་ཏུ་མཚན་གྲགས་ཏེ་སྔོན་མེད་པའི་ཁྲོ་བོ་འཇིགས་རུང་དུ་སྣང་བས་ཁྲོ་བོ་ལོད་པོའམ་འཆོལ་པའི་ཁྲོ་བོ་ཞེས་བྱ་བའི་དོན་ཡིན་ལ་བསམ་ཡས་རྒྱལ་པོ་འདུལ་བའི་ཕྱིར་གུ་རུ་དྲག་པོར་བསྟན་ནས་བྲན་དུ་བཀོལ་ལོ། །

གཞན་ཡང་རྒྱལ་པོ་མྱ་ངན་མེད་འདུལ་བའི་དགེ་ཚུལ་དེ་ཡང་སློབ་དཔོན་གི་སྐུའི་བཀོད་པ་ཡིན་ལ་དགེ་སློང་དབང་པོའི་སྡེ་ཉིད་ཀྱང་སློབ་དཔོན་ལས་ཐ་མི་དད་པར་མི་འགལ་སྟེ་སྤྱོད་ཡུལ་རྣམ་འཕྲུལ་གྱི་མདོར། ང་མྱ་ངན་ལས་འདས་ནས་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བའི་ངའི་རིང་སྲེལ་དང་མདོ་འདི་ལྷན་ཅིག་དུ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་སུ་མ་འོངས་པ་ལོ་བརྒྱ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་བ་དེའི་དོན་དུ་སྦེད་པར་འགྱུར་ལ་དེའི་ཚེ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བས་ཕྱུང་སྟེ་མདོ་འདིས་རྒྱལ་པོ་འདུལ་ཞིང་རྒྱལ་པོ་དེས་རིང་སྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་ཞིང་དགེ་སློང་དེས་མདོ་འདི་བྱང་གི་ཕྱོགས་སུ་འཇོག་པར་འགྱུར་མོད་ཀྱི་སུས་ཀྱང་ཤེས་པར་མི་འགྱུར་རོ་ཞེས་ལུང་བསྟན་པས་དགེ་སློང་དེས་མདོ་དེ་བོད་ཡུལ་དུ་སྦས་པ་སྙམ་མོ། །

དེ་བཞིན་དུ་མུ་སྟེགས་ཀྱི་རྒྱལ་པོ་ནོར་བུ་འོད་ལྡན་གནས་སྤར་ཏེ་རྒྱལ་པོར་མཛད་ནས་བྷངྒ་ལ་བཏུལ། བྲམ་ཟེའི་བུ་གྲུབ་པ་བརྙེས་པ་ཌོམྦྷི་ཧེ་རུ་ཀ་ཡང་ཨོ་རྒྱན་གྱི་ཡུལ་འདུལ་བའི་ཕྱིར་སྐུའི་བཀོད་པ་ཡིན། ཡང་མུ་སྟེགས་ཀྱི་རྒྱལ་པོ་ཀླུའི་ཁྱབ་འཇུག་༼ཐ༣༦ན༽ཅེས་བྱ་བས་བསྟན་པ་འཇིག་པའི་ཚེ་བདེ་མཆོག་དུས་ཀྱི་སྙིང་པོ་ཞེས་བྱ་བའི་ཁྱེའུ་དང་སྤྲུལ་པའི་ཉར་བྱས་ཏེ་བཏུལ། མདོར་ན་གྲུབ་པའི་སློབ་དཔོན་འདི་ལྟ་བུའི་ཡོན་ཏན་དང་གདུལ་བྱ་འདུལ་ཚུལ་ནི་བསམ་པར་མི་ནུས་པས་ངོ་མཚར་གྱི་རྣམ་ཐར་འདི་དག་ལས་ཆེས་བླ་ལྷག་པ་མཐའ་ཡས་པ་ཅིག་ཡོད། དེས་ཀྱང་གདུལ་བྱ་རྣམས་ཀྱི་སྐལ་པར་མ་འཚམས་པ་ཅིག་གིས་དེང་སང་མི་སྣང་ལ་ས་བོན་ཙམ་སྣང་བ་འདི་དག་ལ་ཡང་རྒྱལ་པོ་བཀའ་ཐང༌། སྙིང་ཐིག་གི་བབས་ལུགས་གསེར་འོད་དམ་པ་སོགས་བསྲེས་ཅིང་གྲོང་ཚིག་མི་མཛེས་པ་མང་དུ་བསྣན་པས་ནོག་ནོག་པོར་བྱས་སྣང་ངོ༌། །

ལྷ་འདྲེ་མཐུ་བོ་ཆེ་རྣམས་ཀྱི་ཞུད་ཟེར་མངལ་སྐྱེས་ཀྱི་མིས་ཐུབ་པར་དཀའ་བས་གདུལ་བྱ་མི་མ་ཡིན་གཙོ་བོར་འདུལ་བའི་ཕྱིར་བརྫུས་སྐྱེས་སུ་བྱོན་པ་ཡིན་ལ། སྤྱན་སྔ་ལྷ་གཟིགས་རས་པས། བླ་མེད་ཏོན་རྫོགས་འདུས་པའི་རྒྱུད་ལ་སོགས་པའི་ལུང༌། ང་ནི་མྱ་ངན་འདས་འོག་དུ། །ལོ་ནི་བཞི་གཉིས་ལོན་པ་ན། །ཞེས་དང༌། ལོ་ནི་བཅུ་རུ་གཉིས་ཆད་ན། འཇིག་རྟེན་ཀུན་གྱི་དཔལ་དང་ལྡན། །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང༌། །པདྨ་འབྱུང་གནས་ཞེས་བྱ་བ། །སྔགས་ཀྱི་བསྟན་པའི་བདག་པོར་འགྱུར། །ཞེས་ལུང་བསྟན་པ་འདྲེན་པ་ལྟར་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ན་འཁྲུངས་པར་སྣང་ལ། མང་ཞིག་དུ། ལོ་ནི་སུམ་སྟོང་དྲུག་བརྒྱ་ལོན། །ལས་ཀྱིས་བོད་ཡུལ་དབུས་སུ་འོངས། །ཞེས་དང༌། བོད་ཏུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་བར་འཆད་ཀྱང་གྲངས་ཀྱི་ངེས་བཟུང་དངོས་མ་ཡིན་ཀྱང་མང་དུ་ལོན་པའི་ཐ་ཚིག་ཙམ་ཡིན་ནམ། སྤྱིར་རྒྱ་གར་ན་བགྲོད་པ་ལ་ལོར་འདྲེན་པ་ཡང་ཡོད་སྐད་པས་དེ་ལྟ་བུ་ཞིག་ཡིན་གྲང་ཞེས་སེམས་སོ། །

བོད་ཏུ་སྤྱན་དྲངས་ཚུལ་ནི་རྒྱལ་རབས་ཆེན་མོར་ན་ཡམས་གཉིས་ཀྱིས་བཤད་པ་ཉིད་༼ཐ༣༦བ༽ཡིན་ལ་ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ་ནས་བསམ་ཡས་ལ་སོགས་པའི་ལྷ་ཁང་བཞེངས། བོད་ཀྱི་ལྷ་འདྲེ་ཐམས་ཅད་བཀའ་འོག་དུ་ལན་གཉིས་བཅུག་ནས་གསུམ་པ་མ་ཚར་བ་ལ་བློན་པོ་རྣམས་མ་དད་པས་གཤེགས་པར་གསོལ་བ་ན་བོད་ཡུལ་གྱི་གཡའ་རི་གངས་རི་བྲག་རི་མཐའ་དག་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཏེ་མི་མ་ཡིན་རྣམས་ཀྱི་དོན་མཛད་སྟེ་སྐུ་དངོས་ཀྱིས་རྔ་ཡབ་གླིང་དུ་གཤེགས་ནས་སྲིན་པོའི་ཁ་གནོན་དུ་བསྐལ་པ་འདི་ཇི་སྲིད་བར་བཞུགས་སོ། །ཐང་ཡིག་ལྷད་ཅན་དུ་སྲིན་པོའི་ཡུལ་དེ་འཛམ་གླིང་སོག་པའི་དབྱིབས་ཀྱི་ཡུ་བ་ལ་ཡོད་པར་བྲིས་པ་ནི་ལྷད་བཏབ་པར་སྣང་ལ་སྲིན་པོའི་ཡུལ་དེ་ནི་འཛམ་གླིང་གི་གླིང་གཡོག་འཛམ་གླིང་ནས་ནུབ་ན་ཡོད་པ་དེ་ཡིན་ལ་སློབ་དཔོན་གྱིས་སྲིན་པོའི་རྒྱལ་པོར་བཞེངས་ཏེ་མ་བཏུལ་ན་སྲིན་པོ་རྫུ་འཕྲུལ་གྱིས་འཛམ་གླིང་དུ་ལྷགས་པར་འགྱུར་བས་ཁ་གནོན་མཛད་པ་ཡིན་ཞིང་གུ་རུ་ཆོས་དབང་གི་རྨང་ལམ་ཞྭ་ནག་མར་ཡང་འདི་ཉིད་ཤིན་དུ་གསལ་བར་གཟིགས་སྣང་ངོ༌། །

འོན་ཀྱང་ཟངས་མདོག་དཔལ་རི་ཅིག་ནི་འཛམ་གླིང་ཉིད་ནའང་ཡོད་སྟེ་མདོ་དྲན་པ་ཉེར་བཞག་ལས། གངས་ཅན་ནས་དཔག་ཚད་ལྔ་བརྒྱ་ན་ཤིང་དང་བྱ་དང་རི་དགས་ཀྱིས་གང་བར་རི་གཞན་ཟངས་ཀྱི་མདོག་དཔག་ཚད་ཉི་ཤུ་པ་ཕུག་སྟོང་དང་ལྡན་པར་གྲུབ་པའི་ཚོགས་གནས་སོ་ཞེས་བོད་ནས་ནུབ་བྱང་དུ་དཔག་ཚད་ལྔ་བརྒྱ་ན་ཡོད་ལ་སྔགས་གྲུབ་པ་རྣམས་གནས་པར་བཤད་པས་དེར་ཡང་སྐུའི་བཀོད་པ་ཅིག་བཞུགས་པར་སྣང་ངོ། །

