ཉང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་། ཆ་ཚང་།

ཉང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་། ཆ་ཚང་།

༄༅། །ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

 

ཉང་ཉི་མ་འོད་ཟེར་གྱིས་བརྩམས།

 

དཔེ་སྐྲུན་གསལ་བཤད།

 

༼ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།༽ འདིའི་མཇུག་བྱང་དུ་བརྩམས་པའི་དུས་མི་གསལ་ཡང༌། ཉང་བན་ཉི་མ་འོད་ཟེར་གྱི་སྐུ་ཚེའི་སྨད་ཙམ་ལ་ཡིན་པ་ཆོས་འབྱུང་ཞིབ་ཏུ་བཀླགས་པས་ཤེས་ཐུབ། དེས་ན་དུས་རབས་བཅུ་གཉིས་པའི་ནང་བརྩམས་པ་ཞིག་ཡིན་ཞིང༌། ཆོས་འབྱུང་འདི་ལ་ཐུན་མོང་མིན་པའི་ཁྱད་ཆོས་འགའ་ཞིག་ཡོད་པའི་དང་པོ། བོད་ཀྱི་ཆོས་འབྱུང་གྲགས་ཆེ་བ་ཕལ་མོ་ཚེའི་ཆེས་སྔ་རོལ་ཏུ་བྱུང་བ་ཞིག་ཡིན་པ་དཔེར་ན། ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཏོན་པའི་ ༼བཀའ་ཐང་སྡེ་ལྔ༽ དང་ ༼པད་མ་བཀའ་ཐང་༽ ༼བུ་སྟོན་ཆོས་འབྱུང་༽ ༼རྒྱལ་རབས་གསལ་བའི་མེ་ལོང་༽ ཚལ་པའི་ ༼དེབ་ཐེར་དམར་པོ་༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་༼ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་༽ སྤྱན་སྔ་དོན་དཔལ་གྱི་ ༼ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད་༽ འགོས་ལོ་གཞོན་ནུ་དཔལ་གྱི་ ༼དེབ་ཐེར་སྔོན་པོ་༽ ས་ཆེན་ཀུན་དགའ་རྒྱལ་མཚན་ ༼བཀའ་གདམས་ཆོས་འབྱུང་ཆེན་མོ་མཁས་པའི་ཡིད་འཕྲོག༽   པཎ་ཆེན་བསོད་ནམས་གྲགས་པའི་ ༼དགའ་ལྡན་ཆོས་འབྱུང་༽ ཇོ་ནང་ཏཱ་ར་ནཱ་ཐའི་ ༼རྒྱ་གར་ཆོས་འབྱུང་༽ སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ ༼སྟག་ལུང་ཆོས་འབྱུང་༽ དུས་མཆོད་བླ་བྲང་པ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ ༼ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་༽

 

ཕན་བདེ་ཤཱཀྱ་ལྷ་དབང་གི་ ༼ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང་༽ ༸རྒྱལ་དབང་ལྔ་པའི་ ༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་༽ སུམ་པ་མཁན་ཆེན་གྱི་ ༼ཆོས་འབྱུང་དཔག་བསམ་ལྗོན་བཟང་༽ ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ ༼གྲུབ་མཐའ་ཤེལ་གྱི་མེ་ལོང་༽ བཙན་པོ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱི་ ༼འཛམ་གླིང་རྒྱས་བཤད་༽ བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱི་ ༼མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་༽ བཅས་དེ་ལྟར་གོང་དུ་མཚན་སྨོས་པའི་ཆོས་འབྱུང་དང་རྒྱལ་རབས་དེ་དག་ནི་བོད་དུ་གྲགས་ཆེ་བ་ཁག་གཅིག་ཡིན་པ་ལས། ཉང་རལ་འདས་རྗེས་བརྩམས་པའི་ཆོས་འབྱུང་དང་ལོ་རྒྱུས་ད་དུང་ཤིན་ཏུ་མང་པོ་ཞིག་ཡོད་པ་འདིར་བཀོད་མེད།

འགའ་ཞིག་གིས་ཉང་གི་ཆོས་འབྱུང་བརྩམས་པའི་དུས་སྔ་བ་དང༌། དེ་རྙིང་ཁུངས་ཤིག་ཡིན་པར་བཟང་བའི་ཁྱད་ཆོས་གང་དང་གང་ཡོད་སྙམ་ན་དེ་ནི་ད་ལྟ་འཛམ་གླིང་གི་ལོ་རྒྱུས་ཞིབ་འཇུག་མཁན་ཡོད་དོ་ཅོག་གིས་ཀྱང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ལས། མ་འོངས་པའི་ལོ་རྒྱུས་ཞེས་པ་ཞིག་ག་ལ་ཡོད། འདས་པའི་ལོ་རྒྱུས་ལའང་ཅི་ཙམ་རྙིང་པའི་ལོ་རྒྱུས་ལ་མཐོང་ཆེན་དུ་བརྩི་བ་ཡིན། དཔེར་ན།  ལོ་བརྒྱ་སྟོང་མང་པོའི་གོང་གི་དངོས་རྫས་རྫ་ཆག་དམ་དུམ་རེ་རྙེད་ཀྱང་དེ་ཆག་ཁ་བསྒྲིགས་ཏེ་རིན་ཐང་དང་ལྡན་པ་ཞིག་ཏུ་བརྩི་བ་ནི་རྙིང་པ་ཀུན་བྱིན་རླབས་ཆེ་བར་བརྩི་བ་མིན་ཞིང༌། དངོས་རྫས་དེ་ཚོར་ཞིབ་འཇུག་བྱས་ཏེ་སྐབས་དེའི་མིའི་ལག་རྩལ་སོགས་རིག་གནས་དང་སྤྱི་ཚོགས་ལ་ཞིབ་འཇུག་བྱས་ཏེ་སྐབས་དེའི་མིའི་ལག་རྩལ་སོགས་རིག་གནས་དང་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་རེད།

རང་རེ་བོད་ཀྱི་ལོ་རྒྱུས་ལ་ཆ་བཞག་ནའང༌། ལོ་ངོ་སྟོང་ལྷག་གི་གོང་ནས་བྱུང་བའི་རིག་རིགས་མང་པོ་ཞིག་ཏུན་ཧོང་ཞེས་པའི་ས་འོག་ནས་ཐོན་པ་ལ་རྒྱལ་ཁབ་ཕྱི་ནང་གི་རྒྱུ་མཚན་ཤེས་མཁན་ཀུན་གྱིས་ཆེས་རིན་ཐང་ལྡན་པ་ཞིག་ཏུ་བརྩི་བ་རེད། དེའི་རྒྱུ་མཚན་ཡང་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་ཡིན་པས། སྤྱིར་ནའང་རྡོའི་ལག་ཆ་དང༌། རུས་པ་དང༌། རྫ་ཆག་དམ་དུམ་ལ་བརྟེན་ནས་ཞིབ་འཇུག་བྱེད་པ་ལས་ཡིག་རིགས་ལ་བརྟེན་ན་ཞིབ་འཇུག་བྱེད་བདེ་བ་ནི་ཤོད་མ་དགོས་པ་རེད།  དེས་ན་ཉང་གི་ཆོས་འབྱུང་འདིའང་མི་ལོ་བརྒྱད་བརྒྱ་ལྷག་གི་གོང་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་རྙིང་ཁུངས་ཤིག་ཡིན་པས་དེ་ལ་ཁྱད་ཆོས་བླ་ན་མེད་པ་ཞིག་ཡོད་པ་ཤོད་ཅི་དགོས།

ཁྱད་ཆོས་གཉིས་པ་ནི། ཁོང་གི་ཆོས་འབྱུང་ལ་རང་རེས་ཞིབ་ཏུ་བལྟས་ན་གྲུབ་མཐའི་ཕྱོགས་འཛིན་གྱི་སྐྱོན་གྱིས་ལོ་རྒྱུས་བསླད་མེད་པ་དེ་གསལ་པོ་མཐོང་ཐུབ། དེའི་རྒྱུ་མཚན་ནི་སྐབས་དེའི་བོད་ཀྱི་ལོ་རྒྱུས་ནི་བོད་སིལ་བུར་གྱུར་ཏེ། བོད་ནང་ཁུལ་དུ་འཁྲུག་རྩོད་ཁོ་ན་ཡོད་པ་ལས། བོད་ཀྱི་བླ་དཔོན་ཚོ་ཟུང་སྦྲེལ་གྱིས་ཕྱི་ནས་རང་རང་གི་རྒྱབ་རྟེན་རེ་བཙལ་ཏེ། དེ་ལ་བརྟེན་ནས་ཆེད་དུ་ཆོས་སྲིད་ཀྱི་ཕྱོགས་རེས་ཆེས་ཆེར་སྤེལ་མེད་པ་དེ་ཡིན། དཔེར་ན་རང་རེ་བོད་ཀྱི་ལོ་རྒྱུས་ཐོག་སྤྲུལ་པའི་སྐུ་ངོས་འཛིན་བྱེད་པའི་སྲོལ་ཡང༌། ཉང་རལ་ཉི་མ་འོད་ཟེར་འདས་ནས་མི་ལོ་དགུ་བཅུ་གོ་བདུན་པ། བོད་ཀྱི་རབ་བྱུང་ལྔ་པའི་ས་ཕོ་བྱི་བའི་ལོ། སྤྱི་ལོ་ ༡༢༨༨ ལོར་ཀརྨ་པ་སྐུ་འཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ཀརྨ་པཀྵིའི་ཡང་སྲིད་དུ་གྲུབ་ཐོབ་ཨོ་རྒྱན་པས་ངོས་འཛིན་གནང༌། དེས་ན་བོད་དུ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་སྲོལ་དེ་ཐོག་མར་བཀའ་བརྒྱུད་པ་ལ་བྱུང༌། དེ་ནས་རིམ་བཞིན་རྙིང་མ་དང༌། ས་སྐྱ། དགེ་ལུགས་བཅས་སུ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་སྲོལ་དེ་ཕན་ཚུན་འགྲན་པ་ལྟ་བུའི་དར་ཁྱབ་བཏང་སྟེ་མཐར་སྤྲུལ་སྐུ་ཆེ་འབྲིང་ཆུང་གསུམ་དང་། བླ་བྲང་ཆེ་འབྲིང་ཆུང་གསུམ་གྱིས་བོད་ཡུལ་གྱི་མཐའ་དབུས་ཀུན་ཁེངས་པ་ལྟ་བུ་ཞིག་ཏུ་གྱུར་པ་རེད། སྤྱིར་ཡང་བོད་དུ་གྲུབ་མཐའ་འདྲ་མིན་བྱུང་བའང༌། བསྟན་པ་ཕྱི་དར་གྱི་རྗེས་ལ་བྱུང་བ་དང༌། ཉང་ཉི་མ་འོད་ཟེར་ཡང༌། བསྟན་པ་ཕྱི་དེར་གྱི་སྐབས་སུ་བྱུང་བ་ཡིན་མོད། ཉང་རལ་འཁྲུངས་སྐབས་ཇོ་བོ་རྗེ་འདས་ནས་ལོ་དྲུག་ཅུ་རེ་དྲུག་ལས་ཕྱིན་མེད་པ་དང༌། སྐབས་དེར་བཀའ་གདམས་ལ་གསར་རྙིང་གི་དབྱེ་བའང་མེད་པ་ཡིན། བཀའ་བརྒྱུད་པའི་བསྟན་པའི་འབྱུང་གནས་མར་པ་ལོ་ཙཱ་འདས་ནས་ལོ་ཉེར་དྲུག་ལས་ཕྱིན་མེད་ཅིང༌།  རྗེ་བཙུན་མི་ལ་རས་པ་འདས་ནས་ལོ་གཉིས་པར།  ཉང་རལ་འཁྲུངས་པ་ཡིན་པས་ས་སྐྱའི་གྲུབ་མཐའ་དབུ་ཚུགས་པ་ཙམ་ལས་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་དར་རྒྱས་བྱུང་མེད། དེ་བཞིན་རྒྱལ་བ་གཉིས་པ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ནི། ཉང་རལ་འདས་ནས་ལོ་གཉིས་བརྒྱ་དང་སུམ་ཅུ་སོ་གསུམ་པར་འཁྲུངས་པ་ཡིན་པས། བཀའ་གདམས་གསར་མའམ་དགེ་ལུགས་པའི་གྲུབ་མཐའ་ཞེས་པ་ནི་སྐབས་དེར་མིང་ཙམ་ཡང་མེད། བོད་དུ་ཆོས་ལུགས་ནི་དར་རྒྱས་ཆེ་བའི་སྒང་ཡིན། གོང་གསལ་རྒྱུ་མཚན་དེ་ཚོའི་དབང་གིས་ལོ་རྒྱུས་ཤོད་པའི་ཞོར་དུ་གྲུབ་མཐའི་ཕྱོགས་འཛིན་གྱིས་ཕན་ཚུན་བར་དགག་བཞག་དང༌། ཟུར་ཟའི་གཏམ་སོགས་ཀྱིས་ལོ་རྒྱུས་བསླད་མེད་པ་དེ་ནི་ཁྱད་ཆོས་ཆེན་པོ་ཞིག་ཡིན།

ཁྱད་ཆོས་གསུམ་པ་ནི།   དར་མ་འུ་དུམ་བཙན་གྱིས་ཆོས་སྣུབ་པའི་དུས་འོ་བྲན་དཔལ་གྱི་གཞོན་ནུ་དང༌། སྣུབས་སངས་རྒྱས་ཡེ་ཤེས་དང་། དེའི་སྲས་དྲུག་གི་ཚུལ་ཇི་ལྟར་གྱུར་པ་ལྟ་བུས་མཚོན་སྐབས་དེའི་མི་སྣ་གྲགས་ཅན་ཁག་གཅིག་གི་སྐོར་དང༌། བསམ་ཡས་གཙུག་ལག་ཁང་གི་གནས་སྟངས། དེ་བཞིན་བཙན་པོའི་གདུང་རྒྱུད་ཕྱོགས་སུ་གྱེས་པ་དང༌། ཁྲི་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་བཙད་པོའི་སྲིད་དབང་ཇི་ལྟར་བཙུགས་པའི་སྐོར་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཆ་གཞན་དག་གི་ནང་མ་འཁོད་པའམ། ཞིབ་ཆ་མ་འཁོད་པའི་དོན་མང་པོ་ཞིག་ཆོས་འབྱུང་འདི་ཉིད་ཀྱི་ནང་ནས་མཐོང་ཐུབ་པ་དེ་ཡིན།

ཁྱད་ཆོས་བཞི་པ་ནི།   ཆོས་འབྱུང་གི་ཚིག་སྦྱོར་རྣམས་ཆོས་ལུགས་དང༌། སྙན་ངག་མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་གོ་བདེ་བ་དེ་ཡིན། གོང་དུ་བཤད་པ་ལྟར་སྤྱིར་ན་སྐབས་དེར་བོད་དུ་ཆོས་ལུགས་དར་རྒྱས་ཆེ་བའི་སྐབས་ཡིན་ནའང༌། རྒྱ་གར་གྱི་སྙན་ངག་མེ་ལོང་མ་བོད་དུ་མ་དར་གོང་གི་བོད་རང་གི་སྙན་ཚིག་གོ་བདེའི་ཚིག་སྦྱོར་གྱི་རྣམ་པ་གསལ་པོ་ཡོད་པ་དང༌། ཚིགས་བཅད་རྣམས་ཀྱང་རྐང་པ་རེའི་ནང་དུ་ཚེག་ཁྱིམ་གྱི་གྲངས་གཅིག་ཏུ་མ་ངེས་པར་ཅི་རིགས་ཤིག་ཡོད་པ་སྟེ།  ཆོས་འབྱུང་འདིའི་མཇུག་བྱང་དུ་འདི་ལྟར་འཁོད་ཡོད་པ་་་་ཆོས་འབྱུང་གི་ལོ་རྒྱུས་མི་འདྲ་བ་མང་དུ་སྣང་ཡང༌། ལ་ལ་ངན་སྨྲས། ལ་ལ་ཞེ་འདོད། ལ་ལ་བསྡུས་པ། ལ་ལ་ལེ་ཚེ།  ལ་ལ་བཅོས་མ་ཡིན་ཏེ། འདི་ནི་སེལ་མེད་རྣལ་མ་ཡིན། ལེགས་པ་ཟུང་ལ་ལེགས་པར་གྱིས། ལེགས་པར་སློབས་པ་མཁས་པར་མཛོད། སོ་སོའི་སྐྱེ་བོས་བཀོད་རྣམས་འཁྲུལ་པ་སྲིད། གཞུང་ལུགས་རྣལ་མ་ཐོགས་པ་ཤིན་ཏུ་དཀོན། མན་ངག་ཀུན་ལ་ཡོད་ན་མཁས་པ་སུ་ཡིས་བྱེད།་་་ཅེས་དང༌། ཡང་མཇུག་བྱང་དུ། ་་་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་ཐར་འདི། འགོ་རྩ་བསྒྲིགས་པ་འདི་རྣམས་གང་གིས་བྱས། །ལྷོ་བྲག་དཔལ་གྱི་དགོན་པར་གཅིག་པུ་རུ། །སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་རྗེ་ཅན། །བདུད་རྩི་ཞིག་པོ་ཞེས་པའི་འཁྲུལ་ཞིག་དམ་པ་དང༌། །འཇིག་རྟེན་མགོན་པོ་རིན་པོ་ཆེས། །རྒྱལ་བའི་སྲས་པོ་མཐུ་བོ་ཆོས་ཡེ་ཡིས། །ཡང་ཡང་བསྐུལ་མ་བཏང་པའི་ངོར་བྱས་ནས། །བཀའ་གཏེར་མང་པོ་ཇི་སྙེད་ལེགས་གཟིགས་ནས། །ནང་བན་ཉི་མ་འོད་ཟེར་བསམ་པ་དང་བས་བྱས། །རང་བཟོ་ར་ཆོད་སྤངས་ཏེ་ཡི་གེར་བཀོད། །་་་ཅེས་སོགས་ཀྱི་ཚིག་སྦྱོར་གྱི་འགྲོས་ནི་གོ་བདེ་ཞིང་རྙིང་ཉམས་དོད་པོ་ཡོད་ཅིང༌། ཡི་གེ་མ་དག་པ་མཆིས་ཀྱང་དེ་ནི་ཞུས་དག་ནན་པོ་ཞིག་མ་བྱུང་བ་ཡིན་ལས་ཆེ། ཉང་བན་ཉི་མ་འོད་ཟེར་འདས་རྗེས་གཞི་ནས་རྒྱ་གར་གྱི་སྙན་དངགས་མེ་ལོང་མ་བོད་དུ་བྱུང་བ་ཡིན་པས། མེ་ལོང་མའི་ཤན་ཞུགས་ཀྱང་མེད་པས་བོད་ཀྱི་རྩོམ་རིག་རྙིང་པ་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ཡོད་པ་ཞིག་རེད་འདུག

ཆོས་འབྱུང་འདི་ཉིད་རྩོམ་པའི་ཁུངས་གཏུགས་ས་ནི། བན་བོན་གཉིས་ཀྱི་ལོ་རྒྱུས་ཁག་ལ་གཏུགས་པ་ལས། ཕྱོགས་རེ་བ་ཙམ་ཡང་མིན་པ་ནི་འདིའི་མཇུག་ཏུ་བོད་ཀྱི་སྔགས་དང་མཚན་ཉིད་གྲྭ་ས་ཀུན་ལ་མཁས་པ་རྣམས་ཀྱི་སྙན་དུ་གྲགས་པའི་གསུང་དང༌། གཏམ་རྒྱུད་མ་ནོར་བ་དང༌། རྒྱལ་རབས་གསང་བ་ཆོས་ལུགས་དང༌། སྦྲགས་པ་བོན་ལུགས། རྐྱང་པ། ཁུག་པ། སྦགས་པ་གསུམ། རྒྱལ་བྣ་གབ་པ། ཡུན་པོ་གསེར་སྐས་དགུ་པ། ཟིངས་པོ་སྣ་ཚོགས་ཅན། དེ་རྣམས་ཀྱི་དོན་དང༌། སྟོན་པའི་གསུང་རབས་ལས་བྱུང་བ་དང༌། བླ་མ་དམ་པ་རྣམས་ཀྱི་བཀའ་ལུང་དང༌། རྒྱལ་པོའི་བཀའ་ཆེམས། སོ་སོ་སྐྱེ་བོའི་བདེན་པའི་ངག་སྨྲ་བ་རྣམས་ལ་འདུ་བ་དང་བསྟན་བཅོས་དྲི་མ་མེད་པ་ལས་བྱུུང་བ་དང༌། དེ་རྣམས་ཀྱི་ནང་ནས་བཏུས་ཏེ། ངེས་དོན་གཏན་ལ་ཕབ། ཚིག་གི་ལྷད་མ་བཅུག སྒྲོ་མ་བཏགས། སྐུར་བ་མ་བཏབ། གྲ་ཆག་ཟུར་ཉམས་ས་མ་བཏང༌། བཀའ་མདོ་རྒྱུད་རྣམས་དང༌། བསྟན་བཅོས་མན་ངག་ཀུན་ནས་གཏན་ལ་ལེགས་པར་ཕབ་ནས་བསྡེབས་པ་ལགས་སོ། །

ཞེས་བཀོད་པ་བཞིན་བན་བོན་ཕྱོགས་ཀྱི་ལོ་རྒྱུས་དུ་མ་ཞིག་ལ་ཁུངས་གཏུགས་ཏེ་མཛད་པ་ཤེས་ཐུབ། འདིར་བཤད་པའི་བན་བོན་གྱི་ལོ་རྒྱུས་འགའ་ཞིག་དང༌། ལྷག་པར་བོན་གྱི་ལོ་རྒྱུས་ཁག་གི་མིང་དེ་ཚོ་ནི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མ་མྱོང་བ་ཤས་ཆེ་བས་དེ་ཚོ་ད་ལྟ་རང་རེའི་ལག་ཏུ་འབྱོར་དཀའ་བར་གྱུར་ཟིན་པ་རེད། ཆོས་འབྱུང་འདིའི་པར་ཤིང་བོད་དུ་བྱུང་མྱོང་ཡོད་མེད་ཆ་མ་འཚལ་ཞིང༌།  བོད་དུ་པར་རྐོའི་ལག་རྩལ་ནི།  ཉང་རལ་འདས་ནས་མི་ལོ་ཉིས་བརྒྱ་ལྷག་གི་རྗེས་སུ་དར་བར་བརྟེན་ཆོས་འབྱུང་རྩོམ་སྐབས་པར་དུ་འཁོད་ཐབས་མེད་པ་ནི་བཤད་མི་དགོས་པ་ཞིག་རེད། བྲག་སྒོམ་པའི་ ༼མདོ་སྨད་ཆོས་འབྱུང་༽ དུ་བོད་ཀྱི་ལོ་རྒྱུས་ཁག་གི་མཚན་ཐོའི་གྲངས་སུ།  ཉང་གི་ཆོས་འབྱུང་ཞེས་བཀོད་པར་སྣང༌། མ་དཔེ་གང་ཡིན་པ་དཔེ་སྒྲིག་བྱེད་སྟངས་ནི། ཆོས་འབྱུང་འདིའི་མ་དཔེ་ལག་བྲིས་པར་སློག་མ་ནི་ཁོ་བོ་མཁྱེན་རབ་འོད་གསལ་ ༡༩༨༢ ལོར་འབྲུག་ཡུལ་དུ་འགྲོ་སྐབས་ལག་སོན་བྱུང་བ་ཞིག་ཡིན་ཞིང༌། དེ་ཉིད་རྩ་བར་བཟུང་ཐོག་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་འཚོལ་བསྡུ་བྱས་པའི་མ་དཔལེ་ལག་བྲིས་པར་སློག་མ་དང་སྣུམ་པར་མ་གཉིས་ལའང་ཞིབ་བསྡུར་དང་འབྲེལ་ལེགས་སྒྲིག་བྱས་པ་དང༌། གཞུང་ཚིག་ཆད་ནོར་གྱི་རིགས་མ་དཔལེ་དེ་གཉིས་ནས་ཁ་སྐོང་ནོར་བཅོས་ཐུབ་པ་རྣམས་རྟགས་ ༼༽ འདིའི་ནང་བཀོད་ཡོད་པ་དང༌། གཞུང་ཚིག་སྔ་ཕྱི་འགལ་བའམ། ཙིག་དོན་མི་འཇུག་པ། ཡིག་ནོར་གནད་ཆེའི་རིགས་རང་སོར་བཞག་པའི་གཤམ་དུ་ནར་རྟགས་བརྒྱབས་ནས་རྟགས་ ༼༽ འདིའི་ནང་དཔྱད་གཞིའི་ཚིག་དོན་བཀོད་ཡོད་པ། མ་དཔེའི་ནང་གི་མཆན་བུ་ཡིག་ཆུང་བཏབ་པ་དག་རྟགས་ ༼༽ འདིའི་ནང་བཅུག་ནས་ཡིག་ཆུང་དཀྱུས་སུ་བཀོད་པ།  གཞུང་ཚིག་དང་ཡི་གེ་ཆད་ནོར་མངོན་གསལ་གྱི་རིགས་འདི་ནས་གསབ་བཅོས་ཞུ་དགོས་བྱུང་རིགས་ལ་རྟགས་ ༼༽ འདི་བརྒྱབས་ནས་དཔྱད་གཞིར་བཀོད་ཡོད་པ། གཞུང་ཚིག་ཆད་པ་ཁ་གསབ་བྱ་ཐབས་དཀའ་བའི་རིགས་ལ་རྟགས་་་་་་་་་་་་་་་འདི་བཀོད་ཡོད་པ། ང་ཚོ་རང་གིས་གོ་བ་ལོན་དཀའ་བའི་རིགས་སམ་བློ་དོགས་གཙང་མར་མ་ཆོད་པའི་གྲས་དང༌། འགལ་ཆར་གྱུར་འདྲའི་རིགས་ལ་འགོ་མཇུག་ཏུ་ཐེ་ཚོམ་གྱི་རྟགས་་་་་འདི་ལྟར་བཀོད་ཡོད་ཡོད་བཅས་དེ་དག་ནི་གཟིགས་པ་པོ་རྣམས་ཀྱིས་ཐུགས་སྣང་དང་དཔྱད་གཞི་མཛད་རྒྱུའི་ཆེད་དུ་ཡིན། མ་དཔེའི་ནང་བསྡུས་ཡིག་མང་བའི་ཁར་ཡིག་ནོར་ཤིན་ཏུ་མང་བས་བཅོས་དགོས་ངེས་རིགས་གང་ཐུབ་ཀྱིས་བཅོས་ཁུལ་བགྱིས་ཀྱང་ད་དུང་དག་ཆ་བཅོས་དགོས་རིགས་མང་དག་ཅིག་ཡོད་ངེས་པལའང་གཟིགས་པ་པོ་རྣམས་ཀྱི་དགོངས་དབྱིངས་སུ་འཇོག་པར་འཚལ།

ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བྲིས།

 

རྩོམ་པ་པོའི་ལོ་རྒྱུས་གནད་བསྡུས།

ཆོས་འབྱུང་འདི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྦྲུལ་སྐུ་རྣམ་གསུམ་ཞེས་བོད་ཁམས་ཡོངས་ལ་གྲགས་པའི་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེ་བཙན་གྱི་རྣམ་སྦྲུལ་དུ་གྲགས་པ་ཉང་རལ་ཉི་མ་འོད་ཟེར་ཡིན་ཞིང༌། ཁོང་བོད་ཀྱི་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོ། སྤྱི་ལོ་༡༡༢༤ ལོར་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང༌། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ལྷ་ཚོགས་མང་པོ་ཞལ་མཇལ་བ་དང་རྣལ་འབྱོར་གྱི་སྤྱོད་པ་སྣ་ཚོགས་མཛད་པས་མི་ཀུན་གྱིས་སྨྱོན་པར་འཛིན་ཞེས་གྲགས། ཡབ་ཀྱི་ས་ནས་རྟ་མགྲིན་སོགས་ཀྱི་དབང་གསན་ཏེ། འཛེད་ཕུ་གངས་རར་བསྒྲུབས་པས་ལྷའི་ཞལ་གཟིགས་པ་དང༌། གཏེར་གྱི་ཁ་བྱང་མང་པོ་གནང་བས། མཁོ་མཐིང་དང་བསམ་ཡས། གནམ་སྐས་ཅན་གྱི་སྲིན་བྱ་བྲག དབེན་གནས་བྲག་རི་ལྷ་ཁང་སོགས་ནས་གཏེར་ཁ་མང་པོ་སྤྱན་དྲངས། ཡབ་ཉང་སྟོན་ཆེན་པོ་དང༌། རྒྱ་སྨྱོན་པ་དོན་ལྡན། ཞིག་པོ་ཉི་མ་སེང་གེ། མལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་སྔགས་དང་མཚན་ཉིད་ཀྱི་གསན་པ་རྒྱ་ཆེར་མཛད། མུ་ཏིག་ཤེལ་གྱི་སྤ་གོང་སོགས་སུ་སྒྲུབ་པ་ལ་ནན་ཏན་མདད་པས་གྲུབ་པའི་རྟགས་མཚན་དུ་མ་བྱུང༌། ངོ་འབུམ་མ་ཞེས་པ་ཁབ་ཏུ་བཞེས་པ་ལ་སྲས་ནམ་མཁའ་འོད་ཟེར་དང༌། ནམ་མཁའ་དཔལ་བ་གཉིས་འཁྲུངས། སྐུ་ཚེ་ཧྲིལ་པོར་སྒོམ་སྒྲུབ་དང་འཆད་སྤེལ་མདད་ཅིང༌། རྫུ་འཕྲུལ་མཐའ་ཡས་པ་བསྟན་པར་གྲགས་པ་སོགས་ཀྱིས་གྲུབ་མཐའ་རིས་མེད་ཀྱིས་ཚད་མར་འཛིན། བོད་ཀྱི་རབ་བྱུང་གསུམ་པའི་ཆུ་ཕོ་བྱི་བའི་ལོ། སྤྱི་ལོ་ ༡༡༩༢ དགུང་གྲངས་དྲུག་ཅུ་རེ་དགུ་ལ་ངོ་མཚར་བའི་ལྟས་མཚན་རྒྱ་ཆེན་པོ་དང་བཅས་སྐུའི་བཀོད་པ་བསྡུས། ཆགས་ལོ་ཙཱ་བས་གདུང་བཞུས་པས་མེ་སྤར་མ་ནུས། སླར་ཞུགས་རང་འབར་དུ་གྱུར་ཏེ་རྟེན་རིང་བསྲེལ་ཁྱད་པར་ཅན་མང་བྱོན་ཞེས་གྲགས། སྐུ་འདད་ཀྱི་དགོངས་རྫོགས་དངོས་གཞིར་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་བཅས་གདན་དྲངས། གསེར་གྱི་འབུལ་བ་རྒྱ་ཆེན་པོས་ཐུགས་མཉེས་པར་མཛད། སྲས་ཀྱིས་རབ་བྱུང་བསྒྲུབ་པར་དགོངས་ནས་ཞུས་པས། པཎ་ཆེན་གྱིས་ཁྱེད་ཡབ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོར་འདུག་པས་ཁོ་བོས་བྱང་ཆུབ་སེམས་དཔའི་གདུང་རྒྱུན་གཅོད་མི་ནུས། རྟེན་འདི་གས་འགྲོ་དོན་ཆེ་གསུངས་ནས་མ་གནང༌། ཆོས་དང་གང་ཟག་གཉིས་ཀར་བསྔགས་བརྗོད་རྒྱ་ཆེན་པོ་བསྩལ་པས། སྔོན་ནས་ཙད་ཐུབ་རྩོད་བྲལ་གྱི་གཏེར་སྟོན་ཆེན་པོར་ཡོངས་སུ་གྲགས་པའི་ཁར། གསར་མའི་ཕྱོགས་རྣམས་ཀྱིས་ཀྱང་ལོག་རྟོག་གི་དྲི་མ་སངས་ཏེ། གངས་ཅན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པར་གྱུར་ཏོ། །སློབ་མའི་གཙོ་བོ་ནི། སྲས་འགྲོ་མགོན་ནམ་མཁའ་དཔལ་བ་ཡིན་ཞིང༌། ཁོང་ལ་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་དེ་བསྟན་པའི་བདག་པོར་གྱུར། ཁོང་ཡང་རྫུ་འཕྲུལ་ལ་མངའ་བསྙེས་པར་གྲགས་ཤིང༌། ལྷ་ས་སྐྱིད་ཆུའི་འགྲབ་དུ་ཇོ་བོའི་ཆ་རགས་མཛད། བལ་རིས་ཀྱི་ཐང་ག་ཐོག་ཚད་མ་བརྒྱ་དང་བརྒྱད་ཀྱང་བཞེངས། གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་སློབ་མ་མང་དུ་བསྐྱངས། འདིའི་སྲས་མངའ་མདག་ ༼བདག༽ བློ་ལྡན། དེའི་སྲས་མངའ་བདག་བདུད་འདུལ་སོགས་སྲས་བརྒྱུད་དང༌། གཞན་ཡང་གཉོས་གྲགས་རྒྱལ་དང༌། ཞིག་པོ་བདུད་དརྩི། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་བཀའ་བབས་ཀྱི་བུ་ལྔ་གཙོ་བོར་གྱུར་བའི་སློབ་བརྒྱུད་ཀྱིས་བོད་ཡུལ་མཐའ་དབུས་ཀུན་ཏུ་ཁྱབ་པར་དོ། །ཉང་རལ་ཉི་མ་འོད་ཟེར་འཁྲུངས་འདས་ཀྱི་ལོ་ཙིགས་ནི། བདུད་འཇོམས་རིན་པོ་ཆེའི་རྙིང་མའི་ཆོས་འབྱུང་ལྟར་དུ་བྲིས་པ་ཡིན་ཡང༌། འགའ་ཞིག་གིས་རབ་བྱུང་གཉིས་པའི་མེ་འབྲུག་ལ་ཉང་རལ་འཁྲུངས་པར་འདོད། དེ་ནས་བརྩིས་པའི་ལོ་དྲུག་ཅུ་རྩ་དགུ་པ་རབ་བྱུང་གསུམ་པའི་ཤིང་ཕོ་བྱི་བའི་ལོ་ལ་ཉང་འདས་པར་བཤད། གང་ལྟར་ཉང་རལ་འཁྲུངས་འདས་ཀྱི་ལོ་ཁྱད་མི་འདྲ་བ་གཉིས་ལ་ལོ་སྐོར་གཅིག་གི་ཁྱད་ལས་མེད་པར་ཤེས་དགོས། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བྲིས།

 

དཀར་ཆག

༼༡༽ བརྩམ་པར་དམ་བཅའ་བ།

༼༢༽ ས་བཅད་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ།

༼༣༽ ནང་གསེས་དང་པོ་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཚུལ་དང༌།

༼༤༽ སྣོད་བཅུད་ཆགས་ཚུལ།

༼༥༽ བསྐལ་བཟང་སངས་རྒྱས་སྟོང་གི་བྱུང་ཚུལ།

༼༦༽ མཛད་པ་བཅུ་གཉིས་ལ་སོགས་པའི་སྐོར།

༼༧༽ ནང་གསེས་གཉིས་པ་རྟེན་གསུམ་བྱུང་ཚུལ།

༼༨༽ ནང་གསེས་གསུམ་པ་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ཚུལ།

༼༩༽ ནང་གསེས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པ་འཇིག་རྟེན་དུ་དར་ཚུལ།

༼༡༠༽ ནང་གསེས་ལྔ་པ་ཆོས་རྒྱལ་མྱ་ངན་མེད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པའི་ཚུལ།

༼༡༡༽ ས་བཅད་གཉིས་པ་རྒྱ་གར་གྱི་སྐབས་ཏེ་དེའི་རྒྱལ་རབས་བསྟན་པ།

༼༡༢༽ ནང་གསེས་དང་པོ་རྒྱལ་པོའི་རབས་བྱུང་ཚུལ། ༡༣ ནང་གསེས་གཉིས་པ་གཽ་ཏ་མའི་ལོ་རྒྱུས།

༼༡༤༽ ས་བཅད་གསུམ་པ་བོད་སྐབས་བསྟན་པ།

༼༡༥༽ ནང་གསེས་དང་པོ་བོད་དུ་མིའི་འགྲོ་བ་བྱུང་ཚུལ།

༼༡༦༽ ནང་གསེས་གཉིས་པ་བོད་ཀྱི་མིའུ་རིགས་བཞིའི་སྐོར།

༼༡༧༽ ནང་གསེས་གསུམ་པ་བོད་དུ་རྒྱལ་པོ་བྱུང་ཚུལ་ཏེ་གཉའ་ཁྲི་བཙན་པོ་ལ་སོགས་པའི་སྐོར།

༼༡༨༽ ནང་གསེས་བཞི་པ་གྲི་གུམ་བཙན་པོའི་སྐོར།

༼༡༩༽ ནང་གསེས་ལྔ་པ་ཤ་ཁྲི་དང༌། ཉ་ཁྲི། བྱ་ཁྲི་ལ་སོགས་པའི་སྐོར།

༼༢༠༽ ནང་གསེས་དྲུག་པ་ཐོ་རི་སྙན་ཞལ་སོགས་ཀྱི་སྐོར།

༼༢༡༽ ནང་གསེས་བདུན་པ་གནམ་རི་སྲོང་བཙན་གྱི་སྐོར།

༼༢༢༽ ནང་གསེས་བརྒྱད་པ་སྲོང་བཙན་སྒམ་པོ་སྐུ་བལྟམས་པ་སོགས་ཀྱི་སྐོར།

༼༢༣༽ ནང་གསེས་དགུ་པ་བོད་ཡིག་བྱུང་ཚུལ་དང་ཁྲིམས་ལུགས་གཏོད་པའི་སྐོར།

༼༢༤༽ ནང་གསེས་བཅུ་པ་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པ་སོགས་ཀྱི་སྐོར།

༼༢༥༽ ནང་གསེས་བཅུ་གཅིག་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་སློབ་གཉིས་ཀྱི་མཛད་པའི་སྐོར།

༼༢༦༽ ནང་གསེས་བཅུ་གཉིས་པ་བཻ་རོ་ཙཱ་ནའི་ལོ་རྒྱུས་སྐོར།

༼༢༧༽ ནང་གསེས་བཅུ་གསུམ་པ་སློབ་དཔོན་པདྨ་འབྱུང་གནས་བོད་ནས་སྲིན་ཡུལ་དུ་ཕེབས་པའི་སྐོར།

༼༢༨༽ ནང་གསེས་བཅུ་བཞི་པ་སྟོན་རྩེན་བར་གྱི་རྩོད་པའི་སྐོར།

༼༢༩༽ ནང་གསེས་བཅོ་ལྔ་པ་མུ་ནེ་བཙན་པོ་སད་ན་ལེགས་འཇིང་ཡོན་གྱི་མཛད་པའི་སྐོར།

༼༣༠༽ ནང་གསེས་བཅུ་དྲུག་པ་བཙན་པོ་ཁྲི་རལ་པ་ཅན་གྱི་མཛད་པའི་སྐོར།

༼༣༡༽ ནང་གསེས་བཅུ་བདུན་པ་བཙན་པོ་ཁྲི་རལ་པ་ཅན་གྱི་མཛད་པའི་སྐོར།

༼༣༢༽ ནང་གསེས་བཅོ་བརྒྱད་པ་དར་མ་འུ་དུམ་བཙན་གྱིས་ཆོས་བསྣུབས་པའི་སྐོར།

༼༣༣༽ ནང་གསེས་བཅུ་དགུ་པ་བསྟན་པའི་མེ་རོ་བསླངས་པའི་སྐོར།

༼༣༤༽ ནང་གསེས་ཉི་ཤུ་པ་ཨ་ཏི་ཤ་བོད་དུ་གདན་དྲངས་པའི་སྐོར།

༼༣༥༽ ནང་གསེས་ཉི་ཤུ་རྩ་གཅིག་པ་སྔ་འགྱུར་རྙིང་མའི་གྲུབ་མཐའ་བྱུང་ཚུལ།

༼༣༦༽ མཇུག་བསྡུའི་གཏམ་དང་མཛད་བྱང༌།

 

༄༅། །རྒྱལ་བ་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་སྲས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིགས་གསུམ་མགོན་པོ་བཀའ་དྲིན་ཅན་རྣམས་ལ་ཕྱག་འཚལ་ལོ།  །འཇིག་རྟེན་འདྲེན་པ་མཉམ་མེད་རྐང་གཉིས་གཙོ། །ཉོན་མོངས་དུང་སེལ་ལེགས་གསུང་བདུད་རྩིའི་ཆོས། །འགྲོ་བའི་དེད་དཔོན་རྒྱལ་སྲས་ཚོགས་ཀྱི་མཆོག །སྐྱོབ་པ་རིན་ཆེན་གསུམ་ལ་གུས་པས་འདུད། །ཁྱོད་ཀྱིས་གཉིས་མེད་ཡེ་ཤེས་མངོན་མཛད་ནས། །ཐུགས་རྗེས་འགྲོ་ལ་ཟབ་ཅིང་རྒྱ་ཆེའི་ལམ། །བསྟན་པས་ཐར་པ་མཆོག་ལ་འདྲེན་མཛད་པའི། །རྒྱ་གར་མཁས་པ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་སྤྲོས་བྲལ་མཁའ་ལྟར་དག་པ་ལ། །ཀུན་རྫོབ་རྟེན་འབྱུང་ཚོགས་སྣང་སྒྱུ་མ་ལྟར། །དོན་རྣམས་རྟོགས་བཞིན་ཐུགས་རྗེ་ཆེན་པོ་ཡིས། །དོན་མཛད་རྒྱལ་པོ་མེས་དབོན་རྣམས་ཕྱག་འཚལ། །ཆོས་ཀུན་གདོད་ནས་སྐྱོན་མེད་མཁའ་ལྟར་རྣམ་དག་གཟིགས། །གཉིས་སུ་མེད་པའི་བྱང་སེམས་བདུད་རྩིའི་ཆུ། །རྒྱ་མཚོའི་༼འཇིངས༽ལྟར་རྒྱ་ཆེ་ཟབ་ཡངས་པ། །མཁའ་མཉམ་འགྲོ་བ་འཆི་མེད་དབྱིངས་ལ་འགོད་མཛད་པའི། །སྒྲ་བསྒྱུར་གོང་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །འཁོར་དང་མྱ་ངན་འདས་པའི་ཡོན་ཏན་རྒྱ་མཚོ་ཡིས། །རང་གཞན་མ་ལུས་པ་རྣམས་སྨིན་དང་གྲོལ་མཛད་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །སེམས་ཅན་སྙིགས་མ་དུས་ལ་བརྩེ་དགོངས་ལ། །ཕ་ལ་ཕར་མི་འཛིན་ཅིང་མ་ལ་མར་མི་འཛིན། །ཤིན་ཏུ་མི་སྲུན་འགྲོ་བ་མང་པོ་དང༌། །དུས་སྙིགས་ཚེ་ལོ་བརྒྱ་པ་དང༌། །ཉོན་མོངས་སྙིགས་མ་དྲུག་དང་རྩ་བའི་ཉོན་མོངས་དང༌། །ཕྲག་བརྒྱའི་གྲངས་དང་རགས་པ་དང༌། །ལྟ་བའི་སྙིགས་མ་སྟོང་པ་ཆད་ལྟ་ཕྱོགས་གཅིག་དགག །བདག་ལྟ་ཤས་ཆེ་ཕྱི་པ་མུ་སྟེགས་དང༌། །ལོངས་སྤྱོད་སྙིགས་མ་དབུལ་ཞིང་ཕོངས་པ་འབྱོར་མི་ལྡན། །དེ་འདྲའི་དུས་ལ་དགོངས་ཏེ་སྟོན་པའི་བསྟན་པ་དང༌། །མཚན་ཙམ་ཐོས་པས་བསོད་ནམས་དཔག་མེད་གཏེར་གྱུར་པ། །དུས་རྣམས་རྟག་ཏུ་བཀའ་དྲིན་རྗེས་སུ་དྲན་པར་བྱས། །ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད། །བློ་གསལ་རིག་པ་བུང་བ་ལྟ་བུས་བླངས། །མཁས་རྣམས་སྐལ་ལྡན་རིན་ཆེན་སྣོད་བརྒྱུད་པའི། །སྔ་རབས་ཆོས་འབྱུང་ལོ་རྒྱུས་ཇི་ལྟ་བ། །མདོ་རྒྱུད་གསུང་རབ་བཀའ་ཆེམས་རིམ་པ་བཞིན། །བསྟན་པ་སྔ་ཕྱི་དར་བའི་ཡི་གེ་རྣམས་དང་ནི། །མཁས་པའི་གསུང་རབ་རིམ་པར་རབ་བརྒྱུད་པ། །ཡི་གེ་འཐོར་བ་ཐམས་ཅད་ཕྱོགས་གཅིག་ཏུ། །ཉང་རལ་བདག་གིས་མ་ནོར་རིམ་བཞིན་འགོད། །