ཕུར་པའི་ལོ་རྒྱུས་རྣམས་ལས་ནི་ཨོ་རྒྱན་གྱི་རྒྱལ་པོའི་སྲས་མཆེད་གཉིས་ཡོད་པ་ལས་ཆེ་བ་རྒྱལ་སར་བཏོན། ཡུལ་ཆོས་ཀྱིས་ཆུང་བ་ཤཱནྟ་རཀྵི་ཏ་དམངས་སུ་ཕབ་པས་རི་ལ་བྲོས་ཏེ་སྦྱོར་དགྲོལ་བྱས་ནས་སྒྲིབ་པ་སྦྱང་ཕྱིར་པྲ་ཧསྟི་ལས་ཕུར་པའི་ཆོས་ཚར་བཅོ་བརྒྱད་ཏུ་མཉན་ཏེ་ཚེ་དང་ལས་དང་ས་འོག་གི་རིག་འཛིན་གསུམ་གྲུབ། བོད་ཀྱི་སྤྱན་༼ཐ༣༧ན༽འདྲེན་པ་མི་ངལ་བའི་ཕྱིར་བྱོན་པས་ཨ་སུ་རའི་བྲག་ཕུག་དུ་སློབ་དཔོན་གསུམ་ཚོགས་པ་ན་བཱི་མ་ལས་ཆུ་བོ་ལ་ཕུར་པ་གདེངས་པས་གྱེན་ལ་ལོག་བལ་པོ་ཤཱི་ལ་མཉྫུས་བྲག་ལ་བཏབ་པས་འབྱིམ་པ་ལ་བཏབ་པ་ལྟར་སོང༌། སློབ་དཔོན་གྱིས་ནགས་ལ་མེ་ཤོར་བ་ལ་གདེངས་པས་ཙནྡནའི་ནགས་སུ་སོང༌། ཡང་ལེ་ཤོད་ཏུ་བསེའི་ལྷ་མོས་བར་ཆད་བྱས་པ་ཕྱག་རྒྱ་བཞིས་བཅིངས། དབུ་ཞྭའི་འོག་དུ་མནན་ཏེ་ནང་པར་གཟིགས་པས་ལྷའི་བུ་མོ་འདྲ་བ་བཞི་འདུག་ནས་ཕུར་པའི་ཆོས་བོད་ཏུ་ཁྱེར་བ་ན་བདག་ཅག་མཁའ་འགྲོ་རྣམས་སྙིང་བཏོན་པ་སྙམ་བྱེད་ནས་འོངས་པ་ཡིན་ཏེ་ད་ནི་འབངས་སུ་མཆིའོ་ཞེས་སྲོག་སྙིང་ཕུལ་ཏེ་རྡོ་རྗེ་ཡང་སྦྱིན་ལ་སོགས་པར་མིང་བཏགས་པ་ས་བདག་ཆེན་མོ་བཞི། དེར་སྒྲུབ་པ་ཞག་གསུམ་མཛད་པའི་མཐའ་མའི་སྲོད་ལ་ནག་མོ་དྲེའུ་བཞོན་པ་སྲིད་པ་ཕོ་རྒྱུད་ཀྱི་ལྕམ་མོ་བཞི་བྱུང་སྟེ་དམ་ལ་བཏགས་པ་བདག་ཉིད་ཆེན་མོ་བཞི། ནམ་སྨད་ལ་ལྕགས་ཀྱི་སྤྱང་མོ་མགོ་དགུ་གསེར་གྱི་འཕར་བ་ལྕེ་བརྒྱད། ཟངས་ཀྱི་ཝ་མོ་རྐང་གསུམ། ལྕགས་ཀྱི་ཁྱི་མོ་རྐང་གསུམ་རྣམ་དམ་ལ་བཏགས་པ་ཤྭ་ན་མ་མཆེད་བཞིའོ། །དེ་ནས་བསམ་ཡས་སུ་བྱོན་ཏེ་རྒྱལ་པོ་ལ་ཕུར་པའི་ཆོས་གསུངས་ཏེ་བཞུགས་པར་མ་གནང་བར་རྒྱལ་པོས་གཙང་ཡབ་ལ་གོང་དུ་བསྐྱལ་ཏེ་སྲིན་ཡུལ་དུ་བཞུད་ཅེས་སྣང་ལ། མཁར་ཆེན་བཟའ་འཚོ་རྒྱལ། ཅོག་རོ་ཟ་མཆོད་གནས་མ། ཨ་ཙ་ར་མ་གསལ་ལེ་གསུམ་ལ་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྲུལ་ཏེ་དབང་ལྷ་དང་བླ་མ་གང་ལ་ཞུ་དྲིས་པས་ཅོག་རོས་ལྷ་ལ་འདེམས། མཁར་ཆེན་བཟས་བླ་མ་ལ་འདེམས། ས་ལེས་བླ་མའི་ཐུགས་དང་སྦྱོར་བར་ཞུས་པས་ལྕོག་རོ་ལ་མི་ཟབ་པར་གསུངས་པས་ཕུར་པ་དང་ཡང་དག་བདུད་རྩི་རྣམས་ལྕ་ལུགས་སུ་གྲགས། མཁར་ཆེན་བཟའ་ལ་རྒྱུད་མན་ངག་སྙིང་༼ཐ༣༧བ༽པོར་དྲིལ་ནས་གནང་སྟེ་ས་ལེ་ལ་ཁྱོད་ཀྱིས་ཤོད་གསུངས། མདོར་རླངས། རྔོག་ཁོན། རོག་མགོས། དབང་སོ་ཟུར། སྣུབས། རྒྱུས། འོ་བྲན་ལ་སོགས་པའི་གདུང་རིགས་ལས་རྡོ་རྗེ་ཕུར་པ་གྲུབ་པ་ནི་བོད་ཡུལ་དུ་ཤིན་དུ་མང་བས་སར་མ་རྣམས་མ་དར་གྱི་བར་དུ་བོད་ཏུ་ཡི་དམ་དང་བསྟན་སྲུང་གི་སྲོག་རྩ་ཡང་ཕུར་གྱིས་བཟུང་བ་ཡིན་ལ་བརྒྱུད་པ་བྱིན་གྱིས་རློབ་པར་ནུས་པའི་སྔགས་འཆང་དེ་རྣམས་ཀྱི་གདུང་རིགས་ཤས་ཆེ་བ་ལས་སར་མའི་སྐྱེས་ཆེན་རྣམས་ཀྱང་བྱོན་པ་ཡིན་ནོ། །མཁའ་འགྲོ་སྙིང་ཐིག་ནི་མཚོ་རྒྱལ་ལ་གསང་ཆོས་སུ་གདམས་ནས་གཏེར་དུ་སྦས་ཅིང་སེམས་ཕྱོགས་དང་སྐྱེད་རྫོགས་གཞན་རྣམས་གཏེར་དུ་སྦས་ཏེ་སྐལ་ལྡན་ལ་སྨོན་ལམ་བཏབ་ནས་དུས་འགའ་འགའ་ན་འབྱུང་བ་ཡིན་ནོ། །

 

གཉིས་པ་སྒྱུ་འཕྲུལ་དང་འདུས་པ་མདོའི་ཕྱོགས་ནི།

 

དེ་ལྟར་སེམས་ཕྱོགས་ཀྱི་བྱུང་ཚུལ་བཤད་ནས། གཉིས་པ་སྒྱུ་འཕྲུལ་དང༌། གསུམ་པ་འདུས་པ་མདོའི་ཕྱོགས་ཇི་ལྟར་བྱུང་བ་ནི་རྒྱལ་བ་གཡུང་གི་གསང་སྙིང་འགྲེལ་པའི་དོན་བསྡུས་ནས་བཤད་པར་བྱ་སྟེ། དེ་ཡང་གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པ་ལས་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ལས་འཐོན་ཏོ་ཞེས་པས་དཔལ་ཀུན་དུ་བཟང་པོ་ལས་ཐུབ་པ་དྲུག་འཕྲོས་ཏེ་རིགས་དྲུག་དུ་སྐུས་དོན་མཛད། གསུང་གིས་ཆོས་བསྟན། ཐུགས་ཀྱིས་མངོན་པར་མཁྱེན་པས་འདུལ་བར་མཛད་ལ། དེ་ལས་ཐེག་པ་རིམ་པ་དགུའི་ལྷ་མིའི་ཐེག་པ་ནས་ཉན་རང་བྱང་སེམས་ཀྱི་བར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། བླ་ན་མེད་པའི་ཐེག་པ་དང༌། ཞེས་པས་འབྲས་བུ་གསང་སྔགས་ལ་ཕྱི་ཀྲྀ་ཡ་ཨུ་པ་ཡོ་ག་གསུམ་ནི་བྱ་སྤྱོད་རྣལ་འབྱོར་དང་གཅིག་ལ། ནང་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ནི་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་ལས་གཙོ་བོར་དེ་ཁོ་ན་ཉིད་སྟོན་པ་༼ཐ༣༨ན༽རྣམས་དང་དོན་གཅིག་གོ་ཞེས་རྒྱལ་བ་གཡུང་བཞེད་ཏོ། །

དེ་ལས་མ་ཧཱ་ཡོ་ག་མདོ་དང་སྒྱུ་འཕྲུལ་ནི། ཀུན་དུ་བཟང་པོས་གསུངས། རྒྱལ་ཚབ་རིགས་ལྔས་བསྡུས། རྒྱལ་སྲས་སེམས་དཔའ་རྣམས་ཀྱིས་ཉམས་སུ་བླངས་ཅིང་བཀྲལ་བ་ནི་རྒྱལ་བ་དགོངས་རྒྱུད་ཏོ། །

ཁྱད་པར་རིགས་གསུམ་མགོན་པོས་ལྟ་སྤྱོད་སྒྲུབ་པ་གསུམ་གྱི་དོན་སྙིང་པོར་དྲིལ་ཏེ་གདུལ་བྱ་ལྷ་ཀླུ་མི་གསུམ་རྗེས་སུ་བཟུང་བ་སྟེ། འཇམ་དཔལ་རྡོ་རྗེ་རྣོན་པོས་ལྷའི་བུ་གྲགས་ལྡན་མཆོག་སྐྱོང་རྗེས་སུ་བཟུང་ལ། དེ་ནས་རིམ་པར་རིན་ཆེན་འོད་འབར། ཚངས་པ་སྐྱེས་རྒུའི་བདག་ཚངས་པ་ཀུན་གྲོལ། ཚངས་པ་གཙུག་ཕུད་འཛིན། བརྒྱ་བྱིན། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་བཏུལ་ཏེ་རྒྱལ་བའི་གདུང་འཚོབ་པར་གྱུར་ཏོ། །

སྤྱན་རས་གཟིགས་བདུད་རྩིས་སྨན་གྱི་སྐུ་ཅན་གྱིས་ཀླུ་དུག་ཅན་རྣམས་ཀྱི་དུག་བཅིལ། སྣོད་ལྡན་དུ་མཛད་ནས་ཀླུ་རྒྱལ་མགྲིན་ནག་པོ་རྗེས་སུ་བཟུང༌། དེ་ནས་རིམ་པར་ཀླུ་མོ་ཁ་འདུལ། ཀླུ་མོ་འདུལ་ཚངས་མ། ཀླུ་ཡིད་འོང་དགའ་བ། ཀླུ་རྒྱལ་འཇོག་པོ། དེས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ་བཏུལ་ཏོ། །ཕྱག་ན་རྡོ་རྗེ་འཇིགས་པའི་གཟུགས་ཅན་གྱིས་གཙོ་བོར་གནོད་སྦྱིན་ཚོམ་བུ་འབུམ་སྡེ་བཏུལ་ཞིང་ཁྱད་པར་དུ་རི་མ་ལ་ཡའི་རྩེར་ལྷ་གྲགས་ལྡན་མཆོག་སྐྱོང༌། གནོད་སྦྱིན་སྐར་མདའ་གདོང༌། སྲིན་པོ་ལངྐ་མགྲིན་བཅུ། ཀླུ་རྒྱལ་འཇོག་པོ། ལི་ཙཱ་ཝི་དྲི་མ་མེད་པར་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ་དང་རིག་འཛིན་རྒྱ་མཚོ་ལྟ་བུ་ལ་གསུངས་པ་ནི་རིག་འཛིན་བརྡའི་བརྒྱུད་པའོ། །

དེའི་ཚེ་ཕྱག་རྡོར་གྱིས་བྱིན་གྱིས་བརླབས་ལས་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་ཤར་ཞིང་གླེགས་བམ་གྱི་ཆར་བབ་པ་སྟེ། དེ་ཡང་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་ཤར་༼ཐ༣༨བ༽བ་ནི་མདོ་དགོངས་འདུས་ཀྱི་འགྲེལ་པ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང༌། །ཆོས་ཀྱི་བགྲོ་བ་མཛད་པ་དང༌། །ཆོས་སྒྲ་ཆེན་པོ་སྒྲོགས་པ་དང༌། །བདུད་རྩི་ཆར་དུ་བབ་པ་དང༌། །རིན་ཆེན་ཆར་དུ་བབ་པ་དང༌། །པཱུ་ཛ་རྒྱ་ཆེན་བྱས་པ་དང༌། །

ཞེས་པས་ཕྱག་རྡོར་ནམ་མཁར་བྱོན་ཏེ་སྐུ་ལས་འོད་ཟེར་སྤྲོས་གདུལ་བྱའི་རྟོག་སྒྲིབ་སྦྱངས། གསུང་གིས་ཆོས་བསྟན་སྟེ་གོ་བར་མཛད། ཐུགས་ཀ་ནས་འོད་ཟེར་འབར་བ་བྱུང་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་གཙུག་ནས་ཉི་མ་ཤར་ཏེ་རྒྱལ་པོའི་ཐུགས་ཀར་ཐིམ་པ་ནི་རྨི་ལམ་དང་པོའོ། །དུས་གསུམ་གྱི་སངས་རྒྱས་དཔག་མེད་ཉི་ཟླ་ལ་ཆིབས། གསེར་གྱི་འཁོར་ལོ་བསྣམས་ནས་ཆོས་སྟོན་པ་ནི་གཉིས་པའོ། །ན་མཁའ་ལ་སྤྲིན་གསེར་མདོག་ཅན་ཆགས། སྣང་སྲིད་གསལ་བའི་གློག་འབྱིན། འབྲུག་སྒྲ་ཆོས་སྒྲར་ལྡིར་བ་ནི་གསུམ་པའོ། །དེ་ལས་བདུད་རྩིའི་ཆར་བབ་ས་ཐམས་ཅད་ཆག་ཆག་བཏབ་སྐྱེ་འགྲོ་རྣམས་བཀྲུས་ཏེ་རྡོ་རྗེའི་རྣལ་འབྱོར་ཞེས་པའི་སྔགས་སྒྲ་སྒྲོག་པ་ནི་བཞི་པའོ། །སྤྲིན་གསེབ་དེ་ནས་རིན་པོ་ཆེའི་སྒྲོམ་ནང་ནས་ཐིང་ཤོག་ལ་གསེར་ཡིག་རང་བྱུང་བའི་གླེགས་བམ་གྱི་ཆར་བབ་པ་ནི་ལྔ་པའོ། །དེ་རྣམས་ལ་རིག་འཛིན་དང་བྱང་སེམས་ཐམས་ཅད་ཀྱིས་མཆོད་བསྟོད་ཕྱག་སྐོར་བྱེད་པ་ནི་དྲུག་པ་སྟེ་སྔར་གྱི་ཚིག་རྐང་སོ་སོའི་དོན་ནོ། །དེ་ནས་ན་མཁའ་ལ་གཟུགས་མི་མངོན་པའི་སྒྲ་ཞིག་གྲག་པ་ནི། ལས་དང་སྐལ་པར་རབ་ལྡན་པ། །བསོད་ནམས་ཆེན་པོ་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསྟན་པའི་སྙིང་པོ་དམ་པ་ཅིག །སྐལ་ལྡན་ཁྱོད་ལ་སྒྲོག་པར་བྱའོ། །ཞེས་གྲག་པ་ནི་བདུན་པ་སྟེ་དེ་མ་ཐག་སད་ནས་དགའ་ཞིང་ངོ་མཚར་བས་ཕོ་བྲང་གི་ཡང་ཐོག་དུ་བྱོན་པས་འཇའ་འོད་དང་༼ཐ༣༩ན༽མེ་ཏོག་ལང་ལོང་དུ་འབབ་ཅིང་ཕྱག་ན་རྡོ་རྗེའི་སྐུ་རིན་པོ་ཆེ་སྨུག་པོ་ལས་རང་བྱུང་བ་ཁྲུ་གང་པ་ཅིག་འདུག་ནས་སྤྱི་བོར་བླངས་ཏེ། ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང༌། །མོས་པའི་ཡིད་ཀྱི་སྒོ་ནས་ནི། །སྔོན་ཚེ་གོང་ནས་བསྒྲུབས་པ་ཡི། །ལས་ཀྱིས་འབྲེལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ༌། །ཞེས་བརྗོད་ནས་ཟླ་བ་བདུན་བསྒྲུབས་པ་ན་རྨི་ལམ་དུ་བྱུང་བའི་པོ་ཏི་རྣམས་མངོན་སུམ་དུ་བབས་ཏེ་གཟིགས་པ་ཙམ་གྱིས་རྟོགས་ཀྱང་གཞན་གཟུ་ལུམ་དང་རས་གཅོད་ཀྱིས་འཇུག་པ་དགག་པའི་ཕྱིར་མ་མཁྱེན་པ་ལྟར་བསྟན་ནས་འདི་རྣམས་ཀྱི་དོན་དྲི་དགོས་པས་འཛམ་གླིང་ན་མཁྱེན་པ་སུ་ཆེ་དྲིས་པས། རྒྱལ་པོ་ཨུ་པ་རཱ་ཛཱ་དང་རིན་ཆེན་མང་གིས་བྱིན་གྱིས་བརླབས་པའི་དགེ་སློང་ཀུ་ཀུ་རཱ་ཛཱ་གཉིས་མཁྱེན་པ་ཆེའོ་ཟེར་ཏེ་སྤྱན་འདྲེན་བཏང་བས་བརྡ་མ་འཕྲོད་ཀྱིས་དོགས་ནས་གླེགས་བམ་ཚུར་སྐུར་ཞིག་ཟེར་ནས་མཆོད་པ་དང་བཅས་ཏེ་ཤིང་རྟ་ལ་སྤྱན་དྲངས་པ་ན་སྔ་མས་བརྡ་མ་མཇལ། ཕྱི་མས་སྒྱུ་འཕྲུལ་སྟོང་ཕྲག་བརྒྱ་པའི་ནང་ནས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ཏེ་བསྒྲུབས་པས་ཟླ་བ་བདུན་ན་གྲུབ་སྟེ་བསྟན་པ་འདི་དག་རྟོགས་པའི་དངོས་གྲུབ་ཞུས་པས་ཕྱག་ན་རྡོ་རྗེས་སྟོན་པར་འགྱུར་རོ་གསུངས་ཏེ་ཟླ་བ་བདུན་བསྒྲུབས་པས་ཕྱག་རྡོར་བྱོན་ཏེ་རྡོ་རྗེ་ལན་གསུམ་གསོར་ནས། སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང༌། །དགེ་བས་བསྐུར་ན་སྡིག་པ་མེད། །ཅེས་གསུང་ཞིང་དོན་གྱི་བསྟན་པ། ཐམས་ཅད་རྫོགས་པར་སྐུར་ནས་ཚིག་གི་བསྟན་པ་དེ་དག་དགེ་བསྙེན་ལི་ཙཱ་ཝི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་མཉན་ནས་དགེ་སློང་ཀུ་ཀུ་རཱ་ཛཱ་དེས་སྒྱུ་འཕྲུལ་སྟོང་ཕྲག་༼ཐ༣༩བ༽བརྒྱ་པ་ལས་ཏནྟྲ་སྡེ་བཅོ་བརྒྱད་ཏུ་ཕྱེ་སྟེ། སངས་རྒྱས་མཉམ་སྦྱོར། གླང་ཆེན་རབ་འབོག་གླང་ཆེན་མཚོར་ཞུགས་ཏེ་སྐུའི་རྒྱུད་གསུམ། ཟླ་གསང་ཐིག་ལེ་གཅིག་ལས་འཕྲོས་པ་དུ་མ་འཕྲོས་པ་སྟེ་གསུང་གི་རྒྱུད་གསུམ། གསང་བ་འདུས་པ་རི་བོ་བརྩེགས་པ་རྩེ་གཅིག་དུ་འདུས་པ་སྟེ་ཐུགས་ཀྱི་རྒྱུད་གསུམ། དཔལ་མཆོག་དང་པོ་བདུད་རྩི་མཆོག་དང་པོ་ཡིད་བཞིན་ནོར་བུའི་རྒྱུད་སྟེ་ཡོན་ཏན་གྱི་རྒྱུད་གསུམ། ཀརྨ་མཱ་ལ་སྒྲོན་མེ་འབར་བ་ཀི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཏེ་འཕྲིན་ལས་ཀྱི་རྒྱུད་གསུམ། སྒྱུ་འཕྲུལ་དྲ་བ་དམ་ཚིག་བཀོད་པ་ཐབས་ཀྱི་ཞགས་པ་སྟེ་སྤྱིའི་རྒྱུད་གསུམ་དང་བཅོ་བརྒྱད་ཏུ་ཕྱེ་ནས་རྒྱལ་པོ་ཛ་ལ་བཤད། དེ་ནས་རིམ་པར་རྒྱལ་པོ་སིངྷ་རཱ་ཛཱ། ལྷ་གཅིག་གོ་མ་པ་ལ། ཀུ་ཀུ་རཱ་ཛཱ་ཕྱི་མ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་མཁན་པོ་པྲ་ཧ་སྟི། སངས་རྒྱས་གསང་བ། དེས་བཱི་མ་ལ་ལ་སོགས་པ་པཎྜིཏ་ལྔ་བརྒྱ་ལ་བཤད། བཱི་མ་ལ་བོད་ཏུ་བྱོན་ཏེ་སྙགས་ཛྙཱ་ནས་མདོ་དང་སེམས་ཕྱོགས་བསྒྱུར། རྨ་རིན་ཆེན་མཆོག་གིས་མཚན་ཉིད་དང་སྒྱུ་འཕྲུལ་བསྒྱུར། དེ་ཡང་ཐམས་ཅད་རང་སྣང་དུ་སྟོན་པ་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། འཕྲིན་ལས་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་བཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་སྒྱུ་འཕྲུལ་དྲ་བ་ཆེན་པོ། དམ་ཚིག་གཙོ་བོར་སྟོན་པ་སྒྱུ་འཕྲུལ་ལེ་ལག་སྟེ་སྒྱུ་འཕྲུལ་སྡེ་བརྒྱད། གྲོལ་ལམ་རིམ་གྱིས་སྟོན་པ་ཡེ་ཤེས་སྙིང་པོ། ཅིག་ཅར་སྟོན་པ་རྡོ་རྗེ་མེ་ལོང༌། ཐབས་ལམ་རིམ་གྱིས་སྟོན་པ་རྡོ་རྗེ་ཐལ་བ། ཅིག་ཅར་སྟོན་པ་རྡོ་རྗེ་རྒྱ་མཚོ་སྟེ་བཤད་རྒྱུད་སྡེ་བཞི་ཞེས་བྱའོ། །དེ་ལས་སྡེ་བརྒྱད་ནི་བཱི་མ་ལས་༼ཐ༤༠ན༽རྨ་རིན་ཆེན་མཆོག་དེས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས། དེ་གཉིས་ལ་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས། དེའི་དར་རྗེ་ལ་བཀའ་ཡོངས་གྲགས་པ་དང་ཞང་ལ་བཀའ་མཆིམས་ཕུ་མར་གྲགས་ཏེ་སྒྱུ་དྲ་མ་གཏོགས་པ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་གསན་ནོ། །