སྤྱིར་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ་བ་ནི། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལགས། དེ་ཡང་ཇི་ལྟར་བཀའ་དྲིན་ཆེ་ན། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐབས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འགོད་པའི་གོ་ཆ་ཆེན་པོ་རབ་ཏུ་གྱོན་ནས། བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། ཚོགས་གཉིས་ཀྱི་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ཤར་ནས་འཁོར་བ་མ་སྟོངས་བར་དུ་འགྲོ་བའི་དོན་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་འགྲོ་བ་མ་ལུས་པ་བྱང་ཆུབ་གསུམ་ལ་འགོད་པས་བཀའ་དྲིན་ཆེ་བ་ལགས། མི་མཇེད་འཇིག་རྟེན་ཁམས་ལ་བཀའ་དྲིན་ཆེ་བ་ནི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལགས། དེ་ཡང་ཇི་ལྟར་བཀའ་དྲིན་ཆེ་ན། སྙིགས་མ་ལྔ་དང་ལྡན་པའི་ཞིང་ཁམས་འདིར། ཚད་མེད་ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་ནས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བརྩོན་འགྲུས་ཀྱི་སྟོབས་དང་ཤུགས་ཀྱིས་དཀའ་ཐུབ་དཔག་ཏུ་མེད་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ། གྲངས་མེད་ཅེས་པ་ནི་གྲངས་ཀྱི་གནས་གཞན་དྲུག་ཅུས་བགྲང་བར་མི་ནུས་པ་སྟེ། ༼སོ་སོ་སྐྱེ་བོ་ཡི་ས་ལ་བསྐལ་པ་གྲངས་མེད་ཅིང༌། ས་དང་པོ་ནས་བདུན་པའི་བར་ལ་གཅིག ས་བརྒྱད་པ་དགུ་པ་བཅུ་པ་དག་པ་ས་གསུམ་ལ་གྲངས་མེད་གཅིག་ཏུ་སློབ་སྟེ། མདོ་སྡེ་རྒྱན་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཉིད། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱི་ཡང་དག་རྫོགས། །ཞེས་སོ། །སོ་སོའི་སྒོམ་གཉིས་ལ་གྲངས་མེད་གཅིག་སྦྱོར། ས་གསུམ་ནས་སངས་རྒྱས་ལ་གྲངས་མེད་གཅིག་སྦྱོར་རོ། །དབྱིག་གཉེན་གྱིས་ཀྱང༌། དེས་གྲངས་མེད་གསུམ་ལས་སངས་རྒྱས་འབྱུང་ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང༌། །ཞེས་དཀོན་མཆོག་སྤྲིན་ལས་བཤད་དོ།  །༽ གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམ་དཀྲིག་མི་འཁྲུག་ཁྱད་འབྱིན་དང༌། །སྤང་རྟེན་དེད་འདྲེན་མཐའ་སྣང་དང༌། །རྒྱུ་རིག་འོད་མཛེས་དབང་པོ་དང༌། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང༌། །རྒྱ་རྟགས་སྟོབས་འཁོར་བརྡའ་ཤེས་དང༌། །རྣམ་འབྱུང་དང་ནི་སྟོབས་མིག་དང༌། །བྱམས་པ་ཆེན་པོར་ཤེས་པར་བྱའོ། །འབྱུང་བཞི་ཕྱོགས་ནི་ཆེན་པོ་བཞིས། །ཁ་སྐོང་དྲུག་ཅུར་ཤེས་པར་བྱ། །ཞེས་སངས་རྒྱས་ཕལ་པོ་ཆེ་ལས་གསུངས་པས། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། མཐའ་མ་ངེས་པའི་དོན་བྱང་ཆུབ་སྙིང་པོའི་བསྟན་པ་ལ་ཞུགས་ནས་སངས་རྒྱས་ཀྱི་རིང་ངེ་འཛིན་བསམ་གྱིས་མི་ཀྱབ་པ་དྲི་མ་མེད་པ་སིན་ཏུ་དཀར་བ་ལ་བཞུགས་ནས། བདུད་སྡིག་ཏོ་ཅན་བཏུལ་ནས་རྟོགས་པར་བགྱི་བ་དང༌། ཤེས་པར་བགྱི་བ་དང༌། ལྟ་བར་བགྱི་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནམ་གྱི་ཐོ་རིངས་སྐྱ་རིངས་འཆར་ཀར་སྐད་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེས་ཏེ། འཆི་བ་མེད་པར་འགྲོ་བའི་ལམ་མངོན་པར་རྡོགས་པ་བྱས་ཏེ། འོག་མིན་དུ་ཐུགས་མངོན་པར་བྱང་ཆུབ་པ་ལྔས་སངས་རྒྱས་ཤིང་རིམ་གྱིས་དྲང་བའི་དོན་དུ། ཟས་གཙང་གི་སྲོས་དོན་གྲུབ་པར་སྐྱེ་བ་བཞེས་ཏེ། རྡོ་རྗེ་གདན་གྱི་མཛད་པ་ཡོངས་སུ་རྫོགས་པའི་ཐུབ་པའི་ཞིང་ཁམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་སྟེ། དེའི་རྒྱ་ཁྱོན་ཚད་ནི་གླིང་བཞི་རི་རབ་ལྕགས་རི་ནག་པོ་མུ་ཁྱུད་དང་བཅས་པ་འདིའི་ལྷོ་ཕྱོགས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་སྟེ། དེ་ན་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་ཡིས་སེམས་ཅན་གྱི་དོན་མཛད་པའོ། །དེ་ལ་གླིང་བཞི་རི་རབ་དང་བཅས་པའོ། །ཁ་བ་ཅན་འདིའི་ལྷོ་ཕྱོགས་ན་བཞུགས་པའི་རྒྱ་བ་ཤཱཀྱ་ཐུབ་པ་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ནས། དེ་ལ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔས་བསྐོར་ཏེ། ཉིད་དང་མཉམ་པའི་འཁོར་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཚོགས་དཔག་ཏུ་མེད་པ་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔས་བསྐོར། ཐུབ་པ་ཆེན་པོས་སྤྱོད་ལམ་རྣམ་བཞི། སྐྱེ་གནས་བཞི་ལ་གཟིགས་ཤིང་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པའོ། །ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་ལས། ཚེ་དཔག་ཏུ་མེད་པའི་སྐབས་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང༌། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཙུལ་དུ་མཛད་ཅེས་གསུངས་སོ། །དེ་དག་ལ་ཅིའི་ཕྱིར་ན། ཉིད་དང་མནམ་པའི་འཁོར་ཞེས་བྱའོ་ཞེ་ན་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་དང་ཀྱད་པར་མེད་པ་ཡིན་ཀཔས་ན། ཉིད་དང་མཉམ་པའི་འཁོར་ཞེས་བྱའོ། །ཉིད་པས་དམན་པའི་འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཀྱི་ནང་ནས་ཐུགས་སྲས་བྱང་ཆུབ་སེམས་དཔའ་བཞི་ནི། དཔལ་མགོན་རྒྱལ་བ་བྱམས་པ་དང༌། འཕགས་པ་འཇམ་དཔལ་དང༌། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་དང༌། ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །དེ་དག་ཅིའི་ཕྱིར་ན། རྟག་ཏུ་ཕྱི་བཞིན་འབྲང་བའི་འཁོར་ཞེས་བྱ་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་བཞིངས་པ་དང༌། གཤེགས་པ་དང༌། བཞུགས་པ་དང༌། གཟིམས་པ་དང༌། སྐུའི་སྤྱོད་ལམ་རྣམ་པ་བཞི་གང་མཛད་ཀྱང༌། དེ་བཞི་ནི་ལུས་དང་གྲིབ་མ་བཞིན་མི་འབྲལ་བར། རྟག་ཏུ་ཕྱི་བཞིན་འབྲང་བས་ན། རྟག་ཏུ་ཕྱི་བཞིན་འབྲང་བའི་འཁོར་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བཞི་པོ་དེ་སྐུའི་ངོ་བོ་དེ་རང་གང་ན་བཞུགས་པ་དང༌། འཕྲིན་ལས་འགྲོ་དོན་གང་དང་གང་དུ་མདད་སྙམ་ན། དཔལ་མགོན་བྱམས་པའི་སྐུའི་ངོ་བོ་ནི་དགའ་ལྡན་གྱི་གནས་ན་བཞུགས་ནས། མཛད་པའི་འཕྲིན་ལས་ལྷའི་ཡུན་དར་རོ། །འཕགས་ཇཔ་འཇམ་དཔལ་གྱི་སྐུའི་ངོ་བོ་ནི། རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་ནས། མཛད་པའི་འཕྲིན་ལས་ནི། སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབག་པའི་མཛད་པ་ནས། ཁྱད་པར་དུ་བྱང་ཕྱོགས་ཤམ་བྷ་ལར་དར་རོ། །དཔལ་ཕྱག་ན་རྡོ་རྗེའི་སྐུའི་ངོ་བོ་ནི་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ན་བཞུགས་ནས་འཕྲིན་ལས་ཨོ་རྒྱན་ཡུལ་ན་དར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་ངོ་བོ་ནི་རི་བོ་ཏ་ལར་བཞུགས་ནས་འཕྲིན་ལས་བྱང་ཕྱོགས་ཁ་བ་ཅན་དུ་དར་རོ། །དེ་རྣམས་ཀྱི་ནང་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་སྲས་ཀྱི་ཐུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་ནི་བསམ་གྱིས་མི་ཁྱབ་སྟེ། དེའི་སྐུའི་བཀོད་པའང་བསམ་གྱིས་མི་ཁྱབ་པ། བཀའ་དྲིན་ཆེ་བའི་རྣམ་པ་གསུམ་སྟེ། བདེ་བར་གཤེགས་པ་རྣམས་ལ་བཀའ་དྲིན་ཆེ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་དྲིན་ཆེ་བ་དང༌། སྐྱེ་བོ་ཐ་མལ་པ་རྣམས་ལ་བཀའ་དྲིན་ཆེ་བའོ། །དེའི་དོན་ནི་རིག་པའི་ཆོས་གོ་བར་བྱ་བའི་ཕྱིར། ལྡེའུ་དང༌། སྒྲུང་དང༌། བསྟན་ཆོས་ལ་སོགས་པ་རྣམས་སོ། །འཕགས་པ་སྤྱན་རས་གཟིགས་ནི་དང་པོ་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་དྲུང་དུ་ཐུགས་བསྐྱེད་ནས། ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་མ་ལུས་པའི་དོན་བྱ་བར་དམ་བཅའ་བྱས་ནས་གང་ལ་ཅི་འདུལ་དེ་ལ་དེར་སྟོན་ཀཔའི་འཕྲིན་ལས་ཀྱིས་དོན་མཛད་དོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བའི་དབང་དུ་བྱས་ན། དེ་ལ་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་མངོན་པར་བྱང་ཆུབ་པ་ལྔས་ཐུགས་ཡེ་ཤེས་ལྔ་རུ་གྲུབ་ནས་སངས་རྒྱས་པའི་ཚུལ་ནི་ཡེ་ཤེས་ལྔ་ལྡན་དུ་སངས་རྒྱས་ཏེ། དེ་ལ་སྐུ་བཞི་དང་ལྔ་དང་བཅུ་གཅིག་ཏུ་བཤད་པ་ཡོད་དོ། །དེ་དག་ནི་སྐུ་གསུམ་སྣང་བའི་དབྱེ་བ་ཡིན་པས་དོན་གཅིག་གོ། །དེ་ལྟར་ཡིན་པ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འོག་མིན་ཞེས་བྱའི་གནས་མཆོག་ཏུ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་དེ་འདིར་སངས་རྒྱས། །ཞེས་གསུངས་པ་དང༌། གཞན་ཡང༌། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་བ།  །ཚོགས་གཉིས་ཡོངས་རྫོགས་ནས་ནི། །ཞེས་པ་དང༌། ཡང་དག་སངས་རྒྱས་དེར་སངས་རྒྱ། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཞེས་མདོ་སྡེ་ལང་ཀར་གཤེགས་པ་དང༌། མདོ་སྡེ་ཕལ་པོ་ཆེ་དང༌། རྣམ་སྣང་མངོན་བྱང་ལས་བཤད་དོ། ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་དེའི་ཐུགས་གཉིས་སུ་མེད་ཀཇཔས་མཛད་པ་མཐའ་ཡས་ཤིང་ཚད་མེད་དོ། །བསམ་གྱིས་མི་ཁྱབ་པོ། །གཟུགས་སྐུ་གཉིས་ཀྱི་ཞིང་ཁམས་ནི། གསེར་འོད་དམ་པ་ལས། ནམ་མཁའ་སྟོང་པ་ལ་བརྟེན་ནས་གློག་འབྱུང་ངོ༌།  །དེ་ལས་འོད་འབྱུང་སྟེ། དེས་ནི་སྐད་ཅིག་ཙམ་གསལ་བར་བྱེད་ནུས་སོ།  །དཔེ་དེ་བཞིན་དུ་ཆོས་སྐུ་ལ་བརྟེན་ནས་ལོངས་སྐུ་བྱུང༌། ལོངས་སྐུ་ལ་བརྟེན་སྤྲུལ་སྐུ་བྱུང་ངོ༌། །སྤྲུལ་པའི་སྐུ་དེ་ཡང་དུས་སྐད་ཅིག་མ་གཅིག་ལ་གནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་ཅིང་བསམ་གྱི་ཁྱབ་པར་བྱུང་སྟེ། དཔེར་ན་ཚེས་བཅོ་ལྔའི་ནུས་མོ་ཟླ་བ་ཉ་བ་ཤར་བ་ལ། སྒྲིབ་གཡོགས་མེད་པའི་དུས་ན།  འཛམ་བུ་གླིང་གི་ཆུ་དང༌། ལྟེང་ཀ་དང༌། རྫིང་བུ་དང༌། བཐའ་ན་རྩའི་ཟིལ་བའི་ནང་དུ་ཡང༌།   དུས་སྐད་ཅིག་མ་གཅིག་ལ་ཟླ་བའི་གཟུགས་བརྙན་བྱུང་བ་བཞིན་ནོ། །དེའི་བྱུང་ཚུལ་ཡང་མངོན་པ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་ཏེ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཡང་མདོ་སྡེ་ལས། སྟོང་ཆུང་ངུ་དང༌། སྟོང་གཉིས་པ་བར་མ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་ཀྱང་བཤད་པ་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོ་དེའི་ཆགས་གནས། འཇིག་རྟེན་སྟོངས་ཀཔའི་ཚུལ་གྱི་ཡི་གེ་རྒྱ་པ་ཟུར་དུ་བལྟ་བར་བྱའོ། དེ་ལྟའི་སྟོང་གསུམ་དེ་སྤྲུལ་སྐུ་ཆུང་ངུའི་ཞིང་ཁམས་ཡིན་ནོ། །འཇིག་རྟེན་གྱི་ཁམས་གཞན་དང་གཞན་ཡང་བཀོད་པ་དང༌། དབྱིབས་ཐམས་ཅད་འདྲའམ་ཞེ་ན། དེ་རྣམས་ངེས་པ་མཻད་དེ། ཇི་སྐད་དུ། འཇིག་རྟེན་གྱི་ཁམས་ཁ་ཅིག་ནི་ཟླ་བ་གམ་པ་ལྟ་བུར་འདུག་གོ །ཁ་ཅིག་ནི་པད་མོ་བརྩེགས་པ་ལྟ་བུར་འདུག་གོ། །ཁ་ཅིག་ནི་ཤིང་རྟའི་དབྱིབས་སུ་འདུག་གོ་ཞེས་པ་ལ་སོགས་པ་གསུངས་ཏེ། སྟེང་གཡོགས་མེད་པ་དང་སྣྲེལ་བཞི་དང༌། སྤྱི་བོ་ཚུགས་པའི་དབྱེ་བ་དང༌། འཇིག་རྟེན་གྱི་ཁམས་ཁ་ཅིག་ནི།   ཉི་མ་དང་ཟླ་བ་མེད་པར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུའི་ནོར་བུ་རིན་པོ་ཆེའི་འོད་ཀྱིས་གསལ་བར་བྱེད་པ།   དེ་བཞིན་གཤེགས་པ་ནོར་བུ་བརྩེགས་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ཁམས་ལྟ་བུ་དང༌། སྟོང་གསུམ་ཁ་ཅིག་ན་ཉི་ཟླ་ཟུང་གཅིག་གིས་བྱ་བ་བྱེད་པ་དང༌། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་མིག་མི་འཛུམ་པ་ཞེས་བྱ་བ་དང༌། དེ་བཞིན་དུ་གླིང་བཞིའི་བཀོད་པ་དང་ལྡན་པ་དང༌། འཇིག་རྟེན་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་དབང་དུ་བྱས་ཏེ།  དེ་ལྟ་བུའི་སྟོང་གསུམ་བསམ་གྱིས་མི་ཁྱབ་ཅིང༌། ཆེས་བསམ་གྱིས་མི་ཁྱབ་པའི་ནང་དུ།  ཚུད་པའི་ཞིང་ཁམས་གཅིག་ཡོད་དེ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས།  ཤཱཀྱ་ཐུབ་པ་དེ་སྔོན་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་པའི་དུས་ན།  ཞིང་གི་ཆ་ཤས་དེ་ཙམ་ཞིག་སྦྱངས། སེམས་ཅན་གྱི་རྒྱུད་དེ་ཙམ་ཞིག་དག་པར་བྱས་ནས།  གདུལ་བྱ་དག་པ་རྣམས་ལ་ཞིང་ཁམས་དེ་ཙམ་ཞིག་སྣང་བར་འཆར་བ་དང༌།  སྤྲུལ་པའི་སྐུ་འབྲིང་གི་སྣང་བར་འཆར་བ་ནི།  གཞི་དང་སྙིང་པོ་མེ་ཏེོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་དེ་ཡང་བསམ་གྱིས་མི་ཁྱབ་ཅིང་བགྲང་བའི་གྲངས་ལས་འདས་པ་དེ་ཡང་ནང་དུ་ཚུད་པའི་འཇིག་རྟེན་གྱི་ཁམས་ཤིག་ཡོད་དེ། སྔོན་ཐུབ་པ་བྱང་ཆུབ་སེམས་དཔའི་དུས་ན། ཟིང་དེ་ཙམ་ཞིག་དག་པར་བྱས། སེམས་ཅད་དེ་ཙམ་ཞིག་གི་རྒྱུད་སྨིན་པར་བྱས་པས། སྤྲུལ་སྐུ་མཆོག་གི་སྣང་བ་འཆར་བ་དེ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བཤད་དོ། །དེ་འདྲ་བ་བསམ་གྱིས་མི་ཁྱབ་ཅིང་ཆེས་བསམ་གྱིས་མི་ཁྱབ་པ། འཇམ་དཔལ་གྱིས་ཀྱང་བགྲང་བའི་གྲངས་ལས་འདས་པ་དེ་ཐམས་ཅད་ནང་དུ་ཚུད་པའི་ཞིང་ཁམས་ཆེན་པོ་ཞིག་ཡོད་དེ།   དེ་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ཡིན་ནོ། །དེ་ཡང་རྡོ་རྗེ་རྩེ་མོའི་རྒྱུད་ལས་འདི་སྐད་བཤད། འོག་མིན་སྟུག་པོ་ཉམས་དགའ་བ། །འཇིག་དང་ཆགས་པ་ལས་གྲོལ་ཞིང༌། །མཐའ་དང་དབུས་ཀྱང་མེད་པ་ལ། །ཡེ་ཤེས་སྣང་བའི་ཞིང་ཁམས་ཡིན། །ཞེས་གསུངས་སོ། །དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཞེས་བྱ་བ་དེ་ནི་ཡེ་ཤེས་ཀྱི་སྐུ། ཞལ་ཀུན་ཏུ་ཞལ་ཐལ་ལེ་བ། ཕྱོགས་གང་ནས་བལྟས་ཀྱང་མདུན་རྒྱབ་ཏུ་བྱ་བ་མེད་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱིས་ཡིད་ལ་ཇི་ལྟར་བསམ་པ་བཞིན་དུ་སྣང་བ། དེ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་རྒྱུན་མི་ཆད་པར་གསུངས། ཟག་མེད་པའི་ཆོས་དང༌། འདོད་ཡོན་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་དེ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བའོ། །ཞིང་ཁམས་དེ་ན་སྤྲུལ་སྐུ་རབ་འབྲིང་གསུམ་གྱིས་གང་ལ་ཅི་འདུལ་དེ་ལ་དེར་སྟོན་པའང་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདི་གང་ན་ཡོད་ཅེ་ན། མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ལས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེ་ན། རིག་བྱེད་བཞི། ངེས་བརྗོད་དང༌། མཆོད་སྦྱིན་དང༌། སྲིད་སྲུང་དང༌། སྙན་ངག་གི་རིག་བྱེད། དེ་ལ་ཚངས་པ་དེ་ཉིད་སྟོན་པར་བྱེད་པའམ། རྟོགས་པར་མརྗོད་པའམ། ལྷ་མཆོད་པའི་ཆོ་གའམ། མ་རུང་པ་འདུལ་བའི་མཐུ། ངན་སྔགས་དང༌། རྫས་སྦྱོར་ལ་སོགས་པ། རིག་པའི་གནས་ལྔ་ནི། སྒྲ་རིག་པ། གཏན་ཚིགས་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་རིག་པ་༼སྟེ། ཐུན་མོང་དང༽ ཐུན་མོང་མ་ཡིན་པའི་ཆོས་དརྣམས་སོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པའོ། །འཇིག་རྟེན་གྱི་ཁམས་གསུམ་སྟེ། སྟོང་སྤྱི་ཕུད་དང༌། སྟོང་གཉིས་པ་བར་མ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའོ། །འོག་མིན་སྟུག་པོ་བཀོད་པའི་ཞིང་དེ་ན། འཇིག་རྟེན་ཁམས་རྒྱ་མཚོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །བྱེ་བྲག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེའི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ན། ཞིང་ཁམས་མི་འདྲ་བ་ན་སེམས་ཅན་གྱི་དོན་མཛད་དོ། །དེའི་བ་སྤུའི་བུ་ག་གྱེན་དུ་ལྟ་བ་ཐམས་ཅད་འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་སྟེ། སངས་རྒྱ་བྱོན་ནས་སེམས་ཅན་གྱི་དོན་མཛད་དེ། ཡས་མར་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུའོ། །བ་སྤུའི་བུ་ག་བལྟས་ན་ཟ་འོག་གི་གུར་ཁང་ལྟ་བུའོ། །བ་སྤུའི་བུ་ག་ཐུར་ལ་བལྟས་པ་ནི། གན་ལོག་གི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། སེམས་ཅན་རང་རང་ལུས་དང་མཉམ་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །རྣམ་པར་སྣང་མཛད་ཀྱི་ཕྱག་མཉམ་བཞག་གི་མཐིལ་ན་ལྷུང་བཟེད་ཆེན་པོ་ཞིག་ཡོད་པ་ལ། དེའི་ནང་ན་སྤོས་ཆུའི་རྒྱ་མཚོ་ཟབ་མཐའ་ཡས་པ་ཟེས་བྱ་བ་ཡོད་དེ་ཕྱིར་ལྷུང་བཟེད་ཀྱི་རྡུལ་དང༌། ཆུའི་རྡུལ་ལ་བརྟེན་པ་ལ་ཡང༌། འཇིག་རྟེན་གྱི་ཁམས་བསམ་གྱི་མི་ཁྱབ་པ་ཡོད་པ་ལ། ཁྱད་པར་དུ། བྱང་ཆུབ་སེམས་དཔའི་གཟུགས་དང་ཁ་དོག་སྣང་བ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་དོ། །དེའི་ཕན་ཚུན་ཡན་མན་ན་ཡང་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེའི་རྩེ་མོ་ལ་རྒྱ་མཚོ་གཅིག་ཡོད། དེའི་དཀྱིལ་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཡོད། དེ་ན་སྟོང་གསུམ་བསམ་གྱིས་མི་ཁྱབ་ཡོད་པ་ལས་དེའི་དབུས་སྟོང་གསུམ་གྱི་སྟོང་ཆེན་པོ་ཉི་ཤུ་རྩ་ལྔ་བརྩེགས་པ་ཞིག་ཡོད་པའི་བཅུ་གཉིས་མར་བཞག་བཅུ་གཉིས་ཡར་བཞག་པའི་དབུས་དེ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདི་ཡིན་ནོ། །སྤྲུལ་སྐུ་འདུས་པའི་ཞིང་ཁམས་ཆགས་ལུགས་ནི། དང་པོ་ནམ་མཁའ་སྟོང་པ་ལ་སེམས་ཅན་གྱི་ལས་ཀྱི་རླུང་གིས་རྡུལ་ཕྲན་དལ་བུས་འཁྲིགས་པ་ལས། རླུང་གི་དཀྱིལ་འཁོར་རྔམས་སུ་འབུམ་ཕྲག་བཅུ་དྲུག་པ། རྒྱར་གྲངས་མེད་པ། སྲེད་མེད་ཀྱི་བུས་རྡོ་རྗེས་བཤིག་པར་མི་ནུས་ལ། རྡོ་རྗེ་རྒྱ་གྲམ་གྱི་རྣམ་པར་ཆགས་པ། དེའི་སྟེང་དུ་སེམས་ཅན་རྣམས་ཀྱི་ལས་ཀྱི་སྟོབས་ཀྱིས། སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ལས་ཆུའི་དཀྱིལ་འཁོར་དེ་བས་ཅུང་ཞིག་ཆུང་བ་དཀར་ལ་ཟླུམ་པ་ཆགས་སོ། །དེ་རླུང་གིས་བསྲུབས་པ་ལས་ཆུའི་རྔམས་ཅུང་ཟད་བྲི་ནས་སྟེང་དུ་གསེར་གྱི་ས་གཞི་འོ་མའི་སྤྲིས་མ་ལྟ་བུ་ཆགས་ཏེ། དེའི་སྟེང་དུ་ཁམས་སྣ་ཚོགསཅན་གྱི་སྤྲིན་ལས། གླང་པོ་ཆེའི་ཕོ་མཚན་གྱི་ཆུ་ཙམ་གྱི་ཆར་བབས་པས་ཕྱིའི་རྒྱ་མཚོ་ཆེན་པོ་ཆགས་སོ། །དེའི་སྟེང་དུ་གསེར་གྱི་པད་མོ་འདབ་མ་སྟོང་དང་ལྡན་པ་ཞིག་བྱུང་སྟེ། གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་བལྟས་པས་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཨེ་མ་བསྐལ་པ་འདི་ནི་བཟང་པོ་གཅིག་ཅེས་བསྒྲགས་པས། བསྐལ་པ་བཟང་པོ་ཞེས་མིང་དུ་གྲགས་སོ། ཆུ་དེ་སྲིད་པའི་རླུང་གིས་དཀྲུགས་ཤིང་བསྲུབས་པས་རི་རྒྱལ་མཆོག་རབ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི།  གླིང་ཕྲན་བརྒྱད། ལྕགས་རི་ནག་པོ་མུ་ཁྱུད་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཆགས་སོ། །དེ་ལ་གླིང་བཞི་པ་འདི་ནི་བཅོམ་པ་དང་ལྡན་པ་ཞེས་བྱ་ལ།  འདིའི་ཤར་ཕྱོགས་ན་གླིང་བཞི་པ་ཤིན་ཏུ་སྲུང་བ་དང༌། ལྷགོ་ན་བཟོད་པར་དཀའ་བ་དང༌། ནུབ་ན་བསྙེན་དང་ལྡན་པ་དང༌། བྱང་ན་སེང་གེ་ཡོད་པ་དང༌། བྱང་ཤར་ན་རྣམ་པར་བརྩེགས་པ་དང༌། ཤར་ལྷོ་ན་དགའ་བ་དང༌། ལྷོ་ནུབ་ཏུ་སྙིང་པོ་དམ་པ་དང༌། ནུབ་བྱང་ན་བཟང་པོ་ཞེས་བྱ་བ་ཡོད་དོ། །དེ་ལ་གླིང་བཞི་པ་སྟོང་ལ་ནི། སྟོང་ཆུང་ཡིན་ལ། སྟོང་ཆུང་ངུ་སྟོང་ལ་ནི་སྟོང་གཉིས་པ་བར་མའོ།  །སྟོང་བར་མ་སྟོང་ལནི། སྟོང་གསུམ་གྱི་སྟོང་ཆེན་པོའོ། །ཕྱི་སྣོད་ཀྱི་འཇིག་རྟེན་མས་ཀྱིས་ཆགས། ནང་བཅུད་ཀྱི་སེམས་ཅན་ཡས་བས་ཀྱིས་ཆགས་ཏེ་ཡར་འཕེལ་མར་འགྲིབན་ནི་སྙིང་རྗེ་པད་མ་དཀར་པོ་ལས།  འཕགས་པ་དཀོན་མཆོག་གསུམ་སྤྱིར་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སྒྲོན་མའི་བསྐལ་པ་དང༌། མི་འབྱུང་བ་སེམས་ཅན་ལས་མར་ངན་རགས་པའི་རྒྱུ་ལས་མུན་པའི་བསྐལ་པ་གཉིས་རེས་མོས་ཀྱིས་འབྱུང་བར་གསུངས་པས། བསྐལ་པ་བཟང་པོའི་མདོ་ལས།  བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་འབྱུང་བ་འདི་རྫོགས་པའི་འོག་ཏུ་སངས་རྒྱས་མེད་པའི་མུན་པའི་བསྐལ་པ་དྲུག་ཅུ་རྩ་གཉིས་འབྱུང་བ་ལ། དེ་ལ་རང་སངས་རྒྱས་བྱེ་བ་ཕྲག་འབུམ་འབྱུང་ངོ༌། །དེ་ནས་སངས་རྒྱས་བདུན་འབྱུང་ངོ༌། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་འདི་མདོན་པར་དང་བ་ཞེས་བྱ་བར་གྱུར་ནས་འཕགས་པ་ཀླུ་སྒྲུབ་ཉིད་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་གྱུར་ནས་སངས་རྒྱས་པར་མདོ་སྡེ་སྤྲིན་ཆེན་པོ་ལས་གསུངས་སོ། །དེའི་འོག་ཏུ་བསྐལ་པ་དྲུག་ཅུར་སངས་རྒྱས་མི་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་སྙན་པ་དང༌། གྲགས་པ་ཆེན་པོ་ལ་སངས་རྒྱས་ཁྲི་འབྱུང་ཞིང༌། དེའི་འོག་ཏུ་དཔེ་སྐར་མ་ལྟ་བུ་ལ་སངས་རྒྱས་ཁྲི་འབུམ་ཁྲི་ཕྲག་གཅིག་འབྱུང་ལ། དེའི་འོག་ཏུ་བསྐལ་པ་སུམ་བརྒྱར་སངས་རྒྱས་མི་འབྱུང་ཞིང༌།  དེའི་འོག་ཏུ་བསྐལ་པ་ཡོན་ཏན་བཀོད་པ་ཞེས་བྱ་བ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་མདོ་སྡེ་ཁ་ཅིག་ལས་གསུངས་པས། སངས་རྒྱས་བྱོན་པ་ཉུང་ཞིང་མེད་པའི་བསྐལ་པ་མང་བས། ཡར་འཕེལ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་འབྱུང་སྟེ། མར་འགྲིབ་པ་ལ་ནི་མངའ་ཐང་ཆེན་པོ་མི་རྡོགས་པའི་ཕྱིར་རོ།  །མར་འགྲིབ་པ་ལ་ཚེ་ལོ་བརྒྱ་པ་མར་བཅད།  སྙིགས་མ་ལྔ་བདོ་བས་སེམས་ཅན་འདུལ་དཀའ་བ་རྣམས་ལ། འདུལ་བྱེད་ཀྱི་སྟོན་པ་སངས་རྒྱས་རྣམས་འབྱོན་པ་ཡིན་ཏེ། རང་སངས་རྒྱས་རྣམས་ནི་ཡར་འཕེལ་དང་མར་འགྲིབ་གཉིས་ལ་འབྱུང་ངོ༌། དེ་ནི་བྱེ་བྲག་ཏུ་སྐབས་དོན་ལ་འགྲོ་བའི་དོན་ལ་ལོངས་སྤྱོད་རྫོགས་པའི་སྐུ། དེའི་སྤྲུལ་སྐུ་ཆུང་ངུའི་བྱེ་བྲག་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཤཱཀྱ་ཐུབ་པའི་ཞིང་ཁམས་མཉམ་དུ་འཇིག་ཅིང་འབྱུང་བ་དེ་ལ། བསྐལ་པ་ཆེན་གཅིག་ཅེས་བྱ། བསྐལ་པའི་མིང་སྤྲུལ་སྐུ་སྟོང་འབྱུང་བས་ན་བསྐལ་པ་ཆེན་ཞེས་ལྷ་རྣམས་ཀྱིས་བཏགས་སོ། །དེ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་ཡོད་པར། སྤྲུལ་སྐུ་ཆུང་ངུ་སྟོང་དུས་གཅིག་ཏུ་འབྱུར་བར་སྣང་ཡང༌། དེ་རྣམས་ཀྱི་ཞིང་ཁམས་ཀྱང་གཅིག གདུལ་བྱའི་སེམས་ཅན་ཡང་འདྲ། མཛད་པའི་འཕྲིན་ལས་ཀྱང་འདྲ་ཞིད་མཐུན་པས་ན། སངས་རྒྱས་སྟོང་ཞེས་མདོ་བསྐལ་པ་བཟང་པོ་བསྡུས་པ་ཡིན་ནོ། །དེ་ལྟར་ཡིན་པར་ཡང་སངས་རྒྱས་ཕལ་པོ་ཆེ་ལས། ཚོང་དཔོན་གྱི་བུའི་བླ་མ་གཅིག་གིས་ལུང་བསྟན་པ། སོང་རིགས་ཀྱི་བུ། ལུམ་བི་ནིའི་ནགས་སྲུང་པའི་ལྷ་མོ་གཟི་བརྗིད་བློ་གྲོས་ཞེས་བྱ་བ་འདུག་གིས།  དེ་ལ་གདམས་པ་དང་རྗེས་སུ་བསྟན་པ་ཞུས་ཤིག་དང༌། དེས་ཁྱོད་ལ་སྟོན་པར་འགྱུར་རོ་གསུངས་ནས། དེར་གཟི་བརྗིད་བློ་གྲོས་ཀྱི་དྲུང་དུ་ཕྱིན་ནས། ཕྱག་དང་སྐོར་བ་བྱས་པས། ལྷ་མོ་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་དེ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བར་འཚལ་ན།  ཁྱོད་ཀྱིས་བསྟན་དུ་གསོལ་ཞེས་ཞུས་པས། ལྷ་མོས་གསུངས་པ།  རིགས་ཀྱི་བུ་ངས་ནི་ཅི་ཡང་མི་ཤེས་ཀྱིས། འོན་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་འདི་ཉིད་འགྲོ་བ་སེམས་ཅན་གྱི་དོན་དུ་སངས་རྒྱས་འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུངས་དང༌། ཤཱཀྱ་ཐུབ་པར་སྤྲུལ་ནས། ལུམ་བའི་ནིའི་ནགས་འདབས་འདི་ཉིད་དུ་སྐུ་བལྟམས་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་པས་དེའི་མཛད་པ་དང་འཕྲིན་ལས་རྣམས་ངས་བལྟས་པ་ཡིན་ནོ། །སོང་རིགས་ཀྱི་བུ། སུམ་ཅུ་རྩ་གསུམ་གྱི་གནས་ན་སངས་རྒྱས་སྟོང་གི་སྐུ་བསྐྲུན་པའི་ཡུམ་ཆེན་མོ་སྒྱུ་འཕྲུལ་ཞེས་བྱ་བ་འདུག་གི་དེ་ལ་གདམས་ངག་རྗེས་སུ་བསྟན་པར་ཞུས་ཤིག ཁྱོད་ལ་སྟོན་པར་འགྱུར་རོ་ཞེས་གསུངས་ནས། ནོར་བཟང་གིས་ལྷ་མོ་སྒྱུ་འཕྲུལ་གྱི་དྲུང་དུ་ཕྱིན་ཏེ། འདི་སྐད་ཅེས་གསོལ་ཏེ། ལྷ་མོ་བདག་གིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་ནི་བསྐྱེད་ན། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བར་འཚལ་ན། བསྟན་དུ་གསོལ་ཞུས་པས། དུས་གསུམ་གྱི་ཡུམ་ཆེན་མོ་ལྷ་མོ་སྒྱུ་འཕྲུལ་གྱིས་གསུངས་པ། རིགས་ཀྱི་བུ་ངས་ནི་ཅི་ཡང་མི་ཤེས་ཀྱིས། འོན་ཀྱང་སངས་རྒྱས་རྣམ་པར་སྣང་མཛད་འདི་ཉིད། སེམས་ཅན་མ་ལུས་པའི་དོན་དུ་འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུངས་དང༌། ཤཱཀྱ་ཐུབ་པའི་ཡུམ་ཡང་ངས་བྱས་སོ། །མ་འོངས་པ་ན་བསྐལ་པ་བཟང་པོ་འདི་ལ་བྱམས་པའམ། སེང་གི་ནས་གཅུང་མོས་པའི་བར་དུའང༌། སྐུ་བསྐྲུན་ཞིང་བསྐྱེད་པའང་ངས་བྱེད་པ་ཡིན་ནོ། །ཞེས་གསུངས་པ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་བྱོན་པའམ། རྣམ་སྣང་ཆེན་པོའི་སྤྲུལ་པའོ། །དེ་ལས་དོན་གྱི་དབང་དུ་བྱས་ན། སངས་རྒྱས་སྟོང་གི་ནང་ནས་ཤཱཀྱ་ཐུབ་པ་ཞེས་མཚན་དུ་གསོལ་བ་འདི་ནི། སྤྲུལ་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱོན་ཏེ། གཞན་དོན་འཕྲིན་ལས་ཀྱི་ཚུལ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོ་འཇིག་རྟན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་སྐུའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟས་པ་དང༌། །བཟོའི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དང་རོལ་བ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌།  །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་པ་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་དེ་རྣམས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྣམ་པར་སྤྲུལ་པ་ཡིན་ཏེ། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུག་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་བདག །ཅེས་གསུངས་པས། སངས་རྒྱས་དེ་རྣམས་ཀྱང་རྣམ་པར་སྤྲུལ་པའོ། །མདོ་བསྐལ་པ་བཟང་པོ་ལས། སྔོན་བསྐལ་པ་མཛེས་པར་སྣང་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་སངས་རྒྱས་སྡོང་པོ་ཡོན་ཏན་མཐའ་ཡས་ཡིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་གཅིག་བྱོན་ཏེ། དེའི་ཚེ་སངས་རྒྱས་མར་མེ་མཛད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་པ་ལས། བཙུན་མོ་བདུད་འབུམ་ཡོད་པ་དེའི་ནས། སྟོང་རྩ་གཉིས་ཡོད་པ་ལས། སྲས་སྟོང་ཐམས་པ་བྱུང་བའི་ཆེ་ཤོས་རྒྱལ་བུ་རྣམ་པར་དག་པའི་བློ་གྲོས་ནི་སངས་རྒྱས་འཁོར་བ་འཇིག་གོ །དེ་ནས་རིམ་གྱིས་ཆུང་ཤོས་རྒྱལ་བུ་བློ་གྲོས་མཐའ་ཡས་ནི། སངས་རྒྱས་རྣམ་པར་སྣང་མཛད་མོས་པ་ཞེས་བྱའོ། །བཙུ་ན་མོ་གཉིས་ལ་སྲས་མེད་ནས། དྲང་སྲོང་མངོན་ཤེས་ཅན་དང་རང་སངས་རྒྱས་རྣམས་བསྙེན་བཀུར་བྱས། མཆོད་སྤྱིན་གྱིས་མཉེས་པར་བྱས་པས། དྲང་སྲོང་ན་རེ། རི་བོ་གངས་ཅན་ལས་སྨན་བླངས་ཏེ། བཅུད་བསྡུས་ནས་བླུད་ན་སྲས་འབྱུང་ངོ༌། །ཞེས་བསྟན་པས། དེ་བཞིན་དུ་བྱས་པས་སྲས་བྱུང་ངོ༌། །སྲས་དེ་རྣམས་སངས་རྒྱས་པར་ཤེས་ནས། རིན་པོ་ཆེ་སྣ་ཚོགས་ཀྱི་དཀྱིལ་འཁོར་བཤམས། མཆོད་པ་རྒྱ་ཆེན་པོ་བྱས། སྦྱིན་པ་ཕྱོགས་མེད་བཀྱེས་ནས། སྲས་ཐམས་ཅད་ཀྱི་མིང་བྲིས་ནས། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཕྲ་མེན་གྱི་བུམ་པར་བཅུག ཞག་བདུན་དུ་བསྒྲུབས། མཆོད་པ་བྱས། སངས་རྒྱས་རིན་ཆེན་མཐའ་ཡས་ལ་དབང་བསྐུར་བར་ཞུས་ནས། ཁྲུས་བྱས་ནས་བུམ་པའི་ནང་ནས་མིང་བྱང་རྣམས་བཏོན་པས། དང་པོ་ལ་རྒྱལ་བུ་གཞོན་བུ་རྣམ་པར་དག་པའི་བློ་གྲོས་བྱུང་སྟེ། སངས་རྒྱས་འཁོར་བ་འཇིག་བྱུང༌། བར་དུ་ལུང་བསྟན་པ་ནི། དེས་བསྟན་པ་འདི་གནས་པར་ཤོག ཅེས་སྨོན་ལམ་བཏབ། དེའི་རྟིང་ལ། རྒྱལ་བུ་་་་་་་་་་་་་་་་་་་་་་་་བྱུང་སྟེ། སངས་རྒྱས་གསེར་ཐུབ་བྱུང༌། དེའི་རྟིང་ལ། རྒྱལ་བུ་དབང་པོ་ཞི་བ་བྱུང་སྟེ། སངས་རྒྱས་འདོ་སྲུངས་བྱུང༌། དེའི་རྟིང་ལ། རྒྱལ་བུ་ཡུལ་འཁོར་སྲུང་སངས་རྒྱས་ཏེ། མར་མེ་མཛད་བྱུང༌། དེའི་རྟིང་ལ་རྒྱལ་བུ་དོན་གྲུབ་བྱུང་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་བྱུང་ངོ༌། དེའི་རྟིང་ལ། རྒྱལ་བུ་རིགས་སུ་བྱུང་བའི་དཔལ་བྱུང་སྟེ། སངས་རྒྱས་བྱམས་པ་བྱོན། དེ་ནས་སེང་གེ་ལ་སོགས་པ་རིམ་གྱིས་བྱུང༌། དེ་རྣམས་ཀུན་གྱི་རྟིང་མ་ལ་གཅུང་མོས་པ་བྱུང༌། རྒྱལ་བུ་བློ་གྲོས་མཐའ་ཡས་བྱུང་སྟེ་སངས་རྒྱས་སོ། །སྟོང་རྩ་གཉིས་པོ་ཀུན་གྱིས་ཀྱང་བསྟན་པ་འདི་ཙམ་གནས་པར་ཤོག་ཅེས་སྨོན་ལམ་རྣམ་པར་དག་པ་བཏབ་པོ། །གཅུང་མོས་པ་ལ་གོང་གི་གཅེན་པོ་རྣམས་ཀྱིས་སྨྲས་པ། སེམས་ཅན་གྱི་དོན་ལ་ངེད་རྣམས་ཀྱིས་ཆོག ཁྱེད་རང་སེམས་ཅན་གྱི་དོན་བྱེད་པར་དཀའ་བས། རང་ཞི་བདེར་སྡོད་ཅེས་སྨྲས་པས། གཅུང་མོས་པས་སྨྲས་པ། སེམས་ཅན་གྱི་ཁམས་ཟད་པ་མེད་པས་ཁྱེད་རྣམས་ཐམས་ཅད་ཀྱི་བསྟན་པ་ཙམ་ཞིག་བདག་གི་བསྟན་པ་གནས་པར་ཤོག ཅེས་དེ་སྐད་སྨོན་ལམ་བཏབ་པོ། །བཙུན་མོ་དམ་པ་གཏུམ་མོར་ཡང་ཟེར། དམ་པ་མ་སྨད་པའི་ཕང་དུ་པད་མོ་ལས་བརྫུས་ཏེ་སྐྱེས་པ་ཁྱེའུ་ཆོས་སེམས་དཔའ་ཕུ་བོ་སངས་རྒྱས་སྟོང་གི་སྐུའི་བདུད་ཐམས་ཅད་འདུལ་བར་སྨོན་ལམ་བཏབ་པ་ནི། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ཡིན་ནོ། །དེ་ལུང་བསྟན་པའོ། །བཙུན་མོ་མཛེས་མ་དཔེ་མེད་པའི་ཕང་དུ། མེ་ཏོག་གསེར་གྱི་པད་མོ་ལ་བརྫུས་ཏེ་སྐྱེས་པ་ནི། ཁྱེའུ་ཆོས་ཀྱི་བློ་གྲོས་ཀྱིས། གཅེན་པོ་སངས་རྒྱས་སྟོང་གི་ཡོན་བདག་བྱེད་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་སྨོན་ལམ་བཏབ་པ་ནི། ཚངས་པ་གཙུག་ཕུད་ཅན་ལུང་བསྟན་པ་ཡིན་ནོ། །དེ་ལྟར་སངས་རྒྱས་སྟོང་རྩ་གཉིས་རྣམས་བྱོན་པ་ནི་སྔོན་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་སུ། དེ་དག་གི་འདུལ་ཐབས་ཀྱི་ཐེག་པ་ཇི་ལྟར་གསུངས་པ་ནི་དེའོ། །རྒྱལ་བུ་ལག་རྐྱང་ཞེས་པའི་སྐུ་རིང་ལ། དམ་ཆོས་ལོ་ནི་བཅུ་གཉིས་གནས། །ལྷག་མ་གཟུགས་བརྙན་ཙམ་དུ་གསུངས། །དེ་ལ་སངས་རྒྱས་འཁོར་བ་འཇིག་བྱོན་ཏེ། རང་སེམས་སངས་རྒྱས་སུ་རང་གིས་རྟོགས་ནས་སངས་རྒྱས་པས། མཚན་ཡང་སངས་རྒྱས་འཁོར་བ་འཇིག་ཅེས་གྲགས་སོ། །སངས་རྒྱས་དེ་ལ་བྲམ་ཟེའི་ཁྱེའུ་དུབ་པ་མེད་པ་ཞེས་བྱ་བས་སེམས་བསྐྱེད་པ་དང༌། སངས་རྒྱས་དེས་ལུང་བསྟན་པ་ནི་བྲམ་ཟེའི་ཁྱེའུ་ཁྱོད། སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ་ཞིང་ཁམས་གསེར་གྱི་མཆོད་སྡོང་བརྩེགས་པ་ཞེས་བྱ་བར། རྒྱལ་བུ་ཨུད་པ་ལའི་སྐུ་རིང་ལ། སངས་རྒྱས་གསེར་ཐུབ་ཅེས་བྱ་བར་སངས་རྒྱས་པར་འགྱུར་རོ། །དམ་ཆོས་ལོ་ནི་བདུན་ཁྲི་གནས་པར་འགྱུར། ལྷག་མ་འགྲེའོ། ཞེས་ལུང་བསྟན་ཏེ་སངས་རྒྱས་སོ། །ཡང་སངས་རྒྱས་གསེར་ཐུབ་ལ་༼བྲམ་ཟེ་ཁྱེའུ་ཉི་མའི་སྙིང་པོ་ཞེས་བྱ་བས་སེམས་བསྐྱེད་པ་དང༌། སངས་རྒྱས་དེས༽ བྲམ་ཟེའི་ཁྱེའུ་ཁྱོད་ཚེ་ལོ་སུམ་ཁྲི་ཐུབ་པའི་དུས་སུ། ཞིང་ཁམས་སྐར་མ་བཀྲམ་པ་འདྲ་བར། རྒྱལ་པོ་ཀྲི་ཀྲི་ཞེས་པའི་སྐུ་རིང་ལ། སངས་རྒྱས་འོད་སྲུངས་ཞེས་བྱ་བར་སངས་རྒྱས་པར་འགྱུར་རོ། །ཞེས་ལུང་བསྟན་ཏེ་སངས་རྒྱས་སོ། །དེ་འདས་ནས་དམ་ཆོས་ལོ་ནི་་་་་་་་་་་་་་་་་་་་་་་་གནས། ལྷག་མ་འགྲེའོ། །སངས་རྒྱས་འོད་སྲུང་ལ། བྲམ་ཟེའི་ཁྱེའུ་སྐར་མའི་འོད་ཅེས་བྱ་བས་སེམས་བསྐྱེད་པ་དང༌། དེ་ལ་སངས་རྒྱས་འོད་སྲུངས་ཀྱིས་ལུང་བསྟན་པ། བྲམ་ཟེའི་ཁྱེའུ་ཁྱོད་ཚེ་ལོ་ཁྲི་ཐུབ་པའི་དུས་སུ། ཞིང་ཁམས་སྐར་མའི་འོད་ཅེས་བྱ་བ་རུ། སངས་རྒྱས་མར་མེ་མཛད་ཅེས་བྱ་བར་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །སངས་རྒྱས་མར་མེ་མཛད་ལ། བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ལུང་བསྟན་པ་ནི། བྲམ་ཟེའི་ཁྱེའུ་ཁྱོད་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བར། ཚེ་ལོ་བརྒྱ་པའི་དུས་སུ་རྒྱལ་པོ་ཟས་གཙང་གི་སྐུ་རིང་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་སངས་རྒྱས་ནས། དམ་ཆོས་ལོ་ནི་ལྔ་སྟོང་ལ། །གཟུགས་བརྙན་ལོ་ནི་ལྷ་སྟོང་ཙམ། །ཞེས་ལུང་བསྟན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པར་ལུང་བསྟན་ཏོ། །དེ་ལྟར་ཤེར་ཕྱིན་སྣང་བའི་མདོ་དང༌། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང༌། བསྐལ་པ་བཟང་པོའི་མདོ་ལས་འདས་པའི་སངས་རྒྱས་རབས་བཞི་བཤད་པ་དེ་དག་གོ །རབས་བདུན་བྱོན་པར་བཤད་པ་ནི། དབྱིག་ལྡན་གྱི་མདོ་དང༌། དགོངས་འདུས་དང༌། སྟོང་ཆེན་རབ་འཇོམས་དང༌། གསེར་ལུང་མཐུན་པའི་མདོ་ལས། སངས་རྒྱས་འཁོར་བ་འཇིག་བྲམ་ཟེའི་ཁྱེའུ་བསམ་བརྗོད་ཡོན་ཏན་འབྱུང་གནས་ཞེས་བྱ་པ། གྲོང་ཁྱེར་སྟོང་ཉིར་ལྡན་དུ་ཚེ་ལོ་བརྒྱད་ཁྲིའི་དུས་ན་སྐྱེ་བ་བཞེས་ཏེ། ཆོས་ཀྱི་མིང་སྟོང་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བར་ཤིར་ཤ་ཀ་ཏ་ལའི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་བཤིག་གོ །དེའི་རྗེས་སུ་འཇུག་པའི་གང་ཟག་ཀྱང་འདུས་བྱུང་ནས། འཕགས་པའི་ས་ལ་རིམ་པས་སྦྱར། སྟོན་པ་འདས་ནས་སྐུ་གདུང་དང་བསྟན་པ་རྗེས་སུ་བཞག་གོ །བསྟན་པ་དེ་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་རྣམས་ཀྱིས་རིམ་པས་བསྐྱངས་ནས། མཐར་རང་སངས་རྒྱས་རྣམས་ཀྱིས་འགྲོ་དོན་མཛད་དོ། །དེ་འགྲེའོ། །འཁོར་བ་འཇིག་གིས་ཐམས་ཅད་སྐྱོབ་ལུང་བསྟན་ཏེ། ཚེ་ལོ་བདུན་ཁྲི་ཐུབ་པའི་དུས་སུ།    ཐམས་ཅད་སྐྱོབ་བྲམ་ཟེའི་ཁྱེའུ་ཡིད་ལས་སྐྱེས་ཞེས་བྱ་བར་དཀར་སྣའི་གྲོང་ཁྱེར་དུ་སྐྱེ་བ་བཞེས་ཏེ། ཆོས་ཀྱི་མིང་ནི་ཁམས་ཀྱི་མདོ་སྡེ་ཞེས་པ་པུཎ་ཌ་རི་ཀའི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱོབ་པས་ཐམས་ཅད་སྐྱོབ་ཅེས་བྱ་བར་ལུང་བསྟན་ཏོ། །ལོག་པར་དད་སེལ། ཚེ་ལོ་དྲུག་ཁྲིའི་དུས་སུ། བྲམ་ཟེའི་ཁྱེའུ་མེ་ཏོག་ཟླ་མཛེས་ཞེས་བྱ་བར་སྐྱེས་པ་ན། ཆོས་ཀྱི་མིང་གསང་བ་དམ་ཞེས་བྱ་བས་ཕྱིན་ཅི་ལོག་ལ་དད་པ་བསལ་ནས། ལོག་པར་དད་སེལ་དུ་ལུང་བསྟན་ཏོ།  །སངས་རྒྱས་དེས་ལུང་བསྟན་ནས་ཚེ་ལོ་སུམ་ཁྲིའི་དུས་སུ། གསེར་ཐུབ་བྲམ་ཟེའི་ཁྱེའུ་རལ་པ་མེད་ཅེས་བྱ་བར་སྐྱེས་པ་ན།   ཆོས་ཀྱི་མིང་བདུད་རྩི་མི་འགྱུར་བར་ཐུབ་པས་གསེར་ཐུབ་ཅེས་བྱ་བར་ལུང་བསྟན་ཏོ། །དེ་ནས་ཨུ་དུམ་འབར་བའི་ཤིང་དྲུང་དུ་སངས་རྒྱས་ཏེ།   ཚེ་ལོ་ཉི་ཁྲིའི་དུས་འོད་སྲུངས་བྲམ་ཟེའི་ཁྱེའུ་ཉི་མའི་སྙིང་པོ་ཞེས་བྱ་བར་སྐྱེས་པའི་དུས་སུ། ཆོས་ཀྱི་མིང་མེ་ལོང་དམ་པ་ཞེས་བྱ་བས།  སྟོང་རིག་གི་ཤེས་པ་དེ། འཁོར་བ་དང་མྱ་ངན་ལས་འདས་པ་རང་བཞིན་མེད་པར་འོད་སྲུངས་ཤིག ་་་་་་་་་་་་་་་རྒྱལ་རིགས་ཝ་ར་ཎ་སི་རུ་ན྄ཡ་གྲོ་ཏའི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེས་ལུང་བསྟན་པ་ནི། མར་མེ་མཛད་བྲམ་ཟེའི་ཁྱེའུ་སྐར་མའི་འོད་ཅེས་བྱ་བར་སྐྱེས་པ་ན།  ཆོས་ཀྱི་མིང་སྣང་མཛད་སྒྲོན་མ་ཞེས་པས། རང་གི་དོན་དུ་མ་རིག་པའི་མུན་པ་གསལ་བས། འགྲོ་བ་སེམས་ཅན་གྱི་དོན་མཛད་པས། མར་མེ་མཛད་ཅེས་ལུང་བསྟན། མར་མེ་མཛད་ཀྱིས་ལུང་བསྟན་པ་ནི། འཛམ་གླིང་གསེར་གྱི་ཆུ་བོ་དང་ལྡན་པ་ཞེས་བྱ་བར་ཤཱཀྱ་ཐུབ་པ་བྲམ་ཟེའི་ཁྱེའུ་རང་གསལ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཚེ། ཆོས་ཀྱི་མིང་སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱེད་པའི་བདུད་རྩི་ཞེས་བྱ་བས། ལོག་རྟོག་གི་བདུད་རྣམས་ཡང་དག་པའི་བདུད་རྩིར་བསྒྱུར་ནས་ཕྱིན་ཅི་ལོག་པར་རྟོག་པ་དང་རིགས་ཕྱེ་ནས་ཡང་དག་པའི་དོན་ཐུགས་སུ་ཆུད་ནས། ཚེ་ལོ་བརྒྱ་པའི་དུས་སུ་ཨ་ཤ་ཏའི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནི་རྒྱལ་རིགས་བརྩོན་འགྲུས་ཅན་དུ་སངས་རྒྱས་པ་ཤཱཀྱ་ཏུབ་པ་ཞེས་ལུང་བསྟན་ཏོ། །དེ་ཡང་སངས་རྒྱས་འཁོར་བ་འཇིག་སྐུ་འཁྲུངས་པའི་ཡུལ་ནི། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་བཟང་པོ་ཞེས་བྱའོ། །གདུང་ནི་དཀར་ཤ་པ་ཞེས་བྱའོ། །འོད་ནི་དཔག་ཚད་གཅིག་གོ །ཡབ་ནི་མཆོད་སྦྱིན་ཞེས་བྱའོ། །བསྐྱེད་པའི་ཡུམ་ནི་ཚངས་གསལ་མ་ཞེས་བྱའོ། །སྲས་ནི་བླ་མ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་རྫོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་སློང་མཁས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསྙེན་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་བཞི་ཁྲིའོ། །གཉིས་པ་ལ་ནི་བདུན་ཁྲིའོ། །གསུམ་པ་ལ་ནི་ཉན་ཐོས་དྲུག་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་བཞི་སྟོང་ངོ༌། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བུ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གསེར་ཐུབ་སྐྱེ་བའི་ཡུལ་ནི། གྲོང་ཁྱེར་ལྔ་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའི་རིགས་སོ། །འོད་ནི་དཔག་ཚད་ཕྱེད་དོའོ། །ཡབ་ནི་མེས་བྱིན་ཞེས་བྱའོ། །ཡུམ་ནི་བླ་མ་ཞེས་བྱའོ། །སྲས་ནི་རྣམ་པར་རྒྱལ་བ་ཞེས་བྱ། རིམ་གྲོ་པ་ནི་བཀྲ་ཤིས་ལྡན་ཞེས་བྱ། ཤེས་རབ་ཅན་གྱི་མཆོག་ནི་མཆོག་མ་ཞེས་བྱ། རྫུ་འཕྲུལ་ཅན་གྱི་མཆོག་ནི་རྒྱལ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་བདུན་ཁྲིའོ། །གཉིས་པ་ལ་ནི་དྲུག་ཁྲིའོ། །གསུམ་པ་ནི་ལྔ་ཁྲིའོ། །སྐུའི་ཚེ་ཚད་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས། སྐུ་གདུང་ནི་རིལ་བུ་གཅིག་ཏུ་འདུག་གོ །མཆོད་རྟེན་ཡང་གཅིག་ཏུ་གནས་སོ། །དེ་བཞིན་གཤེགས་པ་འོད་སྲུངས་སྐྱེ་བའི་གནས་ནི་མཛེས་ཏ་ནའོ། །རིགས་ནི་བྲམ་ཟེའོ། འོད་ནི་རྒྱང་གྲགས་གཅིག་གོ །ཡབ་ནི་ཚངས་སྦྱིན་ནོ། །ཡུམ་ནི་ནོར་བདག་མའོ། །སྲས་ནི་དེད་དཔོན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་གྱི་བཤེས་གཉེན་ནོ། །ཤེས་རབ་ཅན་གྱི་མཆོག་བྷ་ཤ་དྷ་ཚའོ། །རྫུ་འཕྲུལ་ཅན་གྱི་མཆོག་ནི་སྐར་རྒྱལ་ལོ། །འདུས་པ་དང་པོ་ལ་ནི། དགེ་སློང་ཉི་ཁྲིའོ། །བར་མ་ལ་ནི་བརྒྱད་སྟོང་ངོ༌། །གསུམ་པ་ལ་ནི་ཁྲི་དྲུག་སྟོང་ངོ༌། །སྐུའི་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་རིལ་པོ་གཅིག་གོ །མཆོད་རྟེན་ཡང་གཅིག་ཏུ་གནས་སོ། །སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས་པའི་ཡུལ་ནི་སེར་སྐྱའི་གནས་སོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གཽ་ཏ་མ། འོད་ནི་འདོམ་གང་ངོ༌། །ཡབ་ནི་ཟས་གཙང་མའོ། །ཡུམ་སྒྱུ་འཕྲུལ་མའོ། །སྲས་ནི་སྒྲ་གཅན་འཛིན། །རིམ་གྲོ་པ་ནི་ཀུན་དགའ་བོ། །ཤེས་རབ་ཅན་མཆོག་ནི་ཉེ་རྒྱལ་ལོ། །རྫུ་འཕྲུལ་ཅན་གྱི་མཆོག་པང་ནས་སྐྱེས་སོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱ་ནི་དམ་པའི་ཆོས་ལྟར་སྣང་ངོ༌། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱམས་པ་སྐྱེ་བའི་ཡུལ་ནི། གྲོང་ཁྱེར་རྟོགས་པའི་བློ་གྲོས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ། །ཡབ་ནི་ཚངས་བཟང་ཞེས་བྱའོ།  །ཡམ་ནི་ཚངས་པ་དགའ་མ་ཞེས་བྱའོ། །སྲས་ནི་བསོད་ནམས་སྟོབས་ཞེས་བྱའོ། །རིམ་གྲོ་པ་ནི་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་གྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་གྱི་མཆོག་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་དུང་ཕྱུར་ཕྲག་དགུ་དང༌། བྱེ་བ་ཕྲག་གཉིས་སོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་སོ། །སྐུའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ༌། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་བུ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་ལྟར་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་རིམ་པས་བྱོན་ནས། ནང་གི་གཅུང་པོ་སེང་གེ་སྣང་མཛད་ཅེས་བྱ་བ། དེ་སྐྱེ་བའི་ཡུལ་ནི་གཟི་བརྗིད་གྲགས་ཞེས་བྱའོ། །རིགས་རྒྱལ་རིགས། འོད་དཔག་ཏུ་མེད་དོ། །ཡབ་ནི་ལེགས་མཐོང༌། ཡུམ་ནི་བལྟ་བར་འོས་པ། རིམ་གྲོ་པ་ནི་མངར་ཅན་ཞེས་བྱ། ཤེས་རབ་ཅན་གྱི་མཆོག་ནི་སྣང་བར་བྱེད་ཅེས་བྱ། འདུས་པ་ཐུན་མོང་མ་ཡིན་པ་དཔག་ཏུ་མེད་པ། མི་རྣམས་ཀྱི་ཚེ་ཚད་ཀྱང་དཔག་ཏུ་མེད་དོ། བསྟན་པ་ནི་ལོ་སྟོང་མཐའ་ཡས་པར་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ཡང་རྒྱས་པར་འགྱུར་རོ། །ཞེས་པ་ལ་སོགས་པ་སྟེ། བསྐལ་པ་བཟང་པོ་ལས་གསུངས་པའི་འདུལ་བྱེད་ཀྱི་སྟོན་པ་ཇི་ལྟར་འབྱུང་བའི་ཚུལ་ལོ། །བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འབྱོན་པར་གསུངས། སྙིང་རྗེ་པད་མ་དཀར་པོ་ལས། དེ་ཡང་སྔོན་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་འདས་པ་ན། ཞིང་ཁམས་འདི་བསྐལ་པ་བཟང་པོ་འཛིན་པ་ཞེས་བྱ་བར་གྱུར། གླིང་བཞི་འདིར་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་བྱུང༌། རྒྱལ་པོ་དེ་ལ་བླ་མཆོད་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ཞིག་བྱུང༌། དེའི་སྲས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བྱུང༌། དེ་སངས་རྒྱས་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བར་གྱུར། སངས་རྒྱས་དེས་འཁོར་མང་པོ་ལུང་བསྟན་པ་ལ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ནི་སངས་རྒྱས་འོད་དཔག་ཏུ་མཻད་པར་བསྟན། རྒྱལ་པོ་དེ་ལ་སྲས་སྟོང་ཡོད་པ་དེ་ལ། སྲས་ཀྱི་ཐུ་བོ་མིག་མི་འཛུམ་པ་ཞེས་བྱ་བ་ལ། སྤྱན་རས་གཟིགས་སུ་མཚན་བཏགས་ཏེ། ནུབ་བདེ་བ་ཅན་གྱི་མིང་རིན་ཆེན་ཀུན་ནས་བསགས་སུ་གྱུར་པའི་དུས་སུ། སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོར་ལུང་བསྟན། རྒྱལ་བུ་གཉིས་པ་མུ་ཁྱུད་ལ་མཐུ་ཆེན་ཐོག་ཏུ་བཏགས་ཏེ། ཞིང་དེ་གར་སངས་རྒྱས་རབ་ཏུ་བརྟན་པའི་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་ལུང་རྒྱལ་བུ་ཚོགས་ཀྱི་དབང་པོ་ལ། འཇམ་དཔལ་གཞོན་ནུར་གྱུར་པར་བཏགས་ཏེ། ལྷོ་ཕྱོགས་རྡུལ་པྲན་ཡང་དག་བསགས་ཀྱི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་སུ་ལུང་བསྟན། རྒྱལ་བུ་དགུ་པ་སྡིག་མེད་མི་བསྐྱོད་པར་བཏགས་ཏེ། ཤར་པྱོགས་ཞིང་ཁམས་སྟོང་འདས་པ་ན། མངོན་པར་དགའ་བའི་ཞིང་ཁམས་སུ་སངས་རྒྱས་མི་འཁྲུགས་པར་ལུང་བསྟན། དེ་ལྟར་སྲས་སྟོང་དང་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང༌། སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང༌། བྱེ་བ་ཕྲག་གཉིས་ཞིང་སོ་སོར་ལུང་བསྟན་ཏེ། སངས་རྒྱས་སྙིང་པོའི་གཅེན་གཅུང་ཚོ་ལ་ལུང་བསྟན་ཏོ། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སློབ་མ་བྱེ་བ་ཕྲག་གསུམ་ལུང་བསྟན། རིག་བྱེད་སློབ་པའི་བྲམ་ཟེ་སྟོང་ཡོད་པ་ལ་བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་ནི། ཞིང་འདི་མི་མཇེད་དུ་གྱུར་པའི་དུས། ཚེ་ལོ་བརྒྱད་ཁྲི་པའི་དུས་སུ། སངས་རྒྱས་འཁོར་བ་འིག་ཏུ་ལུང་བསྟན། བྲམ་ཟེ་ཁྱེའུ་ཀུན་གྱིས་སྲུང་བ་ནི། མཁའ་མཛོད་སྙིང་རྗེ་བརྟན་དུ་བཏགས་ཏེ། ཚེ་ལོ་ཉི་ཁྲི་ཐུབ་པ་ན། འོད་སྲུངས་སུ་ལུང་བསྟན་ཏོ། །བྲབ་ཟེ་དྲོད་བྱ་བའི་བུ་དྲི་མ་མེད་པ་ནི། དེ་ནས་ལོ་ཁྲི་འདས་པ་ན། དུས་ཉམས་ནས། དེ་ནས་མཚོན་གྱི་བསྐལ་པ་བར་མ་ལ། ལྷ་ལས་བབས་ནས་སེམས་ཅན་གྱི་མགོན་མཛད་དོ། །ཚེ་ལ་བརྒྱད་ཁྲི་པ་ལ་བྱམས་པར་ལུང་བསྟན། བྲམ་ཟེ་རྒྱ་མཚོའི་རྡུལ་ནི། རྙིང་རྗེ་ཆེན་པོར་བཏགས་ཏེ། ཚེ་ལོ་བརྒྱ་པ་ཤཱཀྱ་ཐུབ་པར་ལུང་བསྟན། དེའི་དུས་སུ་གནས་འགྲོ་ཞེས་བྱའི་བྲམ་ཟེ་གཅིག་གིས། དུས་དེ་ནས་བཟུང་སྲིད་པ་ཐ་མ་ལ་ཐུག་གི་བར་དུ་སྨོན་ལམ་བཏབ་སྟེ། བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་བྱས་སོ། །རྒྱ་མཚོའི་ལྷ་མོ་ཤིན་ཏུ་དུལ་བའི་བློ་གྲོས་ཀྱིས་ནི། མ་རུ་སྨོན་ལམ་བཏབ། བརྒྱ་བྱིན་མུ་ཁྱུད་ཅན་དང༌། བརྒྱ་བྱིན་ཕ་རོལ་སེམས་ཤེས་གཉིས་ཀྱི་ཤེས་རབ་ཅན་གྱི་མཆོག་ཤ་རིའི་བུ་དང༌། རྫུ་འཕྲུལ་ཅན་གྱི་མཆོག་མོའུ་འགལ་གྱི་བུ་རུ་སྨོན་ལམ་བཏབ། བརྒྱ་བྱིན་སྤྱད་སྤྱོད་ལྷ་མཛེས་ཚོགས་ཞེས་བྱ་བས་སྲས་སུ་སྨོན་ལམ་བཏབ། ༼རི་རྩིའི་ལྷ་མོ་དེ་བ་ཀི་ཤུ་ཀས་བཙུན་མོར་སྨོན་ལམ་བཏབ་༽ ལྷ་མིན་དབང་པོ་མཛེས་སྤྱོད་ཀྱིས་ཀུན་དགའ་བོར་སྨོན་ལམ་བཏབ། ཚོང་པ་མི་འགྱུར་འཇིགས་བྱེད་ཀྱིས་བྲམ་ཟེ་དགེ་སློང་ལ་དགའ་བར་སྨོན་ལམ་བཏབ། ལོངས་སྤྱོད་རྫོགས་སྐུ་ཆེན་པོ་དེའི། སྤྲུལ་སྐུ་ཆུང་ངུ་སྟོང་འབྱོན་པ་ཡིན་ཏེ། སངས་རྒྱས་སྟོང་པོ་འདི་ནི་ཕྱིར་ཡང་མདོ་སངས་རྒྱས་ཕལ་པོ་ཆེ་ལས། ལུང་བསྟན་གྱི་དབྱེ་བ་བཅུར་གསུངས་ཏེ། བླ་མ་དགེ་བའི་བཤེས་གཉེན་ལུང་བསྟན་པ་དང་གཅིག དགོངས་པ་འདུས་པའི་མདོ་ལས། སེམས་ཅན་མངོན་དུ་གྱུར་བའི་ཆེ། །ཡོན་ཏན་རྒྱུན་མི་ཆད་ཅེས་སོ། །འདས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་དང་ཉིས། གསེར་ལུང་མཐུན་ཇཔའི་མདོ་ལས། སངས་རྒྱས་རབས་བདུན་ལ་གཅིག་གིས་ལུང་བསྟན་པ་དང༌། མགོན་པོ་གཅིག་ལ་གཅིག་གིས་ལུང་བསྟན་པ་དང་གསུམ། པད་མ་དཀར་པོའི་མདོ་ལས། བླ་ན་མེད་ལུང་བསྟན་རབ་ཐོབ་སྟེ། མགོན་པོ་གཅིག་ལ་གཅིག་གིས་ལུང་བསྟན་ཏོ། །ཞེས་སོ། །ཆོས་དེ་མདོ་རྒྱུད་ནས་ལུང་བསྟན་པ་དང་བཞི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་སེམས་བསྐྱེད་དེ་ལུང་བསྟན་པ་དང་ལྔ༌། སེམས་བསྐྱེད་པའི་གོང་དུ་ལུང་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་བསྒྲགས་དང༌། ཁྱིམ་བདག་དགའ་བོ་གཉིས་ལུང་བསྟན་པ་དང་དྲུག སེམས་བསྐྱེད་མ་ཐུག་ཏུ་ལུང་བསྟན་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། ཞི་ལྡན་གཉིས་ལུང་བསྟན་པ་དང་བདུན། གསང་རྡེ་ལུང་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་དང༌། ཁྱད་པར་བློ་གྲོས་གཉིས་ལུང་བསྟན་པ་དང་བརྒྱད། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཆོས་ཉིད་ཟབ་མོ་ངེས་པའི་དོན་ལ་མི་སྐྲག་པར་བཟོད་པ་ཐོབ་ནས་རྣལ་འབྱོར་མངོན་སུམ་དུ་རང་ལ་རང་གིས་ལུང་བསྟན་པ་ནི། མདོ་འཕགས་པ་བསྡུས་པ་ལས། ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཞེས་པ་དང་དགུ། གྲོགས་ཚངས་པ་མཚུངས་པར་རྟོགས་པ་དང་ལྡན་པ་ལུང་བསྟན་པ་ནི། ཆོས་ཀྱི་དབྱིངས་ཀྱི་མདོ་ལས། བརྗོད་དུ་མེད་པའི་དོན་ལ་བསྟན་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་སེམས་ལ་བཙོན་བྱེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །ཞེས་གསུངས་ཀཔ་དང་བཅུའོ། །སྔ་རབས་འདས་པའི་སངས་རྒྱས་རྣམས་བྱོན་པའི་རྣམ་ཐར་དང༌། གླེང་གཞི་བསྟན་པའོ། །འཇིག་རྟེན་གྱི་ཁམས་འདིའི་དབང་དུ་བྱས་ནས། རླུང་གི་དཀྱིལ་འཁོར་ཞིག་གིས་འདེགས་པ། སྤྲུལ་སྐུ་གཅིག་གི་གདུལ་བྱར་གྱུར་པ་འདི་ནི་འཛམ་བུ་གླིང་འབུམ་ཕྲག་སྟོང་ཡོད་པ་ལས། དེ་རྣམས་ཐམས་ཅད་ཀྱི་སྟེང་འོག་མིན་གྱི་གནས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་འབུམ་ཕྲག་སྟོང་བཀྱེ་བ་ལས། འོད་ཟེར་རེ་རེར་འཛམ་བུའི་གླིང་དབུས་ན་རྡོ་རྗེ་གདན་ཡོད་པ་ལས། དེ་ལ་ལུང་གི་བྱེ་བྲག་གིས་གཉིས་སུ་འདོད་དེ། ཐེག་པའི་འདོད་ལུགས་ཀྱི་ཉན་ཐོས་རྣམ་དབང་ཆེན་གསེར་ཀྱི་ས་གཞི་ལ་ཐུག་གི་བར་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་དུ་ཡོད་པའི་ལྟེ་བ་ལ་ཁོང་སེང་ཡོད་པའི་རྗེ་རྡོ༼རྡོ་རྗེ༽རྭ་བཞིའིའི་རྩེ་མོ་བཞིའི་ཐད་སོ་ན་རྡོ་རྗེ་ཕུར་པའི་མཅོད་རྟེན་བཞི་ནི། ཁྲི་འཕང་རྩ་བའི་མཆོད་རྟེན་བུམ་པ་བུམ་བརྟེན་ཅན། འདོམ་གསུམ་ཙམ་ཡོད་པའི་འཁོར་ལོ་ལ་རྡོ་རྗེས་མཚན་པ་ཡོད་པའོ། །ཐེག་པ་ཆེན་པོའི་འདོད་ཕྱོགས་ཀྱིས། རྡོ་རྗེ་རྩེ་ལྔ་པ་ལངས་ནས་ཡོད་པའི་རྭ་དབུས་མ་ལ་ཁོང་སེང་ཡོད་པ་ལ། རྡོ་རྗེ་རྩེ་ལྔ་པ་ལངས་ནས་ཡོད་པའི་རྭ་དབུས་མ་ལ་ཁོང་སེང་ཡོད་པ་ལ། རྡོ་རྗེ་རྭ་བཟི་ལ་རྡོ་རྗེ་ཕུར་བའི་མཆོད་རྟེན་བཞི་བཞུགས་པར་འདོད་དོ། །དེ་དག་ཀྱང་བསྐལ་པའི་མེ་ལ་སོགས་པས་ཀྱང་མི་འཇིག་པར་ནི་ཐེག་པ་ཆེ་ཆུང་གཉིས་ཀས་འདོད་དོ། །རྡོ་རྗེ་ཕུར་བཞིའི་བར་ན་མདའ་རྒྱང་འབྲིང་པོའི་ཚད་ཙམ་རེ་ཡོད། ལྟེ་བའི་སྦུ་གུ་ནས་མར་ལ་འོད་ཟེར་ནུབ། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་སྟེ་སྦུ་བར་ཞུ། དེ་ལས་བྱང་ཆུབ་ཀྱི་ཤིང་སྐྱེས། དེ་ཡང་ཤིང་དེའི་དྲུང་དུ་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་ས་ཡིན་ནོ། དེ་ནི་རྡོ་རྗེ་གདན་ཇི་ལྟར་གནས་པལའི་ཚུལ་ལོ། །ཡང་འོད་ཟེར་རེ་རེ་ལས་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་ཇཔ་ཏོག་དཀར་པོ་རེ་རེར་སྐུ་སྤྲུལ་ནས་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་མཛད་པ་ནི། གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས། གླང་པོ་ཆེ་ཐད་ཀར་མཆེ་བ་དྲུག་ལྡན་དུ་སྐུ་སྤལ྄རུལ་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་ནས་ཟླ་བ་དགུ་ནས་ལུམ་བིའི་ཚལ། མྱ་ངན་མེད་པའི་ཤིང་དྲུང་དུ་སྐུ་བལྟམས། གྲོ་ཁྱེར་སེར་སྐྱར་གཞོན་བུ་རོལ་རྩེད་མཛད་ནས། དགུང་ལོ་བཅུ་དགུ་ལ་སྐྱོ་བ་སྐྱེས། ཉི་ཤུ་ལ་ཁབ་ནས་མཆོད་རྟེན་རྣམ་དག་གི་དྲུང་དབུ་སྐྲ་བྲེགས་རབ་ཏུ་བྱུང༌། ཆུ་བོ་ནཻ་རཉ྄ཛནར་དཀའ་ཐུབ་ལོ་དྲུག་མཛད་ནས། རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་དམ་བཅས། སྲོད་ལ་བདུད་བཏུལ་ནམ་གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པར་མཚན་ཉིད་ཐེག་པ་དང་གསང་སྔགས་རྒྱུད་སྡེ་ལས་བཀའ་བསྩལ་ཏོ། །དེ་ནས་ཞག་བཞི་བཅུ་ཞེ་དགུར་ཆོས་མ་གསུངས་པ་ལ།   ལྷ་ཚངས་པས་གསོལ་བ་བཏབ་ནས་རི་བོ་གངས་ཅན་གྱི་རྒྱུད།   ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ།   ཝ་ར་ཎ་སེར་རྒྱལ་པོ་ཁབ་ཀྱི་རི་ལ་རང་སངས་རྒྱས་གླང་པོ་ཆེ་ཞེས་བྱ་བས་རྡོ་བ་ལ་རྐང་རྗེས་འཇིམ་པ་ལ་བྱས་པ་འདྲ་བ་བཞག་པས་ཀྱང༌།     རང་སངས་རྒྱས་ལྔ་བརྒྱས་མེའི་ཁམས་ལ་སྙོམས་པར་བཞུགས་ནས་འདས་པའི་རིང་བསྲེལ་ལྷུང་བས། དྲང་སྲོང་ལྷུང་བ་རི་དྭགས་རྒྱུ་བའི་གནས་སུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་གསུངས་སོ། །དེ་ནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནས་གྲོང་ཁྱེར་ཆེན་པོ་པད་མ་ཅན་ལ་སོགས་པར་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནས་གྲོང་ཁྱེར་ཆེན་པོ་པད་མ་ཅན་ལ་སོགས་པར་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ།   །དེ་ནས་དྲི་ཟ་རབ་དགའ་དང༌།   ཀུན་ཏུ་རྒྱུ་རབ་བཟང་ལ་སོགས་པའི་གདུལ་བྱའི་ཐ་མ་མ་ལུས་ཏེ་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་དགོངས་སོ།  །དེའི་ཚེ་བདེ་བ་ཅན་གྱི་ཞིང་ན། བཅོམ་ལྡན་སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་ཏུ་མེད་པ་བཞུགས་པ་དེ་ཡི་ཐུགས་ཀྱིས་མཁྱེན་ནས། འཁོར་འདུས་པ་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འོད་ཀྱིས་བསྐུལ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སུ་སོང་ཞིག་ཅེས་བཀའ་བསྩལ་པ་དང༌།  དེའི་ལོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྒྱལ་བུ་རྒྱལ་བྱེད་ཚལ་ན།   བྱང་ཆུབ་སེམས་དཔའི་འཁོར་རྒྱ་མཚོའི་རྡུལ་སྙེད་ཀྱིས་བསྐོར་ནས་བཞུགས་ཏེ།  དེའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་བཀའ་བསྩལ་པ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞིང་ཁམས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེ་ལྟ་བར་འདོད་ན་དེ་ད་ལྟར་གང་ན་བཞུགས་ཞེས་གསོལ་པས།  བཅོམ་ལྡན་འདས་ཀྱི་ཞལ་ནས། འོ་ཅག་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་ལ། སྤྱན་རས་གཟིགས་དེའི་བ་སྤུའི་བུ་ག་ན་གནས་པ་ཡིན་པས།  ཁྱེད་ལྟ་བུས་མཐོང་བར་མི་ནུས་ཀྱི།  དེ་མྱུར་དུ་ངའི་དྲུང་དུ་འོང་གིས་དེ་ཙ་ན་འོད་ཟེར་ཁྱེད་ལ་བསྟན་གྱིས། ཞེས་པ་ལ་སོགས་མདོ་སྡེ་ཟ་མ་ཏོག་བཀོད་པ་ནས་གསུངས་སོ། །མདོ་ལུང་དང་མི་ལྟར་ཐུགས་རྗེས་གཟིགས་པའི་ཡི་གེ་རྒྱས་པ་ལ་ལོགས་ན་ཡོད་དོ།  །དེ་ལྟ་བུའི་རྒྱུད་རིས་ནི་ཕོ་བྲང་ཁྲ་འབྲུག་གི་ཐུགས་དམ་ཁང་པ་འོག་མ་ན་ཡོད་དོ ། །པུཎ་ཌ་རི་ཀའི་མདོ་ལས་ཀྱང༌། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཁམས་རེ་རེ་ན།  སྤྱན་རས་གཟིགས་ཀྱིས་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས། སེམས་ཅན་གྱི་དོན་མདད་པར་བཀའ་བསྩལ་པ། དེའི་རྒྱུད་རིས་ནི། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་དབུ་རྩེའི་བར་ཀང་གི་བྱང་ངོས་ན་བྲིས་ཡོད་དོ།  །ཆུ་ཀླུང་སྣ་ཚོགས་ཀྱི་མདོ་ལས་ཀྱང༌། སྤྱན་རས་གཟིགས་དབང་ཕྱུག་གིས་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་མཛད་པ་བཅུ་གཉིས་ཀྱིས་གང་ལ་ཅི་འདུལ་དེ་ལ་དེར་སྟོན་གྱི་དོན་མཛད་པར་གསུངས་སོ།  །དེའི་རྒྱུད་རིས་ནི། ར་སའི་གཙུག་ལག་ཁང་གི་འོག་ཁང་གི་ལྷོ་ངོས་ན་བྲིས་ཡོད་དོ། །སྙིང་རྗེ་རོལ་པ་རྣམ་པར་རྒྱལ་བ་ཆེན་པོའི་མདོ་ལས་ཀྱང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྲག་དགུའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་བར་མའི་སྐབས་ན། འབྱུང་བ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེའི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རེ་རེ་ན། འཛམ་བུ་གླིང་རེ་རེ། དེ་ན་རྡོ་རྗེ་གདན་རེ་རེ། རྒྱལ་བ་ཤཱཀྱ་ཐུབ་པ་རེ་རེ། བྱང་ཕྱོགས་ན་ར་སའི་གཙུག་ལག་ཁང་རེ་རེ། རྒྱལ་པོ་སྲོང་བཙན་སྒམ་པོ་རེ་རེ། རྒྱ་མོ་བཟའ་ཀོང་ཇོ་རེ་རེ། བལ་མོ་བཟའ་ཁྲི་བཙུན་མོ་རེ་རེར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་ཏེ། དེའི་རྣམ་ཐར་མདོ་སྡེ་དེ་དག་ཏུ་བལྟ་བར་བྱའོ། །དེའི་རྒྱུད་རིས་ནི། སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་ན་བྲིས་ནས་ཡོད་དོ། །མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་དབང་དུ་བྱས་ན། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟེ་འབྲུའི་ནང་ན་གནས་པས།  དེ་ན་གནས་པའི་གདུལ་བྱ་རྣམས་ཡིད་ཤས་ཆེ་བས་གཞན་དུ་བསྐལ་པར་དགེ་སྡིག་སྤྱད་པ་བས་འདིར་སྐད་ཅིག་ཐང་ཅིག་དགེ་སྡིག་སྤྱད་པ་སྟོབས་ཆེ་བར་བཤད་དོ། །དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེར་བྱོན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་སྤྱི་བོས་ཕྱག་བྱས་ནས་བདུན་དུ་འདུག་པ་ལ། འཁོར་དེ་དག་ཕན་ཚུན་དགའ་སྟེ་ཕྱག་མྱུར་དུ་བྱེད་དོ།  །དེ་ནས་སྤྱན་རས་གཟིགས་ཀྱིས་གསོལ་ཏེ། བཅོམ་ལྡན་འདས་ད་དུང་ཁྱེད་ཀྱི་དགོངས་པ་ནི། ཡོངས་སུ་མ་རྫོགས་ཏེ། ཁ་བ་ཅན་གྱི་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་མ་བསྐོར་ན།  ཞེས་གསོལ་བ་དང༌།  བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།   ཁ་བ་ཅན་གྱི་སེམས་ཅན་རྣམས་ནི་ད་དུང་སྨིན་པར་མི་ནུས་ཏེ།  མ་འོངས་པ་ན་བྱང་ཆུབ་སེམས་དཔའ་ཁྱོད་ལྟ་བུས་སྨིན་པར་བྱེད་པར་གྱུར་ཅིག  ཅེས་བཀའ་བསྩལ་པ་དང༌། སྤྱན་རས་གཟིགས་དེ་མ་ཐག་ཏུ་རྒྱལ་བྱེད་ཚལ་ནས་མི་སྣང་བར་གྱུར་ཏོ། །བདེ་བ་ཅན་དུ་ཕྱིན་ཏེ།  ཨ་མི་དེ་བ་ལ་གསོལ་བ་དང༌། སྣང་བ་མཐའ་ཡས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་ཁྱོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་ནི། གཅིག་ཀྱང་མ་ལུས་པར་བྱེ་མའི་སྒྲོ་བ་ཁ་སྦུབས་པ་ལྟར་སོང་ནས་ཡར་མི་ལྡོག་པར་འགྲོ་བས། ཁ་བ་ཅན་གྱི་འཇིག་རྟེན་གྱི་འོག་ན། དམྱལ་བ་ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་པ་འདྲ་བ་གཅིག་ཡོད་པས། དེས་༼དེའི༽འགྲོ་བ་སེམས་ཅན་རྣམས་ཐལ་ཅིག་དེ་རྣམས་ཁྱོད་ཀྱིས་ཟང་ཟིང་གིས་བསྡུས་ལ། དེ་ནས་ཆོས་ཀྱིས་སྨིན་པར་གྱིས་ལ་མཐར་བདེ་བ་ཅན་འདིར་ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག་ཅེས་བཀའ་བསྩལ་ཏོ། །དེ་ནས་སྤྱན་རས་གཟིགས་མ་མཇེད་འཇིག་རྟེན་གྱི་ཁམས་སུ་འོངས་པ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས་འོད་ཟེར་བཀྱེ་བ་དང༌། ཕྱོགས་བཅུར་འཕྲོས་ཏེ། སླར་ཞལ་གྱི་སྒོར་ནུབ་པོ། ཀུན་དགའ་བོས་དེ་ཇི་ལྟར་ལགས་ཞུས་པས། བཀའ་བསྩལ་པ། བྱམས་པ་ལ་ཞུས་ཤིག བྱམས་པས་སྨྲས་པ། རིང་པོར་མི་ཐོགས་པར་བཅོམ་ལྡན་མྱ་ངན་ལས་འདའ་བའི་ལྟས་ཡིན་པས། ད་དྲིས་པར་འོས་པ་རྣམས་ཞུ་བར་འོས་སོ། །དེའི་དུས་ལ་བབ་པོ་ཞེས་ལུང་བསྟན་ཏོ། །མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་ལས། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས། བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བར་བཞུགས་པར་ཞུས། བྱང་ཕྱོགས་ཁ་བ་ཅན་གྱི་དོན་ལ་བཞུགས་པར་ཞུས་པས། ང་འདས་པའི་དུས་ལ་བབ་ཀྱིས། ཁྱོད་ཀྱིས་སྨོན་ལམ་ཐོབ་ལས་ཐུལ་ཅིག་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་བ། ཀྱེ་བཅོམ་ལྡན་འདས་འགྲོ་བ་སེམས་ཅན་རྣམས་ཞལ་ཡང་ཁྱེད་རང་ལ་ལྟ། ཆོས་ཀྱང་ཁྱེད་རང་ལ་མཉན། བསོད་ནམས་ཀྱང་ཁྱེད་རང་ལ་བརྟེན་ནས་གསོག་པས་ཁྱེད་རང་མྱ་ངན་ལས་འདས་ན་དྲུག་སྡེ་སུས་འདུལ། ཐེ་ཚོམ་ནི་སུས་གཅོད། ཡོན་ནི་སུས་སྦྱོང༌། མུ་སྟེགས་བྱེད་སུས་ཟིལ་གྱིས་གནོན། ཞེས་གསོལ་པས། བཀའ་བསྩལ་པ། སྟོན་པ་ནི་སོ་སོ་ཐར་བ་ལ་གྱིས། གནད་མཁན་ཀཔ་དང་སློབ་དཔན་ལ་ཆོལ། དྲུག་སྡེ་སྤྲུལ་པ་ཡིན་པས་རང་ཐུལ་བར་འགྱུར། ང་མྱ་ངན་ལས་འདས་ནས་རིང་པོར་མི་ལོན་པར། ངའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངའི་གསུང་རབ་རྣམས་བསྡུ་བར་འགྱུར་བས་ཐེ་ཚོམ་དེས་གཅོད་དོ། །དམ་ཆོས་སྙིང་རྗེ་པད་མ་དཀར་པོའི་མདོ་ལས། མ་འོངས་པའི་དུས་སུ་ངའི་འཁོར་རྣམས་ཀྱིས་ཆོས་ཀྱི་བཀའ་བསྡུ་བ་དེའི་ཐོག་མར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ལ་སོགས་པས་གླེང་སློང་ལ་བར་དུ་བཀའ་བསྩལ་པ་དང༌། འདི་སྐད་ཅེས་གསོལ་བྱ་བའི་མཚམས་སྦྱོར་གྱི་ཚིག་དང༌། མཐའ་རུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བའི་ཚིག་ཆུག་ལ་བཀའ་སྡུད་ཅིག་ཅེས་གསུངས་ནས། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དུ་ངའི་སྐུ་ཚད་བཞེངས་ཤིག་ཅེས་བཀའ་བསྩལ་ཏོ། །དེ་ཇི་ལྟར་བཞེངས་ཞེས་ཞུས་པས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་པའི་ཞལ་གྱི་སྒོ་ནས། འོད་ཟེར་བཞི་བྱུང་བ་ལ་གཅིག་ལྷ་ཆེན་པོ་ཚངས་པ་ལ་ཕོག གཅིག་སྒྲ་གཅན་འཛིན་ར་ཧུ་ལ་ལ་ཕོག གཅིག་ལྷའི་དབང་པོ་བརྒྱ་བྱིན་ལ་ཕོག གཅིག་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལ་ཕོག་པས། ཁོང་ཚོ་སྤོབས་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འཚོགས་ཏེ། ཚངས་པ་ན་རེ། བདག་གིས་བཅོམ་ལྡན་འདས་ཀྱི་ཆོས་སྐུའི་རྟེན་བཞེངས་སུ་གསོལ་བའི་ཡོན་གྱི་བདག་བགྱིད་པར་ཞུ་ཟེར། གཟའ་སྒྲ་གཅན་འཛིན་ར་ཧུ་ལ་ན་རེ། བདག་གིས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་བཞེངས་པའི་ཡོན་གྱི་བདག་པོ་བགྱིད་པར་ཞུ་ཟེར། ལྷའི་དབང་པོ་བརྒྱ་བྱིན་ན་རེ། བདག་གིས་བཅོམ་ལྡན་འདས་ཀྱི་སྤྲུལ་སྐུའི་རྟེན་བཞེངས་པའི་ཡོན་གྱི་བདག་པོ་བགྱིད་པར་ཞུ་ཟེར། བཟོ་བོ་བི་ཤྭ་ཀརྨ་ན་རེ། བདག་གིས་ནི་རྟེན་བཞེངས་པའི་བཟོ་བོར་ཞུ་ཟེར། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ན་རེ། བདག་ཅག་གིས་རྟེན་རྣམས་ཀྱི་སྲུང་མ་དང༌། ཞབས་ཐོག་བགྱིད་པར་ཞུ་ཟེར། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ན་རེ། བདག་གིས་རྟེན་རྣམས་ཀྱི་སྲུང་བ་བགྱིད་པར་ཞུ་ཟེར། དཔལ་མགོན་པོ་བྱམས་པ་ན་རེ། བདག་གིས་རྟེན་བཞེངས་པ་དག་གི་དཀོན་གཉེར་བགྱིད་པར་ཞུ་ཟེར་བ་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཅང་མི་གསུང་བར་གནང་ངོ༌། །དེ་ནས་དུས་ཕྱིས་རྟེན་དེ་དག་བཞེངས་སུ་གསོལ་བའི་དུས་ལ་བབ་པའི་ཚེ། ལྷ་ཆེན་པོ་ཚངས་པས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུའི་རྟེན་བཞེངས་པའི་རྒྱུ་ལ་ལྷའི་རིན་པོ་ཆེ་ཆུ་ཤེལ་ཞུན་མ་དང༌། གསེར་ལ་སོགས་པའི་རིན་པོ་ཆེ་ཞུན་མའི་ཕུང་པོ་གཅིག་ལྷའི་བཟོ་བོ་བི་ཤྭ་ཀརྨའི་མདུན་དུ་སྤུངས་པ་ནས། མི་ཤྭ་ཀརྨས་བཞུ་བཏུལ་ལུགས་སུ་བླུགས་པ་ལས། ཆོས་ཀྱི་སྐུའི་རྟེན་ལ་ཕྱོགས་མེད་པར་བསྟན་པའི་ཕྱིར། དབྱིབས་ཟླུམ་པོ་ཁ་དོག་ནི་དཀར་སེར་དུ་གྲུབ་པ། ཆེ་ཆུང་གི་ཚད་ནི་ལྷ་ཚངས་པའི་འདོམ་གང་ཡོད་པ། མཚན་ནི་དཔལ་དུ་བ་ལྟ་བུའི་མཆོད་རྟེན་ཞེས་སུ་གྲགས་པ་བཞེངས་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་རབ་གནས་མཛད་དེ་བཅོམ་ལྡན་འདས་ཀྱི་ཞལ་ནས་ལྷ་ཚངས་པ་ལ་ཁྱོད་ཀྱིས་བཞེངས་པའི་རྟེན་འདི། ཨུ་རྒྱན་གྱི་ཡུལ་དཔལ་ཧེ་རུ་ཀའི་ཞིང་ཁམས་སུ་བཞུགས་སུ་གསོལ། ཞེས་གསུངས་པ་ལས། ལྷ་ཚངས་པས་མར་སྤྱན་དྲངས་ནས། རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་ན་བཞུགས་པ་དུས་ཕྱིས་སངས་རྒྱས་ཀྱི་རིང་བསྲེལ་སྙིང་པོ་ཅན་བཀང་ནས་ས་ལ་མ་རེག་པར་བར་སྣང་ལ་བཞུགས་པས། དཔལ་མ་རེག་པའི་མཆོད་རྟེན་ཞེས་གྲགས་སོ། །ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བར་བསྟན་པས་ལྷུང་བཟེད་ཁ་སྦུབས་པ་ལྟར་གྲགས་སོ། །དེ་ལ་མ་མོ་དང་མཁའ་འགྲོ་མ་དང་མི་མ་ཡིན་པ་རྣམས་ཀྱིས་དབང་བྱས་ནས་དེ་དག་གི་བསོད་ནམས་གསོག་པའི་ཞིང་མཛད་དོ། །དེ་དང་མཇལ་ནས་ཕྱག་དང་སྐོར་བ་ཞག་བདུན་བྱས་ན་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་གཟའ་སྒྲ་གཅན་འཛིན་ར་ཧུ་ལས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་བཞེངས་སུ་གསོལ་བ་ནི། རྒྱུ་ལྷའི་རིན་པོ་ཆེ་མཎ་དྷ་ར་བ་དང༌། ལྷའི་རིན་པོ་ཆེ་ཟེའུ་སྨུག་པོའི་ཕ་བོང་ཆེན་པོ་གཅིག་ལྷའི་བཟོ་བོ་བི་ཤྭ་ཀརྨའི་མདུན་དུ་སྤུངས་སོ། །དེ་ལ་བི་ཤྭ་ཀརྨས་བཞུ་བཏལ་བྱས་ནས་ལུགས་སུ་བླུགས་པ་ལ། ལོངས་སྤྱོད་རྫོགས་པའི་སྐུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ། ཆེ་ཆུང་གི་ཚད་ནི་ཆུ་ཞེང་གབ་པ་ལ། དཔག་ཚད་བརྒྱད་ཅུ་ཐམ་པ་ཡོད་པ། སྐུ་མདོག་མཐང་གར་གྲུབ་པ། ཕྱག་མཉམ་བཞག་གི་ཕྱག་རྒྱ་ཅན་ཆེན་པོ་བཞེངས་ཏེ། བཅོམ་ལྡན་འདས་ཀྱིས་རབ་གནས་མཛད་དེ། ཁྱོད་ཀྱིས་བཞེངས་པའི་རྟེན་འདི་ས་ཕྱོགས་ཡངས་པ་གཅིག་ཏུ་བཞུགས་སུ་གསོལ། ཞེས་གསུངས་ནས་མར་སྤྱན་དྲངས་ནས། རྒྱ་གར་ལྷོ་ཕྱོགས་ཀྱི་ཕྱིའི་རྒྱ་མཚོའི་ནང་དུ་བཞུགས་སུ་གསོལ་བ་ལས་སྐུ་ལྟེ་བ་མན་ཆད་ཆུར་ནུབ་ནས་ཡོད། ཡན་ཆོད་སྟེང་དུ་བྱོན་པ་ལ་སྐུ་ལུས་ལ་ཆུ་བྱ་མང་པོ་ཚོགས་པ་ལས། བྱ་ཐལ་མང་པོ་ཆགས་པ་རྣམས་ཚེས་བཅོ་ལྷའི་ནུབ་མོ་ཟླ་བ་ཉ་བའི་འོད་ཟེར་དང༌། དབུའི་གཙུག་ཏོར་གྱི་རྩེ་ལ་རིན་པོ་ཆེ་ཆུ་ཤེལ་ཡོད་པ་དེ་གཉིས་འོད་འཐབ་པས་ནམ་ལངས་ཀྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བས་ཏེ། སྐུ་ཁྲུས་གསོལ་བ་དེས་བྱ་ཐལ་ཐམས་ཅད་དག་པས་ཉི་མ་ཤར་བ་དང་ཉི་མའི་འོད་ཟེར་དང༌། རིན་པོ་ཆེ་ཨན་ད་རྙིལ་གྱི་འོད་ཟེར་གཉིས་འཛོམས་པས་ནམ་མཁའི་ཁམས་ཐམས་ཅད་འཇའ་ཚོན་དུ་བཀྲ་ལམ་མེར་སོང་བས་འོད་ཀྱི་དབང་གིས་སྐུ་དེ་མི་གསལ་ཏེ། ཡང་བྱ་ཐལ་གྱིས་གོས་ཤིང་ཞག་བདུན་ལོན་པ་དང༌། ཨན་ད་རྙིལ་གྱི་འོད་དེ་ཉམས་ནས་སྐུ་དེ་ཉིད་ཇེ་གསལ་ཇེ་གསལ་དུ་འགྲོ། དེད་དཔོན་སྐལ་བ་དང་ལྡན་པས་རིན་པོ་ཆེའི་གླིང་ནས་ནོར་བུ་ལོན་ཏེ་ཚུར་ལོག་ནས་སྐུ་དེའི་གྲུ་མོའི་ཁུག་ནས་ཆུར་གཟིངས་བཏོན་ནས་སྐུ་དེའི་མདུན་ན་ཚུར་གཏད་དེ། མཆོད་པ་ཆེན་པོ་བྱས་གསོལ་བ་བཏབ་པས། འཛམ་བུ་གླིང་དུ་ཕྱིན་ཙ་ན། རིན་པོ་ཆེ་རེ་རེས་ཀྱང་རྒྱང་གྲགས་བདུན་བདུན་དུ་འབྲས་ཀྱི་ཆར་འབེབས་ནུས་པའི་བྱིན་རླབས་དེ་ལྟ་བུ་འབྱུང༌། ཀླུ་དང་ཆུ་ལ་གནས་པའི་འགྲོ་བ་སེམས་ཅན་དང༌།   བར་སྣང་ལ་གནས་པའི་གཟའ་དང་སྐར་མ་ལ་སོགས་པ་མང་པོའི་དོན་མདད་ཀྱིན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མིའི་རིན་པོ་ཆེ་གསེར་དང༌།  དངུལ་དང༌། མུ་མེན་དང༌། བྱི་རུ་དང༌།  མུ་ཏིག་དང༌། ལྷའི་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང༌།  ཨིནྡ྄ར་ནིའ་ལ་དང༌།  ཨ་མ་གར་བ་དང༌།  མར་གད་དང༌།  མཐོན་ཁ་ཆེན་པོ་དང༌།  པད་མ་ར་ག་དང༌།  མིའི་རིན་པོ་ཆེ་ལས་ནི་ཡོན་ཏན་ཆེ་ཞིང་བཟང་བ།  ལྷའི་རིན་ཆེན་ལས་ངན་པ།  ནོར་བུ་རིན་པ་ཆེ་འཆིང་བུ་ཉི་ཤུ་རྩ་གཅིག་ལྷའི་བུ་མི་ཤྭ་ཀརྨའི་མདུན་དུ་སྤུངས་སོ།  །དེ་ལ་གཟུགས་ཁམས་ཀྱི་ལྷ་རྣམས་ན་རེ།   བཅོམ་ལྡན་འདས་ཀྱི་སྐུ་ཚད་ནི་འཛམ་བུ་གླིང་གི་མི་འབྲིང་པོའི་ཁྲུ་སུམ་ཅུ་རྩ་གཉིས་ཡིན་ནོ་ཞེས་ཟེར་རོ། །འདོད་ཁམས་ཀྱི་ལྷ་ན་རེ།  བཅོམ་ལྡན་འདས་ཀྱི་སྐུ་ཚད་ནི་མིའི་ཁྲུ་བཅུ་དྲུག་པ་ཡིན་ཟེར་རོ།  །མི་རྣམས་ན་རེ།  གཅུང་མཛེས་དགའ་བོ་དང༌།  དབུའི་གཙུག་ཏོར་ལས་ཁྱད་མེད་ཟེར་རོ།  །བཅོམ་ལྡན་འདས་ནི་སྐུའི་ཚད་ལ་ཅང་མི་གསུང་བར་བཞུགས་སོ།  །དེ་མ་ཐག་ཏུ་བི་ཤྭ་ཀརྨས། བཅོམ་ལྡན་འདས་ཀྱི་སྐུའི་ཚད་གཞལ་བས། རིན་པོ་ཆེའི་ཐ་གུས་ལན་གསུམ་གཞལ་ཀྱང༌། དབུའི་གཙུག་ཏོར་ལ་མ་སླེབས་པ་དང༌། ཡང་ཇེ་མཐོ་ལ་སོང་བས། སྟེང་གི་འཇིག་རྟེན་གྱི་ཁམས་མདངས་དགའ་བར་ཕྱིན་པས། དེའི་སྟོན་པ་སངས་རྒྱས་དགའ་བའི་དཔལ་ལ། འཁོར་བྱང་ཆུབ་སེམས་དཔའ་དགའ་བའི་བྱིན་གྱིས་ཞུས་པ།   འདི་མི་མཇེད་འཇིག་རྟེན་གྱི་ཁམས་ནས་ཡོང་བས།  འདི་ནས་མི་མཇེད་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ལ་ཐག་ཅི་ཙམ་མཆིས་གསོལ་པས།  བཀའ་བསྩལ་པ། ཞིང་ཁམས་རེ་རེའི་རྡུལ་ཕྲ་རབ་རེ་རེ་བཞག་པས། ཞིང་དེའི་རྡུལ་མི་ཟད་པ་ཡོད་དེ། ལྷའི་དབང་པོ་ཁྱོད་སངས་རྒྱས་ཀྱི་སྐུ་ལ་ཚད་མི་མངའ་བ་བསྟན་པའི་ཕྱིར་སྟོན་པས་བྱིན་གྱིས་བརླབས་ཀྱིས།  གཞན་དུ་ན། ཁྱོད་ཀྱི་ཚེ་མ་གིར་ཟད་ནས་འདིར་མི་རྟོལ་བར་འཆི་བའི་དུས་བྱེད་པ་འགྱུར་དུ་མཆིས།   ད་མར་འགྲོ་བར་འདོད་ན་སྟོན་པའི་ཡོན་དྲན་པར་གྱིས་ཤིག་ཅེས་བཀའ་བསྩལ་པ་དང༌།  བི་ཤྭ་ཀརྨས་རང་གི་སྟོན་པ་ཤཱཀྱ་ཐུབ་པ་ཡིད་ལ་བྱས་པས་རྒྱས་བུ་རྒྱལ་བྱེད་ཀྱི་ཚལ་དུ་རྟོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བི་ཤྭ་ཀརྨ་ལ་བཀའ་བསྩལ་པ། ཁྱོད་པས་ཉན་ཐོས་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའི་ས་ཐོབ་པས་ཀྱང༌། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་མི་ནུས་སོ། །ཞེས་བཀའ་བསྩལ་ཏོ།  །དེ་ལྟར་ན། བཅོམ་ལྡན་འདས་ཀྱི་སྐུའི་རྣམ་ཐར་ནི།  དཀོན་མཆོག་བརྩེགས་པ་གསང་པ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་བཀའ་བསྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ངའི་ལོ་བཅུ་གཉིས་པའི་སྐུ་ཚད་ཅིག་བྱས་ནས་དེ་ཡིས་སྟོན་པའི་བྱ་བ་བྱེད་པར་འགྱུར་རོ། །གསུངས་སོ།  དེ་མ་ཤེས་པས་བཅོམ་ལྡན་འདས་ཀྱིས་རྩེ་མོ་རྩེ་ཞིང་ཕང་དུ་འཚོ་བའི་མ་མ་ལ་སྤྱན་གཟིགས་པ་དང༌། མ་མ་དེས་སྨྲས་པ། དགུང་ལོ་བཅུ་གཉིས་ལོན་ཙ་ན། ངས་སེར་སྐྱའི་ཁང་ཐོག་ནས་ཕར་དེད་པས་རྒྱལ་པོའི་ཕོ་བྲང་སེར་སྐྱའི་ཡང་ཐོག་གི་གཟིམ་ཁང་གི་ཐེམ་ཁར་བཞེངས་སོ། །དབུའི་གཙུག་ཏོར་སྒོའི་ཡ་ཐེམ་ལ་ཐུག་ལ་ཁད་པས་ཁོ་མོ་དངངས་པ་གཅིག་བྱུང་བས།   སྒོ་དེ་སྐྱེ་བུ་དང་མཉམ་མོ་ཟེར་བས་དེ་ལ་ཆད་བྱས་སོ། །དགུང་ལོ་བརྒྱད་པའི་ཚད་ནི་ལུམ་བིའི་ཚལ་གྱི་ཁྲི་དང་མཉམ་མོ་ཟེར་རོ།   །དགུང་ལོ་ཉི་ཤུ་རྩ་ལྔ་པའི་ཚད་ནི་བཅོམ་ལྡན་ཉིད་དང་མཉམ་མོ་ཟེར་བས་ལུགས་སུ་བླུགས་པ་ཁ་དོག་སྣ་ཚོགས་སུ་ཚང་བ་ཞིག་བཞེངས་ཏེ། བི་ཤྭ་ཀརྨས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕུལ་ལོ།  །དེར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟ་ལ་སོགས་པ་དང༌། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་སྐུ་ཚད་ལྟ་བ་ལ་འཚོགས་པ་དང༌། བཅོམ་ལྡན་འདས་ཀྱི་ཞལ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣང་བར་བྱས་སོ། །ཐམས་ཅད་ཀྱང་འོད་ཀྱིས་བསྐུལ་ནས་བྱི་ན་གྱིས་བརླབས་པ་དང༌།  ཡོན་ཏན་ཐམས་ཅད་བསྡུས་ནས་སླར་ལོག་སྟེ། སྐུ་གསུམ་པོ་ལ་ལན་གསུམ་སྐོར་བ་བྱས་ནས་ཐིམ།  འོད་ཀྱིས་ཁྱབ་པར་བྱས། སྐུ་གསུང་ཐུགས་ཀྱིས་དབང་བསྐུར། གཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་གནས་པར་བྱས་ནས། སླར་འོད་ཟེར་དེ་དག་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་བསྩལ་པ། སྐུ་འདི་དག་གནས་གར་བཞུགས་པའི་སར་ཉན་ཐོས་ཀྱི་དགེ་འདུན། དགྲ་བཅོམ་པ་རྒྱུན་དུ་བཞུགས་པ། ལན་ཅིག་ཕྱིར་འོང་བ། མི་འོང་བ།  བྱང་ཆུབ་སེམས་དཔའ།  ས་ཐོབ་པ་ཉི་ཟེར་གྱི་རྡུལ་ཙམ་གྱིས་མཆོད།  བསྟོད།  བསྐུར་སྟི་བྱེད།  བླ་མར་བྱེད།  རི་མོར་བྱེད།  རྗེད་པར་བྱེད།  གསོལ་བར་མཛད།  ཐེག་པ་ཆེན་པོའི་ཆོས་ཐམས་ཅད་འབད་པ་མེད་པར་འབྱུང་སྟེ་བསྟན་པའི་ཐ་མ་ལ་ཁ་བ་ཅན་གྱི་ཡུལ་དུ་སྐུ་གཉིས་ད།  སྤྱན་རས་གཟིགས་ཀྱིས་འདུལ་བར་འགྱུར་རོ།  །ཞེས་བཀའ་བསྩལ་ཏོ།   །དགོང་ལོ་ཉི་ཤུ་རྩ་ལྔ་པའི་ཚད་ནི།  སུམ་ཅུ་རྩ་གསུམ་ན་ལྷ་རྣམས་ཀྱི་མཆོད་གནས་མཛད་པར་ཞུས་སོ།  །སངས་རྒྱས་མྱ་ངན་འདས་ནས་དེའི་ཕྱི་དབྱར་འཕགས་པ་དྲུག་སྡེསས་གཟུགས་ཁམས་པའི་སྣང་བ་དང་བསྟུན་ནས་ཁྲུ་སུམ་ཅུ་སོ་གཉིས་པ་དང༌།  འདོད་ཁམས་པའི་སྣང་བ་དང་བསྟུན་ནས་ཁྲུ་བཅུ་དྲུག་པའི་ཚད་ནི་བལ་ཡུལ་ཡབ་བུར་བཞུགས་སོ།  །མྱང་འདས་ཆེ་ཆུང་བཞེངས་སོ། །དེ་ནས་ལོ་ཉི་ཤུ་ཙམ་ན་རྒྱལ་པོ་ཤྲཱི་སིང་ཧས་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་ལ་མེ་ཏོག་ར་བས་བསྐོར་ནས་མཆོད་པ་མཛད་དེ་དུས་མཆོད་བཙུགས་སོ། །བྲམ་ཟེ་སྤུན་གྱིས་རྟེན་ཇི་ལྟར་བཞེངས་པའི་ལོ་རྒྱུས་ནི།  དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ན། རྒྱལ་པོའི་ཁབ་ན་བྲམ་ཟེ་མ་ཧཱ་པ་ལ་བྱ་བའི་ཁྱིམ་བདག་ཅིག་ལ་བུ་གསུམ་ཡོད་པ་ལ། དེ་གསུམ་ཡང་དད་པ་ཆེ་ཞིང་ཆོས་ལ་མོས་པ་ལ།  ཉིན་རེ་བཞིན་འཐབ་ནས་མིག་མཆི་མ་ཙ་རེ་འོངས་པ་ལ། ཕ་མས་གྲང་ན་རས་གྱོན།  ལྟོག་ན་འབྲས་ཟོ། ཁྱོད་གསུམ་ཅི་ལ་རྩོད་ཅེས་སྨྲས་པས།  བུ་ཆུང་བ་ན་རེ། ངེད་ལྟོགས་པ་དང་གྲང་བས་རྩོད་པ་མ་ཡིན།  ངེད་ཆོས་ལུགས་ལ་མ་འཆམས་ཏེ།  ཕྱི་ནང་གི་གྲུབ་མཐའ་མི་མཐུན་པ་ཡིན།  ངས་དཀོན་མཆོག་གསུམ། ཆོས་ལུགས་སངས་རྒྱས་བཟང་བྱས། ཕུ་བོ་གཉིས༌། ལྷ་མ་ཧཱ་དེ་བ།  ཆོས་ལུགས་མུ་སྟེགས་བྱེད་བཟང་ནས་དེ་ལ་མ་འཆམས་ནས་འཐབ་ཅེས་སོ།  །དེ་ནས་ཕ་མ་ལ་གང་བཟང་དྲིས་པས། མས་སྨྲས་པ།  འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་རི་བོ་གངས་ཅན་ལ།  ལྷ་མ་ཧཱ་དེ་བ་ཡབ་ཡུམ་བཞུགས་པས་ལྷ་ཆེན་པོ་ལ་དྲིས་ཤིག་ཟེར་ནས།  བུ་གསུམ་གྱི་རྐང་པ་ལ་རྐང་མགྱོགས་ཀྱི་རྫས་བྱུགས་ནས་ནམ་མཁའ་ལ་འཕུར་བཏང་ངོ༌། །དེ་ནས་སྤུན་གསུམ་པོས་རི་བོ་གངས་ཅན་གྱི་འདབས་སུ་ཕྱིན་པ་དང༌། ལྷའི་བུ་མོ་མང་པོ་རིན་པོ་ཆེའི་སྣོད་མཛེས་པ་ཐོགས་ནས་མེ་ཏོག་མང་པོ་འཐུ་ཡིན་འདུག་ནས། བུ་མོ་དེ་རྣམས་ལ་དྲིས་པ། ཁྱེད་སུ་ཡིན། མེ་ཏོག་དེ་རྣམས་བཏུས་ནས་ཅི་བྱེད་ཅེས་སྨྲས་པས། བུ་མོ་རྣམས་ན་རེ།  ངེད་རྣམས་ལྷ་ཆེན་མ་ཧཱ་དེ་བ་ཡབ་ཡུམ་གྱི་འཁོར་གཡོག་ཡིན། མེ་ཏོག་འདི་རྣམས་འཕགས་པ་དགྲ་བཅོམ་པ་རྣམས་ནངས་པར་གདུགས་ཚོད་ལ་སྤྱན་འདྲེན། དེ་ལ་མཆོད་པ་བྱེད་པ་ཡིན་ཟེར་རོ།  །འོ་ན་ངེད་ལྷ་མ་ཧཱ་དེ་བའི་ཞལ་ལྟ་བ་ཡིན། ཁྱོད་ཀྱིས་ཞུ་སྣ་གྱིས་ལ་ཁྲིད་ཅིག་ཅེས་སྨྲས་པས།  ལྷ་མོ་དེ་རྣམས་དང་འགྲོགས་ནས་ཕོ་བྲང་རོ་བོ་གངས་ཅན་ཡོད་སར་ཕྱིན་པ་དང༌།  རིན་པོ་ཆེའི་ཕོ་བྲང་ན་གདན་མང་པོ་བཤམས་འདུག ཉན་ཐོས་འཕགས་པ་དགྲ་བཅོམ་པ་མང་པོ་རྫུ་འཕྲུལ་གྱིས་བྱོན་ནས་གདན་ལ་བཞུགས་པ་ལ། ལྷ་ཆེན་མ་ཧཱ་དེ་བ་འཁོར་དང་བཅས་པ་རྣམས་ཕྱག་འཚལ།  མཆོད་པ་འབུལ། གདུགས་ཚོད་འདྲེན་བྱེད་ཀྱིན་འདུག དེར་བྲམ་ཟེ་སྤུན་གྱི་ཡིད་ལ། ལྷ་མ་ཧཱ་དེ་བ་ཡང་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་པ་བྱེད། ཕྱག་འཚལ། གདུགས་ཚོད་འདྲེན་པར་འདུག ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བར་འདུག་སྙམ་དུ་སེམས་སོ།  །དེ་ནས་འཕགས་པ་དགྲ་བཅོམ་པ་རྣམས་ནམ་མཁའ་ལ་གཤེགས་སོ། དེ་ནས་བྲམ་ཟེ་སྤུན་གསུམ་གྱིས་ལྷ་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་དྲིས་སོ། །ནང་པ་སངས་རྒྱས་པ་དང༌།   ཕྱི་པ་མུ་སྟེགས་པ་གཉིས་ཆོས་ལུགས་གང་བཟང་ཞུས་པས།   ལྷ་དབང་ཕྱུག་ཆེན་པོ་ན་རེ། ང་མུ་སྟེགས་བྱེད་རྣམས་ཀྱི་མཐར་ཐུག་གི་ལྷ་ཡིན། མཐུ་དང༌།  རྫུ་འཕྲུལ་དང༌།  ནུས་པ་དང༌།  ཚེ་འདིའི་དགོས་པ་རྣམས་འབྱུང༌།  གནོད་པ་ཞི་བར་བྱེད།  ནུས་པ་མུ་སྟེགས་བྱེད་མྱུར་བ་ཡིན།   ཚེ་ཕྱི་མའི་ཐར་པ་བྱང་ཆུབ་བསྒྲུབ་པ་ནི། ནང་པ་སངས་རྒྱས་པའི་ཆོས་འདི་ཡིན།  ང་ཡང་ཕྱི་མའི་བདེ་ལེགས་འདོད་པའི་ཕྱིར། ཉན་ཐོས་འཕགས་པ་དགྲ་བཅོམ་པ་རྣམས་ལ་ཕྱག་དང་མཆོད་པ་བྱེད་པ་ཡིན། ཐར་པའི་ལམ་བཟང་པོ་ཐོབ་པར་འདོད་ན།  ནང་པ་སངས་རྒྱས་པ་བཟང་གསུངས་སོ། །དེ་ནས་བུ་གསུམ་ཀས་ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་པར་ཤེས་ནས་ཕྱིར་ལོག་སྟེ།  ཕ་མའི་དྲུང་འོངས་པ་དང༌། ཕ་མས་དྲིས་པ། ཁྱེད་ལྷ་དབང་ཕྱུག་ཆེན་པོ་དང་མཇལ་ལམ།   ཅི་སྐད་གསུངས་དྲིས་པར་ལོ་རྒྱུས་རྣམས་བཤད་པས།  ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བར་འདུག་པས། ངཻད་གསུམ་ཆོས་བྱེད་པ་ལ་ཡི་དམ་རེ་དགོས་པས།  ཡི་དམ་གང་གིས་བཞེངས། ལྷ་ཁང་གང་དུ་བརྩིག་ཅེས་ཕ་མ་ལ་ཞུས་པས་བྲམ་ཟེ་མོ་གསལ་འོད་ན་རེ།  ཆོས་ལུགས་ནང་པ་བཟང་བར་ངེད་ཕ་མས་ཤེས་མོད།  ཁྱོད་རང་རྣམས་ཡིད་མ་ཆེས་ཀྱི་དོགས་ནས་འདྲིར་བཏང་བ་ཡིན།  ཁྱོད་ལ་ལྷ་བཞེངས་པ་ངས་བསྟན་གྱི་ཟེར་ནས། བུ་ཆེ་ཤོས་མ་ཧཱ་པ་ལ་ལ་ཁྱོད་ཀྱིས་རི་བོ་གངས་ཅན་གྱི་རྒྱུད། སྐལ་ལྡན་ཤིང་རྟའི་འགྲམ།  ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་པའི་ས།  རི་དྭགས་རྒྱུ་བའི་ཚལ།  བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་དེ་ན།  རིན་པོ་ཆེའི་རྡོ་གཅིག་ཡོད་པ་དེ་ལ་རྒྱུ་གྱིས་ལ་རྟེན་བཞེངས་ཤིག་ཟེར་བས་དེས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བ་ཤིན་ཏུ་ཡང་ཆེ་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་མཛད་པ་གན་དྷོ་ལ་ཆེན་པོ་ཞིག་ཡོད་པ་བཞེངས་སོ།  །དེ་ལ་དྷརྨ་ཙཀྲ་ཞེས་གྲགས་སོ། །བུ་བར་པ་བྷི་བ་ས་མ་ལ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་དྷ་ཀ་སྐད་འབྱིན་པའི་གནས་སུ།  བཅོམ་ལྡན་འདས་ཀྱིས་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སར། གནས་ཆེན་པོ་བརྒྱད་ཀྱི་ས་ལ་རྒྱུ་གྱིས་ལ།  རྟེན་བཞེངས་ཤིག་ཅེས་པས།  དེར་བཅོམ་ལྡན་འདས་ཀྱི་སྐུ་ཚད་དང་མཉམ་པ་གན་དྷོ་ལ་འདོམ་ཉི་ཤུ་ཙམ་ཡོད་པ་ཞིག་བཞེངས་སོ། །སྐུ་དེ་ལ་བྱི་ལུ་འབན་ཞེས་མིང་དུ་གྲགས་སོ། །བ་ལ་བུ་ཆུང་ཤོས་ན་རེ།  ཁོང་ཕུ་བོ་གཉིས་ལ་ཡི་དམ་བཞེངས་པ་ལེགས་པ་རེ་བསྟན་ན།  ང་སངས་རྒྱས་ལ་མོས་པ་མངའ་ཤོས་ཡིན་པས།   ངའི་ལྷ་ཁང་གར་བྱེད་ཅེས་སྨྲས་པས།   བུ་ཁྱོད་ཀྱིས་ལྷ་ཁང་བྱེད་པ་དེ་ནངས་ཀྱིས་དགའ་བ་ཞིག་ཡོད་ཀྱིས།  མ་ག་དྷ་རྡོ་རྗེ་གདན་མཆོག  བྱང་ཆུབ་ཀྱི་ཤིང་གི་ཤར་ངོས་ལ་སྐུ་རྒྱབ་གཏད་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་བརྙེས་པའི་ས་དེར།   ཆུ་བོ་ནཻར་ཉ྄ཛནའི་འགྲམ་ན་མ་ཧེ་ཉལ་བའི་འོག་ཁྲུས་ཀྱི་རྫིང་བུའི་འགྲམ་ནང་ན།   ཙན་དན་གོ་ཤིར྄་ནའི་སྡོང་པོ་འགྱེལ་ཡོད་པས།   དེ་ལ་རྒྱུ་གྱིས་ལ་བྲམ་ཟེའི་བུ་མོ་བཞི་བཅུ་ཞེ་དགུས་ཤིང་བརྡར་བ་དེ་ལ་རིན་པོ་ཆེ་སྣ་ཚོགས་དང་སྤོས་སྣ་ཚོགས་བསྲེས་ལ་སྲང་སུམ་སྟོང་དང༌། བ་སྦོས་ཟན་མའི་འོ་མ་དང་སྦྱར་བའི་གོང་བུ་བདུན་ཕྲག་བདུན་སྟོང༌།  སོ་ཕག་གི་གན་དྷོ་ལའི་ཕྱི་མཆོད་རྟེན་དུ་བྱས་པའི་ནང་དུ་སྐུ་དེ་བཞེངས་ཤིག  