ཁྱད་པར་དུ་འདུས་པ་མདོ་ནི་རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང་བཤད་པའི་རྒྱུད་མདོ་དགོངས་པ་འདུས་པ་གཉིས་ཡིན་ཏེ་དེ་ནི་རྒྱལ་པོ་ཛ་ནས་སྲས་ཨིནྡྲ་བོ་དྷི་དང་ནཱ་ག་བོ་དྷི་གུ་ཧྱ་པོ་དྷི་སྟེ་གསུམ་ལ་བཤད། ནཱ་ག་བོ་དྷི་ནི་ཀླུ་བ་སུ་རིགས་དྲུག་གིས་ལོ་དགུར་བཤད་ཏུ་མ་སྟེར། ཨིནྡྲས་ཀུ་ཀུ་རཱ་ཛཱ། དེ་ནས་རིམ་བཞིན་ཀུ་ཀུ་རཱ་ཛཱ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧ་སྟི། དེས་ཤཱཀྱ་སེང་གེ་ཤཱཀྱ་པྲ་བྷ། ཤཱ་ཀྱ་མི་ཏྲ་གསུམ་ལ་བཤད། ཤཱཀྱ་སེང་གེས་དྷ་ན་རཀྵི་ཏ། དེས་སྠིར་མ་ཏི། དེས་བདེ་བ་གསལ་མཛད། དེས་དྷརྨ་བོ་དྷི་དང༌། བ་སུ་དྷ་ར་དང༌། བྲུ་ཤ་མཁན་པོ། དེ་གསུམ་ལ་སྣུབས་སངས་རྒྱས་ཡེ་ཤེས་སོ། །

པོ་ཏིའི་ཆར་བབ་པའི་ལོ་རྒྱུས་འདི་དག་ལ་ས་སྐྱ་པ་ཁ་ཅིག་དེ་ལྟར་ན་གསང་སྔགས་རང་ཉིད་ལེན་པར་འགྱུར་ཞིང་བླ་མ་མེད་པར་མི་འགྲུབ་པར་བཤད་པ་དང་འགལ་བས་རྫུན་གཏམ་ཡིན་ནོ་ཞེས་ཟེར་ཡང་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེས་བསྟན་པས་བླ་མའི་གོ་མི་ཆོད་ན་ཧ་ཅང་ཐལ་ཞིང་ལྷའི་བྱིན་རླབས་ཀྱིས་གླེགས་བམ་ཆེད་ཏུ་བབ་པ་ལ་ཐུབ་ཆོད་ཏུ་བླངས་པར་ཡང་ག་ལ་འགྱུར། ཤེས་ཕྱིན་གྱི་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཡང༌། གསུང་རབ་འདིའི་ལོ་རྒྱུས་བཤད་ན་སྔོན་སངས་རྒྱས་མི་ཡུལ་ན་ལོ་བརྒྱད་བཅུ་བཞུགས་པའི་ཚེ་ན་སརྦ་བུད་དྷས་མ་ཡོ་ག་དང་གུ་ཧྱ་ས་མ་ཡ་ལ་༼ཐ༤༠བ༽སོགས་པས་འདུལ་ཞིང་དེ་ནས་ཐེག་པ་དེ་དག་གི་སྣོད་ཏུ་གྱུར་པ་ཛམྦུ་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་རིས་བཞི་པའི་གནས་ན་ལྷ་རྣམས་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་ཏུ་གྱུར་ནས་དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། །

སླད་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པའི་འོག་དུ་ཟ་ཧོར་གྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་གྱུར་ཏེ་ཆོས་ལ་དད་པ་དག་པ་ཅིག་འདུས་པ་ཐེག་པ་དེའི་འདུལ་སྐལ་དུ་གྱུར་ཞིང་སྣོད་ཏུ་གྱུར་ནས་སརྦ་བུདྡྷས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བོ་དྷིས་མདོ་སྡེ་དག་བལྟས་པས་བརྡ་མ་འཕྲོག་ནས་གང་གིས་ཤེས་མངོན་ཤེས་ཀྱིས་བལྟས་པ་ན། ཡུལ་དབུས་སུ་སློབ་དཔོན་ཀུ་ཀུ་རཱ་ཛཱ་ཉིན་རེ་ཞིང་ཁྱི་སྟོང་ལ་ཆོས་འཆད་མཚན་རེ་ཞིང་ཁྱི་དེ་དག་དམ་ཚིག་དུ་ལོངས་སྤྱོད་མཛད་པ་ཅིག་བཞུགས་པ་དེའི་ཐེག་པའི་སྣོད་ཏུ་ཡང་གྱུར་ལ་བདག་གི་འདུལ་སྐལ་དུ་ཡང་འགྱུར་བ་འདྲ་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་སྤྱན་དྲངས་པ་དང་སློབ་དཔོན་གྱིས་མངོན་ཤེས་ཀྱིས་བརྟགས་པས་བདག་གི་འདུལ་སྐལ་དུ་ཡང་བབ་ལ་བདག་ཀྱང་མདོ་སྡེ་དེའི་སྣོད་ཏུ་འགྱུར་བར་ཤེས་མོད་ཀྱི། འོན་ཀྱང་མདོ་སྡེ་དེ་དག་སྔར་མ་བལྟས་ན་བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སོལ་བར་གྱུར་ན་མི་རུང་ངོ་སྙམ་ནས་མདོ་སྡེ་ཚུར་བླངས་ནས་བལྟས་པ་ན་མགོ་མཇུག་གར་ལྟ་བའི་ཆ་མ་མཆིས་ནས་དེ་ཉིད་ཏུ་ལུས་བརྡབས་ཏེ་མགོན་མེད་ཏོ་སྐྱབས་མེད་ཏོ་ཞེས་བོས་པ་དང༌། དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ་ཁྱེད་ཅི་འདོད་དྲིས་པས་བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་བ་དང་དེ་བཞིན་དུ་གནང་ངོ༌། །དེ་ནས་སརྦ་བུདྡྷ་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་༼ཐ༤༡ན༽བར་དེ་དག་གི་དོན་ཡིད་ལ་མངོན་སུམ་དུ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་དེ་དག་བཤད་ཏོ། །དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བཀོད་ནས་སྒོམ་དུ་བཅུག་པས་རིམ་པ་ལྟར་རྒྱལ་པོ་འཁོར་བཅས་དང་དེའི་སྲས་འཁོར་བཅས་དང་སྲས་མོ་འཁོར་དང་བཅས་པ་རྣམས་ལ་གནས་པའི་རིག་འཛིན་དུ་གྲུབ་བོ། །

དེ་ནས་སྲས་མོ་དེས་རྒྱལ་བུ་ལ་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་སང་འདི་ལགས་ཏེ་ཞེས་དང༌། མཉམ་སྦྱོར་གྱི་འགྲེལ་པ་ལས་ཀྱང་དེ་ལྟར་དུ་བཤད་པ་དང༌། ལོ་ཙཱ་བ་ཟུ་དགའ་རྡོར་གྱིས་ནཱ་ལེནྡ་ན་པོ་ཏིའི་ཆར་བབ་ཚུལ་རི་མོར་བྲིས་པ་མཐོང་བར་བཤད་པས་འགོག་པར་མི་བྱ་ལ། འོན་ཀྱང་ཡུལ་འདི་རི་མ་ལ་ཡའི་འདབས་སུ་འཆད་པ་བྱུང་ཡང༌། རི་མ་ལ་ནི་སིངྒྷ་ལའི་གླིང་གི་དབུས་ན་ཡོད་པར་གྲགས་འདི་ནི་འཛམ་གླིང་ཉིད་ཡིན་ཞིང་ཨོ་རྒྱན་གྱི་ཡུལ་དུ་འདོད་པའང་རྒྱལ་པོའི་མིང་གིས་འཁྲུལ་བ་སྟེ་ཟ་ཧོར་གྱི་ཡུལ་ཁོ་ནར་རིག་པར་བྱ་ལ། ཀུ་ཀུ་རཱ་ཛཱ་འདི་དག་ཀྱང་ཁྱི་སྟོང་གིས་བསྐོར་བ་ཆེ་བ་དང་ཁྱི་ལྔ་བརྒྱས་བསྐོར་བ་ཆུང་བ་སྟེ་ཌཱ་ཀི་རྣམས་གཟུགས་གཞན་དུ་བསྒྱུར་བའོ། །

བདེ་གཤེགས་འདུས་པའི་ལོ་རྒྱུས་བཻ་རོ་ཙ་ནའི་མཛད་བྱང་ཡོད་པ་མྱང་རལ་གྱི་གཏེར་མ་ལས་ནི། བཅོམ་ལྡན་འདས་ཆོས་ཀྱི་སྐུ་མཉམ་པ་ཉིད་ཏུ་བཞུགས་པ་ལ་ཡུམ་ཀུན་དུ་བཟང་མོས་དབྱིངས་རྣམ་དག་གི་ཀློང་ནས་རྡོ་རྗེ་དམ་ཚིག་ཆེན་པོའི་གླུས་བསྐུལ་ནས་ལོངས་སྐུ་ཞི་བར་བཞེངས་ཏེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ནོ། །ཞི་བས་མི་འཐུལ་བ་རྣམས་ལ་ཁྲོ་བོ་ཆེ་མཆོག་དུ་བཞེངས་ཏེ་ཁྲོ་བོའི་དཀྱིལ་༼ཐ༤༡བ༽འཁོར་གསུངས་སོ། །དེ་ཡང་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་མངོན་བྱུང་གི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་ཁ་སྐོང་གི་རྒྱུད། འབྱེད་པ་ལྡེ་མིག་གི་རྒྱུད་སྟེ་ཞི་ཁྲོ་སྤྱིའི་རྒྱུད་ལྔ། དེ་རྣམས་ཀྱི་རྩ་རྒྱུད་གསང་འདུས་ཞི་བ་འདུས་པ་ཆེ་མཆོག་འདུས་པ་སོགས་འདུས་པ་བརྒྱད་དང༌། ཞི་ཁྲོ་ལྷན་ཅིག་པ་རིག་འཛིན་འདུས་པ་སྟེ་བྱེ་བྲག་གི་རྩ་རྒྱུད་བཅུ། དེ་ནས་འཇམ་དཔལ་གཤིན་རྗེ་སོགས་སོ་སོའི་གཙོ་བོར་སྤྲུལ་ཏེ་གསུངས་པ་ཡན་ལག་གི་རྒྱུད་ལ་འཇམ་དཔལ་གསང་རྒྱུད་གསང་བ་གྲུབ་པ་བརྗོད་པ་གླུར་བླངས་སོགས་དང་རྨེ་བརྩེགས་འཇིགས་བྱེད་གཤེད་དམར་ནག་དང་བཅས་པ་སྟེ་འཇམ་དཔལ་སྐུའི་རྒྱུད་སོ་བཞི། རྟ་མཆོག་རོལ་པ། རྔོག་མ་ལེབ་རྒན་ལ་སོགས་པ་པདྨ་གསུང་གི་རྒྱུད་བཅུ་གཉིས། ཧེ་རུ་ཀ་གལ་པོ་ཆེ་ཆུང༌། འཇིག་རྟེན་ལས་འདས་པའི་མདོ་སྔ་ཕྱི་ཀུན་འདུས་རིག་པ། མཉམ་སྦྱོར་གསང་སྙིང་མ་བུ་དྲུག་སོགས་ཡང་དག་ཐུགས་ཀྱི་རྒྱུད་བཅོ་བརྒྱད། བདུད་རྩི་རོལ་པ་བམ་པོ་བརྒྱད་པ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་དགུ་ཕུར་པའི་རྒྱུད་ལ་བྱི་ཏོ་ཏ་མ་ལ་འབུམ་སྡེ་ཕ་རྒྱུད་རྣལ་འབྱོར་དམ་པ་གསང་ཆེན་མོ་རྒྱུད་ཀི་ལ་ཡ་བཅུ་གཉིས་གཉི་གའི་རྒྱུད་སྟེ་ཕུར་པའི་སྤྱི་རྒྱུད་དང་བྱེ་བྲག་དུ་ཕུར་པ་མ་རྒྱུད་ལ་རྡོ་རྗེ་ཡེ་ཤེས་སངས་རྒྱས་རྣལ་འབྱོར་རྩེ་མོ་སྟེ་རྩེ་མོ་བཞི་དེའི་ཡན་ལག་ཟློག་ཕུར་བཅུ་གཉིས། འཕྲིན་ལས་རྣམ་བཞི་སྲུང་མ་བཅུ་གཉིས་ཀྱི་རྒྱུད་ཏོ། །

ཕུར་པ་ཕ་རྒྱུད་ལ་ཡང་སྙིང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ། སྙིང་པོའི་རྒྱུད་གསུམ། ཡན་ལག་ཁྲོ་བོ་བཅུའི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། མ་ཚང་ཁ་སྐོང་ཀྱི་རྒྱུད་ལྔ་སྟེ་རྩ་བའི་རྒྱུད་གསུམ་ལ་ཡན་ལག་གི་རྒྱུད་མཐའ་ཡས་པ་ནི་ཕུར་པ་འཕྲིན་ལས་ཀྱི་རྒྱུད་ཏོ། །མ་མོ་རྦོད་གཏོང་ལ་མ་མོ་༼ཐ༤༢ན༽གསང་བ་གཏན་ཚིགས་ཀྱི་རྒྱུད་སྲིད་པའི་ཀློང་ཆེན་མོ་འབུམ་ཕྲག་གཅིག་སྟེ་རྩ་རྒྱུད་ལེའུ་བརྒྱ་རྩ་བརྒྱད་རྒྱུད་ཕྱི་མ་ལེའུ་གཅིག་དང་བྱེ་བྲག་དུ་ཤེལ་མཚོ་དྭངས་པ་སོགས་དཀར་མོ་སྐུའི་རྒྱུད་དགུ་ཙིཏྟ་གདོང་ཟློག་སོགས་སྨུག་མོ་གསུང་གི་རྒྱུད་བཞི། སྨུག་ནག་འཁྱིལ་ལས་ལ་རྒྱུད་རེ་རེ་གཞན་མཁའ་འགྲོའི་སྒོས་རྒྱུད་མཐའ་ཡས་པའོ། །

འཇིག་རྟེན་མཆོད་བསྟོད་ལ་དྲེགས་པ་འདུས་པ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་ཡན་ལག་གི་རྒྱུད་སྡེ་དཔོན་སུམ་བཅུའི་སྒོས་རྒྱུད་སོགས་དང་རྨོད་པ་དྲག་སྔགས་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་དང་སྡེ་དཔོན་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་སོགས་མང་པོའོ། །

དེ་ལྟར་རྒྱལ་བ་དགོངས་པས་བཀའ་བསྩལ་བ་དེ་ཀུན་དུ་བཟང་པོ་ཉིད་དང་ཐ་མི་དད་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་སམ་ཕྱག་ན་རྡོ་རྗེའམ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་དྲག་པོ་རྩལ་ལམ་མིའི་ཐོད་པ་ཅན་ཞེས་ཀྱང་བྱ་བ་དེས་ཚོམ་བུ་དགུའི་དཀྱིལ་འཁོར་དུ་རང་ཉིད་སྟོན་པ་པོ་དང་རིག་འཛིན་གཞན་རྣམས་འཁོར་དུ་བྱས་ཏེ་རང་ཉིད་ཀྱིས་བསྟན་པར་མཚམས་སྦྱར་ནས་བསྡུས་ཏེ་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྻ་ཞུན་མས་བྲིས་ཏེ་ཀུན་དུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་གཙོ་མོ་ལས་ཀྱི་དབང་མོ་ཆེ་ལ་གཏད་སྟེ་ཁྱོད་ཀྱིས་སྤྱི་བྱེ་བྲག་གི་རྒྱུད་རྣམས་ཐ་དད་ཏུ་ཕྱེ་ལ་རིན་པོ་ཆེའི་སྒྲོམ་སོ་སོར་ཞོག་ལ་སྐལ་ལྡན་རྗེས་སུ་ཟུང་ཞིག་པར་གདམས་སོ། །མཁའ་འགྲོ་མ་དེས་སྤྱི་རྒྱུད་ལྔ་བྱེ་བྲག་གི་རྒྱུད་བཅུ་གཉིས་རྣམས་རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུར་བཅུག་ཡན་ལག་གི་བཀའ་བརྒྱད་སོ་སོ་རྣམས་ལྕགས་ཟངས་དངུལ་གསེར་གཡུ་གསེ་མཆོང་གཟི་རྣམས་ཀྱི་སྒྲོམ་བུ་སོ་སོར་རིམ་པས་༼ཐ༤༢བ༽བཅུག་སྟེ་དུར་ཁྲོད་གསིལ་བའི་ཚལ་གྱི་རང་བྱུང་གི་མཆོད་རྟེན་དྲུང་དུ་ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་པར་བྱས་དེ་དེར་བཞུགས་ནས་རྒྱས་བཏབ་སྟེ་མཆོད་ཏོ། །