དེ་ཡང་ཟླ་བ་དྲུག་དང༌།  ཞག་བདུན་དུ་སྒོ་མ་འབྱེད་ཅིག ཁྱོད་ཀྱི་ཡི་དམ་ཇི་ལྟར་འདོད་པ་ལྟར་དུ་འགྲུབ་པར་འགྱུར་རོ།  །ཞེས་ཟེར་རོ། །དེའི་དུས་ན་ཡུལ་དབུས་ནས་ཚོང་པ་ཕྱིའི་རྒྱ་མཚོ་ལ་རིན་པོ་ཆེ་ལེན་དུ་སོང་བའི་དེད་དཔོན་ལ།  རང་གི་ཕ་རྒན་པོ་ན་རེ།  བུ་ཁྱོད་ཀྱིས་མིས་མི་ཉོ་བའི་ཟོང་ཉོས་ཤིག་བསྒོའོ།  །དེ་ནས་ཚོང་པས། ནོར་བུ་རིན་པོ་ཆེ་མང་པོ་ལོན་ནས་ལོག་ནས་འོང་བའི་རྫིངས་ནང་དུ།  སྔ་ན་མེད་པའི་མ་སྔོ་ལྷང་བ་ཞིག་བྱུང་བས།  ཚོང་པ་ཕྱུག་པོ་རྣམས་ན་རེ། འདི་ནི་རང་རེ་ལ་གནོད་པ་བྱེད་པ་ཡིན་པས་གསོད་དོ། །ཟེར་བཅིངས་སོ། །དེར་དེད་དཔོན་གྱི་བསམ་པ་ལ།  ང་ལ་ཕ་ན་རེ།  ཁྱོད་ཀྱིས་མིས་མི་ཉོ་བའི་ནོར་ཞིག་ཉོས་ཤིག་ཟེར་བ་དེ་འདི་ཡིན་ངེས་སྙམ་ནས།  ཚོང་ཕྲུག་རྣམས་ལ་འདི་ལ་གནོད་པ་མ་བྱེད་ཅིག་བྱས་པས་མཉན་ནས།  དེར་དེའི་རིན་ཚོང་དཔོན་གྱིས་བཅལ་ཏེ་ཉོས་ནས།  མི་དེ་བཀྲོལ་ཏེ་བཏང་བས།  མི་དེ་རྒྱ་མཚོར་མཆོངས་ཏེ་སོང་ངོ༌། །དེ་ཀླུ་ཕྲུག་ཡིན་པས་དེས་རིན་པོ་ཆེ་ཨིནདྲ་ནི་ལ་འོད་དང་བཅས་པ་ཉའི་ལྟོ་བ་འདྲ་བ་ལྕུམ་ཞོགས་དང་ལྡན་པ་ཁྲུ་གང་བ་ཞིག་དེད་དཔོན་ལ་བྱས་པ་གཟོ་བའི་ཕྱིར་དྲིན་ལན་དུ་ཕུལ་ལོ།  །དེད་དཔོན་དེས་ཀྱང་རྡོ་རྗེ་གདན་ན་དེ་བཞིན་གཤེགས་པའི་སྐུ་དེ་བཞེངས་པའི་སྤྱན་འབྲས་བྱ་སྙམ་ནས་སྐམ་ལ་བཏོན་པ་དང༌།   དེ་གདབ་བསམས་པས་རིན་པོ་ཆེ་དེ་གཉིས་སུ་གས་རེ་ཆག་གོ། །དེ་ཁྱེར་ནས་ཡོན་བདག་ཙཀྲ་པ་མེ་ལ་ཕུལ་ལོ། །དེས་ཀྱང་མས་ཇི་ལྟར་བསྒོ་བ་ལྟར་བྱས་པ་དང༌། ཟླ་བ་དྲུག་དང་ཞག་དྲུག་ནས་མ་འོངས་ཏེ།  བུ་ཁྱོད་ཀྱིས་གན་དྷོ་ལ་སྒོ་ཕྱེ་ཞིག ངས་ལྷ་བལྟའོ་ཞེས་པས། བུས་སྨྲས་པ།  ཞག་གཅིག་གིས་ཞག་གྲངས་མ་ཐེམ་པས་ངས་ནངས་པར་སྒོ་དབྱེའོ་སྨྲས་པས། མ་ན་རེ། བུ་ང་དོ་ནུབ་ཚེའི་དུས་བྱེད་པས། ཞག་གྲངས་མ་ཐེམ་ཡང༌། སྒེ་ཕྱེ་ཟིག་ངས་ལྷ་དེ་དེ་བཞིན་གཤེགས་པ་འདྲའམ་མི་འདྲ་བལྟ་ཡིས།  ཅིའི་ཕྱིར་ན་འཛམ་བུའི་གླིང་ན་དེ་བཞིན་གཤེགས་པའི་ཞལ་མཐོང་བ་ང་མིན་པ་མེད་པས་ཕྱིས་འདྲ་མི་འདྲའི་ཤན་མི་ཕྱེད་དོ།  །དེ་སྐད་ཟེར་ནས་བུས་སྒོ་ཕྱེ་བ་དང༌།  བཟོ་བོ་བི་ཤྭ་ཀརྨ་རྩིག་ཕུག་ན་ཕར་ཐལ་ནས་མི་སྣང་བར་གྱུར་ཏོ། །དེར་རྒན་མོས་བལྟས་ནས་ཕྱིར་བྱུང་བ་ལ།  ལྷ་འདི་བཅོམ་ལྡན་འདས་དངོས་དང་འདྲའམ་མི་འདྲ་དྲིས་པས།  མས་སྨྲས་པ།  ལྷ་འདི་བཅོམ་ལྡན་འདས་དགུང་ལོ་སུམ་ཅུ་སོ་གཉིས་ལོན་པ་དང་སྐུ་ཚད་མཉམ་སྟེ།  སངས་རྒྱས་ལ་འོད་འདོམ་གང་ཡོད་པ་དང༌། གཅུག་ཏོར་ལྟར་མི་མངོན་པ་དང༌། དབུ་སྐྲ་བུང་བ་ལྟར་ནག་ཅིང་ཚོམ་བུར་འཁྱིལ་བ་དང༌།  སྨིན་མཚམས་ན་མཛོད་སྤུ་ཁྲུ་གང་གཡས་སུ་འཁྱིལ་བ་དང༌།  གསུང་གིས་ཆོས་འཆད། ན་བཟའ་གསོལ་བ་སྐུ་ལ་སོར་བཞི་མི་རེག་པ་དང༌། སྤྱོད་ལམ་གཤེགས་པ།  བཞུགས་པ། གཟིམ་པ་ལ་སོགས་པ་སེམས་ཅན་གྱི་དོན་མཛད་པ་དེ་འདི་ལ་མེད། གཞན་བྱིན་རླབས་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་དང་ཁྱད་པར་མེད་དོ་ཞེས་ཟེར་རོ། །སྐུ་དེའི་ཞལ་གྱི་དཀྱིལ་འཁོར་ལ་མི་ཆེ་ཚད་ཀྱི་བརྐྱངས་ཁྲུ་དོ་དང༌།  སྤྱན་དང་ཞལ་ལ་མཐོ་གསུམ། སྐུ་སྤྱི་ལ་བརྐྱངས་ཁྲུ་བརྒྱད་ཡོད་དོ།  སྐུ་འདི་ལ་ལྟ་བས་ཆོག་མི་ཤེས་ཏེ།  བཀྲེས་པ་དང་བསྐོམ་པ་བརྗེད་བརྗེད་དུ་ལྟ་བ་དང༌།  མཐོང་བ་ཙམ་གྱིས་ལུས་ངག་ཡིད་གསུམ་ངལ་སོས་པ་དང༌།  སྡུག་བསྔལ་ཐམས་ཅད་ཞི་བ་དང༌།  གདོན་བགེགས་དང་བྲལ་བ། ཡོན་ཏན་དཔག་ཏུ་མཻད་པ་བྱུང་ངོ༌།  །ཡེ་ཤེས་ཀྱང་རྒྱུད་ལ་འཇུག་གོ།  །བལྟས་ཏེ་ཕྱིར་འགྲོ་བ་ན་རྒྱབ་བསྟན་ནས་ཕྱིར་འགྲོ་མི་ཕོད་པ་དང༌།  ཕྱི་རོལ་པ་དང་རྟེན་གང་བཟང་འགྲན་པ་ན་ཕྱི་རོལ་པའི་རྟེན་ལ་ནང་པ་སངས་རྒྱས་པའི་གང་ཟག་རྣམས་ཕྱག་མི་བྱེད་དོ། །དེ་ལྟ་བུའི་དམ་བཅའ་བྱེད་དོ། །ཕྱི་པ་མུ་སྟེགས་པ་ཡང་སྐུ་འདི་ལ་ཕྱག་མི་བྱེད་པའི་དམ་བཅའ་སྟེ་བཅས་ཀྱང་མཐོང་བ་ཙམ་གྱིས་ཕྱག་བྱེད་དོ། །ལག་པ་ལྕགས་ཀྱིས་བཀྱིགས་ཀྱང་རང་གྲོལ་ནས་ཕྱག་བྱེད་པར་འགྱུར་གྱིས་ཟེར་ནས་རྒན་མོ་དེ་དེ་ནུབ་ཤི་སྟེ།  གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ།  །བྲམ་ཟེ་མོ་དེ་དཔལ་ལྷ་མོའི་སྤྲུལ་པར་གྲགས་སོ།  །དེའི་གདུང་ལ་བུས་རྡོ་རྗེ་གདན་དུ་མཆོད་རྟེན་བཞེངས་ཏེ།  མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་དུ་གྲགས་སོ།  ། ཞག་གཅིག་གིས་སྒོ་དབྱེ་བ་སྔས་པ་ལ་སྐྱོན་ཅི་ཡོད་བལྟས་པས། སྐུའི་ཞབས་ཡ་གཅིག་གི་མཐེའུ་ཆུང་མ་ཚང་ཟེར་བར་འདུག་སྟེ། ཉན་ཐོས་པ་རྣམས་ན་རེ།  བདུད་ལྷས་སྦྱིན་གྱིས་བཅོམ་ལྡན་འདས་ལ་རྒྱོགས་བརྒྱབ་པས།  གནོད་སྦྱིན་ཛམ་བྷ་ལ་དང༌།  ཧི་ཕུས་མ་ཡོད་པས་གབ་པས་ཕྱག་ན་རྡོ་རྗེ་རྒྱོགས་ལ་རྡོ་རྗེ་བརྒྱབ་པས་རྒྱོགས་དུམ་བུ་བརྒྱར་སོང༌།  དུམ་བུ་གཅིག་ཧི་ཕ་ལ་ཕོག་སྟེ་ཤི། དུམ་བུ་གཅིག་ཛམ་བྷ་ལ་ལ་ཕོག་སྟེ་རྨ་འཚལ་བཏོད།  དེས་ལན་པ་ཡིན་ཟེར། དེ་ལྟར་མ་ཡིན་སྐད།  ཐེག་པ་ཆེན་པོའི་མཁས་པ་རྣམས་ནི། དེ་མ་ཡིན།  དབུ་སྐྲ་ཚོམ་བུར་འཁྱིལ་བ་དེ་མ་ཚང་བ་ཡིན་སྐད། རིན་པོ་ཆེ་ཨིནྡ྄ར་ནི་ལས་སྤྱན་འབྲས་བྱས་འདུག་གོ། །དེ་ནི་མཐོན་མཐིང་གི་ཁ་དོག་དང་འདྲ་བ་མཐིང་ག་འོད་དང་བཅས་པའོ། །སྐུ་དེའི་མཚན་ནི་མ་ཧཱ་བྷོ་དྷི་ཞེས་གྲགས་སོ། །གཞན་རྣམས་རྒན་མོས་ཇི་སྐད་སྨྲས་པ་བཞིན་ནོ། །བྲམ་ཟེ་སྤུན་གསུམ་གྱིས་རྟེན་བཞེངས་པའི་སྐུ་ཚད་གསུམ་ནི།  རྒྱ་གར་གྱི་གནས་གསུམ་ན་བཞུགས་ནས་སེམས་ཅན་གྱི་དོན་དུ་བསོད་ནམས་གསོག་པའི་ཞིང་དུ་བཞུགས་སོ།  །ཉི་ཤུ་རྩ་ལྔ་པའི་སྐུ་ཚད་ནི། སུམ་ཅུ་རྩ་གསུམ་ན་ལྷ་རྣམས་ཀྱི་དོན་མཛད་དོ།  །དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་དེས།  རྒྱལ་པོ་གསལ་རྒྱལ་གྱི་མཅོད་གནས་མཛད།  ལོ་ལྔ་བཅུ་འགྲོ་དོན་རྒྱ་གར་དུ་མཛད།  དགུང་ལོ་བཅུ་གཉིས་པ་ལོ་ལྔ་བརྒྱ་ཨུ་རྒྱན་དུ། དེ་ནས་སྲིན་པོ།  དེ་ནས་ཁ་ཆེ་ཡི་ཡུལ་དུ་ལོ་ལྔ་བརྒྱ། དེ་ནས་ཀླུས་བརྐུས་ནས། ཀླུའི་རྒྱལ་པོ་ཧེ་མན་དྷའི་མཆོད་གནས་ཤི་ལེ་ཏ་ཆུ་བྷེ་ཏ་བྱ་བ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཞིག་དང༌།  མཁན་པོ་སྐར་རྒྱལ་བྱ་བ་འཕགས་པ་བྱམས་པའི་གྲུབ་པ་ཐོབ་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་དེ་ཀླུ་ཡུལ་ན་ཡོད་པར་གཟིགས་ནས།  དེར་སྐར་རྒྱལ་གྱིས་བྱམས་པར་སྤྲུལ་ནས། ཀླུ་ཤིང་གྷུ་དྷེའི་བདུད་རྩིས་ཀླུ་རྣམས་ལ་བདུད་རྩིའི་ཆར་བས་བྲིད།  ཤི་ལེ་ཏས་ཕྱག་ན་རྡོ་རྗེར་སྤྲུལ་ནས་ཀླུ་རྣམས་སྡིགས་གཟིར་ནས་བྱམས་པ་བསྐྱངས་ཏེ།  སྐུ་གཟུགས་ཁྲུས་ཀྱི་རྫིང་བུ་ནས་ཡར་སྤྱན་དྲངས།  བསྟན་པ་ནུབ་ཙ་ན།  སྐུ་དེས་སྣ་དྲངས་པའི་རིན་པོ་ཆེའི་རྟེན་ཙམ་མི་ཡུལ་ན་བཞུགས་ཚད་ཀླུ་ཡུལ་དུ་སྤྱན་དྲང་བར་བྱས་སོ། །ལོ་ལྔ་བརྒྱར་མ་ག་དྷར་འགྲོ་དོན་མཛད་དོ། །འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་བ།  སངས་རྒྱས་མི་བཞུགས་པ་ཡོངས་མྱ་ངན་ལས་འདས་པ་ན།  འགྲོ་བ་རྣམས་ཚོགས་གསོག་པའི་རྟེན་གང་ལ་བགྱི། ཞེས་ཞུས་པས།  བཅོམ་ལྡན་འདས་ཀྱི་ཞལ་ནས།  སངས་རྒྱས་ཀྱི་རྟེན་ལ་བརྒྱད་དེ་ཉིད་ལས་བྱུང་བའི་རྟེན་དྲུག  འདྲ་བའི་རྟེན་གཉིས་ཏེ་བརྒྱད་ཀྱིས་དཀོན་མཆོག་ལ་བསོད་ནམས་གསོག་པའི་རྟེན་གྱིས་ཞེས་བཀའ་བསྩལ་ཏོ། །དབུ་སྐྲ་དང་ཕྱག་སེན་གྱི་རྟེན་གཉིས་མངའ་བ་ཡིན་ཏེ། དང་པོ་རབ་ཏུ་བྱུང་བའི་དུས་སུ་དབུ་སྐྲ་ལ་མཐོ་བཅུ་དགུ་ཡོད་པ་ལ།  རྒྱལ་བུ་རང་གིས་མཆོད་རྟེན་རྣམས་དག་གི་དྲུང་དུ་རལ་གྲིས་བཞར་བ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཁྱེར་ཏེ།  མཆོད་རྟེན་བྱས་པ་ད་ལྟ་ཡང་ལྷ་རྣམས་ཀྱི་གཙུག་ཕུད་ཀྱིས་མཆོད་པའི་དུས་སུ་སྟོན་ཞེས་སྐད་དོ།  །མིའི་ཡུལ་དུ་ཡང༌། ཨ་པོ་བདུན་པས་མོས་པའི་མཆོད་རྟེན་བརྩིགས་ནས།  གཙུག་ཕུད་བླངས་པའི་མཆོད་རྟེན་ཞེས་གྲགས་པ་ཡོད་དོ། །དེ་ནི་བྱང་ཆུབ་སེམས་དཔའི་དུས་ཡིན་པས་བྱང་ཆུབ་སེམས་དཔའི་མཆོད་རྟེན་ཡིན་ལ། མངོན་པར་རྫོགས་པར་སངས་རྒྱས་ནས་དབུ་སྐྲ་དང་ཕྱག་སེན་བྲེགས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་གནང་པ་དེ་ལ་མཆོད་རྟེན་བྱས་ཏེ་མཆོད་དོ། །གཞན་ཡང་ལྷོ་ཕྱོགས་མཐའ་འཁོབ་ཏུ་ཡུགས་མོ་ལྔ་བརྒྱ་ལ་སྤྲུལ་པའི་ཕྱག་སེན་གནང་ནས་དེ་ལ་མཆོད་རྟེན་བཞེངས་ཏེ་མཆོད་པ་བྱེད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོའི་ཚོགས་ཀྱང༌།  དབུ་སྐྲ་ཕྱག་སེན་ཞུས་ནས་ཕྱག་སེན་གྱི་མཆོད་རྟེན་མཛད་དོ།  །རྒྱལ་པོ་ཡུལ་འཁོར་སྲུང་གིས་ཤཱཀྱ་གྱད་ཆེན་ལ་སྲུང་བའི་དོན་དུ་སྤྲུལ་པའི་ཕྱག་སེན་གནང་ནས་མཆོད་པ་ཆེན་པོ་བྱས་སོ།  །ཤཱཀྱ་རྣམས་བདེ་ལ་བཀོད་དོ། །ལྷུང་བཟེད་ཀྱི་མཆོད་རྟེན་བྱུང་བ་ནི། བྱང་ཆུབ་སེམས་དཔའ་དཀའ་ཐུབ་ལས་བཞེངས་ནས།  བསོད་སྙོམས་ལ་བྱོན་པའི་དུས་སུ། གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་སོགས་བརྒྱད་ཀྱིས།  འོ་ཐུག་བསྐོལ་ནས་གསེར་གྱི་སྣོད་དུ་དྲངས་པས་འོ་ཐུག་གསོལ་བས། དེའི་གསེར་སྣོད་ཆུ་བོ་ནཻརཉ྄ཛནར་བོར་བས་ཀླུའི་རྒྱལ་པོས་ཁྱེར་བས། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་བྱ་ཁྱུང་དུ་སྤྲུལ་ནས་སྡིགས་པས་མ་ཆུན། བརྒྱ་བྱིན་རང་དུ་བྱས་ནས་བསླངས་པས་བྱིན་ནས་མཆོད་རྟེན་བྱས་ནས་བཞུགས་སོ།  །སངས་རྒྱས་ནང་ཤིང་སྒྲོལ་རྒྱུའི་ཚལ་ན་བཞུགས་པ་ལ། ཚོང་དཔོན་ག་གོན་ཏ་བཟང་པོ་དང༌། བཟང་སྐྱོང་ལ་སོགས་པ་ཚོང་ཕྲུག་ལྔ་བརྒྱས། འོ་ཚ་དང་སྨན་དང་མར་གསུམ་སྦྱར་ནས་རིན་པོ་ཆེའི་གཞོང་པར་བླུགས་ནས་བཅོམ་ལྡན་འདས་ལ་དྲངས་པའི་དུས་སུ། རྒྱལ་པོ་ཆེན་པོ་བཞི་ཡིས་རྡོའི་ལྷུང་བཟེད་བཞི་ཕུལ་བས་གཅིག་ཏུ་བྱིན་གྱིས་བརླབས་ནས་ཕྱག་ཏུ་བསྣམས་ནས་བཞེས་ཏེ།  ཕྱིས་རྒྱལ་པོ་བཞི་རང་ལ་གནང་སྟེ། རང་རང་གི་མཆོད་རྟེན་བྱས་ཏེ་མཆོད་པ་བྱེད་དོ། །ཉན་ཐོས་ཀྱི་ཆེད་དུ་མགར་བས་ལྕགས་ལ་ལྷུང་བཟེད་བརྡུངས་ནས་ཕྱག་ན་བསྣམས་པ་ནི། ཕྱིས་ཉན་ཐོས་པ་རྣམས་ཀྱིས་མཆོད་རྟེན་མཛད་དེ། མཆོད་པར་བྱེད་དོ།  །མཁར་གསིལ་ནི་དངོས་སུ་མཆོད་རྟེན་ཡིན་ལ། དཀོན་མཆོག་གསུམ་གྱི་རྟེན་ཡིན་པས། ལྷ་མི་ཀུན་གྱིས་མཐོང་ན་དད་པའི་མཆོད་རྟེན་ཡིན་ནོ། །ཚེམས་མཆེ་བ་དང༌། རིང་བསྲེལ་བྱོན་ཚུལ་ནི། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་སྤུར་ཞུགས་ལ་བཞེན་པའི་དུས་སུ། ཚེམས་མཆེ་བ་བཞི་བོ་མ་ཚིག་པ་དེ་ལ་མཆོད་རྟེན་རེ་བྱས་སོ།  །རིང་བསྲེལ་ནི་སྐུའི་ཁམས་བཞི་ག་གདུང་ཕྲ་མོ་བྱས་ནས་བྲམ་ཟེརའི་རིགས་བྲེ་བོ་དང་མཉམ་པས། སྐུ་གདུང་ཆ་བརྒྱད་དུ་བགོས་ནས་བྱིན་ཏེ། གནས་རང་རང་སོ་སོ་རུ་མཆོད་པ་མང་པོ་རྒྱས་པར་བྱས་སོ། །བྲམ་ཟེ་བྲེ་བོ་ལ། གསེར་སྐུ་བུམ་པ་གསུམ་བྱིན་ནས། བྲེ་བོའི་གྲོང་དུ་མཆོད་རྟེན་བྱས་སོ། །བྲམ་ཟེའི་ཁྱེའུ་ཎ྄ཡགྲོ་ཏས་སྐུ་གདུང་བཞུ་བའི་སོལ་བ་ལ་མཆོད་རྟེན་བྱས་སོ། །དེ་དག་ནི་སངས་རྒྱས་ཉིད་ལས་བྱུང་བས་ན།  སངས་རྒྱས་ཉིད་དང་མཉམ་མོ། །མི་དང་མི་མ་ཡིན་ཀུན་གྱི་མཆོད་པའི་རྟེན་ཡིན་ནོ།  །སངས་རྒྱས་དང་འདྲ་བའི་རྟེན་གཉིས་ལ། སྐུ་གཟུགས་ནི་སྐུ་འདྲ་བའི་ཕྱིར་ན་སྐུ་ངོ་བོ་དང་འདྲའོ། །སྐུའི་རྟེན་ཡིན་ནོ། །མཆོད་རྟེན་ནི་ཆོས་སྐུ་འདྲ་བའི་རྟེན་ནོ། །སྐུ་གཟུགས་སྐུའི་འབྱུང་ཚུལ་ནི། ནངས་ཀྱི་ཐོག་མར། བྱང་ཆུབ་སེམས་དཔའ་ཞིང་ལ་གཟིགས་པའི་ཚེ། ཤིང་འཛམ་བུའི་བསིལ་གྲིབ་ལ་བཞུགས་ཚེ་བྱང་ཆུབ་སེམས་དཔའི་སྐུ་འདྲ་རེ་བཞེངས་ནས། ཞིང་པའི་ལྷ་མི་རྣམས་ཀྱིས་མཆོད་པའི་རྟེན་མཛད་དོ། །སིང་ག་ལ་པའི་བུ་མོའི་དོན་དུ། སངས་རྒྱས་ཀྱི་སྐུ་རས་རིས་ལ་བྲིས་ནས་བསྐུར་ཏེ། དད་པ་ཅན་བསོད་ནམས་གསོག་པའི་རྟེན་མཛད་དོ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས།  བྱང་ཆུབ་སེམས་དཔའི་དུས་ཀྱི་སྐུ་ཅི་འདྲ་བ་ཞིག་བཞེངས་ནས་དེ་ཤིང་རྟའི་སྟེང་དུ་བཞུགས་ནས་གྲོང་ཁྱེར་ཐམས་ཅད་དུ་སྤྱན་དྲངས་ནས། སྐྱེ་བོ་ཀུན་གྱི་མོས་གུས་དད་མོས་ཀྱི་རྟེན་མཛད་དོ།  ། རས་རིས་ཀྱི་སྐུ་ཇི་ལྟར་བྱུང་བ་ནི། བཅོམ་ལྡན་འདས་ཉིད་སྐུ་བཞུགས་པའི་དུས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌། མཐའ་འཁོབ་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ན་བྱ་བ་གཉིས་ངོ་བོ་མ་འཕྲད་པར་སྐྱེས་ཀྱིས་འགྲུལ་པའི་གྲོགས་པོ་ཡིན་པས་སྐྱེས་བསྐུར་རས་ཕར་བསྐུར་ཚུལ་བསྐུར་བྱེད་པ་ལས།  དུས་ནམ་ཞིག་ན། རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེ་སྣ་ཚོགས་དང༌།  ཁྱད་འཕགས་ཀྱི་རས་སྣ་ཚོགས་སྐྱེས་སྔ་ནས་མ་བསྐུར་བའི་ཁྱད་པར་ཅན་མང་པོ་བསྐུར་བྱུང་བ་ལ། རྒྱལ་པོ་གཟུགས་ཅན་སྙིང་པོ་ཐུགས་ལས་ཆེར་སྐྱེས་ནས།  ད་དེའི་ལན་ང་ལ་མེད་པས་སྐྱེས་ལན་ཁྱད་འཕགས་ཤིག་བསྐུར་བསམས་པས།  སྔོན་ཆད་མེད་པའི་ནོར་ཡ་མཚན་ཅན་བསྐུར་རྒྱུ་མེད་པས། ལན་ཅི་བསྐུར་ཞེས་བཅོམ་ལྡན་འདས་ལ་ཞུས་པ། བདག་ལ་གྲོགས་པོ་ཨུ་ཏྲ་ཡ་ནས། སྐྱེས་མཚར་པོ་ཁྱད་འཕགས་མང་པོ་བསྐུར་བྱུང་བ་ལ།  བདག་དབུལ་བ་དེ་འདྲའི་ཁྱད་འཕགས་བསྐུར་རྒྱུ་མ་རྙེད་པས།  ཅི་བསྐུར་བ་ལགས་ན་ཞུས་པས།  འོ་ན་ཁྱོད་རང་སྐྱེས་ལན་ངའི་སྐུ་གཟུགས་ལ་སྤྱན་རས་གཟིགས་དང༌། བྱམས་པ། འཇམ་དཔལ། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང༌།  དེ་སྐྱེས་ལན་དུ་བསྐུར་གསུངས་ནས།  ལྷ་བཟོ་བི་ཤྭ་ཀརྨ་ལ་བྲི་བར་ཞུ་ཞུས་པས། རས་བཏུལ་ཏེ། བཅོམ་ལྡན་འདས་ཀྱི་སྐུའི་གཟི་བརྗིད་ཀྱིས་བྲིས་བར་མ་ནུས་སོ། །དེ་ནས་བཅོམ་ལྡན་འདས་རྒྱབ་ངོས་སུ་བཞུགས་ཏེ། རས་འདུལ་ལ་འོད་ཟེར་བཏང་ནས་བྱིན་གྱིས་བརླབས་སོ། །ཇི་ལྟར་འོད་འདུག་པ་ལྟརཏ་བྲིས།  བཅོམ་ལྡན་འདས་ཉིད་ཀྱིས་རབ་གནས་མཛད་ནས།  གླང་པོ་ཆེ་ཐལ་ཁའི་སྟེང་དུ་བཞུགས་ནས་དེ་ལ་གདུགས་ཕུབ། རོལ་མོ་སིལ་སྙན་མང་པོས་བརྒྱན། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྐྱེས་ལན་དུ་བསྐུར་རོ། །དེར་མཐའ་འཁོབ་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ན་འཁོར་དང་བཅས་པས་རོལ་མོ་འཕན་གདུགས་རྒྱལ་མཚན་བ་དན་མང་པོ་དང་མཆོད་པ་སྣ་ཚོགས་པ་མང་པོས་བསུས་ནས།  ཕྱག་དང་མཆོད་པ་དཔག་ཏུ་མེད་པ་བྱས་སོ།  །རྒྱལ་པོས་སྐུ་གཟུགས་ལ་བརྟགས་ཏེ་ཤིན་ཏུ་དད་པ་སྐྱེས་ནས་མོས་གུས་བྱས་པ་དད་པ་དྲག་པོ་སྐྱེས་ཏེ། རྒྱལ་སྲིད་སྤངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། །རས་རིས་ཀྱི་སྐུ་གཟུགས་དེ་ལྟར་བྱིན་གྱིས་བརླབས་ནས་བྱོན་ནོ། །སངས་རྒྱས་བཅོམ་ལྡན་འདས་འདའ་ཁར་རྒྱལ་པོ་མ་སྐྱེས་དགྲའི་དོན་དུ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཚང་བའི་སྐུ་བྲིས་ནས། རྒྱལ་པོའི་ཐུགས་དམ་དུ་མཛད་དེ། དུས་ཕྱིས་ཀྱང་མྱ་ངན་བསལ་ལོ། །བྲིས་སྐུའི་རྟེན་དེ་ལྟར་ངོ་མཚར་དུ་བྱུང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་ཆོས་སྐུ་དང་འདྲ་བའི་རྟེན་མཆོད་རྟེན་བྱོན་ཚུལ་ནི།  ལུམ་བིའི་ཚལ་དུ། རྒྱལ་པོ་དོན་ཐམས་ཅད་གྲུབ་པར་སྐུ་འཁྲུངས་ཙ་ན་བཞུགས་པའི་ཁང་པར་ཁང་པ་བརྩེགས་པ་གཅིག་བྱུང་སྟེ། དེའི་ཙན་དན་གྱི་ཕྱེ་མ་བྲེ་ཞོ་གཅིག་ལ་ཡང༌། འཛམ་བུ་གླིང་པའི་ནོར་ཐམས་ཅད་ཀྱིས་དེའི་རིན་དུ་མི་ཆོག་པ་ཡིན་ལ།  དབྱིབས་ནི་གཞལ་ཡས་ཁང་དུ་ཡོད། ཁང་བུ་བརྩེགས་པ་ལྟར་མིང་དུ་གྲགས། བར་ལྷག་སོར་བཞིས་མ་རེག་པ་གསུམ་རིམ་དུ་ཡོད་པ་ཞིག་བྱུང་བ་ལ། དེ་ལྷ་རྒྱལ་ཚངས་པ་ལ་གནང་ནས་ཚངས་རིས་ཀྱི་ལྷ་རྣམས་ཀྱི་མཆོད་པའི་རྟེན་མཛད་དོ།  ཀུན་དགའ་བོས་ཙན་དན་གྱི་ཁང་བུ་བརྩེགས་པ་དེ་ལྟ་བར་འདོད་ནས་འཛམ་བུ་གླིང་དུ་ཐེངས་གཅིག་ཡོང་ངོ༌། །དང་པོ་གྲོང་ཁྱེར་སེར་སྐྱ་རུ་ཐུབ་པ་ལུམ་བིའི་ཚལ་དུ་སྐུ་འཁྲུངས་པའི་དུས་སུ།  ཕྱོགས་བཞིར་གོམ་པ་བདུན་བདུན་བཞག་པའི་དུས་སུ།  ཡིད་བཞིན་ལྷུན་གྱིས་གྲུབ་པ་དཔལ་པད་མ་ཅན་གྱི་མཆོད་རྟེན་བྱོན། མིང་པད་མ་ཁོར་ཡུག་ཅན་གྱི་མཆོད་རྟེན་དུ་གྲགས། དེ་ནས་དེ་ལྟར་མཛད་པ་རེ་རེའི་དུས་དེ་ལ་མཆོད་རྟེན་རེ་བྱོན། དང་པོ་ལ་བདེ་གཤེགས་མཆོད་རྟེན་ཞེས་བྱའོ། །གཉིས་པ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། མ་ག་དྷ་བྱང་ཆུབ་རྟན་དུ་གྱུར་ཞེས་བྱ་བའི་མཆོད་རྟེན་ནོ། །ནུབ་བ་གླང་སྤྱོད་ན།  དཔེ་མེད་བསམ་འདས་ཞེས་བྱ་པའི་མཆོད་རྟེན་ཡོད། གསུམ་པ་དཔལ་བཀྲ་ཤིས་སྒོ་མངས་ཀྱི་མཆོད་རྟེན་ནི།  ཝ་ར་ཎ་སིའི་ཡེ་ཤེས་མཆོད་རྟེན་བྱ་བའོ། །བཞི་པ་དཔལ་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་ནི། མཉན་དུ་ཡོད་པར་མུ་སྟེགས་ཕམ་མཛད་ཀྱི་མཆོད་རྟེན་ཞེས་བྱའོ། །ལྔ་པ་དཔལ་ལྷ་ལས་བབས་པའི་མཆོད་རྟེན་ནི། གྲོང་ཁྱེར་གསལ་ལྡན་དུ་སུམ་ཅུ་རྩ་གསུམ་ལྷས་མཆོད་ཀྱི་མཆོད་རྟེན་དུ་གྲགས་སོ།  དྲུག་པ་དཔལ་གསེར་འོད་ཅན་དགེ་འདུན་དབྱེན་འདུམ་པ་ནི།  རྒྱལ་པོའི་ཁབ་ཏུ་བྱམས་སེམས་མཆོད་རྟེན་གྲགས་སོ། །བདུན་པ་དཔལ་ཀ་ནི་ཀ་ནི།  སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་མཆོད་རྟེན་ཞེས་བྱའོ། །བརྒྱད་པ་དཔལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཆོས་རྒྱལ་མྱ་ངན་མེད་པ་སངས་རྒྱས་མྱ་ངན་ལས་འདས་པ་ན།  གྲོང་ཁྱེར་རྩ་མཆོག་ཏུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཞེས་བྱའོ། །རྒྱལ་མཚན་ལྟར་ཡོངས་སུ་གྲགས་པའི་མཆོད་རྟེན་བརྒྱད་ཀྱིས་འགྲོ་བ་རྣམས་ཀྱི་བསོད་ནམས་གསོག་པའི་རྟེན་མཛད་དོ། རིང་བསྲེལ་གྱི་མཆོད་རྟེན་བརྒྱད་ནི།  ར་མ་དྲ་མ་ཀིའི་ཡུལ་དང༌། ས་ལའི་ཡུལ་དང༌། གྱད་ཡུལ་དང༌། ཡངས་པ་ཅན་དང༌། ཙ་ན་ཙ་ཀ་ལ་པའི་ཡུལ་དང༌། བྱི་ནུ་ར་ཚའི་ཡུལ་དང༌། སེར་སྐྱ་དང༌། རྒྱལ་པོའི་ཁབ་དང༌། བརྒྱད་ན་བཞུགས་སོ། །ཉི་མའི་སྙིང་པོའི་མདོ་ལས་བཤད་པའི་དྲང་སྲོང་ཐུབ་པའི་བཞུགས་གནས་མཆོད་རྟེན་ཉི་ཤུ་ནི།  འཛམ་བུ་གླིང་ན། དྲང་སྲོང་ཐུབ་པ་དང་དགའ་འཕེལ་གཉིས། བ་ལང་སྤྱོད་ན་གནས་སྐྲ་དང་འོད་ཟེར་འབྱུང་བ་གཉིས། ལུས་འཕགས་ན་འབྱུང་བ་དང་ན་ཀྲོ་ལྟ་བུ་གཉིས། སྒྲ་མི་སྙན་ན། སྤོས་བརྩེགས་དང་འོད་ཟེར་གཉིས། རྒྱ་མཚོའི་གནས་ན་ནོར་བུའི་སྙིང་པོ་འོད་འཕྲོ་བའོ། །སུམ་ཅུ་རྩ་གསུམ་ན་མེ་ཏོག་རབ་རྒྱས་དང་བཅུའོ། །གཞན་ཡང་ཡངས་པ་ཅན་ན་ཤིན་ཏུ་བརྟན། སེར་སྐྱ་ན་གསེར་སྒྲོམ་དྲི་ཞིམ། མ་ག་དྷ་ན་རྒྱ་ཆེན། བཅོམ་ལྷག་ན་སྟུག་པོའི་སྦྲིན། ཀོ་ས་ལ་ན་རྒྱལ་དག་པ། ཕུག་གི་ཕ་རོལ་ན་བདེ་བའི་དྲི། ས་འཛིན་ན་མཐོང་བའི་ལམ་རྒྱགས། ཁ་ཆེ་ན་གུར་གུམ་རྩེ་མོ། ཆུ་ལེན་ན་འོད་ཟེར་སྙིང་པོ། རྒཡ་ཡུལ་ན་སྲེད་བུའི་འོད་དང་བཅུ། ཁ་ཤ་ལིའི་ཡུལ་ན་མཆོད་རྟེན་གྷན་དྷའོ། །མཆོད་རྟེན་དེ་རྣམས་ནི། དུས་གསུམ་གྱི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས། དྲང་སྲོང་ཆན་པོ་མངོན་པར་ཤེས་པ་མངའ་བ་ཐམས་ཅད་གནས་པ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་རྣམས་གཉེར་བྱེད་ཅིང་གཏད་པའོ། །ཐུགས་ཕྱག་མཚན་ནམ་མཆོད་རྟེན་རང་བྱུང་དུ་བཞུགས་ནས། འགྲོ་བ་སེམས་ཅན་རྣམས་ལ་བྱིན་གྱིས་བརླབས་པ་ནི། འོག་མིན་གསང་བ་མཆོག་གི་གནས་སུ། ཆོས་སྐུ་འགྱུར་བ་མེད་པའི་མརྡར། རང་བྱུང་གི་མཆོད་རྟེན། ནམ་མཁའི་དཀྱིལ་ན། ཕ་ལམ་རྫས་ཀྱི་རྡོ་རྗེའི་ལྟེ་བ་ལ་ཨ་དཀར་པོ་ཡོད། རྡོ་རྗེ་རྩེ་ལྔ་བཻ་ཌཱུརྱའི་མདོག་ཅན། ལྷ་ཚངས་པའི་ཁྲུ་གང་བའི་ཚད་གཅིག་དབྱིངས་ཀྱི་བར་སྣང་ལ་བཞུགས་སྐད། དེ་ལ་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱིས་སྐོར་བ་བྱེད་པ་ཞིག་བཞུགས། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རྡོ་རྗེ་ཨ་དང་ནམ་མཁའི་དབྱིངས། །དངོས་སུ་སྣང་ཡང་མཐོང་བ་ཉུང༌། །སྐལ་མེད་རྣམས་ཀྱི་སྤྱོད་ཡལ་མིན། །ཞེས་གསུངས་སོ། །ཐུགས་ཀྱི་རྟེན་མ་མཐོང་བ་ཡང༌། །རྣམ་དག་ཆོས་སྐུའི་མཆོད་རྟེན་ནི། །ཡོངས་ལ་ཀྱབ་བཞིན་མ་རིག་གློ་བུར་སྒྲིབ། །རྣམ་སྣང་མཛད་ཀྱི་བྱིན་བརླབས་ལས། །རང་བཞིན་ལོངས་སྐུའི་མཆོད་རྟེན་ནི། །ཞིང་ཁམས་ལྔ་ན་བཞུགས་ནས་ཀྱང༌། །ཁམས་གསུམ་ཕལ་པས་མ་མཐོང་ངོ༌། །སྤྲུལ་པའི་མཆོད་རྟེན་ལ། རང་བྱུང་དུ་གྲུབ་པ་དང༌། བཞེངས་པ་གཉིས་གསུངས་སོ། །དངོས་པོ་གླིང་བཞིའི་རྒྱ་མཚོའི་ངོས་ལ། རང་བྱུང་གི་མཆོད་རྟེན་བརྒྱད། གཉིས་གཉིས་ཕྱོགས་ན་བཞུགས་ཀྱང༌། སྤྱན་གྱི་མངོན་ཤེས་མེད་པ་རྣམས་ཀྱིས་མི་མཐོང་ངོ༌། །མཆོད་རྟེན་རྣམ་དག་གི་རྒྱུད་ལས། ཤར་གྱི་ཕྱོགས་སུ་གཉིས་བསྟན་པ། །བྱམས་པ་རྡོ་རྗེ་བརྩེགས་པ་གཉིས་གཉིས་དང༌། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས་པ་གཉིས་གཉིས་དང༌། །ནུབ་ཏུ་དག་བ་པད་མ་བརྩེགས་པ་གཉིས་གཉིས་དང༌། བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས་པ་གཉིས་གཉིས་དང་བརྒྱད་བཞུགས་སོ། །ཞེས་གསུངས། རང་བྱུང་དུ་གྲུབ་པའི་མཆོད་རྟེན་བརྒྱད་ནི། བདུད་རྩི་མཆོག་གི་ལུང་གི་རྒྱུད་བདུན་རྩི་བམ་བརྒྱད་ལས་གསུངས་པ། དཔལ་ཨུ་རྒྱན་དུར་ཁྲོད་པད་མ་བརྩེགས་པ་གཟིའི་མཆོད་རྟེན། དེ་ན་དངོས་གྲུབ་འབྱོར་པ་ལོངས་སྤྱོད་ཡོད། ཡི་ཡུལ་དུར་ཁྲོད་ལོ་ཀ་བརྩེགས་པ། རང་བྱུང་མཆོད་རྟེན་འགེའུ་དོ་ཤལ། རྫུ་འཕྲུལ་མེ་ཆུའི་དངོས་གྲུབ་ཡོད། རྒྱ་གར་དུར་ཁྲོད་བསིལ་བའི་ཚལ། རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས། དེ་ན་མཁས་ཤིང་སྙིང་སྟོབས་ཆེ། སི་ངའི་ཡུལ་གྱི་དུར་ཁྲོད་སྐུ་ལ་རྫོགས། རང་བྱུང་མཆོད་རྟེན་རི་བོ་ཏ་ལ་ལ། དེ་ན་དངོས་གྲུབ་མཐོང་ཐོས་ཅན། །ཁ་ཆེའི་ཡུལ་གྱི་དུར་ཁྲོད་ཧོ་ཅན་བརྡལ། །རང་བྱུང་མཆོད་རྟེན་ཀ་ནི་ཀ། །དངོས་གྲུབ་བདེ་སྐྱིད་འབྱུང་བ་ཡིན། །ས་ལའི་ཡུལ་དུར་ཁྲཽད་གསང་ཆེན་རོལ་རང་བྱུང་མཆོད་རྟེན་འགེའུ་བསྟན་པ། དངོས་གྲུབ་མཐུ་དང་དབང་ཡང་ཆེ། བལ་པོའི་ཡུལ་གྱི་དུར་ཁྲོད་ལྷུན་གྲུབ་བརྩེགས།  མཆོད་རྟེན་བྱ་ཀྲམ་ཀ་ཤོ་ཀ།  དངོས་གྲུབ་ཟས་དང་ལོངས་སྤྱོད་ཆེ། ཟ་ཧོར་ཡུལ་གྱི་དུར་ཁྲོད་ལང་ཀ་བརྩེགས། མཆོད་རྟེན་བདེ་བྱེད་གཞོན་ནུའོ། །དངོས་གྲུབ་འབྱོར་པ་ལོངས་སྤྱོད་ཆེ། ཞེས་གསུངས་ཏེ།  མཆོད་རྟེན་དེ་རྣམས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ན་བཞུགས་ཀྱང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་འགའ་ལས་གང་རུང་རུང་གིས་ལྟ་བར་མི་སྤོབས་སོ། །སྐལ་ལྡན་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟེར་བའི་གནས་སོ།  །ཅིའི་ཕྱིར་ན་གནས་བརྟན་མ་མོ་བརྒྱད་གནས་པའི་ཕྱིར་རོ། །དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཡང་མ་དག་པའི་སྣང་བ་ལ་ཕྱི་འབྱུང་བ་བཞི་ལས་གྲུབ་པ། དབྱིབས་གྲུ་གསུམ་པ་གཅིག་སྣང་ངོ༌།  དག་པའི་སྣང་བ་ལ་ཆོས་དབྱིངས་གསུང་གི་དབང་ཕྱུག་དང༌། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་སྣང་སྟེ།  ལོ་སྐོར་རེ་ནས་སྒོ་རང་དབྱེ་ནས་ལྟ་བར་འདོད་སྐད་དོ།  །ལས་ཅན་རྣམས་ལ་བྱིན་གྱིས་བརླབས་ཤིང་དངོས་གྲུབ་སྟེར་བའི་རྟེན་ཡིན་ནོ།  །མཆོད་རྟེན་གྱི་བཞེངས་ཚུལ་རྣམས་ནི་གོང་དུ་བསྟན་པ་རྣམས་ཡིན་ནོ།  །བསོད་ནམས་ཀྱི་ཞིང་འདི་ཡང་དད་པས་བཞེངས་པ། སྡིག་དང་མ་འདྲེས་པར་བསམ་པ་རྣམ་པར་དག་པས་བསྒྲུབས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་དགའ་ལྡན་གྱི་གནས་ནས་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས་བྱོན་ཏེ། གྲོང་ཁྱེར་སེར་སྐྱར་ཡུམ་གྱི་ལྷུམས་སུ་ཞུགས་ནས། དུས་ལ་བབས་ནས་ལུམ་བིའི་ཚལ་དུ་བལྟམས་པ་དང༌། གཞོན་ནུ་རོལ་རྩེད་མཛད་ཅིང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་པ་ཡིས། དེ་ལས་ཐུགས་ཕྱུང་ནས་སྐྱོ་བ་དྲག་པོ་སྐྱེས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་ནས། ཆུ་བོ་ནཻརཉ྄ཛནའི་འགྲམ་དུ་དཀའ་ཐུབ་སྤྱད་པའི་གནས་ཡོད་དེ། དེ་ན་ལྷའི་སྤྲུལ་པའི་བཟོ་བོས་བྱས་པའི་བཅོམ་ལྡན་འདས་ཀྱི་སྐུ་རྩ་རྒྱུས་དང་རྒལ་ཚིགས་ལ་སོགས་པ་གསལ་བ་ཤིན་ཏུ་རིད་པ། ཞལ་གྱི་དཀྱིལ་འཁོར་ལ་མི་འབྲིང་པོའི་ཁྲུ་གང་ཡོད་པ། ཞལ་ནུབ་ཏུ་གཟིགས་པ་བཞུགས་པ་དེ་ལ། གླང་རྫིས་སྙན་ཁུང་དུ་ཤིང་བུ་བཅུག་པའི་གཟུགས་ཀྱང་རྡོ་ལ་བྱས་པ་ཡོད་དོ། །དེ་འདྲ་བའི་བཟོ་ཤེས་པ་ད་ལྟ་འཛམ་བུའི་གླིང་ན་ཡེ་མེད་སྐད་དོ། །དེའི་དུས་སུ་ཡབ་རྒྱལ་པོ་ཟས་གཙང་མས་འཁོར་ལྔ་བརྒྱ་བཏང་བ་ན། དེའི་མདའ་རུ་མཆོད་རྟེན་ཡོད་དོ། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་ཕོ་ཉ་བ་དེ་དག་གིས་བསྐུལ་ནས། དཀའ་ཐུབ་ལས་བཞེངས། རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ་རྒྱང་གྲགས་ཕྱེད་ཙམ་ན། དུར་ཁྲོད་ཀྱི་རོ་རས་བཤུས་ཏེ་དུད་པ་ལ་སོགས་པས་ཁ་བསྒྱུར་བའི་ས་ན་མཆོད་རྟེན་ཞིག་བཞུགས། དེའི་ཤར་ཕྱོགས་རྒྱང་གྲགས་ཕྱེད་ཙམ་ན། ཆོས་གོས་དྲས་པའི་ས་ཡོད་དེ། དེ་ན་ཀན་དྷ་ཨན་དྷེ་ཤ་ཞེས་པའི་མཆོད་རྟེན་ཆེ་བ་ཞིག་ཡོད། དེ་དང་ཉེ་བ་ན་བྱང་ཆུབ་སེམས་དཔས་གྲི་དང༌། ཁབ་བརྡར་བའི་བརྡར་ཞེང་དུ་ཁྲུ་དོ། ཆུར་ཁྲུ་གསུམ་པ་ཡོད་དེ། དེ་ལ་མི་རྣམས་ད་ལྟ་ཡང་མཆོད་པར་བྱེད་དོ། །དེ་ནས་བྱང་ཕྱོགས་སུ་བྱོན་ཏེ། རྡོ་རྗེ་གདན་གྱི་སྟེང་ལོགས་ལ་སྐུ་ཁྲུས་མཛད་ཅིང་དབུ་སྐྲ་བཞར་བའི་མཆོད་རྟེན་ཞིག་ཡོད། དེ་ལ་རྡོའི་ཐེམ་སྐས་དང་མཆོད་རྟེན་ཡང་བཞུགས་སོ། །བྱང་ཆུབ་ཤིང་གི་ཆག་དུམ་དང༌། མེ་ཏོག་སྙིང་པོ་ཐམས་ཅད་འདོར་རོ། །རབ་ཏུ་བྱུང་བ་ཐམས་ཅད་ཀྱང་དེར་ཁྲུས་བྱེད་དེ། དེར་སྐྲ་དང་སེན་མོ་དོར་ན་གང་ཟག་དེ་ངན་སོང་དུ་མི་འགྲོ་ཟེར། དེ་ནས་མཚོ་དེའི་ནུབ་ན། གྲོང་པའི་བུ་མོ་ལེགས་སྐྱེས་མ་དང་མཇལ་ཏེ། དེས་འོ་ཐུག་དྲངས་པའི་ས་ན་མཆོད་རྟེན་དྲུག་ཕྲེང་བྱས་པ་ཡོད། དེར་འོ་ཐུག་གསོལ་ནས་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ལྕགས་རིའི་ནང་ན། ཁོ་ན་དྷེ་ཤ་ཞེས་པའི་རྡོ་རིང་ཁྲུ་དོ་པ་གཅིག་ཡོད་པ་ལ། བྱང་ཆུབ་ཤིང་དང་ཐུབ་པའི་སྐུ་མཐོ་གང་ཙམ་པ་འབུར་དུ་དོད་པ་ཡོད། དེའི་སྟེང་ན་མཆོད་རྟེན་ཆུང་ངུ་བྱས་པ་ཞིག་ཡོད་པ་དེ་ཤིན་ཏུ་སྙན་སྐད། དེར་རྡོ་རྗེ་གདན་གྱི་དཀོན་གཉེར་རྣམས་སྐྲ་བཞར་སར་བྱེད། དེ་ནས་བསྡུ་བ་ཡང་བྱེད་དོ། །དེ་ནས་འོ་ཐུག་གསོལ་ནས་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཆུ་བོ་ནེརཉ྄ཛནའི་འགྲམ་མཆོད་རྟེན་ཞིག་བཞུགས་པ་དེར། འོ་ཐུག་གསོལ་བའི་སྣོད་ཆུར་བསྐྱུར་སྟེ། སྨོན་ལམ་བཏབ་པ་ན། ང་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་གྱི་དོན་གྲུབ་ན་སྣོད་ཆུས་མི་འཁྱེར་པར་ཤོག