དུར་ཁྲོད་དེ་ཡང་ཉིན་བཞིན་ཐོག་སེར་འབབ་ཅིང་མཚན་མོ་མེ་འོད་ཏུ་འབར་མཁའ་འགྲོ་དང་ལྷ་སྲིན་གྱིས་མཆོད་པའི་གླུ་དང་རོལ་མོ་རྟག་དུ་འབྱུང་བ་ལས་ཕྱི་ཞིག་ན་གྲུབ་ཆེན་བརྒྱད་དུར་ཁྲོད་བརྒྱད་པོ་རེ་རེ་ན་སོ་སོར་བཞུགས་པ་ལས་ཐུགས་ཀྱིས་གཟིགས་ཏེ་དུས་གཅིག་དུ་མཆོད་རྟེན་དེའི་རྩར་འདུས་ཏེ་ཏིང་ངེ་འཛིན་མཛད་པས་ཞག་བདུན་ན་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་འཁོར་བཅས་དབང་དུ་འདུས་ཏེ་བཀའ་ཅི་བསྩལ་ཟེར་བ་ན་ཁྱེད་རྣམས་ཀྱི་མཆོད་པའི་ཡུལ་གྱི་སྒྲོམ་འདི་རྣམས་ངེད་རྣམས་ལ་བྱིན་ཞིག་གསུངས་པས་མཁའ་འགྲོ་མ་དེས་རྒྱ་བཀྲོལ་ནས་སློབ་དཔོན་བརྒྱད་པོ་ལ་སྒྲོམ་སོ་སོར་གཏད་སྟེ། འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུ། ནཱ་གརྫཱུ་ན་ལ་པདྨ་གསུང༌། ཧཱུྃ་ཀ་ར་ལ་ཡང་དག་ཐུགས། བཱི་མ་ལ་མུ་དྲ་ལ་བདུད་རྩི་ཡོན་ཏན། སློབ་དཔོན་པདྨ་ལ་ཕུར་པ་འཕྲིན་ལས། དྷ་ན་སཾ་སྐྲྀ་ཏ་ལ་མ་མོ། གུ་ཧྱ་དེ་ཝ་ལ་མཆོད་བསྟོད། ཤཱནྟི་གརྦྷ་ལ་དྲག་སྔགས་གཏད་སྟེ་སོ་སོར་བཀའ་བབས། ཐ་དད་ཏུ་བྱོན་པ་ལས་སླར་སློབ་དཔོན་པདྨས་བྱོན་ཏེ་མཁའ་འགྲོ་དབང་དུ་བསྡུས་པས་དབུས་ཀྱི་རིན་པོ་ཆེ་ཐོད་པའི་སྒྲོམ་བུ་ནས་རྒྱུད་མན་ངག་ཐམས་ཅད་ཕྱུང་སྟེ་གཏད་རྒྱ་བཀྲོལ་ནས་སྐལ་ལྡན་ལ་སྟོན་ཞིག་པར་རྗེས་སུ་གནང་ངོ༌། །

དེ་ནས་ཡང་ལེ་ཤོད་ཏུ་བྱོན་ཏེ་ཞི་བའི་དཀྱིལ་འཁོར་བསྒྲུབས་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་ཞལ་གཟིགས་ཏེ་ཚེའི་རིག་འཛིན་གྲུབ། དེ་ནས་ཁྲོ་བོ་རོལ་པ་བསྒྲུབས་པས་བདག་ཉིད་དང་གཉིས་སུ་མི་ཕྱེད་པར་གྲུབ་སྟེ་ཕྱག་ཆེན་གྱི་རིག་འཛིན་ཐོབ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཏུ་སྤྱན་དྲངས་ནས་ལྷ་སྲིན་བཏུལ་ཏེ་བསམ་ཡས་ཀྱི་རབ་གནས་མངའ་གསོལ་བའི་བར་མཛད། ༼ཐ༤༣ན༽རྒྱལ་པོས་དཀའ་བ་མེད་པར་མྱུར་དུ་འཚང་རྒྱ་བའི་གདམས་པ་ཞུས་པས་མཆིམས་ཕུ་གྲི་གུར་རྗེ་འབངས་བརྒྱད་ལ་དབང་ཕྱི་ནང་གསང་གསུམ་རྫོགས་པར་བསྐུར་བ་ལས་གསེར་སྲང་བཅུ་ལས་བྱས་པའི་མེ་ཏོག་རེ་སོ་སོར་དོར་བས་རྒྱལ་པོ་ཉིད་དབུས་ཆེ་མཆོག་ལ་བབས། ན་མཁའ་སྙིང་པོ་བཛྲ་ཧེ་རུ་ཀ། སངས་རྒྱས་ཡེ་ཤེས་འཇམ་དཔལ་གཤིན་རྗེ། ངན་ལམ་རྒྱལ་བ་མཆོག་དབྱངས་རྟ་མགྲིན་དབང་གི་དཀྱིལ་འཁོར། མཁར་ཆེན་བཟའ་འཚོ་རྒྱལ་ཕུར་པ། དཔལ་གྱི་ཡེ་ཤེས་བླ་མེད་ཧེ་རུ་ཀ་རླངས་དཔལ་གྱི་སེང་གེ་དྲེགས་པ་ཀུན་འདུལ། བདག་བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ལ་བབས་སོ། །དེ་ནས་ཁྲོ་བོའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་ཞལ་མེ་ལོང་ལ་གཟུགས་བརྙན་ལྟར་བསྟན་ནས་དབང་ཕྱི་ནང་གསང་གསུམ་ལྟ་བ་སྤྱི་འབྱམ་དང་བཞི་ཡོངས་སུ་རྫོགས་པར་བསྐུར་ཞིང་ངོ་སྤྲད། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་གནས་གྱུར་ཅིང་སྨིན་པར་མཛད་པ་དེ་ཡིན་ནོ། །དེ་ནས་བདག་ཅག་རྣམས་ལ་རྒྱུད་སྡེ་ཡང་སོ་སོར་བཤད་སྟེ་མཁས་པ་མི་བཞིའི་གདམས་ངག་དབང་དང་བཅས་པ་ནི་རྒྱལ་པོ་ཉིད་དང་གཉགས་ལ་གནང་བ་ཡིན་ནོ། །

རྒྱལ་པོས་སྐུ་ཚེ་དེ་ལ་ཉམས་སུ་མ་ལོངས་ཀྱང་སྐུ་ཚེ་ཕྱིར་བསྲིངས། ན་མཁའ་སྙིང་པོས་ཉི་ཟེར་ལ་ཞོན། སངས་རྒྱས་ཡེ་ཤེས་ཀྱིས་ན་མཁའ་ལ་འཕུར། ངན་ལམ་གྱིས་སྤྱི་གཙུག་དུ་རྟ་མགོ་དང་རྟ་སྐད་ཕྱུང༌། མཁར་ཆེན་བཟས་བསད་པ་གསོ་ནུས། འབྲོག་མི་དཔལ་ཡེས་ཀྱིས་མ་མོ་དངོས་སུ་རྦོད། རླངས་དཔལ་སེང་གིས་སྡེ་བརྒྱད་བྲན་དུ་འཁོལ། བདག་གིས་ཀྱང་འཇིག་རྟེན་གྱི་དྲེགས་པ་དབང་དུ་འདུས་ཅིང་ལས་འཆོལ་བར་ནུས། གཞན་ཡང་དྲག་པོ་མཐུའི་སྐོར་མཐའ་ཡས་དང་རྩིས་༼ཐ༤༣བ༽སྨན་སྤྱད་གཟོའི་ཡན་ལག་དང་བཀའ་རྫོགས་པ་ཆེན་པོ་དགོངས་པའི་གཏིང་ཕྱུང་བ་རྣམས་ཀྱང་རྒྱལ་པོའི་དོན་དུ་ཞུས་ཅིང་བདག་ལ་གནང༌། གདམས་པ་འདི་རྣམས་གང་ཟག་ལ་བརྒྱུད་ན་བཀའ་ལད་ཅིང་ཆོས་བསྣུབས་པའི་ཚེ་ཉམས་པར་འགྱུར་བས་རྒྱལ་པོ་ཉིད་ཀྱི་ཕྱིར་ལོ་བརྒྱད་དང་བཅུ་གཅིག་བོད་ཡུལ་དུ་བཞུགས་ནས་ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་དང་བྲག་དང་ས་རྡོ་མཚན་མ་ཅན་རྣམས་ལ་མི་བརླག་པའི་ཚས་ཀྱིས་སྡོམས་མི་ཤིགས་པའི་རྒྱས་ཐོབ་ལ་གཏེར་དུ་སྦོས་ཤིག་ཞེས་གསུངས་ཅིང་བྲག་དམར་མགྲིན་བཟང་ལ་སྦས། མ་འོངས་པ་དང་དབོན་སྲས་ཀྱིས་ཆོས་བསྣུབས་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་ཁྱེར་ཏེ་མཐའ་འདུལ་གྱི་རྣམ་སྣང་གི་སྐུ་ལུས་ལ་གཏེར་དུ་སྦེད་ཅིང་རྒྱལ་པོ་ཉིད་དང་འཕྲད་པར་འགྱུར་རོ་ཞེས་སྣང་ངོ༌། །

འདིར་ལོ་བརྒྱད་དང་བཅུ་གཅིག་ཞེས་སྣང་བས་བརྒྱ་དང་བཅུ་གཅིག་ནི་ཡི་གེ་མ་དག་པ་སྟེ་སློབ་དཔོན་པདྨས་རྒྱལ་པོའི་མཆོད་གནས་སུ་ལོ་བརྒྱད་དང་བོད་ཡུལ་གྱི་སྒྲུབ་གནས་རྣམས་བསྡོམས་པར་ལོ་བཅུ་གཅིག་བཞུགས་པ་ཡིན་པར་གོའོ། །ཆོས་དབང་གི་གཏེར་མ་མཁར་ཆེན་བཟའི་ཟིན་བྲིས་ལས་ཕལ་ཆེར་འདི་དང་མཚུངས་པ་ལ། དབང་གི་ཚེ་ལྷོ་ནུབ་ནས་འོད་ཟེར་ལྔ་འཕྲོས་ནས་མཁར་ཆེན་བཟའི་མེ་ཏོག་ལ་ལན་དྲུག་ཐིམ། མངའ་བདག་གིས་དཀྱིལ་འཁོར་དགུ་ཡོངས་སུ་རྫོགས་པ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས། གཞན་བརྒྱད་ཀྱིས་མེ་ཏོག་བབས་པའི་ལྷ་སོ་སོའི་ཞལ་གཟིགས། མཁར་ཆེན་བཟས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་སློབ་དཔོན་ལས་མ་འདས་པར་མཐོང༌། དེའི་དུས་བོད་སྤྱི་ཙམ་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དངོས་གྲུབ་རི་རྩེ་ཐམས་ཅད་ནས་ཆུ་འབབ་པ། ལྷ་སྲིན་ཐམས་ཅད་ཨར་༼ཐ༤༤ན༽ལ་གཏད་པ། རི་ཐམས་ཅད་ནགས་དང་ལུང་ཐམས་ཅད་ནར་འགྱུར་བ། རྒྱལ་པོའི་སྐུ་ཚེ་ཉི་ཟླ་དང་མཉམ་པ་སྦྱིན་པར་དགོངས་པ་ལ་བོད་སྤྱིའི་བསོད་ནམས་ཀྱི་སྐལ་པར་མ་གྱུར་པས་དངོས་གྲུབ་ལ་སློང་བ་མ་བྱུང་ངོ་ཞེས་སྣང་ངོ༌། །

འཇམ་དཔལ་སྐུའི་བཀའ་བབས་ཀྱི་སངས་རྒྱས་ཡེ་ཤེས་དེ་ནི་སྒྲགས་པ་སངས་རྒྱས་ཡེ་ཤེས་སུ་སྣང་ལ་སྣུབས་སངས་རྒྱས་ཡེ་ཤེས་ནི་རལ་པ་ཅན་གྱི་དུས་བྱུང་ནས་བོད་དང་བལ་པོ་དང་རྒྱ་གར་དང་བྲུ་ཤའི་མཁས་པ་མང་པོ་བསྟེན་ཞིང་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལས་མདོ་དགོངས་འདུས་གསན། སྤྱིར་མི་མ་ཡིན་བྲན་དུ་འཁོལ་ལོ། །བརྒྱ་དང་བཅུ་གསུམ་དུ་བཞུགས་ཏེ་སློབ་དཔོན་འདི་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་དུ་བབས་པ་ཡིན་ནོ། །དེ་ལ་སློབ་མ་ལྔ་ལས་སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ། བ་གོར་འཕགས་པ་ལ་འགྲེལ་པ། ངན་ཡོན་ཏན་འཕགས་ལ་ཏར་ཀ་གེགས་སེལ། སྲུ་ལེགས་སྒྲོན་ལ་ཚིག་སྙན་པའི་རིགས་ཀྱི་སྲས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་བཞི་ག་བཤད། དེའི་སྲས་ཡེ་ཤེས་རྒྱ་མཚོ་དང་པདྨ་དབང་རྒྱལ། དང་པོའི་སྲས་ལྷ་རྗེ་ཧཱུྃ་ཆུང་སྟེ་རྗེ་མི་ལའི་བླ་མ་དེ་ཡིན། དེའི་སློབ་མ་མྱང་ཡེ་ཤེས་འབྱུང་གནས། ཡང་སོ་ཡེ་དབང་ནས། ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་བཙུན་ཤེར་ཡེ། རྭ་ཐུང་ཤེས་ཚུལ། མྱང་ཤེས་རབ་མཆོག་མྱང་ཡེ་འབྱུང་ཞེས་གཡུང་གིས་བཤད་ལ། ཁ་ཅིག་ངབ་ཀོང་རྭ་གསུམ་སོའི་སློབ་བུར་འདོད་པའང་སྣང་ངོ༌། །མྱང་ལ་ཐུར་པོ་ཆེས་གསན་ཞིང་སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་སྟོང་ཚབ་འཕགས་པ་ལ་ཡང་གསན་ནོ། །

དེ་ལ་ཟུར་པོ་ཆེ་ནི་གདུང་རུས་ཟུར། ཡབ་སྲས་བཟང་མིག་པོ་ཆེ། མཆེད་བཞིའི་ཆེ་བ་སྟེ་ཚངས་སྤྱོད་ཀྱི་དགེ་བསྙེན་དུ་བཞུགས། ༼ཐ༤༤བ༽མྱང་ཡེ་འབྱུང་ལྕེ་ཤཱཀྱ་མཆོག་རོག་ཤཱཀྱ་འབྱུང་གནས་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྒྱུ་སེམས་གསུམ་ལ་མཁས་པའི་མཐར་ཕྱིན། རྩ་རྒྱུད་བཤད་རྒྱུད་འགྲེལ་པ་སྒྲུབ་ཐབས་སོ་སོར་ཕྱེ་སྟེ་བཤད། ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་རྩེ་མོ་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོ་ཞང་འགོས་ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོ་བཟང་སྒོམ་ཤེས་རྒྱལ་ཏེ་རྩེ་མོ་བཞི། རྩགས་བླ་མ་ལ་སོགས་པ་རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པའི་སློབ་མ་བྱུང༌། འུག་པ་ལུང་གི་ལྷ་ཁང་ཤངས་མདའི་དཔལ་ཆེན་སོགས་བཞེངས། ཀླུ་བཀུག་སྟེ་ཆང་རྫར་བཅུག་ཁ་བཅིངས་ནས་ཆུ་ནུས་ཚད་བརྒྱབ་ཅིང་བཙགས་པས་ཀླུ་དེས་ཡུལ་གྱི་ཆང་བསྡུས་པས་ཆང་ཟད་མེད་ཞག་མང་པོར་བྱུང༌། རབ་གནས་ཀྱི་སྟོན་མོ་ལ་གྲོང་པའི་ཕྱུགས་གཡར་ནས་བསད་སྟེ་ཤ་བཀྱེ། དགོང་མོ་ཕྱུགས་རྣམས་གསོན་པོར་གཏད་སྐད་སྟེ་བསད་གསོ་ནུས། འབྲོག་མིས་གསེར་གྱི་འབུལ་བ་བསླངས་བ་ན་མི་མ་ཡིན་ལས་གསེར་སློང་པས་སྲོག་ཆགས་ཀྱི་གཟུགས་མ་བྱུང་གི་བར་ལོང་ཟེར་ཏེ་གསེར་ཁུང་བུ་ནས་བརྡོལ་བའི་མཐའ་སྦལ་པའི་གཟུགས་ཅན་བྱུང་བས་འཕྲོ་བཅད་སྟེ་གསེར་སྲང་བརྒྱ་ཕུལ་ནས་བསམ་མི་ཁྱབ་ཞུས་ཏེ་འབྲོག་མིའི་སྟོན་ལས་ཀྱི་དུས་བེར་གྱི་ཐོག་དུ་ཚར་མ་ཁུར་ནས་བསྐྱས། མཐར་སྒྲོ་ཕུག་གི་ལྷ་ཁང་བརྩིགས། དྲུག་བཅུ་རྩ་གཅིག་ལ་གཤེགས། ཟུར་ཆུང་པ་ནི་ཕབ་བཙུན་རྒན་ཞིག་བུར་ཡོད་པ་ཆུང་ངུ་ནས་ཟུར་ཆེན་གྱིས་བསོས། མཚན་ཤེས་རབ་གྲགས། ཕྱིས་བྲག་རྒྱ་བོ་དགུ་འདུས་སུ་སྒྲུབ་པ་མཛད་པས་བདེ་གཤེགས་རྒྱ་བོ་བར་ཐོགས། བླ་མའི་གསུང་གིས་སྒོམ་མ་ཕྱུག་མོ་མ་སྨད་ཅིག་གི་བདག་བྱས་ཏེ་ཡོ་བྱད་རྣམས་ཕུལ་ནས་ཆོས་ཞུས་དཔེ་བྲིས། ཕྱིས་༼ཐ༤༥ན༽སེམས་ཅན་གྱི་དོན་བྱེད་དགོས་པས་དེ་ལ་མ་ཆགས་པར་བྲོས་ཤོག་གསུངས་ཏེ་བཀའ་བཞིན་བསྒྲུབས། མདོ་དགོངས་འདུས་བཤད་པའི་ཐོག་མར་དཔེ་འགྲེམས་སུམ་བརྒྱ་བྱུང༌། ཆུང་ངུའི་དུས་སྐོར་བ་བྱས་པས་ཞབས་ས་ལ་མི་རེག་པར་བླ་མས་གཟིགས། འབངས་རྩེ་མོ་བཞི་དགོངས་པ་འགྲན་པས་དགོངས་པ་རི་བོ་ལྟར་གཡོ་འགུལ་མེད་པ་ཐམས་ཅད་ལ་བྱུང༌། ཡང་ཟུར་ཆུང་པ་ཏཱ་ལ་གང་ཙམ་དུ་ན་མཁའ་ལ་འཕགས། རུ་ལུའི་ཛཱབ་དབྱངས་བཟླ་བ་ན་དྲུང་དང་རྒྱང་གྲགས་ཀྱི་ཕ་རོལ་ལ་གསུང་ཆེ་ཆུང་གི་ཁྱད་པར་མི་མངོན། ཁྱེད་གསུམ་གྱིས་འཆད་ཉན་གྱིས་གསུངས་ཏེ་སྒྲུབ་པ་ལ་གཤེགས། དེ་གསུམ་གྱི་འགོ་བྱ་ཚས་གསང་སྙིང་གི་ཐབས་ལམ་གྱི་སྐབས་སུ་མ་རྒྱུད་དགོས་པར་འདུག་ཟེར་ནས་འགོས་ལྷ་བཙས་ཀྱི་སར་སོང༌། མེག་ཆུང་དབང་སེང་གིས་དཀྱིལ་འཁོར་སློང་བ་ལ་ཡོ་ག་དགོས་པར་འདུག་ཟེར་ནས་སུམ་པ་ཡེ་འབར་གྱི་སར་སོང༌། འགོས་ཆུང་དབང་ངེས་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་པར་འདུག་ཟེར་ནས་པང་ག་དར་ཆུང་གི་སར་སོང་བས་གོ་མ་ཆོད་མི་གསུམ་དུ་གྲགས། སྒྲུབ་པ་མཛད་པས་ཆོ་འཕྲུལ་མཐའ་ཡས་ཀྱང་ཉམ་ང་མ་བྱུང༌། སྣང་གྲག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་ཤར། འདི་ཡང་བཟང་རྟོག་གི་མཐུ་བརྟས་པ་ཙམ་ལས་སྙིང་པོ་མེད་དགོངས་ནས་རྫོགས་ཆེན་རྩོལ་བྲལ་གྱི་ངང་ལ་བཞག་པས་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། སྣོད་བཅུད་ལ་ཐོགས་མེད་ཟང་ཐལ་དུ་འབྱོན། མཚན་ཉིད་ཀྱི་མཁས་པ་ཅིག་གིས་རྩོད་པ་བཙུགས་ཏེ་ཀ་བ་ཆོས་ཅན་བྱས་པས། ང་རྫོགས་ཆེན་རང་སྣང་རིས་མེད་ཀྱི་མདུན་ན་ཀ་བ་མི་གདའ་གསུངས་ནས་ཕྱག་ཀ་བ་ལ་གཡུགས་པས་ཉི་ཞུར་ལ་བརྒྱབ་པ་ལྟར་སོང་བས་དད་སྟེ་སློབ་༼ཐ༤༥བ༽མར་གྱུར་པ་ནི་མ་ཐོག་བྱང་འབར་ཡིན་ཟེར། དེ་ནས་ལྷ་རྗེ་འུག་པ་ལུང་པ་མ་གཤེགས་ཙམ་ལ་གདན་ས་མཛད་སྟེ་ཚོགས་བསྐྱངས། དེའི་ཚེ་ཁྱུང་པོ་གྲགས་སེ་ཞེས་བྱ་བ་མཚན་ཉིད་ཀྱི་མཁས་པ་དེས་སློབ་མ་མཁས་པ་བཞི་ལྷ་རྗེ་སུན་འབྱིན་དུ་བཏང་སྟེ་སྐྱོ་སྟོན་ཤཱཀྱ་ཡེས་ཀྱིས་ཁྱེད་རྫོགས་ཆེན་པ་སྒོམ་གཙོ་བོར་བྱེད་ཏམ་བྱས་པས་ང་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་མམ་དྲིས་པས་ང་གང་ལ་ཡེངས་འདུག་གསུངས། གླན་སྟོན་ཤཱཀྱ་བཟང་གིས་ཁྱེད་སྒྱུ་འཕྲུལ་བ་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འདོད་ཏམ་དྲིས་པས་ཡུལ་རང་རྒྱུད་པར་མངོན་སུམ་དུ་སྣང་བ་སུས་ཁེངས་གསུངས། འོ་ན་མི་འདོད་ཏམ་བྱས་པས་མ་དག་པའི་འཁྲུལ་སྣང་སྦྱོང་ཕྱིར་སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་ཅི་ནུས་གསུངས་པས་སྤོབས་པ་ཟད། ཡང་ཁེང་བླ་མ་དང་མངའ་ཏི་ཇོ་ཤཱཀྱ་གིས་ཀྱང་དྲི་རྒྱུ་ཟད་སྟེ་དད་ནས་སློབ་མར་གྱུར་པ་ལ་སེམས་ཕྱོགས་སྒྱུ་འཕྲུལ་མདོ་འཕྲིན་སྒྲུབ་ཀྱི་ཀ་བ་སྟེ་ཀ་བ་བཞི་བྱུང༌། མ་ཐོག་བྱང་འབར་ལ་སོགས་གདུང་བརྒྱད། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག །ཏ་གུར་མི་གཉིས་སོགས་དཔག་མེད་བྱུང༌། འགོས་ལྷ་བཙས་ཀྱིས་ཀྱང་དཔལ་ཆེན་པོའི་འདུ་ཤེས་སྐྱེས་ཏེ་ཕྱག་བཙལ། ཡང་ཁེང་བླ་མ་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་མཛད་པས་སྐུ་བསོད་རྒྱས། ཁྱུང་པོ་གྲགས་སེས་ཟེར་ཆུང་པ་འདྲ་བའི་ལོག་ཆོས་མཁན་བསད་ན་འཚང་རྒྱ་ངེས་བྱས་པ་གསན་པ་ན་ཆོས་གྲར་བཞད་ཅིང་ཆོས་བྱ་བ་ངའི་གསང་སྔགས་འདི་ཡིན་པར་འདུག་དགྲོལ་བ་ལམ་བྱེད་འདི་སྔགས་ལས་གཞན་ལ་མེད་སྙམ་ཙ་ན་ཟུར་ཆུང་པ་ལྟ་བུ་བསད་ན་འཚང་རྒྱ་ཞེས་ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པར་༼ཐ༤༦ན༽འབུལ་བས་དགའ་བ་ཞིག་བྱུང་གསུང་སྐད་དེ་ཕྲག་དོག་རྩ་བ་ནས་ཞི། དྲུག་བཅུ་རྩ་གཅིག་ལ་གཤེགས།

དེའི་སྲས་སྒྲོ་ཕུག་པ་ཆེན་པོ་ནི་མངའ་ཏིཀྲ་བཟའ་གཙུག་ཏོར་ལྕམ་ལས་བཙས། སྐྱོ་སྟོན་ཤཱཀ་ཡེའི་རྨི་ལམ་ན་ཡུམ་གྱི་སྲིན་ལག་ལ་སྟོན་པའི་སྐུ་རྨིས་པས་སེང་གེ་དང་མངའ་ཆ་ཧོར་པོར་གྲོགས། ཀ་བ་བཞི་སོགས་བླ་མ་མང་དུ་བསྟེན། ཕྱག་རྡོར་གྱི་སྤྲུལ་པར་གྲགས། འཕྲིན་ལས་ཤིན་དུ་ཆེ་སྟེ་ལྷོ་བྲག་བྱ་ཟེའི་མར་པ་ཤེས་རབ་འོད་སོགས་སློབ་མ་གདུགས་ཐོགས་སྟོང་དང་གཙོ་བོ་བཅུ་གཉིས་སོགས་བྱུང༌། རི་རྩེར་ཚོགས་འཁོར་མཛད་མགུར་གསུངས་ནས་ན་མཁའ་ལ་ཇེ་མཐོར་མཁའ་སྤྱོད་ཏུ་འབྱོན་པར་ཆས་པ་སློབ་མས་ངུས་པས་ངས་ལུས་མ་བཞག་ན་ཤུལ་དུ་བཀྲ་ཤིས་པ་ཡིན་ཏེ་ད་ཅུང་མི་ལེགས་གསུངས། རེ་གཅིག་པ་ཤིང་སྟག་ལ་ཐེགས། སྤུར་བཞུ་ཚེ་མི་མ་ཡིན་གྱིས་ཕུལ་བ་མི་ལ་མེད་པའི་ནོར་སྣ་བཞི་བྱུང༌།

སློབ་མའི་མཆོག་ལྕེ་སྟོན་རྒྱ་ནག་ནི་མེས་པོ་འཕངས་བྱང་བརྩོན་གྱིས་སྐྱིལ་མཁར་ལྷ་ཁང་བཞེངས། ཤིང་ཕོ་ཁྱི་ལ་འཁྲུངས། དེའི་དུས་མཁས་པ་ཤེ་ཁྱུང་གཉིས་འབན་འབྲེ་གཉིས་རྒྱ་སྟག་གཉིས་བྱ་བ་ཡོད་པའི་ཕལ་ཆེར་ལ་གཏུགས་ཏེ་དབུ་ཚད་སྡེ་སྣོད་ལ་མཁས་པའི་མཐར་སོན། སྒྲོ་ཕུག་པ་ལ་རྒྱ་བརྩོན་སེང་དཔོན་གཡོག་གིས་རྩོད་པ་བཙུགས་པ་ན་ཁོང་རབ་ཏུ་ཕམ་པར་བྱས་པས་མཉེས་ནས་གདམས་ངག་ཐམས་ཅད་རྫོགས་པར་གནང་བས་སློབ་མ་གཞན་ལས་ཆོས་ཟབ། དགུང་ལོ་བཞི་བཅུ་ལ་གཤེགས་བཙུན་མཛད་གཞན་དོན་བསྐྱངས་ཏེ་ལྔ་བཅུ་རྩ་དྲུག་ལ་གཤེགས། དེའི་སློབ་མ་དབུས་པ་སྟོན་ཤཱཀ་གིས་སེ་བྲག་བཏབ་པས་དམ་པ་སྲེ་བྲག་པར་གྲགས། དབུས་པ་ཅིག་ནི་༼ཐ༤༦བ༽གཟུང་འཛིན་གྱི་འཁྲུལ་པ་ཅིག་སྟེ་གྲུབ་ཐོབ་ཆེན་པོར་བཞུགས། ལྕེ་སྟོན་ཡོན་ཏན་གཟུངས་ནི་རྒྱ་ནག་གི་དབོན་པོར་འཁྲུངས། སེ་བྲག་པ་སོགས་བསྟེན་ཏེ་ལྷ་རྗེ་ལྷ་ཁང་པར་གྲགས། དེའི་སློབ་མ་ཞིག་པོ་བདུད་རྩི་ནི། སངས་རྒྱས་དྭགས་ཆུང་བྱ་བ་དབུས་ཀྱི་བཟད་པ་དྭགས་པོ་རྒྱ་རས་ཀྱི་ཕྱིར་བྱོན་པས་མཚན་ཆགས་པ་ཅིག་ལྷོ་བྲག་གི་ཕུར་མོང་སྒང་ན་བཞུགས་པ་བཟད་པས་སྤྱན་དྲངས་ཏེ་ལྷ་གདོང་དང་བྱ་སྐད་དགོན་པ་སོགས་ཕུལ་ནས་བཞུགས། དེའི་སྲས་སྔ་རྒྱུད་ལ་མཁས་པ་ཇོ་ནམ་སོགས་བྱོན་ཞིང་ཕྱི་ཚར་ཝང་ཆུང་མ་ལ་ཞིག་པོ་བདུད་རྩི་བལྟམས། ཡབ་དང་ལྷོ་བལ་གྱི་རྣལ་འབྱོར་མ་མངོན་ཤེས་ཅན་སོགས་ཀྱིས་གཞན་དོན་འབྱུང་བར་ལུང་བསྟན། འོངས་ཕུད་གཏོར་བས་འོངས་ཆེར་འཕེལ་བས་ཡུམ་གྱིས་ཀྱང་སྤྲུལ་སྐུར་ཤེས། ཞང་པོ་དམ་པ་སེ་བྲག་པ་དང་བླ་མ་ལྷ་ཁང་པ་བསྟེན། ཞང་གཡུ་བྲག་པའི་སྙན་པ་ཐོས་ནས་སྤྱན་དྲངས་ཏེ་ཆོས་འཁོར་བཙུགས་པས་ཆོས་ལྷ་ཁང་པ་ལ་ཉན་ནས་ཞབས་ཏོག་ཚལ་པ་ལ་བྱས་ཟེར་ནས་སྐྱེས་བོས་ཤེས་པ་ན་ལྷ་རྗེ་ལྷ་ཁང་པས་ནས་དང་ཤ་མར་བསྐུར་ཏེ་ཁྱོད་བླ་མ་བཟང་པོ་མར་བསྐུར་ཏེ་ཁྱོད་བླ་མ་བཟང་པོ་སྤྱན་དྲངས་ཆོས་འཁོར་བྱེད་པ་ལ་ངས་ཀྱང་འཐུད་བྱ་དགོས་ཏེ་འདི་ལས་མ་འབྱོར་གསུང་བས་དད་པ་ལྷག་པར་སྐྱེས། གཞན་གྱི་ཡང་ཟེར་ལོ་ཆང༌། རྟོགས་པའི་མཐར་ཕྱིན། སྣང་བ་ལ་ཐོགས་བརྡུགས་མེད། བོད་ཡུལ་ཐམས་ཅད་ཏུ་བྱོན་རི་རྒྱ་ལུང་རྒྱ་ལ་སོགས་གཞན་ཕན་མཐའ་ཡས་མཛད། ལོ་པཎ་སུ་བྱོན་ཀྱང་འདེགས། རྒྱ་གར་ནག་སོགས་ནས་སློབ་མ་མཐའ་ཡས་པ་འདུས། རྡོ་རྗེ་གདན་ལ་མཆོད་པ་ལན་གསུམ་བསྐྱལ། ལྷ་སར་ཆུ་རགས་དང་ཞིག་ག