སངས་མི་རྒྱ་ན་སྣོད་ཆུས་ཁྱེར་ཅིག་གསུངས་པ་ལས། ལྷུང་བཟེད་རྒྱང་གྲགས་གཅིག་ཙམ་ཆུས་ཁྱེར་ནས། དེ་ཡར་ལོག་སྟེ། ཡར་བསྐྱར་བས། འབེན་གང་ཙམ་གྱི་གོང་ནས་བྱུང་སྟེ། ལྷུང་བཟེད་དེ་ལྷས་སྤྱན་དྲངས། སྔར་ལྷུང་བཟེད་དེ་བསྐྱུར་བ་དང༌། ལོག་པ་དང༌། ཕྱིས་བྱུང་བ་གསུམ་ན་རྡོ་རིང་འདོམ་རེ་ལྷག་པ་ཡོད་པའི་སྟེང་ན་རྡོའི་མཆོད་རྟེན་རེ་རེ་ཡོད་སྐད། དེ་ནས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ནས། ཕར་ནུབ་ཕྱོགས་སུ་བཞུད་དེ་རྒྱང་གྲགས་ཕྱེད་ཙམ་དུ་ཉེ་བར་ནུབ་གཅིག་གཟིམ་པའི་སར། བཅོམ་ལྡན་འདས་ཀྱི་སྐུ་གཟིགས་ནས་བཞུགས་པའི་སྟེང་ན་མཆོད་རྟེན་ལྷ་ཁང་ཅན་གཅིག་བཞུགས་ནས་ཡོད་དོ། །དེ་ནས་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་བསུ་བའི་ཚལ་ན་རྡོ་རིང་འདོམ་རེ་ལྷག་པའི་ཙ་ན་མཆོད་རྟེན་རེ་བཞུགས། དེ་ནས་ནུབ་བྱང་མཚམས་ན་ཕར་བཞུད་པ་ན། རྨ་བྱ་གཅིག་དང་འཕྲད། དེས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བས་དེར་རྨ་བྱ་ལུང་བསྟན་ནས། དེའི་ས་ན་མཆོད་རྟེན་རེ་རེ་བཞུགས། དེ་ནས་བྱང་ཕྱོགས་སུ་བཞུད་དེ། རྡོ་རྗེ་གདན་ནས་ཉི་མ་ཕྱེད་ལམ་ན། རི་ག་ཡ་མགོའི་སྟེང་ནས་སྤྱན་རས་གཟིགས་དང༌། འཇམ་དཔལ་གཉིས་མཇལ་ནས་ལྷ་ཅིག་བཞུགས་ཏེ། རྡོ་རྗེ་ལྟ་བུའི་རིང་ངེ་འཛིན་མངོན་སུམ་དུ་མཛད་གསུངས་ནས། སྤྱན་རས་གཟིགས་བཏང་ནས་དེར་ལྷོ་ཕྱོགས་རྡོ་རྗེ་གདན་གྱི་གཞིར་འོངས་ཏེ། དེ་ནི་ས་ཕྱོགས་ཉམས་དགའ་བས་ཏིང་ངེ་འཛིན་སྐྱེ་བའི་སར་གྱུར་པས། ཁོང་རང་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། བྱང་ཆུབ་སེམས་དཔའ་མ་སྦྲན་པས། སྤྱན་རས་གཟིགས་ལེ་ལོ་ཅན་ཞེས་གྲགས་ཏེ།  དེའི་སྒོམ་ས་རྡོ་རྗེ་གདན་གྱི་ལྕགས་རིའི་ལྷོ་ཕྱོགས་སྒོ་ནང་ན་སྤྱན་རས་གཟིགས་ཀྱི་སྐུ་ཞལ་ལ་མི་འབྲིང་པོའི་ཁྲུ་གང་ཙམ་ཡོད་པ་ཞིག་བཞུགས། མཆོད་རྟེན་ལྷ་ཁང་ཅོ་བ་རི་ཞེས་བྱ་བ་གཅིག་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཚུར་བྱོན་པ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན་བཞུགས་ཏེ། བཞུགས་ས་དེ་ན་བྱང་ཆུབ་སེམས་དཔའི་རྡོ་སྐུ་བྱིན་རླབས་ཆེ་བ་བཞེངས་པ་ཞིག་བཞུགས་སོ། །དེ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུད་པའི་ལམ་ཞེས་གྲགས་པ་ཞིག་ཡོད་དེ། དེ་ནས་བྱང་ཆུབ་ཀྱི་ཤིང་ལ་བརྟག་པ་བྱ་བ་དང༌།  ཕྱི་རབས་གདུལ་བྱ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་བྱང་ཆུབ་ཤིང་ནས་འདོམ་བཅོ་ལྔ་ཙམ་དུ་བཞུད་ནས་ཞལ་ཤར་དུ་གཟིགས་ནས། ཐུགས་ཀ་ནས་འོད་ཟེར་བཀྱེས་ནས།  བྱང་ཆུབ་ཀྱི་ཤིང་མ་ཡིན་པ་ཐམས་ཅད་བསྲེགས་པའི་སོལ་བ་རྣམས་སྤུངས་པ་ལས་ཨ་དཀར་བོ་དེ་ཞེས་བྱ་བའི་བྱང་ཆུབ་ཀྱི་ཤིང་གཅིག་ཡོད་དོ། །དེ་དང་བྱང་ཆུབ་ཀྱི་ཤིང་དངོས་ཀྱི་བར་འདོམ་བདུན་ཙམ་ཡོད་དོ། །ཨ་དཀར་བོ་དེ་ཡི་བྱང་ཕྱོགས་ན་ར་པ་ཁུ་ལེ་ཞེས་པ་རྒྱ་མཚོ་ལ་ཐུག་པའི་ཁྲོན་པ་ཞིག་ཡོད་དེ།  བཅོམ་ལྡན་འདས་ཀྱིས་རྔུལ་ཆུའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། དགྲ་བཅོམ་པ་མང་པོའི་གདུང་བཞུགས་སྐད་དོ། །དེར་སྐྲ་དང་སེན་མོ་དོར་ན་ངན་སོང་དུ་མི་འགྲོ་ཟེར་བ་ཡོད་པའི་སྟེང་ན་མཆོད་གནས་ཀྱི་རྟེན་གཅིག་ཡོད་པའི་བུམ་པའི་ལོགས་ལ། སྐྲ་དང་སེན་མོ་སྐྱུར་བའི་བུ་གུ་ཡོད་པ་ཅན་གཅིག་བཞུགས་སོ། །སྔར་འོད་ཟེར་བཀྱེ་བ་དེ་ན།  བཅོམ་ལྡན་འདས་ཀྱི་སྐུ་ཚད་མེད་ཙམ་པ་ཞལ་ཤར་ཕྱོགས་སུ་བསྟན་པ་བཞེངས་ནས་བཞུགས་ཏེ། དེའི་སྟེང་ན་འོད་ཟེར་འགྱེད་པའི་གན་དྷོ་ལ་ཞེས་འདོམ་ཉི་ཤུ་ཙམ་ཡོད་པ་གཅིག་ཡོད་དོ། །དེ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱོན་ཏེ་ཞལ་ནུབ་ཏུ་བསྟན་ནས་སྲོད་ལ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདུད་ཀྱི་དམག་བྱེ་བ་དུང་ཕྱུར་ཕྲག་སུམ་ཅུ་རྩ་གཉིས་བྱུང་ནས་མཚོན་ཆའི་ཆར་རབ་ཏུ་ཕབ་པ་ན། ལྷ་མོ་ཧུ་ལུ་ཏ་རའི་ཞལ་ནས་ཁྱེད་རྣམས་དམག་མ་འདྲེན། དྲངས་ཀྱང་བྱང་ཆུབ་སེམས་དཔའ་མི་ཐུབ་ཅེས་བརྗོད་པས། ཁོང་རྣམས་ན་རེ།  ཤཱཀྱ་ཐུབ་པ་མི་གཅིག་པོ་འདི་ངེད་ཀྱིས་བརླག་པར་བྱ་བ་ལ་ཚེགས་མེད་ཟེར་ནས་མ་ཉན་ཏེ།  རྒྱོབ་གསོད་ཀྱི་སྒྲ་ཆེན་པོ་ཡང་བསྒྲགས་སོ།  །དེ་ནས་རི་བོ་དྷེ་ཤན་ནམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ངེས་པར་བྱུང་ནས། ཕྱག་ན་རྡོ་རྗེར་ཐུབ་པ་ཆེན་པོའི་བཀའ་བཞིན་མི་བྱེད་པ་ལ་ཕྱག་ན་རྡོ་རྗེར་ཁྱོད་འདི་ལྟ་བུའི་ཁྲོ་བོ་གཤིན་རྗེ་གཤེད་འཇིགས་པའི་གཟུགས་བསྒྱུར་ཏེ། བདུད་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ལྷ་རྣམས་ཆིངས་ཤིག ཆོམ་ཤིག་རྡེག་ཅིག་རྒྱོབ་ཅིག སྒྲོལ་ཅིག་གསུངས་ནས་བདུད་དཔུང་ཆེན་པོ་ལས་རྒྱལ་བའི་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེར་བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས། བདུད་ཐམས་ཅད་ཕམ་པར་བྱས་པའི་ཚེ། ལྷ་མོ་ཧུ་ལུ་ཏ་ར་གད་མོ་ཤོར་བས།  དེ་འཕགས་པ་ལ་མི་འཚམ་པར་དགོངས་ནས་ཕྱག་གིས་ཞལ་བཀབ་པོ། དེའི་ཤུལ་ན་བྱང་ཆུབ་ཀྱི་ཤིང་ནུབ་བྱང་མཚམས་ནས་འདོམ་ཉི་ཤུ་ལྷག་ཙམ་གྱི་ཚོད་ན་ཡོད་དེ། དེར་རྡོ་སྐུ་རང་བྱོན་བཞེངས་པ་ཞལ་ལྷོ་ཕྱོགས་སུ་གཟིགས་པ། ཧུ་ལུ་ཏ་ར་ཞེས་གྲགས་པ་ཞིག་བཞུགས་སོ།  །དེའི་རྩ་ན་རིན་པོ་ཆེའི་ཆར་བབས་པའི་མཆོད་རྟེན་རིན་ཆེན་སྤུངས་པ་ཞེས་གྲགས་པ་ཟངས་གླིང་པས་བཞེངས་པ་ཞིག་ཡོད་དོ།  ། འཇམ་དཔལ་རྔ་སྒྲ་ཅན་གྱི་སྐུ་ནི། ནུབ་ཕྱོགས་ལྕགས་རིའི་ནང་ན་སྐུ་རང་བྱུང་ཁྲུ་གང་ཙམ་ཞིག་མཆོད་རྟེན་གྱི་ནང་ན་བཞུགས་པའི་མདུན། རྡོའི་གན་དྷོ་ལ་ཡོད་པས། ནང་ཕྱོགས་ཉི་མ་དྲོས་ཙ་ན།  རྣ་བ་གཏད་ནས་ཉན་པས། རྔ་སྒྲ་འུ་རུ་རུ་གྲགས་པ་ཡོད། དེའི་རྒྱབ་ཀྱི་ཐོ་སྐོར་ན་རྡོ་ལེབ་ཆེན་པོ་ལ། རྒྱ་ནག་གི་ཡི་གེ་བྲིས་པ་མང་པོ་ཡོད་དོ། །དེ་ནས་ནམ་གྱི་གུང་ལ་ཟག་པ་མེད་པའི་ཏིང་ངེ་འཛིན་བརྙེས་ནས་ཞལ་ཤར་དུ་གཟིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་སོ། །ཞག་བདུན་ཕྲག་བདུན་བཞུགས་པ་ལ་བདུན་ཕྲག་དང་པོ་ལ་ཞབས་སྐྱིལ་ཀྲུང་མ་བཤིག་པར་བཞུགས། གཉིས་པ་ལ་བཞེངས་ནས་འཛམ་བུའི་གླིང་ཐམས་ཅད་ཞབས་ཀྱིས་ཉེ་བར་བཅགས་ཏེ། རྡོ་རྗེ་གདན་གྱི་བྱང་ཕྱོགས་རྡོ་རྗེའི་ར་བའི་ནང༌། བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་གོམ་པ་བཅུ་གཉིས་བོར་བའི་ས་ན། པད་མ་ཆེན་པོ་ཕུབ་ཙམ་བཅུ་གཉིས་བྱུང་བའི་མཐའ་མའི་པད་མ་གཉིས་ཀྱི་རྩ་བར་མཆོད་རྟེན་རེ་ཡང་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྩའི་གདན་བསྡུས་པའི་ས་ན། མཆོད་རྟེན་བྱས་པ་ནི་ལོགས་རེ་ལ་འདོམ་བརྒྱད་བརྒྱད་ཡོད་པ་ལ།  དཔངས་སུ་འདོམ་ཉི་ཤུ་ཙམ་ཡོད་པ་གཅིག་ལྷོ་ཕྱོགས་བྱང་ཆུབ་ཀྱི་ཤིང་གི་རྩ་ན་བཞུགས། དེ་ནས་བདུན་ཕྲག་གསུམ་པ་ལ་སྟོང་གསུམ་རིངས་པ་ནས་རིངས་པར་ཞབས་ཀྱིས་བཅགས་པའི་དུས་ཀྱི་བྱང་ཕྱོགས་རྡོའི་ར་བའི་རྒྱབ།  འདོམ་པ་བཞི་ཙམ་གྱི་མཚམས་ན་མཆོད་རྟེན་མི་ཆེ་བ་བཅུ་གཉིས་ཀྱི་འཕྲེང་བ་བྱས་པ་ཡོད།  དེ་ནས་བདུན་ཕྲག་བཞི་པ་ལ། ཞག་བདུན་དུ་སྤྱན་མི་བཙུམ་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ཏེ།  བྱང་ཆུབ་ཀྱི་ཤིང་འདི་ལ་བརྟེན་ནས་འདས་པའི་སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས། མ་འོངས་པ་དང༌། ད་ལྟར་བྱུང་བ་ཡང་འདི་ལ་བརྟེན་ནས་སངས་རྒྱ་བས། ཐམས་ཅད་ལ་དྲིན་ཆེ་སྙམ་དུ་དགོངས་ནས་རྟེན་ཅིང་འབྲེལ་བར་འབྱུང་བར་བྱིན་གྱཧིས་བརླབས་ཏེ། སངས་རྒྱས་ཐམས་ཅད་ཀྱང་དེ་ལྟར་མཛད་གསུངས། དེའི་ས་ན་བཅོམ་ལྡན་འདས་ཀྱི་སྐུ་ཚད་བྱང་ཆུབ་ཀྱི་ཤིང་ལ་གཟིགས་པ་གཅིག་བཞུགས་པའི་སྟེང་ན་གན་དྷོ་ལ་འདོམ་ཉི་ཤུ་རྩ་ལྔ་པ་གཅིག་ཡོད། དེའི་རྒྱབ་ན་བཅོམ་ལྡན་འདས་ཀྱིས་དག་པའི་སྐྱེས་རབས་ལྔ་བརྒྱ། མ་དག་པའི་སྐྱེ་བ་ལྔ་བརྒྱ་སྟེ་སྟོང་བཞེ་པའི་ས་ན་མཆོད་རྟེན་ལྷ་ཁང་ཡོད་པའི་ནང་ན་བཅོམ་ལྡན་འདས་ཀྱི་སྐུ་ཚད་སྦྲུལ་གྱི་གདེངས་ཀས་སྐུ་རྒྱབ་དང་དབུ་ལ་བཀབ་པ་གཅིག་བཞུགས། དེ་ན་ན྄ཡ་གྲོ་ཏའི་སྡོང་པོ་ཆེན་པོ་གཅིག་ཀྱང་ཡོད། དེ་ནས་བདུན་ཕྲག་ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གིས་ཕྱག་བྱས་པའི་ས་ན་མཆོད་རྟེན་ཞིག་ཡོད། དེ་ནས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་བྱོན་པ་ན། ཤིན་ཏུ་གྲང་བ་བྱུང་སྟེ་ཀླུའི་རྒྱལ་པོ་བཏང་བཟུང་གིས་སྦྲུལ་གྱི་ལུས་ཀྱི་བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྱིས་ཏེ། གདེངས་ཀས་སྐུ་ལ་བཀབ་པོ། དེའི་ཤུལ་ན་ཟངས་གླིང་པས་བཞེངས་པའི་མཆོད་རྟེན་གཅིག་གི་ནང་ན།  བཅོམ་ལྡན་འདས་ཀྱི་སྐུ་ཤིན་ཏུ་ལེགས་པ་སྦྲུལ་གྱི་གདེངས་ཀས་དབུ་བཀབ་པ་བཞུགས་སོ།  །མཆོའི་ནང་ན་རྡོའི་ཐེབ་སྐས་བཅོམ་ལྡན་འདས་ཀྱི་མདུན་དུ་བྱུང་བ་ཡོད། དེའི་ཤར་ཕྱོགས་མདའ་རྒྱང་གང་ཙམ་གྱི་ས་ན། རྒྱལ་པོ་བཞིས་ལྷུང་བཟེད་ཕུལ་བའི་ས་ན་མཆོད་རྟེན་འདོམ་གསུམ་པ་གཅིག་ཡོད་པའི་རྩ་ན། བཅོམ་ལྡན་འདས་ཀྱི་སྐུ་ཁྲུ་གང་ཙམ་གཅིག་ལ་རྒྱལ་པོ་ཆེན་པོ་བཞིས་ལྷུང་བཟེད་ཕུལ་བའི་ཚུལ་དུ་བྱས་པ་ཡོད་དོ། །དེ་ནས་བདུན་ཕྲག་དྲུག་པ་ལ་བྱང་གི་ཕྱོགས་རྒྱང་གྲགས་གཅིག་ཙམ་ལ་ཚུར་བྱོན་པའི་སར་མུ་སྟེགས་ཀུན་ཏུ་རྒྱུ་བ་འདུལ་བའི་ས་ན།  ན྄ཡགྲོ་ཏའི་ཤིང་སྡོང་ཡོད་པའི་ས་ན། མཆོད་རྟེན་གཅིག་བཞུགས། དེ་ནས་ཞག་བདུན་ཕྲག་བདུན་པ་ལ་ཚུར་བྱོན་ནས།   རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་སྒོ་འགྲམ། ལྕགས་རིའི་རྒྱབ་ལམ་པོ་ཆེའི་གཡས་ཕྱོགས་ན་ཚོང་དཔོན་ག་གོན་བཟང་སྐྱོང་དང་མཇལ་ཏེ། སྦྲང་རྩི་ལ་སོགས་ཕུལ།  དེ་དག་ལ་ཤིས་པར་བརྗོད་པའི་ལུང་བསྟན་པ་ན།  མཆོད་རྟེན་འདོམ་གང་ཙམ་གཅིག་གི་ལོགས་ལ་བཅོམ་ལྡན་འདས་ཀྱི་སྐུ་དང༌།   ཚོང་དཔོན་ག་གོ་ནའི་གཟུགས་བྱས་པ་ཡོད་དོ། །དེ་ནས་ཡང་བྱོན་ཏེ། རྡོ་རྗེ་གདན་གྱི་ལྷོ་ནུབ་ཀྱི་མཚམས་ཤིང་ན྄ཡ་གྲོ་ཏའི་སྡོང་པོ་གཅིག་གི་དྲུང་ན། ཆོས་མི་གསུང་བར་བརྩོན་པ་ཆུང་བ་ལ་ཐུགས་གཞོལ་ཏེ། ཟབ་ཞི་སྤྲོས་བྲལ་ཞེས་གསུངས་ཏེ་བཞུགས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པའི་ས་ན། མཆོད་རྟེན་ན྄ཡ་གྲོ་ཏ་ཨ་དེ་ཞེས་པ་འདོམ་ལྔ་ཙམ་པ་གཅིག་ཡོད་པའི་ནང་ན་བཅོམ་ལྡན་འདས་ཀྱི་སྐུ་མི་འབྲིང་པོ་ཙམ་གཅིག་ཞལ་ནུབ་ཏུ་གཟིགས་པའི་རྩ་ན་ཚངས་པ་དང་བརྒྱ་བྱིན་གྱི་གཟུགས་བྱས་པ་ཡོད། མཆོད་རྟེན་གྱི་ལྷོ་བྱང་ན་སྒོ་གཉིས་ཡོད། དེ་ནས་ཝ་ར་ཎ་སིར་བཞུད་དེ་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། གཉིས་པ་རྒྱལ་པོའི་ཁབ་དང༌། བྱ་རྒོད་ཕུང་པོའི་རི་ལ་ཆོས་གསུངས་པ་དང༌། གསུམ་པ་ཡངས་པ་ཅན་དང༌། གྲོང་ཁྱེར་པད་མོ་ཅན་དུ་ཆོས་གསུངས་པ་དང༌། གནས་གཞན་དུ་ཡང་བཞུགས་ཏེ་ཆོས་གསུངས་པའོ། །སངས་རྒྱས་ཀྱིས་མཛད་པའི་མཆོད་རྟེན་བཞེངས་ཚུལ་རྣམས་སོ། །དེ་ནས་དཔལ་ནཱ་ལེན་དྲ་ན་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཞུགས་པའི་དུས་སུ་བསྟན་པ་དར་བས། གཙུག་ལག་ཁང་ཆེན་པོ་གཅུ་བཞི། ཆུང་ངུ་དགུ་བཅུ་གོ་བཞི་ཡོད། དགེ་སློང་པཎྜི་ཏ་ལྔ་བརྒྱ། དགེ་ཚུལ་པཎྜི་ཏ་ལྔ་བརྒྱ། སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ། བྷ་ལིང་ཨ་ཙརྱ་ལ་སོགས་པ་གཏོར་མའི་ཀུ་སུ་ལུ་ལྔ་བརྒྱ་བཞུགས། དེའི་དུས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་བས། མུ་སྟེགས་པས་ཕྲག་དོག་བྱས་ནས་དམག་ཆེན་པོ་དྲངས་པས། སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད་ཀྱི་ལྷ་ཁང་བཤིག་ནས་དམས་པར་བྱས་སོ། །དེ་ནས་རིང་ཞིག་ན། ཡུལ་དབུས་སུ་རྣལ་འབྱོར་པ་ཞིག་གིས་ལྷ་མོ་འོད་ཟེར་ཅན་ཆུ་བོ་གང་གཱའི་འགྲམ་དུ་བསྒྲུབས་པས་ཞལ་མཐོང་ནས། དངོས་གྲུབ་ཅི་འདོད་ཟེར། ང་རྒྱལ་པོ་གཅིག་ཐོབ་པར་འདོད་བྱས་པས། བ་གླང་རྫིའི་གྲོང་ཞིག་ན་མ་མད་གསུམ་ངུ་བ་མཐོང༌། ཁྱོད་ཅི་ལ་མ་དགའ་ཞེས་དྲིས་པས། ངའི་བུ་ལ་རྒྱལ་པོའི་རེས་མོས་བབས་ཟེར་ནས། དེ་ལ་ངུ་རྒྱུ་ཅི་ཡོད་དྲིས་པས། དོ་ནུབ་འཆི་བ་ཡིན་ཟེར། ང་ཡིས་ཁྱེད་ཀྱི་བུའི་ཚབ་བྱའམ་བྱས་པས། འོ་ན་རུང་སྟེ་ཟེར་ནས་གྲོང་ཁྱེར་དེ་ཉིད་དུ་རྣལ་འབྱོར་པ་དེ་རྒྱལ་པོར་དབང་བསྐུར་རོ། །དེའི་ནུབ་མོ་རྒྱལ་པོའི་མལ་དུ་བཙུན་མོ་ཀླུ་རུ་སྤྲུལ་པ་དེས་སྦྲུལ་གཅིག་ཏུ་བྱས་ནས་ཟ་རུ་བྱུང་བས་ལྷ་མོ་འོད་ཟེར་ཅན་གྱིས་རྡོ་རྗེའི་དབྱུགས་པས་སྦྲུལ་དེ་མགོ་བོ་བཅོམ་ནས་བསད་དོ། །ནངས་པར་སྐྱེ་བོ་ཐམས་ཅད་རོལ་མོ་དང་བཅས་ཏེ་རྒྱལ་པོའི་སྤུར་འབྱིན་དུ་བྱུང་བས་རྒྱལ་པོ་ཅད་མ་ཉེས་པར་བཞུགས་པ་མཐོང་བས། དེ་རྣམས་ན་རེ། ངེད་ཀྱི་རྒྱལ་པོ་རེས་མོས་བབ་ན་ནུབ་རེ་ལ་འཆི་བ་ཡིན་ན། ཁྱོད་མ་ཤི་བ་ཇི་ཙུག་ཡིན་བྱས་པས།  དེས་སྔར་རྒྱལ་པོ་ཀླུས་བསད་འདུག མདང་ངས་ཀླུ་བཏུལ་ཡོད་པས། ད་རྒྱལ་པོ་མི་འཆི་ཡིས་ཁྱེད་རང་རྣམས་རྒྱལ་པོར་གང་འོས་པ་སྐོས་ཤིག་བྱས་པས། ད་ཁྱོད་རང་ལ་རྒྱལ་པོ་ཞུ་ཟེར་ནས། དེར་དེས་རྒྱལ་པོ་མཛད་པ་ལ་བཙུན་མོ་བརྒྱ་ཐམ་པ་ཁབ་ཏུ་བླངས་དབང་བསྐུར་རོ། །དེའི་མཚན་ཡང་གོ་བ་པ་ལ་ཞེས་བྱའོ། །དེའི་བཙུན་མོ་དམ་པ་ཞིག་གི་རྨི་ལམ་དུ་དགེ་སློང་ཞིག་གནས་གཡར་ཟེར་བས་དེ་རྒྱལ་པོའི་སྙན་དུ་གསོལ་བས། གནས་གཡར་དུ་ཆུགས་ཤིག རྒྱལ་བུ་བཙའ་བའི་བརྡའ་ཡིན་གསུངས། དེའི་དུས་སུ་དགེ་སློང་སྦྱངས་པའི་ཡོན་ཏན་དཔལ་ལྡན་པ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ། ས་ལུ་བྱ་བ་ཞིག་ཡོད་པས། དེའི་ཐུགས་དགོངས་ལ། འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱ།  དེ་ལ་ང་སྐྱེ་བ་ལ། འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱ། དེ་ལ་ང་སྐྱེ་བ་ལ་དབང་ཐོབ་པས་དབུས་གྱུར་གྱི་ཚལ། ཤར་ཕྱོགས་ཀྱི་མུ་ཁྱེར་རི་པ་རི་ཞེས་བྱ་བའི་རྒྱུད་འདི་ལ་བསིལ་བ་གང་གཱ་ཆུ་བོ། ལྷོ་ན་ནགས་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པ་འདིར། རྡོ་ལེབ་འདིའི་སྟེང་དུ་དགེ་འདུན་སྡེ་པ་བཞི་ལས་གྱེས་པ་བཅོ་བརྒྱད། ཐེག་པ་ཆེན་པོ་གཅིག བསམ་གཏན་པའི་གཅིག་སྟེ། ཉི་ཤུ་ཐམ་པ་འཚོ་བའི་གཞིས་གཅིག་ཡོད་ན་དགའ་བ་ལ་སྙམ་དུ་དགོངས་སོ། །དེ་ཡང་ད་ལྟ་ང་ལ་ནུས་པ་མི་འདུག་པས་རྒྱལ་པོ་འདིའི་སྲས་སུ་གྱུར་ན་རུང་བ་ལ་སྙམ་ནས། མུ་ཏིག་ཧབ་རྩེ་གཅིག་ཡོད་པ་དེ་བཙུན་མོ་དམ་པ་ལ་བཅོལ་བས། རྒྱལ་པོ་ལ་ཞུས་པས་ཚགས་བྱ་གསུངས་སོ། །དེར་རྒྱལ་པོ་ལ་ཞུས་པས། ཟུངས་གསུངས་པས་བཟུང་ངོ༌། །དགེ་སློང་དེས་དཀོན་མཆོག་ལ་མཆོད་པ་ཕུལ། རྒྱལ་པོའི་སྲས་སུ་སྐྱེ་བ་དང༌། གཙུག་ལག་ཁང་རྩིག་པར་སྨོན་ལམ་རྣམ་པར་དག་པ་བཏབ་པོ། །དེ་ནས་སྐྱེ་གནས་བཟང་པོར་འཕོ་བ་བྱས་སོ། །དེར་བཙུན་མོ་ལྟོ་བ་སྦྲུམ་མར་གྱུར་ཏོ། །སྔར་རྒྱལ་པོ་ལ་སྲས་མེད་པས་ཤིན་ཏུ་དགྱེས་ཏེ། བཙུན་མོའི་ལུས་པོའི་རིམ་གྲོ་ཆེར་བྱས་སོ། །དེར་སྲས་རྒྱལ་བུ་ཞིག་བཙས་པ་དང༌། མཚན་ཡང་ར་མ་པ་ལ་ཞེས་བཏགས་སོ། །དེ་ཆེར་སྐྱེས་ཀྱང་སྨྲར་མ་འདོད་ནས།  དུས་ལན་གཅིག་གི་ཚེ་བཙུན་མོ་ཡུམ་ལ། བདག་གི་མུ་ཏིག་ཧབ་རྩེ་དེ་གསོལ་ཞེས་ཟེར་རོ། །དེར་བཙུན་མོ་ཧ་ལས་ཏེ། རྒྱལ་པོ་ལ་ཞུས་པ། སྔོན་དགེ་སློང་གིས་མུ་ཏིག་ཧབ་རྩ་བཅོལ་བ་དེ་ལས་གཞན་འོས་མེད་དོ་གསུངས། རྒྱལ་བུ་དེ་མཚན་དང་ལྡན་ཞིང་བློ་སྦྱོང་ལ་སོགས་ལཔ་ལ་ཚེགས་མེད་དེ། མཁས་ཤིང་དྲན་པ་དང་ལྡན་པར་གྱུར་ཏོ། །དེ་ནས་སྨོན་ལམ་བཏབ་པའི་སར་གནས་བརྩིགས་པས་གནོད་སྦྱིན་གྱིས་ཡང་ཡང་བཤིག་གོ། །དེ་དམག་མིས་བསྲུངས་ཀྱང་མ་ཐུབ་པར་བསིག་གོ། །ཡང་སླར་བརྩིགས་ཏེ་རྒྱལ་བུ་རང་གིས་བསྲུངས་པས་ཡང་གནོད་སྦྱིན་དེ་བཤིག་ཏུ་བྱུང་ངོ༌། །དེར་གནོད་སྦྱིན་ལ་འཐབ་པས་རྒྱལ་པོ་རྒྱལ་བར་གྱུར་ཏོ། །དེར་གནོད་སྦྱིན་ན་རེ། རྒྱལ་བུ་ཁྱོད་ངའི་གནས་འཕྲོག་ཏུ་བྱུང་བས་བཤིག་པ་ཡིན། ད་ངས་ཁྱོད་ཀྱི་སྦྱིན་བདག་བྱ་ཡིས་མིང་དེ་ངའི་མིང་དང་མཐུན་པར་ཐོགས་ཟེར་བས། འབྲི་ཀ་མ་ལ་སི་ལ་བྱ་བར་བཏགས་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡན་པ་ཡིན་ནོ། །དེའི་རབ་གནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་དོ། །དེ་ནས་ཇོ་བོ་ཤཱཀྱ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་དེར་བཞུགས་སུ་གསོལ་ལོ། །རྒྱལ་པོ་དེ་ཡང་རྒྱལ་ཕྲན་བརྒྱད་ཅུ་རྩ་བཟི་ལ་དབང་བྱེད་པ་གཅིག་བྱུང་ངོ༌།  །དེ་ལ་བཙུན་མོ་མང་དུ་ཡོད་པ་ལས། དེ་རྣམས་ལ་མཆོད་གནས་དགེ་སློང་མ་རེ་རེ་ཡོད་པའི་དུས་སུ། བཙུན་མོ་གཅིག་རྒྱལ་པོ་དེ་དང་ཡེ་མ་འཕྲད་པ་ལ།  དེར་མཆོད་གནས་མས་རྒྱལ་པོ་དབང་དུ་བསྡུ་བའི་རྫས་དེ་འབུའི་ཤ་ཁུའི་ཚོད་མར་བསྐྱུར་བས་རྒྱལ་པོ་ལ་འདྲེན་མ་ནུས་ནས་མཚོར་བོར་ནས།  དེར་ཀླུའི་རྒྱལ་པོ་དབང་འདུས་ནས་རྒྱལ་པོའི་ཆ་བྱད་ཀྱིས་རྟག་ཏུ་བཙུན་མོའི་ཙ་ན་འགྲོ་བ་དེ་རྒྱལ་པོས་མཐོང་ནས།  ཀླུ་ཁྱོད་ངའི་བཙུན་མོ་ལ་སྤྱོད་པ་ཅི་ཙུག་ཡིན་དྲིས་པས། ཀླུ་ན་རེ། ང་ལ་ནི་དབང་མེད་དེ། ང་ཡོད་པའི་མཚོར་དབང་དུ་བསྡུ་བའི་རྫས་ཕོག་པས་ལན་པ་ཡིན།  ད་རྫས་འབྱིན་དུ་ཆུག་དང༌། བཙུན་མོ་ལ་ཡང་ངའི་བུ་ཆགས་ཡོད་པས། དེ་ཡང་ཁྱེད་རང་གི་བུ་གྱིས་ཤིག་ཟེར་རོ། །བཙུན་མོ་ལ་བུ་བྱུང་བ་དེའི་མིང་ཡང་རྒྱལ་བུ་དེ་བ་པ་ལ་ཞེས་བྱ་སྟེ།  དེ་ནས་ཆེ་རུ་ཕྱིན་པ་དང༌།  གཙུག་ལག་ཁང་བཞེངས་པར་འདོད་ནས་རྩིས་བྱས་པས། སྟེགས་བུའི་ཁར་མཅོད་པ་བཤམས། མར་མེའི་ཀོང་བུ་བཞག་ནས་དེ་བྱ་རོག་གིས་འཁྱེར་ཏེ། དེ་གར་སོང་བ་དེར་ལྷ་ཁང་རྩིགས་ཤིག་ཟེར་རོ། །དེ་མཚོར་བསྐྱུར་བས། ད་སྐལ་བ་མེད་དོ་ཞེས་མྱ་ངན་བྱེད་དོ། །འཁོར་རྣམས་ཀྱིས་མཚོ་དེ་བཤོ་བར་བཤམས་པས། ཡབ་ཀླུའི་རྒྱལ་པོ་དེས་སྡོང་གྲོགས་བྱས་ཏེ་མཚོ་དེ་བསྐམས་སོ། །དེར་གཙུག་ལག་ཁང་བཞེངས་པས་མིང་ཡང་ཨོ་ཏན་ཏ་པཱུ་རི་བྱ་བར་གྲགས་སོ། །རྒྱ་མཚོ་སྦས་པའི་ལྷ་ཁང་བྱ་བ་ཡིན་ནོ། །དེར་སྨན་ཚ་བ་གསུམ་བོར་བས་ཏྲ༥ི་ཀ་ཏུ་ཀའི་ལྷ་ཁང་ཟེར། མུ་སྟེགས་རིག་འཛིན་གྲུབ་པའི་གཡོག་པོས་རོ་ལངས་གསེར་དུ་འགྱུར་བའི་ལས་བྱས་ཀྱང་ཟེར། དེར་པཎྜི་ཏ་མང་པོ་བཞུགས་པས་གཙུག་ལག་ཁང་ཆེན་པོར་གྲགས་སོ། །དེར་ངོ་བོ་ཤཱཀྱ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་སྤྱན་དྲངས་ནས་སེམས་ཅན་གྱི་དོན་མཛད་དོ། །དེའི་དུས་ན་རྒྱལ་པོ་དེ་བ་པ་ལ་ལ་སྲས་མེད་ནས་དཀོན་མཆོག་ལ་མཆོད་པ་ཕུལ། ངན་སློང་ལ་སྦྱིན་གཏོང་ཆེན་པོ་བྱས་པས། སྲས་གཅིག་བཙས་གཙས་ཏེ་མིང་དྷརྨ་པ་ལ་བྱ་བར་བཏགས། རྒྱལ་པོ་དེས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེར་མཆོད་པ་བྱེད་ཅིང་འགྲོ་དོན་རྒྱ་ཆེ་བ་མཛད་དོ། །དེའི་ཚེ་ནུབ་ཕྱོགས་བྷ་ལེན་ཏའི་ཕྱི་རོལ་པ་མུ་སྟེགས་ཀྱི་རྒྱལ་པོས་ཡུལ་དབུས་སུ་དམག་དྲངས་ཏེ། ལྷ་ཁང་ཐམས་ཅད་བཤིག གླེགས་བམ་ཐམས་ཅད་བསྲེགས། པཎྜི་ཏ་ཐམས་ཅད་བཀྲོངས། རྒྱལ་པོ་དྷརྨ་པ་ལ་ཕམ་པལས་བསྟན་པ་ཉམས་ཏེ། རྒྱ་ནག་གི་རྒྱལ་པོར་ང་ལ་རྒྱུ་སེམས་ཅད་ལ་འབྲས་བུ་སངས་རྒྱས་འབྱུང་བ་དམ་པའི་ཆོས་བྱ་བ་ཡོད་པ་ལ་ཕྱིས་མུ་སྟེགས་ཀྱི་ཕྲག་དོག་བྱས་ནས་དམག་གིས་གཙུག་ལག་ཁང་བཤིག བསྟན་པ་དམས་པར་བྱས་པས། ཁྱོད་རྒྱ་ནག་རྒྱལ་པོ་དཔུང་ཆེ་ལ་ཐབས་མཁས་པས་ངེད་ལ་སྡོང་གྲོགས་དགོས་པས། ཁྱེད་ཀྱི་དམག་དཔུང་ཆེ་བ་གཅིག་བཏང་བར་ཞུ་བྱ་བའི་འཕྲིན་ཡིག་བཏང་བས། རྒྱ་ནག་གི་རྒྱལ་པོས་ཟ་འོག་གི་གོས་སྲུབ་མེད་པ་གྱོན་པའི་ཐུགས་ཀར་དཔལ་པེའུ་བརྩེགས་མའི་ཁང་བུ་ཡོད་པ་གཅིག་གིས་སྣ་དྲངས་པའི་གསེར། དངུལ། དར་ཟབ། རིན་པོ་ཆེའི་བུམ་པ་ལ་སོགས་པ་ལོ་གཅིག་གི་ནང་དུ་སྐྱེས་ཆེན་པོ་ལན་གསུམ་བརྫངས། འོ་ཅག་གཉིས་པོ་གྲོགས་པོ་བྱའོ་ཞེས་པའི་འཕྲིན་དང་སྐྱེས་བྱུང༌། རྒྱལ་པོ་དྷརྨ་པ་ལས་དེ་རྐྱེན་བྱས་ནས་མུ་སྟེགས་བྱེད་ཕམ་པར་བྱས་སོ། །ལྷ་ཁང་མང་དུ་བརྩིགས། པཎྜི་ཏའི་གྲྭ་མང་པོ་བཙུགས། གླེགས་བམ་མང་པ་བྲིས་པས་བསྟན་པ་སྔར་གྱི་སོར་ཆུད་པས་རྒྱལ་པོ་ཐུགས་དགྱེས་ནས་བསམས་པ། བློན་པོ་རྣམས་སྤྲོ་ནས་ཡོད། འདི་རྣམས་རྒྱ་ནག་པོའི་དྲིན་ཡིན་པས་སྐྱེས་ལན་ཆེན་པོ་འདོད་དུ་ཡོང་སྙམ་སྟེ་ཐུགས་ལས་ཆེར་བྱུང་བས་དེ་ནས་དུས་ལན་གཅིག་རྒྱ་ནག་རྒྱལ་པོས་ཕོ་ཉ་བ་བཏང་ནས་འཕྲིན་ཡིག་འདི་སྐད་དུ་བསྐུར་རོ། །ཀྱེ་རྒྱ་གར་རྒྱལ་པོ་ཆོས་སྐྱོང་བསྟན་པའི་བདག །སྔོན་བསགས་བསོད་ནམས་དམ་པའི་དཔལ་གྱུར་པས། །རིགས་རྒྱུད་མཐོ་ལ་བཟང་བ་ཆོས་རྒྱུད་འཁྲུངས། །གནས་བཟང་མཆོག་ཏུ་འཕགས་པ་རྒྱ་གར་ཡུལ། །སྔོན་བསགས་འཕྲོ་མཐུད་ཆོས་སྐྱོང་མངའ་བདག་མཛད། །བསོད་ནམས་ཁྱད་དུ་འཕགས་པས་དགེ་ཚོགས་སྤེལ་ལ་བརྩོན། །སྐུ་ཁམས་བདེ་ཞིང་ཆོས་འཁོར་འཕེལ་བར་བདག་གིས་འཁུམས། །གནས་དང་ཡལ་གྱིས་བསྐལ་ནས་ཞལ་མཇལ་མ་གྱུར་ཀྱང༌།  །ལས་དང་སྨོན་ལམ་འབྲེལ་བས་བཟླས་པའི་གཏམ་ལ་བརྟེན། །ཕན་ཚུན་བརྩེ་སེམས་སྐྱེས་པས་གྲོགས་སུ་སྐྱེས་ཀྱིས་འགྲུལ། །ཁྱེད་ནི་ཡུལ་དབུས་སངས་རྒྱས་བྱོན་པའི་གནས་སུ་འཁྲུངས། །བསོད་ནམས་གསོག་པའི་མཆོད་གནས་རྟེན་གྱིས་ཕོངས་པ་མེད། །བདག་ནི་སངས་རྒྱས་ཞབས་ཀྱིས་མ་བཅགས་རྒྱ་ནག་ཡུལ་དུ་སྐྱེས། །སྔོན་གྱི་བསོད་ནམས་དམན་པས་བསོད་ནམས་གསོག་པའི་ཞིང་མེད་པས།  །ལོངས་སུ་སྤྱོད་ནོར་གྱིས་ཕོངས་པར་མ་གྱུར་ཀྱང༌། །མཆོད་པ་འབུལ་བའི་རྟེན་ཞིག་དགོས་པས་ན། །ཁྱོད་ཀྱི་མཆོད་གནས་སངས་རྒྱས་ཞལ་སྐྱིན་དེ། །དགེ་སློང་བཞི་དང་བཅས་ཏེ་གནང་བར་ཞུ། །ཞེས་སྤྲིངས་ནས་བྱུང་བས། མི་བསྐུར་བར་ཐབས་མེད་ནས་འདི་སྐད་དུ་སྤྲིངས་སོ།  །རྒྱལ་པོ་ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བདག་གི་མཆོད་གནས་སངས་རྒྱས་ཞལ་སྐྱིན་འདི། །འཇིག་རྟེན་འདི་ན་འདི་དང་མཚུངས་པ་མེད། །མཆོད་གནས་གཞན་དུ་བཞུགས་པ་མ་མཆིས་ཀྱང༌། གང་ཞིག་རྐང་གཉིས་གཙོ་བོ་སངས་རྒྱས་ཉིད་ཀྱི་ལུང༌། །སངས་རྒྱས་ཉིད་ཀྱིས་རབ་ཏུ་གནས་ཤིང་མངའ་གསོལ་བའི། །སྐུ་གཟུགས་སངས་རྒྱས་ཉིད་དང་མཉམ་པ་འདི། །གང་ཞིག་དེ་ལ་ཕྱག་དང་མཆོད་བྱེད་པ། །སངས་རྒྱས་ཉིད་ལ་མཆོད་དང་ཁྱད་པར་མེད། །དེ་ཕྱིར་དད་དང་མོས་པས་འདི་མཆོད་པས། །སངས་རྒྱས་ཉིད་ངེས་པར་འགྱུར་བས་ན། །ཁྱེད་ཀྱི་བཀའ་བསྩལ་ཤིན་ཏུ་ལྕི་བས་ན།  །བདག་གི་མཆོད་གནས་ཁྱེད་ལ་དབུལ་བར་བགྱིའོ། །ཁྱེད་ཀྱིས་སེམས་ཅན་འགྲོ་དོན་སྤེལ་བར་མཛོད། །ཅེས་སྤྲིངས་ནས་སྐུ་ཤིང་རྟའི་སྟེང་དུ་བཞུགས་སུ་གསོལ་ཏེ། དྷརྨ་པ་ལ་དབུལ་བས་སྐྱེས་དོད་སངསར་རྒྱས་འགྲུབ་པའི་རྟེན་ཡོད་བྱ་བའི་འཕྲིན་སྤྲིངས་པ་ཡིན་པས།    ད་ཡང་རྒྱ་ནག་རྒྱལ་པོ་བྱ་བ་ཆོས་ཉམས་ཆུང་ཆུད་པ་ཡིན་པས་ཆོས་སྐྱེས་སུ་བྱའོ་གསུངས་ནས་ཨོ་ཏན་ཏ་པཱུ་རི་ནས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་གྱད་མི་བཞིས་སྤྱན་དྲངས་ནས་དེ་དང་དགེ་སློང་མངོན་པ་འདིན་པ་གཅིག  མདོ་སྡེ་འཛིན་པ་གཅིག  འདུལ་བ་འཛིན་པ་གཅིག ཐེག་པ་ཆེན་པོ་བ་གཅིག དེ་རྣམས་འཁོར་དང་བཅས་ཏེ་རྫིངས་ཆབ་ཀྱི་སྟེང་ནས་སྤྱན་དྲངས་ཏེ། རྒྱ་ནག་རྒྱལ་པོའི་ཡུལ་དུ་གཤེགས་སོ།  །མཚན་ཡང་ཇོ་བོ་ཤཱཀྱ་མུ་ནེ་རུ་གསོལ།  གདན་ཁྲི་ད་ལྟ་ཨོ་ཏན་ཏ་པཱུ་རི་ན་བཞུགས་སོ།   །དེ་བཞིན་གཤེགས་པའི་སྐུ་གདུང་དང་བཅས་པ་རྒྱ་ནག་པོ་དྲིན་ཆེ་བས་དེ་རྣམས་བརྫངས་སོ།  །དེར་རྒྱ་ནག་པོའི་ཡུལ་དུ་ལོ་ལྔ་བརྒྱ་བཞུགས་ནས་འགྲོ་དོན་མཛད་དོ། །་དེ་ནས་རྒྱ་གར་་གྱི་རྒྱལ་པོ་དང་བལ་པོའི་རྒྱལ་པོ་གཉིས་སྐྱེས་ཕར་བསྐུར་ཚུར་བསྐུར་བ་ལས་བལ་པོའི་རྒྱལ་པོ་དྷརྨ་ཨ་ཤོ་བྱ་བས་རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལ་ཞེས་བྱ་བ་ཆོས་སྐྱོང་བའི་རྒྱལ་པོ་དེ་ལ་སྐྱེས་སུ་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་གཅིག་བརྫངས་ནས་དེའི་སྐྱེས་ལན་དུ་སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་གནང་བར་ཞུ་ཞེས་འཕྲིན་སྤྲིངས་པས་མི་བསྐུར་པའི་ཐབས་མེད་ནས་གནང་ངོ༌། །དེ་ཡང་བལ་ཡུལ་དུ་ལོ་ལྔ་བརྒྱ་བཞུགས་ནས་འགྲོ་དོན་མཛད་དོ། །དེ་ནི་མཅོམ་ལྡན་འདས་ཀྱི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡིས་ཇི་ལྟར་འགྲོ་དོན་མཛད་པའི་འཕྲོ་ལས་འཕྲོས་པའི་ལོ་རྒྱུས་ལགས་སོ། །སངས་རྒྱས་ཀྱི་གསུང་རབ་བཞེངས་པར་སྔ་བ་དཔལ་ལྷ་ཡུལ་དུ་ཚིགས་སུ་བཅད་པ་རིན་པོ་ཆེ་ལ་བྲིས་པ་ཡོད་སྐད། མི་ཡུལ་སངས་རྒྱས་ཀྱི་སྐུ་རས་རིས་ལ་བྲིས་པའི་གཤན་དུ་སྤྲོ་བ་བསྐྱེད་པའི་ཚིག བརྩམ་པར་བྱ་ཞིང་འཇུག་པར་བྱ།  །སངས་རྒྱས་བསྟན་ལ་དད་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན།  །འཆི་བདག་སྡེ་ནི་གཞོམ་པར་བྱ།  །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས།  །སྡུག་བསྔལ་མཐའ་མ་མེད་བྱེད་པར་འགྱུར། །ཞེས་པ་ལ་སོགས་པ་བྲིས།  རས་རིས་ཀྱི་གཤམ་དུ་རྟེན་འབྲེལ་བཅུ་གཉིས་དང༌།  འཕགས་པའི་ལམ་ཡན་ལག་བརྒྱད་པ་བྲིས་ནས་ཡོད་པ་དང༌། དེ་བཞིན་གཤེགས་པ་བདུན་གྱི་གསོ་སྦྱོང་དང༌།  ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མཆོད་གནས་ཀྱི་གླེགས་བམ་ཀློག་པའི་ཡི་གེ་ཞུས་ནས་བྲིས་པ་དང༌།  སངས་རྒྱས་ཀྱི་གསུང་གིས་ཡི་གེ་དང༌། མིང་དང༌།  ཚིག་དང་གསུམ་གྱི་ཚོགས་བསྡུས་ལ་ཕྱི་གླེགས་བམ་དུ་བསྡུས་ཤིག་གསུངས་ནས་ཡི་གེ་བསྡུས་པ་ལྔ་བཅུ་པ།  དབྱངས་ཀྱི་ཡི་གེ་བཅུ་དྲུག་ལ་ཨ་ལི་ཞེས་པ་དང༌། གསལ་བྱེད་སུམ་ཅུ་རྩ་དྲུག་ལ་ཀ་ལི་ཞེས་བྱ་བ་དང༌། དེ་ལྟར་ཨ་ལི་ཀ་ལིའི་མདོ་གསུངས། མིང་གི་ཚོགས་བསྡུས་པ་ལ་འཁོར་བ་ཞེས་པ་དང༌།  ལམ་ཞེས་པ་ལ་སོགས་མིང་སུམ་བརྒྱ་དྲུག་ཅུ་རུ་བསྡུས་ཏེ་གསུངས།  ཚིག་གི་ཚོགས་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་རྣམས་ལུང་དུ་བྲིས་པ་ཡང་གསང་སྔགས་རྣམས་ལྷ་གནས་སུ། རྡོ་རྗེ་འཛིན་དོན་སྡུད་པ་པོ་རྣམས་ཀྱིས་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་པ་དང༌། བཀའ་སྡེ་སྣོད་གསུམ་གྱི་ཆོས་རྣམས་ཐུབ་པ་མྱ་ངན་ལས་འདས་ནས་བཀའ་བསྡུ་བ་ལན་གསུམ་བྱས་པའི་ཕྱི་མ་ལ་ཉན་ཐོས་དང༌།  བྱང་ཆུབ་སེམས་དཔའ་དང༌། སོ་སོའི་སྐྱེ་བོ་པཎྜི་ཏ་མཁས་པ་རྣམས་ཀྱིས་བཀའ་ཤོག་ལ་སྣག་ཚ་ནག་པོས་བཀོད་ནས་བཀའ་རྣམས་ལུང་དུ་བྲིས་པ་ནི་ཆོས་དཀོན་མཆོག་གི་རྟེན་ཡིན། འཕགས་པའི་དགེ་འདུན་དཀོན་མཆོག་གི་རྟེན་ཇི་ལྟ་བུ་བྱུང་བ་ནི།  སངས་རྒྱས་ཀྱི་འཁོར་ན་ཉན་ཐོས་ཀྱི་དགེ་འདུན། བྱང་ཆུབ་སེམས་དཔའི་དགེ་འདུན་གཉིས་ཡོད་པ་ལ་ཉན་ཐོས་མང་ཡང་ཉིས་བརྒྱ་ལྔ་བཅུ་དང་བརྒྱ་དང་བཅུ་དྲུག་ཡོད་ཀྱང་གཙོ་བོ་ལྔར་འདུས་ཏེ། སྲས་སྒྲ་གཅན་འཛིན་དང༌། ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང༌།  རྫུ་འཕྲུལ་ཅན་གྱི་མཆོག་མོའུ་འགལ་གྱི་བུ་དང་ལྔའོ། །དེ་ལ་འོད་སྲུང་མྱ་ངན་འདས་པའི་སྐུ་ལུས་བྲག་བྱ་རྐང་ཅན་གྱི་རིའི་ཟོམ་དུ་བཞུགས་སོ། །རིའི་རྩེ་མོ་རུ་རྒྱལ་པོ་མ་སྐྱེས་དགྲས་མཆོད་རྟེན་བརྩིགས་ཏེ་ཕྱིས་བྱམས་པའི་བསྟན་པ་ལ་ལྟ་བར་བཤད་པས་འོད་སྲུངས་ཀྱི་རྟེན་ཡིན་ནོ། །མོའུ་འགལ་གྱི་བུ་ནི་དགྲ་བཅོམ་པ་བདུན་ཁྲིར་བཅས་པ་མུ་སྟེགས་ཀྱི་ཚོགས་ཀྱིས་གྲོང་ཁྱེར་ཤིང་ཐག་ཅན་དུ་དབྱིག་པས་བཅོམ་ནས་མྱ་ངན་ལས་འདས། སྟོན་པ་མྱ་ངན་ལས་འདས་པ་ནི་ཐོས་པར་ཡང་མི་བྱ་ན་མཐོང་བ་ནི་ལྟ་ཅི་སྨོས་ཞེས་པས་དེའི་དུས་སུ་ཤཱ་རིའི་བུ་ཡང་དགྲ་བཅོམ་བརྒྱད་ཁྲི་དང་བཅས་པ་གྲོང་ཁྱེར་ཡ་ངར་དུ་མྱ་ངན་ལས་འདས་ནས་སྤུར་ཞུགས་ལ་བཞེན་ནས་རིང་བསྲེལ་བསྡུས་ཏེ་མཆོད་པ་བྱེད་ལུགས་སངས་རྒྱས་ཉིད་ལ་ཞུས་ནས་མཆོད་རྟེན་བརྩིགས་སོ། །སྲུ་སྐྱེ་དགུའི་བདག་མོ་གཽ་ཏ་མི་དགྲ་བཅོམ་པ་ལྔ་བརྒྱ་ཡང་གྲོང་ཁྱེར་པད་མོ་ཅན་དུ་ལུས་སོ། །ཀུན་དགའ་བོས་བསྟན་པ་རྗེས་སུ་བསྐྱངས་ནས་ཕྱིས་བཅུ་པའི་དབུས་སུ་མྱ་ངན་ལས་འདས་ནས་དེའི་སྤུར་གཉིས་སུ་མཛད་ནས་ཆ་གཅིག་རྒྱལ་པོ་མ་སྐྱེས་དགྲ་ལ་གནང་ནས་མཆོད་རྟེན་མཛད་དོ། །ཆ་གཅིག་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ལ་གནང་ནས་མཆོད་རྟེན་བརྩིགས་སོ། །སྲས་སྒྲ་གཅན་འཛིན་འཁོར་དགྲ་བཅོམ་པ་སྟོང་དང་བཅས་ནུབ་ཕྱོགས་པྲི་ཡམ་ཀུའི་གླིང་ན་ད་ལྟ་ཡང་ཞལ་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་སྒྲ་གཅན་འཛིན་གཉིས་ཕྱག་གིས་བཟུང་ནས་ཀུན་དགའ་བོ་ནི་གོ་རེ་ལོང༌།  སྒྲ་གཅན་འཛིན་འདི་ངའི་བུ། འདི་གཉིས་ཕྱོགས་བཅུའི་སངས་རྒྱས་ལ་གཏད།  དེ་བཞིན་གཤེགས་པ་རྣམས་ཀྱིས་སྐྱོངས། དགེ་འདུན་རྣམས་ཀྱིས་ཁུར་ཅིག གསུངས་སོ། །མདོ་སྡེ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་གསུང་བའི་དུས་སུ་ཉན་ཐོས་འོད་སྲུངས་ཆེན་པོ་སངས་རྒྱས་ཀྱི་གདན་ཕྱེད་ལ་བཞག་ནས་འོད་སྲུངས་ནི་ང་དང་མཉམ་མོ་ཞེས་གསུངས་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དཀའ་ཐུབ་དང་ཚངས་པར་སྤྱོད་པ་ལ་གནས་པ་གང་ཅི་ཡང་རུང་བ་དེ་དག་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཅེས་བྱ་སྟེ་གནས་བརྟན་རྒྱལ་པོའི་ཐུ་བོ་དང་འདྲ་བར་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ། ཚངས་པར་སྤྱོད་པ། མངོན་པར་སྤྱོད་པ་རྣམས་ཀྱི་མཆོག་འདི་ལྟ་སྟེ། དགེ་སློང་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ན་ཡ་དང༌། འདོད་པ་ཆུང་བ་དང་སྦྱངས་པའི་ཡོན་ཏན་ལ་གནས་པ་དང༌། ཆོག་ཤེས་པ་རྣམས་ཀྱི་མཆོག་འཕགས་པ་འོད་སྲུངས་ཆེན་པོ་དང༌། ཤེས་རབ་ཆེ་བ་དང་སྟོབས་ཆེ་བ་རྣམས་ཀྱི་མཆོག་འཕགས་པ་ཤཱ་ར་དྭ་ཏིའི་བུ་དང༌།  རྫུ་འཕྲུལ་དང་མཐུ་ཆེ་བ་རྣམས་ཀྱི་མཆོག་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་དང༌། ལྷའི་མིག་དང་ལྡན་པ་རྣམས་མཆོག་འཕགས་པ་མ་འགག་པ་དང༌། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་འཕགས་པ་ཉེ་བར་འཁོར་དང༌། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་མའི་བུ་གང་པོ་དང༌། བསླབ་ལ་གུས་པ་རྣམས་ཀྱི་མཆོག་འཕགས་པ་སྒྲ་གཅན་འཛིན་དང༌། མལ་ཆ་དང་སྟན་བགོ་བ་རྣམས་ཀྱི་མཆོག་གྱད་ནོར་གྱི་བུ་དང༌། འཁོར་དུ་སེང་གེའི་སྒྲ་གྲགས་པ་རྣམས་ཀྱི་མཆོག་འཕགས་པ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང༌། ཁྱིམ་བདག་དད་པ་སྐྱེད་པ་རྣམས་ཀྱི་མཆོག་འཕགས་པ་ནག་པོ་འཆར་ཀ་དང༌། ལྷ་དང་མི་ཡིས་མཆོད་པ་རྣམས་ཀྱི་མཆོག་འཕགས་པ་ལེགས་མཐོང་དང༌། ཞེས་གསང་སྔསགས་རྗེས་འཛིན་ལས་གསུངས་སོ། །ཉན་ཐོས་རྣམས་ཀྱཧི་ནང་ནས་ཆེ་བ་རྣམས་ཡིན་ནོ། །གཞན་ཡང་གཙོ་ཆེན་བརྒྱད་དང་བཅུ་དྲུག་དང༌། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ལ་སོགས་པ་རྣམས་ལས་ཕྱིས་ཉན་ཐོས་ཀྱི་སྡེ་བཅོ་བརྒྱད་དུ་གྱེས་པ་ནི་ཀུན་དགའ་བོ་ནས་བརྒྱུད་པ་མང་ངོ༌།  །ལྔ་བརྒྱ་ཐ་མའི་དུས་ན་སངས་རྒྱས་ཀྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་གོས་གསུམ་འཆང་བ་ཡན་ཆོད་ཉན་ཐོས་རྣམས་ཀྱི་རྟེན་དུ་བྱིན་གྱིས་བརླབས་ཏེ་བཞག་གོ། །ཤཱཀྱ་སེང་གེའྀ་བསྟན་པ་ཡི། བྱུང་ཚུལ་མདོ་ཙམ་ཤེས་ལྡན་གྲོགས་པོའི་ངོར། མ་འབྲེལ་བབ་ཅོལ་སྤངས་ཏེ་ཚུལ་བཞིན་བཀོད། འཁོར་ལོ་གསུམ་དང་བསྡུ་བ་གསུམ། གཏན་ལ་འབེབས་བྱེད་བསྟན་བཅོས་རིམ་གསུམ་དང༌། །རྣམ་དབྱེ་ཞིབ་མོ་ཆོས་འབྱུང་རྒྱས་པ་འདིར། །བྱེ་བྲག་སྡེ་པའི་རྣམ་དབྱེ་བསྟན་པ་ནི། །བསྟན་པའི་རྩ་བ་སྡེ་པ་རྣམ་བཞི་སྟེ། །ཐམས་ཅད་ཡོད་སྨྲ་ཕལ་ཆེན་གནས་བསྟན་པ། །མང་པོས་བཀུར་བ་དེ་ཡང་མཁན་པས་དབྱེ། །དེ་ལ་སྒྲ་གཅན་འཛིན་དང་ཉེ་བར་འཁོར། །ཀ་ཏ་ཡ་ན་འོད་སྲུངས་རིམ་བཞིན་ནོ། །དེ་ལས་གྱེས་པས་བཅོ་བརྒྱད་དག་ཏུ་བལྟའོ། །གཞིའི་དང་པོ་འོད་སྲུངས་སྟེ། ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། །ཡོད་པར་སྨྲ་བའི་སྡེ་པ་བདུན། །ཤར་དང་ནུབ་དང་གངས་རི་གནས། །འཇིག་རྟེན་འདས་པར་སྨྲ་བ་དང༌། །རྟག་པར་སྨྲ་བའི་སྡེ་དང་ལྔ། །ཕལ་ཆེན་པོ། རྒྱལ་བྱེད་ཚལ་གནས། འཇིག་མེད་གནས། གཙུག་ལག་ཁང་ཆེན་གནས་བརྟན་པ། ས་སྒྲོགས་རི་དང་སྲུང་བ་པ། གནས་མ་བུ་ཡི་སྡེ་རྣམས་ནི། ཀུན་གྱིས་བཀུར་བ་རྣམ་གསུམ། དེ་དག་རྣམས་ཀྱི་ཁྱད་པར་རྣམས། ཡུལ་སྟོན་སློབ་དཔོན་བྱེ་བྲག་ལས། ཐ་དད་རྣམ་པ་བཅོ་བརྒྱད་དོ། །ཞེས་པ་ཐམས་ཅད་ཡོད་སྨྲའི་སྡེ། སྒྲ་གཅན་འཛིན་གྱིས་ཀུན་དགའ་བོ་ལ། ཤ་ནའི་གོས་ཅན་ཉེར་སྦས་དང༌། དྷི་ཏི་ཀ་དང་ནག་པོ་བ། ལེགས་འོངས་འཕགས་པ་བློ་མི་ཕེབས། དེ་ཡང་སྡེ་པའི་གྱེས་ལུགས་རྣམ་པར་བཞག་པ་ནི་འཕགས་པ་ཉན་ཐོས་ལ་མདོ་སྡེ་པ་དང༌། བྱེ་བྲག་སྨྲ་བ་གཉིས་ཀྱི་གྲུབ་མཐའ་འཛིན། དེ་གཉིས་ལས་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་གྱེས། དེ་ཡང་བཙུན་པ་ལྷ་ཆེན་པོ་ཞེས་པས། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲའི་རྒྱུན་ལས་བྱུང༌། །ཐེ་ཚོམ་ཅན་ནི་གཞའ་རུ་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྐད་སྨྲས་པས་མ་མཏུན་པས། །རྒན་རིགས་གང་ཟག་ཚིག་ཡིན་ཟེར། །གཞོན་པ་རྒྱལ་བནའི་ཚིག་ཡིན་ཟེར། །སྨྲས་ནས་དགེ་འདུན་ཕལ་ཆེན་དང༌། །གནས་བརྟན་པ་ཡི་སྡེ་གཉིས་བྱུང༌། །དེ་ལས་རྩ་བའི་སྡེ་བཞིར་གྱེས། །ཕལ་ཆེན་གྱི་སྡེ་དང་ཐམས་ཅད་ཡོད་སྨྲའི་སྡེ། གནས་བརྟན་པ་དང་ལེགས་དཔོན་པ། ཕལ་ཆེན་པ་དང་ལྔ་རུ་གྱེས། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིའི་སྡེ། འཇིག་རྟེན་འདས་སྨྲའི་སྡེ། རྟག་སྨྲའི་སྡེ། ཐམས་ཅད་ཡོད་སྨྲ་བདུན་དུ་གྱེས། ཐམས་ཅད་ཡོད་པར་སྨྲ་བ་དང༌། འོད་སྲུངས་སྡེ་དང་ཆོས་སྲུང་སྡེ། མང་དུ་ཐོས་པའི་སྡེ། གོས་དམར་ཅན་གྱི་སྡེ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། གནས་བརྟན་པ་དག་གསུམ་དུ་གྱེས། རྒྱལ་བྱེད་ཚལ་གནས་ཀྱི་སྡེ་དང༌། འཇིག་མེད་རིགས་གནས་ཀྱི་སྡེ་དང༌། གཙུག་ལག་ཁང་ཆེན་པོའོ། ལེགས་དཔོན་པ་ལ་གསུམ་དུ་གྱེས། སར་སྒྲོགས་རིགས་ཀྱི་སྡེ་པ་དང༌། སྲུང་བའི་སྡེ་པ་དང༌། གནས་མ་བུའི་སྡེའོ། །དེ་ལས་གྱེས་པ་བཅོ་བརྒྱད་དོ། །འཕགས་པ་ཉན་ཐོས་ལ་མདོ་སྡེ་པ་དང་བྱེ་ཕྲག་སྨྲ་བ་གཉིས་སོ། །གྲུབ་མཐའ་འཛིན་པ་དེ་གཉིས་ལམ་བཅོ་བརྒྱད་དུ་གྱེས་ལུགས་བསྟན་པའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་རྟེན་བྱུང་ཚུལ་ནི། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་དང་མཉམ་པ་བཞི་ཡོད་དེ།  བྱམས་པ་ནི་དམ་པ་ཏོག་དཀར་པོས་དགའ་ལྡན་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་སུ་བྱམས་པ་རྒྱ་གར་ལྷོ་ཕྱོགས་ཀྱི་ཁྲོང་ཁྱེར་གསེར་ལྡན་ན་ཡོད་པ་ལ་ལྷ་ཡུལ་དུ་སྟོན་པའི་རྒྱལ་ཚབ་དགོས་ནས་དགའ་ལྡན་དུ་སྐྱེ་བ་བཞེས། ཆོས་ཀྱི་རྒྱལ་ཚབ་མཛད་དོ། །འཇམ་དཔལ་ནི་ཤར་ཕྱོགས་ཀུན་ཏུ་བཟང་པོའི་ཞིང་ནས་ཟབ་མོའི་དོན་ཞུ་ཆེན་ལ་བྱོན་པ་ཡིན་ནོ། །སྤྱན་རས་གཟིགས་ནི་ནུབ་ཕྱོགས་བདེ་བ་ཅན་ནས་གསུང་རབ་ཀྱི་མཛོད་འཛིན་པ་ལ་བྱོན་པ་ཡིན་ནོ། །ཕྱག་ན་རྡོ་རྗེ་ནི་ཤར་ཕྱོགས་མངོན་པར་དགའ་བ་ནས་བདུད་དང་མ་རུངས་ཐམས་ཅད་འདུལ་བའི་དོན་ལ་བྱོན་ནས་བྱང་ཆུབ་སེམས་དཔའ་བཞིས་བསྟན་པ་སྐྱོང་ངོ༌། །ཚུལ་རྣམས་ནི་གོང་དུ་བསྟན་པ་རྣམས་སོ། །དེ་བཞིན་སྐུ་དང་གསུང་དང་ཐུགས་དང་མཆོད་རྟེན་རང་བྱུང་དུ་བྱོན་པ་དང༌། བཟོ་བོས་བྱས་ཏེ་ཡོན་གྱི་བདག་པོས་བཞེངས་པ་ནི་བསམ་ལས་འདས་སོ། །དེ་རྣམས་ཀྱི་འགྲོ་དོན་ནི་བསམ་ལས་འདས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཁྱིའུ་དང༌། བུ་མོ། ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། རྒྱལ་པོ་དང༌། བྲམ་ཟེ་དང༌། དེད་དཔོན་གྱི་ཆ་བྱད་རྣམས་དང༌། དུད་འགྲོའི་ལུས་བླངས་ནས་དེའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡང་བསམ་ལས་འདས་སོ། །བསྐལ་བཟང་ལྔ་བརྒྱ་དང་གཙོ་ཆེན་བརྒྱད་མིའི་ཡུལ་ན་བཞུགས་པར་བཤད་དོ། །ལི་ཡུལ་འདིར་ནི་སངས་རྒྱས་སྟོང་པོ་ཐམས་ཅད་ཀྱི་བསྟན་པ་འབྱུང་བར་ལུང་བསྟན་པ་ལས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ནུབ་ནས་དེར་དྲང་སྲོང་གཉིས་ཀྱིས་དགེ་བའི་བཤེས་གཉེན་བྱས་སོ། །དེ་གཉིས་ཀྱང་མི་ངན་པ་རྣམས་ཀྱིས་གཙེས་པས་རྫུ་འཕྲུལ་གྱིས་ཡུལ་གཞན་དུ་སོང་ངོ༌། །དེར་ཀླུ་རྣམས་ཀྱིས་ཡུལ་དེ་མཚོར་བཏང་ངོ༌། །དུས་ཕྱིས་སངས་རྒྱས་ཤཱཀྱ་ཐུབ་པ་འཁཽར་མང་པོ་དང་བཅས་པ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་བྱོན་ཏེ། རི་གླང་རུ་ལ་བཞུགས་ནས་མཚོ་དེ་ལ་པད་མོ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་འདུག་པ་དེ་སྐུ་གཟུགས་དང་བཅས་པའི་དགོན་པ་དང་གཙུག་ལག་ཁང་གྷན་དྷེ་བརྡུངས་པའི་སྡེ་དགོན་དེ་སྙེད་འབྱུང་བའི་སྔ་ལྟས་སུ་གསུངས་སོ། །མཚོ་དེ་ཤཱ་རིའི་བུའི་གསེག་ཤང་གི་ཡུ་བ་དང་རྣམ་སྲས་ཀྱི་གདུང་གི་རྩེ་མོ་གཉིད་ཀྱི་རལ་གྲིས་གཤོས་གཙང་པོ་ལ་ཕོ་སྟེ་ལི་ཡུལ་སྣང་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་དྲུང་དུ་བཟུགས་ཏེ་ཡུལ་དེ་བྱུང་བར་གྱུར་པའི་ཚེ། ཐུབ་པའི་སྐུ་གཟུགས་བྱེད་པར་ས་གཞི་བྱིན་གྱིས་བརླབས་སོ། །ནམ་མཁའི་སྙིང་པོས་ཀྱང་གཙུག་ཁང་འཇིག་ཚོགས་སྤོང་བྱེད་ཅེས་བྱ་བ་གྲུབ་ནས།  ས་གཞི་མཆོད་གནས་སུ་འགྱུར་བར་བྱིན་གྱིས་བརླབས་སོ།  །སྤྱན་རས་གཟིགས་ཀྱིས་ཀྱང༌། གཙུག་ལག་ཁང་འོད་མཛེས་ཞེས་པ་མཛད་ནས། དངོས་གྲུབ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབས་སོ། །བྱམས་པས་ཀྱང༌། གཙུག་ལག་ཁང་བི་སི་ནོ་ཉ་ཞེས་བྱ་བ་བསྒྲུབས་ནས་བདག་ཉིད་བཞུགས་པར་བྱིན་གྱིས་བརླབས་སོ། །སའི་སྙིང་པོས་ཀྱང་གཙུག་ལག་ཁང་ཡེ་ཤེས་རི་ཞེས་བྱ་བ་བཞེངས་ནས་བྱིན་གྱིས་བརླབས་སོ།  །ཕྱག་དང་མཆོད་པ་བྱ་བར་བྱིན་གྱིས་བརླབས་སོ།  །བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོས་གཙུག་ལག་ཁང་ས་ན་རྩེ་ཞེས་བྱ་བ་མཛད་ནས་དངོས་གྲུབ་མ་ལུས་པར་འབྱུང་བར་བྱིན་གྱིས་བརླབས་སོ། །ཀུན་ཏུ་བཟང་པོས་ཀྱང་གཙུག་ལག་ཁང་དགེ་འདུན་སྐྱོང་ཞེས་བྱ་བ་བསྒྲུབས་ནས་དངོས་གྲུབ་འབྱུང་བར་བྱིན་གྱིས་བརླབས་སོ།  །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་དགྲ་བཅོམ་པ་རྣམས་ཀྱིས་ལི་ཡུལ་དུ་གཙུག་ལག་ཁང་དང་སྐྱེད་མོས་ཚལ་དང་དགོན་པའི་གནས་འབྱུང་བར་བྱིན་གྱིས་བརླབས་སོ། །དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་སོང་ནས་རྒྱ་ནག་གི་རྒྱལ་པོ་ཆ་ནང་ཞེས་བྱ་བ་ལ་བུ་སྟོང་དུ་གཅིག་གིས་མ་ཚང་བ་རྒྱལ་པོ་བྱ་ངན་མེད་མཆོད་རྟེན་གོ་མ་ས་ལ་གྷན་དྷ་ལ་མཆོད་པ་འབུལ་དུ་ཡོང་བ་ན་དེར་སྲས་གཅིག་བཙས་པ་ན་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས་ཡབ་ཀྱི་རིང་ལ་རྒྱལ་པོ་བྱེད་པར་ལུང་བསྟན་ཏོ། །དེར་རྒྱལ་པོས་རྒྱལ་བུ་བོར་བས་བསོད་ནམས་ཀྱི་མཐུས་ས་ལ་ནུ་མ་བྱུང་ཞིང་འདུག་པ་དེ་རྣམ་ཐོས་སྲས་ཀྱིས་རྒྱ་ནག་རྒྱལ་པོ་ལ་བྱིན་ནོ། །དེར་སོང་བ་དང་རྒྱལ་བུའི་ཟླ་བོ་རྣམས་ཀྱིས་ཁྱོད་རྒྱལ་པོའི་བུ་མ་ཡིན་ནོ། །དེར་སོང་བ་དང་རྒྱལ་བུའི་ཟླ་བོ་རྣམས་ཀྱིས་ཁྱོད་རྒྱལ་པོའི་བུ་མ་ཡིན་ནོ། །ཞེས་སྨྲས་པས། འོ་ན་ང་གར་སྐྱེས་པའི་ས་དེར་སྐྱོལ་ཟེར་ནས་སྡོད་དུ་མ་འདོད་དོ། །དེར་རྒྱལ་པོས་ཀྱང་ནུབ་ཕྱོགས་ན་སྔོན་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ། མཆོད་རྟེན་གོ་མ་ས་ལ་གྷན་དྷ་ཡོད་པ་དེར་རྒྱལ་བུ་ས་ལ་ནུ་ལོ་བཅུ་གཉིས་ལོན་པ་གཅིག་བློན་པོ་ཇ་ཤོས་གཙོ་བྱས་པའི་དམག་ཁྲི་ཚོ་གཅིག་བཅས་ལི་ཡུལ་འཛིན་དུ་བཏང་ངོ༌། །དེ་ཡང་ལོ་བཅུ་དགུ་པ་ལ་ལི་ཡུལ་བཏབ་སྟེ་ལི་ཡུལ་བཟུང༌། དེས་ལོ་བཅུ་གཉིས་ལི་ཡུལ་གྱི་རྒྱལ་པོ་མཛད་དོ། །ས་ལ་ནུའི་བུ་རྒྱལ་པོ་བྱི་ཙ་ན་སམ་བྱ་ནི་འཇམ་དཔལ་གྱི་སྤྲུལ་པ་ཡིན་ནོ། །དེའི་རིང་ལ་ལི་ཡུལ་དུ་དམ་པའི་ཆོས་བྱུང་སྟེ་དར་བར་བྱས་སོ། །དེའི་དུས་སུ་བྱམས་པའི་སྤྲུལ་པ་བཻ་རོ་ཙ་ན་བྱ་བ་བྱོན། དེའི་ཕྱིར་དེ་ལ་ས་ནུའི་ཡུལ་ལི་ཡུལ་ཞེས་བྱ་བར་གྲགས་སོ། །དེའི་ཚེ་རྒྱ་གང་ནུབ་ཕྱོགས་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་བློན་པོ་ཡག་ཤ་ཞེས་བྱ་བ་དམག་སྟོང་ཚོ་བདུན་དང་བཅས་པ་དེར་འོངས་ཏེ་འདུག་པས་ཡུལ་དེའི་སྐད་རྒྱ་གར་དང་མཐུན་པ། སྤྱོད་ཚུལ་བཞི་ནི་རྒྱ་ནག་དང་མཐུན་པར་ཡོད། མྱ་ངན་མེད་ཀྱི་བཙུན་མོ་ཆུང་བ་ས་ལ་ནུའི་མ་ཁྲུས་བྱེད་པའི་ཚེ་རྣམ་སྲས་ནམ་མཁའ་ལ་འགྲོ་བ་མཐོང་བ་ལ་ཆགས་པ་སྐྱེས་པ་ལས་བྱུང་སྟེ་དེ་ནས་ས་ལ་ནུའི་བུའི་ཡུལ་དུ་ཧོར་དང༌། གྲུ་གུ་དང༌། སོག་པོ་དང༌། སུམ་པ་དང༌། བོད་ལ་སོགས་པའི་དམག་འོངས་པ་ན། རྣམ་སྲས་ཀྱིས་དེ་དག་དམག་དཔོན་ནང་འཁྲུག་བྱེད་པ་དང༌། དམག་རྣམས་ཚེ་ཐུངབར་བྱེད་དོ་ཞེས་བཤད་དོ། དེ་དག་ནི་མདོ་སྡེ་དུ་མ་དང༌། གླང་རུ་ལུང་བསྟན་པ་ལས་བཤད་དོ། །ལེའུ་ཐེན་གྱི་ས་ཚིགས་མཁར་དགེ་བ་ཅན། གྲོང་ཁྱེར་ཆཻན་པོ་དངར་ལྡན་ན། སངས་རྒྱས་ཀྱི་སྐུ་བཞུགས་པའི་མཐུས། ཡུལ་གཞན་གྱི་ཚོང་དཔོན་མང་པོ་དེར་འོང་བར་བཤད་དོ། །ཡུལ་དེ་ནི་རུ་ཐོག་གི་རྒྱབ་ན་ཡོད་དོ། །བསྟན་པའི་སྙིགས་མ་ལ་སྔགས་པ་ལྕང་ལོ་ཅན་སྨོན་ལམ་ཐེབས་ནས།  གྲོལ་ལམ་བསྐྱེད་རྫོགས་ཐུན་རེ་བསྒོམས་པ་དང༌།  རྣལ་འབྱོར་གྱི་དབང་ཕྱུག་རྣམ་རྟོག་ལ་ཐོག་བརྫིས་བྱེད་པ་རྣམས་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྟེན་དུ་བཞག་གོ། །དེ་ལྟར་རྟེན་གསུམ་བྱོན་ཚུལ་ལོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་གསོལ་པ། སླད་མའི་དུས་ན། དཀོན་མཅོག་གསུམ་གྱི་རྟེན་གསུམ་དང༌། བསྟན་པ་དང༌། ཆོས་དང༌། གང་ཟག་རྣམས་ཞིང་སུས་བསྲུང་བར་འགྱུར་ཞེས་ཞུས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བསྟན་པ་ལ་དགའ་བ་རྣམས་ཀྱིས་ཁས་ལོངས་ཤིག་གསུངས་པ་ལས། ལྷ་མོ་འོད་ཟེར་ཅན་ན་རེ། བདག་གིས་དཀོན་མཆོག་གི་ཕོ་བྲང་གི་སྒོ་སྲུང་བགྱིའོ་ཞེས་ཟེར་རོ། དཔལ་མགོན་བྱམས་པ་ན་རེ། བདག་གིས་རྟེན་གྱི་དཀོན་གཉེར་བགྱིའོ་ཞེས་གསུངས་སོ། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ན་རེ། བདག་ཅག་གིས་ཆོས་སྐྱོང་ཞིང་སྲུང་མ་བགྱིའོ་ཟེར། དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོ་ན་རེ། བདག་གིས་གཙུག་ལག་ཁང་ཐམས་ཅད་སྐྱོང་ངོ༌། དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་གྱི་སྨན་པ། རིག་འཛིན་གྱི་སྲོག་ཤིང༌། རྣལ་འབྱོར་གྱི་དགྲ་ལྷ། བདུད་འདུལ་གྱི་དབང་ཕྱུག་བགྱིའོ་ཟེར། དཔལ་ལྡན་ལྷ་མོ་ནག་མོ་རི་མ་ཏི་ན་རེ། བདག་གིས་དམ་ཚིག་གིས་རྗེས་གཅོད། བསྟན་པའི་སྲུང་མ་བགྱིའོ་ཟེར། ཞེས་ཁས་བླངས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུང་བ་ནི་མི་དང་མི་མ་ཡིན་པ་གཉིས་ཀ་ལ་བཀའ་བསྒོས་ཏེ་མི་ལ་འཕགས་པ་དང་སྐྱེ་ངོ་གཉིས་སུ་ཕྱེ། འཕགས་པ་ལ་དགེ་འདུན་སྡེ་གཉིས། ཉན་ཐོས་ཀྱི་ནང་ནས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཉེར་གཏད། ཀུན་དགའ་བོ་ལ་ཐོས་པའི་མཛོད་དུ་བྱིན་གྱིས་བརླབས་ཏེ་གཏད། ཉན་ཐོས་ཆེན་པོ་གནས་བརྟན་བཅུ་དྲུག་ལ་ཚེ་ལོ་བདུན་བརྒྱ་ན། ཡུལ་ཤི་བིའི་གྲོང་དུ། རྒྱལ་པོ་རིག་པའི་མཆོད་གནས་དགེ་བའི་བཤེས་གཉེན་ཞེས་བྱ་བ་ཡོན་ཏན་དུ་མ་ལྡན་པ་སྐུ་འདའ་བ་ན། སངས་རྒྱས་ཀྱི་དམ་ཅོས་ཡུན་ཇི་སྲིད་དུ་གནས་པར་འགྱུར་ཞེས་དྲིས་པས། དོགས་པར་མ་བྱེད་ཅིག སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་བའི་དུས་སུ། ཁྱད་པར་ཅན་གནས་བརྟན་བཅུ་དྲུག་གི་ལག་ཏུ་དམ་པའི་ཆོས་གཏད་དོ། །དེ་ཡང་གནས་བརྟན་དང་པོ་བྷ་ར་དྷྭྭ་ཛ་བསོད་སྙོམས་ལེན་ནི་དགྲ་བཅོམ་པ་སྟོང་དང་ལྷན་ཅིག་ཏུ་ནུབ་ཀྱི་བ་གླང་སྤྱོད་ན་གནས་སོ། །དེ་བཞིན་དུ་གནས་བརྟན་གསེར་བེའུ་དགྲ་བཅོམ་པ་སྟོང་དང་ལྷན་གཅིག་ཏུ་ཁ་ཆེའི་ཡུལ་ན་གནས་སོ། །གནས་བརྟན་བྷ་ར་དྷྭ་ཛ་དགྲ་བཅོམ་པ་སྟོང་དང་བཅས་ཤར་གྱི་ལུས་འཕགས་གླིང་ན་གནས་སོ། །གནས་བརྟན་མི་ཕྱེད་པ་དགྲ་བཅོམ་པ་བདུན་སྟོང་དང་བཅས་འཛམ་བུའི་གླིང་གི་རི་གངས་ཅན་ལ་གནས་སོ། །གནས་བརྟན་ཤིང་ཤུན་ཅན་དཔལ་ལྡན་བྷ་ཀུ་ལ་དགྲ་བཅོམ་པ་དྲུག་སྟོང་ད་བཅས་བྱང་གི་སྒྲ་མི་སྙན་ན་གནས་སོ། །གནས་བརྟན་བཟང་པོ་ཆེན་པོ་ནི་དགྲ་བཅོམ་པ་དགུ་སྟོང་དང་བཅས་ཟངས་གླིང་ན་གནས་སོ། །གནས་བརྟན་ནག་པོ་རྡོ་རྗེ་ནི་དགྲ་བཅོམ་པ་སྟོང་དང་བཅས་སིང་ག་ལའི་གླིང་ན་གནས་སོ། །གནས་བརྟན་བད་སའི་བུ་གླིང་བཟང་པོ་དགྲ་བཅོམ་པ་ཁྲི་གཅིག་སྟོང་དང་བཅས་ཆུ་བོ་ཡ་མུ་ནའི་གླིང་ན་གནས་སོ། །གནས་བརྟན་བ་གླང་སྐྱོང་བཙུན་པ་ནགས་ན་གནས་དགྲ་བཅོམ་པ་བརྒྱད་སྟོང་དང་བཅས་རི་སྤོད་ཀྱི་ངད་ལྡན་ལོ་མི་ཀུན་རི་ལ་གནས་སོ། །གནས་བརྟན་ལམ་པ་དགྲ་བཅོམ་པ་ཁྲི་གསུམ་སྟོང་དང་བཅས་སུམ་ཅུ་རྩ་གསུམ་ལྷའི་གནས་ན་གནས་སོ། །གནས་བརྟན་སྒྲ་གཅན་འཛིན་དགྲ་བཅོམ་པ་སྟོང་དང་བཅས་པྲི་ཡང་ཀུའི་གླིང་ན་གནས་སོ། །གནས་བརྟན་སྡོམ་བརྩོན་ཀླུའི་སྡེ་དགྲ་བཅོམ་པ་ཁྲི་ཉིས་སྟོང་དང་བཅས་རི་བོ་ངོས་ཡངས་ལ་གནས་སོ། །གནས་བརྟན་ཡན་ལག་འབྱུང་ཟུར་གྱིས་ཤེས་དགྲ་བཅོམ་པ་ལྔ་བརྒྱ་དང༌། སུམ་ཁྲི་དང༌། རི་བོ་ཏི་སེའི་གངས་ལ་གནས་སོ། །གནས་བརྟན་དྲང་སྲོང་ཤེལ་ནགས་གནས་དགེ་སློང་མ་ཕམ་ལཔ་དགྲ་བཅོམ་པ་ཁྲི་བཞི་སྟོང་དང་བཅས་ལུས་འཔགས་རི་ལ་གནས་སོ། །གནས་བརྟན་འཕགས་པ་ལམ་ཕྲན་དགྲ་བཅོམ་པ་ཁྲི་ལྔ་སྟོང་དང་བཅས་བྱ་རྒོད་ཕུང་པོའི་རི་ལ་གནས་སོ། །གནས་བརྟན་གཙུག་གི་ལམ་པ་སྦེད་བྱེད་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་དང་བཅས་རི་རྒྱལ་བྷི་ཧུ་ལ་ཞེས་ཏེ་རི་གཉའ་སིང་འཛིན་ལ་གནས་སོ། །གནས་བརྟན་ཆེན་པོ་བཅུ་དྲུག་པོ་དེ་དག་ནི་མི་ཤེས་པ་མེད། དད་པས་བསོད་སྙོམས་འབུལ་བ། བསོད་ནམས་ཀྱིས་ཚོགས་གང་བྱེད་པའི་སྦྱིན་གནས། སྦྱིན་པའི་ཞིང་ཡོངས་སུ་དག་པར་བྱེད་པ། མཚོན་གྱི་བསྐལ་པ་འདས་ནས་མི་རྣམས་དེ་ལྟར་དགེ་བ་བཅུ་སྤྱད་པས། ཚེ་སླར་ཡང་འཕེལ་ཏེ་ཚེ་ལོ་བརྒྱ་པ་ན། དགྲ་བཅོམ་པ་དག་འཛམ་བུའི་གླིང་དུ་བྱོན་ནས་ཆོས་སྟོན་ཅིང་ཚེ་ལོ་དྲུག་པར་གྱུར་གྱིས་བར་དུ་བསྟན་པ་གནས་ཏེ། ཚེ་ལོ་བདུན་བརྒྱ་པ་ན་དེ་དག་གིས་ཐུབ་པའི་བསྟན་པ་ཇི་སྙེད་པ་རྣམས་བསྡུས་ཏེ་རིན་པོ་ཆེ་སྣ་ལྔའི་ཚོགས་ཀྱིས་མཆོད་པ་བྱས་ཏེ།  ཕྱག་དང་སྐོར་བ་བྱས་ཏེ་མྱ་ངན་ལས་འདའ་འོ། །མཆོད་རྟེན་ཡང་ནུབ་ནས་འོག་དབང་ཆེན་གསེར་གྱི་ས་གཞི་ལ་གནས་སོ། །དེས་ཐུབ་པའི་བསྟན་པ་རྫོགས་པའོ། །དེའི་རྗེས་ལ་རང་སངས་རྒྱས་བྱེ་བ་ཕྲག་བདུན་འབྱུང་ངོ༌། །ཚེ་ལོ་བརྒྱད་ཁྲི་བར་གྱུར་པ་ན་བྱམས་པ་བྱོན་ཏེ་འཁོར་འདུས་པ་དང་པོ་ལ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གོ། །འདུས་པ་གཉིས་པ་ལ། བྱེ་བ་ཕྲག་དགུ་བཅུ་རྩ་བཞིའོ། །འདུས་པ་གསུམ་པ་ལ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་སོ། །དེའི་དུས་ན་ས་བོན་ལན་གཅིག་བཏབ་པ་ལ་འབྲས་བུ་ལན་བདུན་འབྱུང་བ་ལ་སོགས་པ་མངའ་ཐང་དང་འབྱོར་པ་བསམ་གྱིས་མི་ཁྱབ་པ་འབྱུང་ངོ༌། །ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གོང་དུ་བསྟན་པ་སྐྱོང་བར་བསྐོས་སོ། །སྐྱེ་བོའི་ནང་ནས་རྒྱལ་པོ་དང༌། བྲམ་ཟེ། ཁྱིམ་བདག་གསུམ་ལ་གཏད་དེ། སྐྱེ་དགུའི་ནང་ན་མི་ནོར་ཡུལ་གསུམ་ལ་དབང་ཆེ་བ་རྒྱལ་པོ་ཡིན་པས། དེས་ཀྱང་བསྟན་པའི་གཉེར་གྱིས་ཤིག སྨྲ་བསམ་གྱི་རིག་པ་ལ་དབང་ཐོབ་པ་བྲམ་ཟེ་ཡིན་པས་དེས་ཀྱང་བསྟན་པའི་གཉེར་གྱིས་ཤིག རྫས་དང་ནོར་ལོངས་སྤྱོད་ལ་དབང་བ་ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་ཡིན་པས་དེས་ཀྱང་བསོད་ནམས་གསོག་ཅིང་བསྟན་པའི་ཞབས་ཏོག་གྱིས་ཤིག་གསུངས་སོ། །གཞན་མི་མ་ཡིན་པར་རང་རང་གིས་ཁས་བླངས་པ་དམ་དུ་བཅས་པ་རྣམས་ཀྱི་ནང་ནས། གཙོ་བོ་ལྔས་ཁས་བླངས་སོ། །དགེ་སློང་རབ་ཏུ་བྱུང་བ་རྣམས་ཀྱི་གཏེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་གྱིས་ཤིག་ཅེས་གཏད་དོ། །རྒྱལ་པོ་ཆཻན་པོ་བཞིས་ཕྱོགས་སྐྱོང་བ་བཅུ་ལ་ལས་བཅོལ། ཕྱོགས་སྐྱོང་བཅུས་བར་སྣང་ལ་སྤྱོད་པའི་ལྷ་ཀླུ་དྲི་ཟ་རྣམས་ལ་བསྐོས་ཏེ་གཏད་དོ། །དེས་ས་འོག་ས་སྟེང་གི་ལྷ་ཀླུ་རྣམས་ལ་བཅོལ་ཏེ་གཏད་དོ། །དེ་དག་ནི་ཉན་ཐོས་དང་སྐྱེ་བོ་རྣམས་ཀྱིས་མཐོང་བ་ཡིན་ནོ། །འབྲས་བུ་བྱང་ཆུབ་སེམས་དཔའ་རིགས་ལྡན་རྣམས་དང༌། རྡོ་རྗེ་ཐེག་པའི་རིག་པ་འཛིན་པ་ལ་གནས་པའི་སྐལ་ལྡན་རྣལ་འབྱོར་པ་རྣམས་ཀྱིས་ནང་གི་དམ་ཅན་རྣམས་ལ་བཀའ་བསྒོས་ཏེ། དཔའ་བོ་དང་རྣལ་འབྱོར་མ། མ་མོ་དང༌། མཁའ་འགྲོ། ཤུགས་འགྲོ། དབང་མོ་དང༌། གྱིང་དང༌། ཕོ་ཉ་དང༌། སྲིན་མོ་དང༌། སྲིན་པོ་དང༌། འབར་མ་དང༌། ས་བདག་མོ་དང༌། ལང་ཀ་དང༌། བསྟན་མ་དང༌། སྐྱོང་མ་དང༌། གཡའ་མ་དང༌། གའ་རི་དང༌། གངས་རི་མོ་ཉི་ཤུ་རྩ་གཅིག དགེ་བསྙེན་ཉི་ཤུ་རྩ་གཅིག་དང༌། ཕུག་བདག་དང༌། སེ་མོ་ལ་སོགས་པ། གཞན་ཡང་ཕྱི་ཐུན་མོང་པ་སྡེ་བརྒྱད་ཡན་ཆད་ལ་བསྐོས་ཏེ་བཀའ་བསྒོས། བསྟན་པ་སྲུང་བར་གཉེར་གཏད་དོ། དཔང་པོར་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་བཞག་སྟེ། སྲུང་མ་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན། བརྟེན་གཏོར་དང༌། གཙང་གཏོར་དང༌། འབྱུང་གཏོར་སྟེར་བར་ཁས་བླངས། བཀའ་བསྒོས་ཏེ། དེ་ཐམས་ཅད་དམ་ཚིག་ལས་མི་འདའ་བར་མཛད་ནས་བཅོམ་ལྡན་འདས་ཀྱི་བཀའ་བསྒོའོ། །བསྐལ་བཟང་པོའི་སངས་རྒྱས་སྟོང་པོའི་བསྟན་པ་ཐམས་ཅད་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་སྲུང་བར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་བཤད་པས། སྲུང་མ་རྣམས་ཀྱི་གཙོ་བོ་ནི་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་འཆང་བ་ཡིན་ནོ། །སངས་རྒྱས་ཀྱི་བསྟན་པའི་བྱ་བ་གསུམ་ཀས་བྱེད་པ་ནི། འཁོར་རྣམ་བཞི་ཡིན་ལ། དེའི་ནང་ནས་ཀྱང་དགེ་སློང་གི་དགེ་འདུན་འདུལ་ཁྲིམས་རྣམ་པར་དག་པ་སྲུང་བ་རྣམས་ཡིན།  འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན།  །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས།  །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས་པ་ལས། སངས་རྒྱས་ཀྱི་གདུང་འཚོབ་པར་འཛིན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པའི་ཐུགས་ཀྱིས་བདག་པས་གཞན་གཅེས་པར་འཛིན་པའི་གང་ཟག་ཁྱད་པར་ཅན་རྣམས་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུལ་ནི། འདི་དག་ན་ཡོད་པར་བཤད་དེ། འཛམ་བུ་གླིང་གི་ཡུལ་རྒྱ་གར་དང༌།  སིང་ག་ལ་དང༌། ས་ལ་དང༌། ལིའི་ཡུལ་དང༌། བྲུ་ཞའི་ཡུལ་དང༌། གྲུ་གུ་དང༌། བོད་ཡུལ་ཁ་བ་ཅན་དང༌། འཇང་ཡུལ་དང༌།  མི་ཉག་དང༌། ཡུ་གུར་དང༌། ཀ་མི་ལོག་དང༌།  གསེར་ཞེས་པའི་ཡུལ་དང༌། གྲོང་ཁྱེར་སྤྲེའི་གནས་དང༌། བྱང་ཕྱོགས་ཤམབྷ་ལའི་ཡུལ་དང༌།  གླིང་ཕྲན་རྣམས་ལས། གསེར་གླིང་དང༌། ཟ་བའི་གླིང་དང༌། ཀམ་མ་ཚེའི་གླིང༌། མ་ལ་ཡའི་གླིང་དང༌། ཟངས་གླིང་དང༌། སིང་ག་ལའི་གླིང་རྣམས་ལ་བསྟན་པ་ཡོད་དོ། །ཀ་བ་ལེའི་གླིང་ན་ཡང་བསྟན་པ་ཡོད་དོ།  །གཞན་ཡང་དཔལ་དུས་འཁོར་ལོ་དང༌། བཀའ་རྫོགས་པ་ཆེན་པོ་ནས་གླིང་གསུམ་དང༌། གླིང་ཕྲན་བརྒྱད་དང༌། ལྷ་དང་ཀླུའི་གནས་ན་ཡང་བསྟན་པ་ཡོད་པར་གསུངས་སོ། །ལུང་གི་ཆོས་རྣམས་འཆད་ཉན་བྲིས་ཀློག་གིས་བར་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་སྒོ་ནས་ལམ་བསྐྱེད་རྫོགས་གཉིས་ལ་དབང་བ་སྒྲུབ་པ་བྱེད་པ་རྣམས་ཀྱིས་བསྟན་པ་འཛིན་ཡིན་ཏེ། དམ་ཆོས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་བཤད་པའི་ཕྱིར་རོ། །དུས་རིང་ཞིག་ནས་ཁ་བ་ཅན་གྱི་སེམས་ཅན་རྣམས་ཆོས་ཀྱིས་འདུལ་བ་ལ་དུས་ཇི་ཙམ་ཞིག་ན། སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི། ཕུང་པོ་ལྷག་མེད་དུ་སངས་རྒྱས། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཞིང་ཁམས་གཞན་དུ་འགྲོ་དོན་ལ་གཤེགས། དེའི་ཕྱི་དེའི་དབྱར་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་དུ་བསྡུས་ནས། དེ་རྣམས་ཤོག་དཀར་ལ་བརྗེད་ཐོ་ཡི་གེ་རིས་སུ་བཀོད་ནས་བསྟན་པའི་བདག་པོ་ནི་དགེ་སློང་གི་དགེ་འདུན་ནོ། །དེ་མི་ནུབ་པའི་རྒྱལ་མཚན་ལོ་ལྔ་ལྷག་ཙམ་ན། ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་ཙམ་འཚོགས་ནས། བཀའ་འཁོར་ལོ་དང་པོ་དགོངས་པ་འགྲེལ་པ་བྱེད་བྲག་ཏུ་བཤད་པ་བམ་པོ་སུམ་བརྒྱ་པ་བརྩམས་སོ། །བསྟན་ཆོས་ལ་དེ་སྔ་བ་ཡིན་ནོ། །དེ་ནས་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། སློབ་དཔོན་ཀླུ་སྒྲུབ་བྱོན་ནས། བཀའ་འཁོར་ལོ་བར་པའི་འགྲེལ་པ། དབུ་མ་རྩ་བ་ཤེས་རབ་ལ་སོགས་པ་རིག་པའི་ཚོགས་དྲུག་བརྩམས་པ་ལགས་སོ། །དེ་ནས་ལོ་དགུ་བརྒྱ་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་བྱོན་ནས་བཀའ་འཁོར་ལོ་མཐའ་མའི་དགོངས་པ་འགྲེལ་པ་ངེས་པའི་དོན་ལྟར་བཀྲལ་ལོ། །གཞན་ཡང་མཁྱེན་པས་བསྟན་པ་རྒྱས་པར་མཛད་པ་ནི། ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་ཏེ། འཛམ་བུ་གླིང་གི་རྒྱན་དྲུག་དང༌། མཆོག་བརྒྱད་དུ་གཉིས་སུ་གྲགས་པའི་གང་ཟག་མཁས་པ་རྣམས་ཡིན་ནོ། །དབང་ཕྱུག་གིས་བསྟན་པ་སྲུང་ཞིང་རྒྱས་པ་ནི། ཆོས་རྒྱལ་མྱ་ངན་མེད་པ་ལ་སོགས་པ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་སོ། །ནུས་མཐུས་བསྟན་པ་སྲུང་ཞིང་རྒྱས་པ་ནི། རྣམ་ལ་འབྱོར་གྱི་དབང་ཕྱུག་འབིར་བ་པའམ། རྒྱལ་སྲས་པད་མ་འབྱུང་གནས་ལ་སོགས་པ་གྲུབ་པ་བརྙེས་པའི་རྣལ་འབྱོར་ཆེན་པོ་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ་ལ་སོགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་མདོ་རྒྱུད་དྲི་མ་མེད་པའི་པོ་ཏི་གླེགས་བམ་རྣམས་ཇི་ལྟར་རྒྱས་ཤིང༌། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་རྣམས་རིག་པ་འཛིན་པ་མི་དང་མི་མ་ཡིན་པ་རྣམ་པ་གཉིས་ལ་ཇི་ལྟར་བརྒྱུད་པའི་ཚུལ་ནི། དཔལ་རྡོ་རྗེ་གདན་གྱི་ཤར་ལྷོའི་མཚམས་ན། རི་མ་ལ་ཡ་ཞེས་བྱ་བ་གསང་བའི་བདག་པོ་དཔལ་ཕྱག་རྡོར་གྱིས་བྱིན་གྱིས་བརླབས་པའི་ས། ཆོས་འཛིན་རིགས་ཀྱི་གྲུབ་གནས། རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ་དུ་གྱུར་པ་དྲག་ཤུལ་གནམ་ལྕགས་འབར་བ་ཡོད་པའི་རྩེ་ལ། སྡོང་པོ་དང༌། ཡལ་ག་དང་ལོ་འདབ་རྒྱས་པ། མེ་ཏོག་དང་འབྲས་བུ་སྨིན་པ། རི་དྭགས་ཀྱི་རྒྱལ་པོ་སེང་གེ་འདུག་པའི་གནས་སུ་གྱུར་པ། འདབས་ན་གཅན་གཟན་དཔའ་བརྟུལ་སྟག་གི་གནས་ཡོད་པ། ངོས་ལ་བྲག་དཀར་སེང་གི་འགྱིངས་པ་འདྲ་བ་ཡོད་པ། དེའི་ཤར་ངོས་ལ་ཨ་སུ་རའི་བྲག་ཕུག་ཅེས་བྱ་བ་རང་བྱུང་གི་སྒོ་ཟླ་གམ་ལ། ངོ་མཚར་གྱི་རི་མོ་ཡ་མཚན་ཅན་ཡོད་པ། ཕུག་ཏུ་རིན་པོ་ཆེ་ཟུར་བརྒྱད་མ་ལ། ཉི་ཟླའི་གཟུགས་བརྙན་རང་སྣང་བ། ཡང་ཐོག་རིམ་པ་གསུམ་དང་ལྡན་པ། རྩེ་ལ་བྱ་ཀ་ལན་དྷ་ཀ་གཉིས་མེད་གཅིག་ཏུ་སྨྲ་བའི་ཚང་ཡོད་པ། རི་དྭགས་མཛེས་པ་མང་པོ་སྣ་ཚོགས་རྒྱུ་བ། ལྗོན་ཤིང་གར་བྱེད་པ་འདྲ་བ་དང༌། མེ་ཏོག་སྣ་ཚོགས་དགོད་པ་ལྟ་བུ་ཡོད་པ། འབབ་ཆུ་སྙན་པའི་སྒྲ་འབྱིན་པ། བསིལ་ངད་འཇམ་གྱི་ཕྱོགས་ན་ནས་སེར་བུ་གཡོ་བ། བུང་བ་རྒྱང་རིང་གླུ་ལེན་པ། ཉིན་མོ་སྐྱེ་བོའི་རྒྱུང་འགྲུལ་གྱིས་དབེན་པ། མཚན་མོ་མི་མ་ཡིན་པའི་བར་གཅོད་མེད་པ། མི་རྒོད་ཀྱི་འཚེ་བ་མེད་པ། རྒྱལ་བློན་གདུག་པས་ཙོར་བར་མ་གྱུར་པ། སྐལ་བ་དང་ལྡན་པ་མ་ཡིན་པ་མ་དག་པའི་སྐྱེ་བོས་བགྲོད་པར་མི་ནུས་པའི་གནས། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེས་བསྐུལ་ནས། གསང་བའི་བདག་པོ་རྡོ་རྗེ་འཆང་ཉིད། རི་མ་ལ་ཡར་མངོན་སུམ་དུ་བྱོན་ཏེ། འཁོར་དམ་པའི་རིགས་ཅན་ལྔ་ལ་རྡོ་རྗེ་ཐེག་པ་གསུངས་སོ། །ལྷའི་རིག་འཛིན་གྲགས་ལྡན་མཆོག་སྐྱོང༌། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང༌། སྲིན་པ་བློ་གྲོས་ཐབས་ལྡན། མི་ལས་སྐལ་ལྡན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་སོགས་མི་དང་མི་མ་ཡིན་པ་གདུལ་བྱ་སྣོད་ལྡན་ཤ་སྟག་ལ་གསང་བ་སྔགས་ཀྱི་རྒྱུད་སྡེ་རྣམས་བསྟན་ཏོ། །དེའི་རྗེས་ལ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རྒྱུད་སྡེ་རྣམས་བསྡུས་ཤིང་ཡི་གེར་བཀོད་པའི་བྱིན་རླབས་མི་ཡུལ་དུ་སྣང་བར་མཛད་པ་ནི། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་ཉི་ཤུ་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་ནས་གསུམ་དུ་གྲགས་པ་དེ།  །འཛམ་གླིང་ཤར་ལྷོ་ཕྱོགས་མཚམས་ཀྱི། །དཔལ་ཞེས་བྱ་བའི་རི་བོ་ལ། །ལག་ན་རྡོ་རྗེས་སྣང་བ་བྱེད། །མི་ལས་བསྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་གྲུབ་གྱུར་པས། །དེ་ལ་རྟག་ཏུ་གུས་པར་གྱིས། །ཞེས་གསུངས་པ་དང༌། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །ཕྱི་ཚེ་ཞིག་ན་འབྱུང་བར་འགྱུར། །ཞེས་གསུངས་པས། དེའི་དོན་གྱིས་བྱིན་གྱིས་བརླབས་ནས་གནས་ལུགས་སེམས། རིག་འཛིན་རིག་པ་ནས་གང་ཟག་སྙན་ནས་སྙན་ཁུང་དུ་བརྒྱུད་པ་ནི། ཕྱག་ན་རྡོ་རྗེས་རིག་པ་འཛིན་པ་རྣམས་ལ་གསུངས་ཤིང༌། རྡོ་རྗེ་གསང་སྔགས་ཀྱི་འཁོར་ལོ་བསྐོར་བའི་བྱིན་བརླབས་ཀྱིས། ཟ་ཧོར་གྱི་ཡུལ་པྲ་དྷ་མུ་ཉ་ཞེས་བྱ་བར་སྐུ་འཁྲུངས་པ། རྒྱལ་པོ་ཛ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ། ཆོས་དང་དགེ་འདུན་ལ་མི་ཕྱེད་པའི་དད་པ་ཐོབ་པ་དེ། མ་ག་དྷ་ན་བཞུགས་པའི་དུས་སུ། འཁོར་རྣམས་ལ་ངས་བདེ་བར་གཤེགས་པའི་བསྟན་པ་རྣམས་རྒྱས་པར་བྱེད་པལས། ཁྱེད་ཀུན་གྱིས་ཚོལ་ཅིག་ཅེས་བཀའ་བསྩལ་པས། འབངས་རྣམས་ཀྱིས་རྒྱལ་པོ་ལ་ཞུས་ཤིང་གསོལ་བ། རྒྱལ་པོ་ཉིད་རང་ཡང་རྒྱལ་པོ་ཆེན་པོ་དྷརྨ་ཨ་ཤོ་ཀ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆོད་པ་ཕུལ་ལ་གསོལ་བ་ཐོབ་ཅེས་ཞུས་པས། དེ་ལྟར་བྱས་པས་ལྷ་རྣམས་ཀྱིས་ལུང་བསྟན་ཏེ། ཨ་སུ་རའི་བྲག་ཕུག་ཏུ་སོང་ཞིག་ཅེས་ནམ་མཁའ་ལས་སྒྲ་བྱུང་སྟེ། དེར་རྒྱལ་པོ་ཛས་བྱོན་ཏེ་བཞུགས་པའི་དུས་སུ། མནལ་ལམ་དུ་མཚན་ལྟས་བདུན་ཤར་ཏེ། རྨི་ལམ་ནི་སྲོལ་ལ་བག་ཆགས་ཀྱི་རྨི་ལམ། ནམ་གུང་ལ་བདུད་ཀྱིས་བསྟན་པའི་རྨི་ལམ། ཐོ་རེངས་ལྷ་ཡིས་བསྟན་པའི་རྨི་ལམ་དང་གསུམ་ཡིན་པ་ལ། རྒྱལ་པོ་ད་ལ་ཐོ་རེངས་ཀྱི་དུས་སུ། དང་པོ་ལ་ནི་རིའི་རྩེ་མོ་རུ་ཕྱག་ན་རྡོ་རྗེ་བྱོན་ཏེ་སྐུ་ལས་འོད་ཟེར་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ཏེ་མི་སྣང་ངོ༌། །གསུང་རྔ་བོ་ཆེ་འབྲུག་སྟོང་ལྡིར་བའི་སྒྲས་སྒྲ་སྐད་གཞན་ཐམས་ཅད་མི་གྲགས་པལར་ཟིལ་གྱིས་གནོན། ཐུགས་ཀ་ནས་རྡོ་རྗེ་འོད་འབར་བ་ཞིག་བྱུང་ནས། རྒྱལ་པོ་ཛ་ཡི་སྤྱི་བོར་ཐིམ། ཉི་ཟླ་འོད་འབར་བ་ཞིག་བྱུང་ནས་ཞབས་མཐིལ་དུ་ཐིམ་ནས་སྣང་སྲིད་ཐམས་ཅད་ལྟོ་རུ་འཕྱོ་བ་ཞིག་རྨིས་སོ། །གཉིས་པ་ལ་ནི་དེ་བཞིན་གཤེགས་པ་རྣམས་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མཛད་ཅིང་ཉི་ཟླའི་སྟེང་དུ་སེང་གེ་ལ་བཞོན་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཞིག་བསྐོར་ཞིང་སྲིད་པ་གསུམ་གྱི་ཀ་ལོ་གྱེན་ལ་བསྒྱུར་བ་ཞིག་རྨིས་སོ། །གསུམ་པ་ལ་ནི་ནམ་མཁའ་ལ་སྤྲིན་གསེར་གྱི་མདོག་ཅན་ནི་འཐིབས། ཆོ་འཕྲུལ་གྱི་འབྲུག་སྒྲ་གདངས་སྙན་ལ་གོ་ཞིང་ཚེམས་པ་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་ན་བུན་ནི་འཐིབས། བཻཌཱུརྱ་སྔོན་པོའི་འོད་ནི་ས་ལ་བྱུང་བས་སྣང་སྲིད་གསལ། གློག་ནི་འཁྱུག རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དྲགྷ་པོ་ནི་བབས་པ་རྨིས་སོ། །བཞི་པ་ལ་ནི་འཇིག་རྟེན་པའི་སྣང་བ་ཐབས་ཅད་ནི་འགྱུར།  རིན་པོ་ཆེ་འབར་བའི་འོད་ནི་ཤར་བས་སྣང་སྲིད་ཀྱི་མུན་པ་ཐམས་ཅད་སེལ། བདུད་རྩི་སྨན་གྱི་ཆུ་རྒྱུན་གྱིས་སྐྱེ་འགྲོ་ཐམས་ཅད་ཀྱི་ནད་མ་ལུས་པར་བསལ་ཏེ། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཆེན་པོའི་སྒྲ་དི་རི་རི་སྒྲོག་པ་ཞིག་རྨིས་སོ། །ལྔ་པ་ལ་ནི་སྤྲིན་གྱི་གསེབ་ནས་ཉི་མའི་དཀྱིལ་འཁོར་ལས། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཟེར་ཤར་བ་དེའི་དཀྱིལ་ན་རིན་པོ་ཆེ་སྨུག་པོའི་དཔལ་བེའུ་མེ་འོད་དང་བཅས་པ་ཕྱི་ནང་ཐམས་ཅད་གསལ་བའི་ནང་ན། རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་ནན་དུ་བྲིས་པ་སྐར་མདའ་ཐང་ལ་ལྷུང་བ་ལྟར་རྒྱལ་པོ་ཛའི་ཁང་སྟེང་དུ་གྒས་བམ་པོ་ཏིའི་ཆར་བབས་པ་ཞིག་རྨིས་སོ། །དྲུག་པ་ལ་ནི་ཡངགླེགས་བམ་མང་པོ་དེ་རྣམས་ལ་བྱང་ཆུབ་སེམས་དཔལ་དང༌། རིག་པ་འཛིན་པ་དང༌།  ལྷ་མི་མང་པོས་གླེགས་བམ་དེ་དག་གི་ཡོན་ཏན་བརྗོད་ཅིང་བསྔགས་པ་བརྗོད་དོ། །ལ་ལ་ནི་ཆོས་འདོན། ལ་ལ་ནི་ཀློག ལ་ལ་ནི་ཤོད། ལ་ལ་ནི་སེམས། ལ་ལ་ནི་སྒོམ། ཕྱག་དང་སྐོར་བ་བྱེད་ཅིང༌། མཆོད་པ་བྱེད་པ་ཡང་རྨིས་སོ། །བདུན་པ་ལ་ནི་ནམ་མཁའི་སྤྲིན་གྱི་གསེབ་ནས་སྒྲ་བྱུང་སྟེ། ལས་དང་སྐལ་བར་རབ་ལྡན་ཞིང༌། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །དཔལ་འབྱོར་ལྡན་པའི་སྔོན་བསགས་ཅན། །བསོད་ནམས་ཆེན་པོའི་གྲ་མ་ཁྱེད། །དབང་པོས་ཇི་ལྟར་བསྟན་པ་བཞིན། །ད་ལྟ་དུས་འདིར་མངོན་ཤར་གྱིས།  །འཁོར་བའི་གཅོང་ནད་སྦྱང་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱེད་ལ་བསྟན་པར་བྱའོ། །ཞེས་པ་ལ་སོགས་པ་ལུང་བསྟན་པ་རྨིས་སོ། །དེ་ནས་མནལ་ཡང་སད། གུང་ཡང་ལངས་ནས་འདུག་པ་ལ། ཤིན་ཏུ་ཐུགས་སྤྲོ་ཞིང་ཉམས་ཀྱང་ཤིན་ཏུ་དགའ་དགྱེས་པ་དང་སྤྲོ་བའི་བསམ་པས་བཞེངས་སོ། །ན་བཟའ་གསོལ། སྐེ་རག་བཅིངས་ནས་ཕྱོགས་བཞིར་གུས་པས་ཕྱག་འཚལ་ཏེ། ལྟས་འདི་དང་སྦྱར་ན་དོན་ཆེན་པོ་ཞིག་འགྲུབ་ངེས་པས། དུས་ཕྱི་མ་མིན་པར་ཚེ་འདི་ཉིད་ལ་ཐོབ་པར་ཤོག་ཅིག ཅེས་གསུངས་ནས་འབངས་འཁོར་ཕྱི་ནང་ཐམས་ཅད་བསགས་ནས་ངའི་མཚན་མ་འདི་དང་སྦྱར་ན་དོན་བཟང་པོ་འགྲུབ་ངེས་པར་འདུག་པས། རི་འདིའི་རྩེ་མོར་འདེང་གསུངས་ཏེ། རྒྱལ་བློན་འཁོར་དང་བཅས་པ་རྣམས་ཀྱིས་ཁྲུས་བྱས།  གོས་གཙང་མ་གོན། རྒྱན་མཛེས་པ་རྣམས་བཏགས། ཟས་ངན་པལ་སྤངས་ནས་རྗེ་འབངས་རྣམས་རི་བོའི་རྩེ་མོར་བྱོན་པ་དང༌། རྒྱུ་རིན་པོ་ཆེ་ལས་གྲུབ་པའི་གསང་བའི་བདག་པོ་རྡོ་རྗེ་འཆང་སྐུ་ཁྲུ་གང་པ་འོད་དང་བཅས་པ་ཞིག་རྙེད་ནས་རབ་ཏུ་དགྱེས་ཏེ། ཐམས་ཅད་ཀྱིས་ཀྱང་ཕྱག་འཚལ། མཆོད་པ་ཕུལ། སྐོར་བ་བྱས་ནས། ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །ལས་འཕྲོས་འབྲེལ་བའི་ཡི་དམ་ཁྱེད། །བསྐལ་པ་བརྒྱར་ཡང་མི་སྤོང་ངོ༌། །ཨེ་མ་ཧོ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་འདི་བདག་གི་དཔལ། །མོས་པའི་ལྷག་པའི་ལྷ་རུ་འདིན། །ཞེས་ཡི་དམ་གྱི་ལྷར་དམ་དུ་བཅས་ནས་རི་འདི་སྒྲུབ་པའི་གནས་ཡིན་པས་བྲག་ཕུག་ཏུ་སྤྱན་དྲངས་ནས། དགུང་བདུན་དང་ཟླ་བ་དྲུག་ཏུ་གསོལ་བ་བཏབ་པས། རྨི་ལམ་དུ་བྱུང་བའི་གླེགས་བམ་རྣམས་ཕྱག་ཏུ་བྱུང་ངོ༌། །ལས་དང་ཐུགས་རྗེའི་འབྲེལ་བ་ཡི་པོ་ཏི་གླེགས་བམ་རྣམས་ལ་རབ་ཏུ་དགྱེས་པལའི་ཚུལ་གྱིས་བལྟས་པས་ཡི་གེ་འབྲུ་གཅིག་ཀྱང་མ་ཤེས་ཏེ། ཨེ་མ་སྔར་གྱི་ཚུལ་རྟགས་དང་སྦྱར་ན་གླེགས་བམ་འདི་རྣམས་ལ་དོན་ཆེན་པོ་ཞིག་ཡོད་པར་ངེས་ཏེ། བདག་གིས་ཀློག་མ་ཤེས་པ་ཅིས་ལན་སྙམ་སྟེ། སྤྱན་ཆབ་ཕྱུངས་ནས་སྣོད་དང་སྐལ་བར་ལྡན་པ་ཤེས་རབ་ཅན་སུ་ཡོད་བྱས་ཏེ། ཕྱོགས་ཀུན་ཏུ་དྲིས་ཤིང་བཙལ་བས། རྒྱལ་པོ་རང་གི་ཡབ་ཀྱི་སློབ་མ་ཟ་ཧོར་གྱི་རྒྱལ་པོ་ཨུ་པ་ར་ཛ་བྱ་བ་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང༌། དེ་བཤེས་གཉེན་ཆེའོ་ཞེས་གསན་པས། ལོ་རྒྱུས་རྣམས་ཞིབ་ཏུ་སྨོས་ནས་སྤྱན་དྲངས་པས། རྒྱལ་རིགས་གདུག་པ་ཆེ་བས་མ་ཤེས་ན་མི་རུང་སྙམ་ནས་མ་བྱོན་ཏེ། ལན་དུ་བདག་གི་འདིར་གླང་པོ་ཆེ་ལ་གདན་དྲོངས་ལ་སྐྱོལ་ཅིག་བརྟག་པར་བགྱིའོ་ཞེས་གསུངས་ནས། ཕོ་ཉ་བས་དེ་ལྟར་བཟླས་པས། བསྐྱལ་ཏེ་ཨུ་པ་ར་ཛས་གཟིགས་པས་ཚིག་འབྲུ་གཅིག་ཀྱང་བརྡ་མ་འཇལ་ནས་འདི་བདག་གི་སྤྱོད་ཡུལ་དུ་མ་གྱུར་གྱིས། རྒྱལ་པོ་ཉིད་ཀྱི་ཐུགས་ཀྱི་དགོངས་པས་དཔག་པར་ཞུ་ཞེས་སྤྲིངས་ནས་སླར་ཡང་བསྐྱལ་ལོ། །དེ་ནས་མཁྱེན་པ་སུ་ཆེ་དྲིས་པས། ལྷོ་ཕྱོགས་དཔལ་གྱི་རི་ཕུག་ན་ཡབ་ཀུ་ཀུའི་རྒྱལ་པོ། ཡུམ་སྐྱེས་སྐྲའི་ལ་བ་ཅན་གྱི་སྲས་དགེ་སློང་ཀུ་ཀུ་ར་ཛ་ཞེས་བྱ་བ་ཚེ་ལོ་སྟོང་ཐུབ་པ། སངས་རྒྱས་ཀྱིས་ལུང་བསྟན་པ། དེ་བཞིན་གཤེགས་པ་རིན་ཆེན་མང་གི་སྤྲུལ་པ། རིག་པའི་གནས་ལྔ་ཐམས་ཅད་མཁྱེན་པ་དེ། བཤེས་གཉེན་ཆེའོ་ཞེས་གསན་ནས། དེ་ནས་སྤྱན་དྲས་ནས་དེས་གཟིགས་ནས་བརྟགས་པས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུར་ཤེས་ནས། རྡོ་རྗེ་སེམས་དཔའ་སྒྲུབ་པར་རྟོགས་ཏེ། གསོལ་བ་བཏབ་པས་ཞལ་མཐོང་ནས། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པས། གནས་སྐབས་སུ་པོ་ཏི་དང་གླེགས་བམ་འདི་རྣམས་ཤེས་པ་དང༌། མཐར་ཐུག་ཏུ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་འཚལ་ལོ་ཞེས་གསོལ་བས། རིགས་ཀྱི་བུ་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱོང་དང་གསང་བའི་བདག་པོས་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དགའ་བ་དང་སྤྲོ་བ་བསམ་གྱིས་མི་ཁྱབ་པ་སྐྱེས་ཏེ། སེམས་རྩེ་གཅིག་ཏུ་བསྒྲུབས་པས། ས་ཡང་ཆེར་གཡོས་ཏེ། དེ་ནས་རྡོ་རྗེ་འཆང་མངོན་སུམ་དུ་བྱོན་ནས་ཞལ་མཐོང་བ་དེ་ཉིད་ཀྱི་ཚེ། ཕྱག་ན་རྡོ་རྗེས་བརྟུལ་ཞུགས་མཛད་དེ་རྡོ་རྗེ་ནམ་མཁའ་ལ་བསོར་ཞིང་གདུལ་བྱའི་སྣོད་ཀྱི་སྒྲིབ་པ་སྤྱངས་ནས། མདུན་གྱི་ནམ་མཁའ་ལ་སྤྲུལ་པའི་སྐུའི་དཀྱིལ་འཁོར་སསྣང་བར་མཛད་ནས། ཀུ་ཀུ་ར་ཛ་དང༌། རྒྱལ་པོ་ཛ་དང་བཅས་པ་ལ་དབང་བསྐུར་ནས། རྗེས་སུ་གནང་བ་བྱིན་པས་རྒྱུད་སདེ་ཀུན་མཁྱེན་པར་གྱུར་ཏོ། །དགེ་སློང་ཀུ་ཀུ་ར་ཛས་རྒྱུད་སྡེ་ཆེན་པོ་བཞི་དང༌། དྲུག་དང༌། བཅོ་བརྒྱད་དུ་ཕྱེ་ནས་རྒྱལ་པོ་ཛ་ལ་བཤད་དོ། །དེས་ཚོམ་བུ་འབུམ་དང་བཅས་ཏེ་ཚོགས་བསྒྲུབས་པས་དངོས་གྲུབ་རྣམ་གཉིས་བརྙེས་ནས། ཨ྄ིདྲ་ན་བོ་དྷི་ལ་སོགས་པ་སྨིན་པར་བྱས་ཏེ་ཚོམ་བུ་བརྒྱ་དང་བཅས་ཏེ་ཚོགས་བསྒྲུབས་པས། རིག་པ་འཛིན་པའི་ས་ཐོབ་ནས།  གདུལ་བྱ་སྐལ་ལྡན་རྣམས་སྨིན་པར་མཛད་དོ། །དེ་ནས་བློ་ལྡན་རྒྱལ་པོ་ཛ་ཡིས་འགྲོ་བ་སེམས་ཅན་སྐལ་པ་དང་ལྡན་ཀུན། ཡང་དག་པའི་ལམ་ཟབ་རྡོ་རྗེ་ཐེག་པ་ལ་འགོད་པའི་ཕྱིར། སངས་རྒྱས་ཀྱི་བཀའ་མདོ་རྒྱུད་རབ་འབྱམས་དྲི་མ་མེད་པ་རྣམས་གསུང་གི་རྟེན་དུ་པོ་ཏི་གླེགས་བམ་རྣམས་དཀར་ཤོག་ལ་བྲིས་ནས། རྒྱས་པར་མཛད་དོ། །ལོ་རྒྱུས་དེའི་དོན་ནི་འདི་ཡིན་ཏེ། ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། མ་ལ་ཡའི་རི་བོ་ལ། གསང་བའི་བདག་པོ་མངོན་པར་གཤེགས་ནས། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། །མི་ལས་སྐལ་ལྡན་འདུས་པ་ལ། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་པོ་རིག་ཅན་ལྟས་ཤར་པ། །འབྲེལ་བས་སྣང་ལ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་འགྲུབ། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་རུ་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང༌། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་ར་ཛ་ཨ྄ིདྲ་བོ་དྷི་དང༌། །སིང་ཧ་ཨུ་པ་ར་ཛ་དང༌། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་དངོས་གྲུབ་སྟེ། །རྡོ་རྗེ་འཆང་བར་སྔོན་དུ་གཤེགས། །དེ་ནས་རེ་ཞིག་ན་རྒྱལ་པོ་ཛ་མ་ག་དྷ་ན་བཞུགས་པའི་དུས་སུ་ཡབ་མེས་ཀྱི་ཡི་གེ་རྣམས་གཟིགས་པས། མེས་དྷར་མ་ཨ་ཤོ་ཀས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པར་ཞལ་གྱིས་བཞེས་པ་ལ། མཆོད་རྟེན་བྱེ་བ་བཞེངས་པ་གྲུབ་སྟེ། གསུང་གི་རྟེན་མ་གྲུབ་པས། དེའི་ཕྱག་རྗེས་ངས་གསོབ་པ། ཞེས་གསུངས་པས་འབངས་རྣམས་ཀྱི་རྷརྨ་ཨ་ཤོ་ཀས་ཞལ་གྱིས་ཅི་བཞེས་ཞུས་པས་དེ་ངས་བཤད་ཀྱིས་ཁྱེད་རྣམས་ཉོན་ཅིག་གསུངས་ནས། སྔོན་སྐྱེ་བ་སྔ་མ་ལ་མཉན་ཡོད་དུ་བྱིས་པར་གྱུར་པ་ན། སངས་རྒྱས་བཅོམ་ལྡན་འདས་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་གཉིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པའི་ཚེ་དེ་ན་ཚོང་པའི་རིགས་ཐ་ག་པ་མ་མད་གཉིས་ཡོད་པའི་བུས། བྱེ་མ་ལ་འབྲས་ཀྱི་བང་བའི་ཚུལ་དུ་བྱས་ཏེ་རྩེ་བ་ལ། སངས་རྒྱས་བྱོན་པ་ལ་བྱིས་པ་རྣམས་དད་ནས། བྱེ་མ་ཁྱོར་གང་ཕུལ་བ་དང༌། གཟུགས་ཀྱིས་མ་སླེབས་ཏེ། གྲོགས་གཉིས་སྒུར་བའི་སྟེང་དུ་འཛེགས་ཏེ། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་སྨད་པ་ལ་ཡར་གཏོར་བས། བྱེ་མ་ལྷུང་བཟེད་དུ་སོང་བ་དེ་མ་ཡིས་མཐོང་ནས། མ་ན་རེ་བུ་ལ། འཕགས་འདི་ལྟ་བུ་བྱོན་པ་ལ། ཁ་ཟས་ཀྱི་བསྙེན་བཀུར་མི་བྱེད་པར་རྡུལ་འཐོར་བ་ཟེར་ནས་བུ་ལ་ཐལ་ལྕག་བརྒྱབ་པས། དེ་ལ་བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། ཁྱེད་ཀྱི་བུས་ང་ལ་དད་གུས་ཀྱིས་བྱེ་འབྲས་ཕུལ་བས། བྱེ་མ་ཕུལ་བའི་གྲངས་དང་མཉམ་པའི་བདེ་བར་གཤེགས་པའི་སྐུ་གདུང་བཞེངས་པའི་ལས་བསགས་ཏེ། དེའི་འབྲས་བུ་ནི། མ་འོངས་པ་ན་འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོར་སྐྱེས་ནས། བྱིས་པ་རྩེ་རོགས་གཉིས་ཀྱང་བཅོམ་ལྡན་འདས་ལ་དད་པས་གནོད་སྦྱིན་གཉིས་སུ་གྱུར་ནས། རྒྱལ་པོ་དེ་ཡི་འཕོང་གྲོགས་བྱས་ནས་ཤིང་རྟ་བསྒྲུབས་ནས་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བརྩིགས་ཏེ། བཀའ་བསྡུ་བའི་བདག་རྐྱེན་ཡང་བྱེད་ལ། བླ་མཆོད་དགྲ་བཅོམ་པ་གནས་བརྟན་གྲགས་པས་གཙོ་བྱས་པ་དགྲ་བཅོམ་པ་ལྔ་བརྒྱ་འདེགས། སྐུ་གདུང་བྱེ་བ་བཞེངས་པར་འགྱུར་རོ། །གསུངས་ནས་ལུང་བསྟན་གནང་ངོ༌། །དེར་བྲམ་ཟེ་མོ་དེ་དགའ་ནས་བཅོམ་ལྡན་འདས་ལ་གསོལ་བ། བྱེ་མ་དེ་ལ་གྲངས་སུ་བདོག བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བྱེ་མའི་གྲངས་བྱེ་བ་ཡོད་དོ། ཀུན་དགའ་བོ་ཁྱོད་བྱེ་མ་འདི་ཆོས་གོས་ཀྱི་གྲར་ཐུམས་ལ་བྱིས་པ་བསོད་ནམས་འཕེལ་བའི་ཕྱིར་གཙང་ཁང་ལ་ཁྱོད་ཀྱིས་ཞལ་བ་གྱིས་ཤིག་ཅེས་བཀའ་བསྩལ་ཏེ་དེའི་ཤུལ་ན་ནཱ་ལེན་དྲ་ན་མཆོད་རྟེན་འདོམ་བཞི་ཙམ་པ་ཞིག་ལ་བཅོམ་ལྡན་འདས་ཀྱི་སྐུ་བཞུགས་པ་གཅིག་ཡོད་དོ། །ཕྱིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དྲུག་ཅུ་ན་གྲོང་ཁྱེར་ཤིང་ཐགས་ཅན་མ། རྒྱལ་པོ་ཤིང་རྟ་བཅུ་པ་ཞུགས་པའི་ཚེ། མ་ག་དྷ་ན་རིགས་འབྲེག་མཁན་བཟའ་ཚོ་གཉིས་ཀྱིས་ཚོང་པ་མང་པོའི་ཕྱིར་ཕྱིན་པས་ལམ་དུ་ཁྱོ་སྦྲུལ་གྱིས་བསད་པའི་པས་བུད་མེད་ཅིག་དེཤིང་ཐགས་ཅན་གྱི་རྫིང་ན་འདུག་པ་ན་རྒྱལ་པོ་སྐྱེད་ཆོས་ཚལ་དུ་གཤེགས་པས་གཟིགས་ནས་བུད་མེད་དེ་ལ་ཁྱེད་ཀྱིས་འབྲེག་པའི་བྱ་བ་ཤེས་ན། ངའི་སེན་མོ་བྲེགསཤིག་གསུངས་ནས་བུ་མོ་དེས་ཕྱག་སེན་བྲེགས་པས། ཤིན་ཏུ་བྲེགས་པ་མཁས་པས་རྒྱལ་པོའི་ཞལ་ནས། ཁྱེད་ཀྱིས་ངའི་སེན་མོ་འབྲེག་མཁན་གྱིས་ཤིག ཁྱེད་ཀྱི་འཚོ་བ་ངས་སྦྱོར་རོ་ཞེས་པ་དང༌། བུ་མོ་དེ་ཤིན་ཏུ་མཛེས་པས་དུས་ཕྱིས་རྒྱལ་པོའི་བཙུན་མོ་ཕྱི་མཚམས་མར་གྱུར་པས། འབངས་ཀུན་ན་རེ། རྒྱལ་པོའི་རིགས་ཁྱོད་ཀྱིས་བསླད་ཟེར་ནས་འཚེ་བར་བྱེད་པས། བུ་མོ་དེ་ཤིན་ཏུ་ཡིད་མི་བདེ་ཞིང་མྱ་ངན་ཆེ་བས།  དེ་ནས་རེ་ཞིག་ན།  བུ་མོ་དེ་ལ་ཡུལ་དབུས་སུ་གྲོང་ཁྱེར་མེ་ཏོག་རྒྱས་པར་རྒྱལ་བུ་ཞིག་བཙས་པས།  འཁོར་འབངས་ཀུན་ན་རེ།  ད་ནི་རྒྱལ་སྲས་ཡོད་པས་བཙུན་མོ་ཡིན་ཟེར་ཞིང་ཀུན་བྱམས་པར་གྱུར།  བུ་མོ་ཡི་སེམས་མ་བདེ་བ་ཞི་བས།  བུ་རྒྱལ་བུ་དེའི་མཚན་ཡང་མྱ་ངན་མེད་ཅེས་བྱའོ། །དེ་ནས་རེ་ཞིག་ན་ཡབ་རྒྱལ་པོ་ལ་འཆི་ལྟས་བྱུང་ནས་རྒྱལ་པོ་དེ་ལ་སྲས་བྲམ་ཟེ་མཚན་མཁན་ལ་མཚན་སྟོན་ལ། རྩིས་གྱིས་ཤིག་ཅེས་བཀའ་བསྒོ་བྱས་སོ། །དེར་རྒྱལ་བུ་ཆེ་ཤོས་ཀུན་བྲམ་ཟེའི་དྲུང་དུ་སོང་ངོ༌། །བུ་མོའི་བསམ་པ་ལ། ངའི་བུ་རྒྱལ་བུ་འདི་ཡིས་ནམ་ཀྱང་ཡང་ནི། རྒྱལ་སྲིད་མི་ཐོབ་སྙམ་ནས། འབྲེག་མཁན་མའི་བུ་བྲམ་ཟེའི་གམ་དུ་མ་ཕྱིན་པ་དང༌། གླང་རྫིས་གླང་བཏུལ་བས་གླང་པོ་ཆེ་བཟང་ཤོས་འདུག་ནས། མྱ་ངན་མེད་ཁྱེད་ཀྱིས་ཐོབ་ཟེར། བློན་པོ་ཆེ་བ་ཞིག་ན་རེ། བྲམ་ཟེས་མཚན་མ་ཤེས། རྒྱལ་སྲིད་སུས་ཐོབ་ངེས་པ་མེད་ཀྱིས། མྱ་ངན་མེད་ལ་ཁྱེད་རང་ཡང་སོང་དང་ཟེར་བ་དང༌། དེར་རྒྱལ་བུ་ཆུ་བ་འབྲེག་མཁན་མའི་བུ་མྱ་ངན་མེད་ཀྱིས་ཀྱང་ཕྱིན་པ་དང༌། བྲམ་ཟེས་མཚན་བལྟས་པས་བུ་ཆུང་བ་མྱ་ངན་མེད་ཀྱིས་རྒྱལ་སྲིད་འཛིན་པར་ཤེས་ནས་ནི། དེར་བྲམ་ཟེས་སྨྲས་ན། རྒྱལ་བུ་ཆེ་བ་རྣམས་ཀྱིས་དེ་ཉིད་དུ་ཕྲག་དོག་བྱེད་དུ་འོང་བར་འདུག་ནས་རྒྱལ་བུ་ཆུང་བ་གསོད་པར་འདུག་པས། བྲམ་ཟེས་ཁྱེད་རྒྱལ་སྲས་རྣམས་སྟན་ཆེས་བཟང་བར་འདུག་པ། ཟས་གོས་ཆེས་བཟང་བ་གཅིག་གིས་རྒྱལ་ས་འཛིན་ནོ། །ཞེས་སྨྲས་སོ། །ལུང་བསྟན་པ་དེར་རྒྱལ་བུ་ཆེ་བ་རྣམས་ན་རེ། སྟན་བཟང་པོ་ལ་འདུག་པ། ཟས་གོས་ཀྱི་མཆོག་ནི་ངའི་འདི་ཡིན་ཞེས་ཟེར་ཏེ་སོང་ངོ༌། །བུ་ཆུང་བས་ནི་འབྲས་ཆན་ཟོས། རས་རྙིང་པ་གོན། ས་གཞི་ལ་བསྡད་དོ། །དེར་བློན་པོ་གཅིག་གིས་ལྐོག་ཏུ་དྲིས་པས། བྲམ་ཟེ་ན་རེ། སྟན་མཆོག་ནི་ས་གཞི། གོས་མཆོག་ནི་རས་གོས། ཟས་མཆོག་ནི་འབྲས་ཆན་ནོ། །ཞེས་ཟེར་ནས། འབྲེག་མའི་བུ་ལ་ལུང་བསྟན་པར་རིག་གོ། །དེ་ནས་དུས་རིང་ཞིག་ན། ནུབ་ཕྱོགས་རྔ་སྒྲ་ཅན་གྱི་རྒྱལ་པོས། ཤིང་ཐགས་ཅན་གྱི་རྒྱལ་པོ་ལ་དམག་འདྲེན་དུ་བཏང་བ་ལ། དུས་བཏབ་ནས་རྒྱལ་བུ་མྱ་ངན་མེད་དེའི་དམག་དཔོན་དུ་བསྐོས་ཏེ་བཏང་བས།  ནུབ་ཕྱོགས་རྔ་སྒྲ་ཅན་གྱི་དམག་ཐམས་ཅད་བསད། དེའི་རྒྱལ་སྲིད་ཕྲོགས། རྒྱལ་ཁམས་ཐོབ་ནས་ཡབ་ལ་སྐྱེས་དང་སྟངས་མང་པོ་ཕུལ་ནས་བཅའ་མང་པོ་བསྐུར་ནས་བཏང་བས། ཕུ་བོ་རྣམས་ན་རེ།  རྒྱལ་ཁམས་དེ་ཤིན་ཏུ་བཟང་བས།  ངེད་འདོད་དོ་ཟེར་ནས་ཁོང་ཕུ་བོ་རྣམས་ཀྱིས་ཁྱེར་རོ། །མྱ་ངན་མེད་ཡབ་རྒྱལ་པོའི་དྲུང་ན་འདུག་པ་དང༌། ཡབ་རྒྱལ་པོ་གྲོངས་པར་ཤེས་ནས། ངའི་བུ་ཆེ་བ་རྣམས་ཁུག་ཅིག་རྒྱལ་སྲིད་གཏད་དོ་གསུངས་པས་བློན་པོ་ཆེན་པོ་ཞིག་གིས་རྒྱལ་བུ་མྱ་ངན་མེད་ལ་གཏོང་པར་ཞུས་པལས། ཡབ་རྒྱལ་པོ་ན་རེ། ང་ལ་ཆེན་མའི་བུ་བཟང་པོ་རྣམས་ཡོད་བཞིན་དུ། བྲན་མོའི་བུ་ལ་རྒྱལ་སྲིད་གཏོད་ཟེར་རམ་ཟེར་ཏེ། རིན་པོ་ཆེའི་པྲོག་ཞུ་དང༌། བུམ་པ་པུས་མོའི་འོག་ཏུ་སྦས་ཏེ། དེ་ནས་བློན་པོ་ཆེ་བ་ཞིག་གིས་ཞུས་པ། རྒྱལ་པོ་ཆེན་པོ། རྒྱལ་བུ་གཞན་རྣམས་ནི། ས་ཐག་རིང་པོར་སོང༌། འདིར་རེ་ཞིག་མི་སླེབས། རྒྱལ་པོ་ནི་འགྲོགས་པས། ད་བུ་ཆུང་བ་འདི་ལ་རྒྱལ་བུ་གཞན་རྣམས་མ་སླེབས་ཀྱི་བར་ལ་དབང་བསྐུར་བར་ཞུ། བྲམ་ཟེ་མཚན་མཁན་གྱིས་མཚན་བརྟག་པ་ཡང་འདི་ཡིན་ཞེས་གསོལ་ཏེ། གཞན་རྣམས་ཡོང་བ་དང༌། གང་ཆེ་བ་ཞིག་ལ་དབང་བསྐུར་རོ། ཞེས་ཞུས་པས། དེར་ཡབ་རྒྱལ་པོས་མྱ་ངན་མེད་ལ་རིན་པོ་ཆེའི་པྲོག་ཞུ་བསྐོན་ཏེ་བུམ་པ་གཏད་ནས་དབང་བསྐུར་རོ། །དེར་ཡབ་རྒྱལ་པོ་སྐུ་འདས་སོ། །དེ་ནས་མྱ་ངན་མེད་ལ་རྒྱལ་སྲིད་ཕུལ་བས། ང་རྒྱལ་པོ་ཡང་དག་ན། རིན་པོ་ཆེའི་ཁྲི་དང༌། བང་མཛོད་དང༌། འདོད་ཡོན་ཐམས་ཅད་ལྷུན་གྲུབ་ཏུ་རང་བཞིན་གྱིས་ཤོག་ཅིག་བྱས་པས། དེ་རྣམས་ཡིད་བཞིན་དུ་བྱུང༌། དེའི་ཕུ་བོ་རྣམས་ཀྱིས་གཏམ་དེ་ཐོས་པས། ཕའི་སྲིད་དེ་ངེད་ཕུ་བོ་ལ་དབང་བསྐུར་བར་དབང་བས། རྒྱལ་སྲིད་ངེད་རང་འདོད་ཟེར་ནས་དམག་ཆེན་པོ་དྲངས་བྱུང་བ་ལས། དེར་འཐབས་པས་རྒྱལ་བུ་ཕུ་བོ་རྣམས་ཕམ་སྟེ། དེ་ཐམས་ཅད་མྱ་ངན་མེད་ཀྱིས་བསད་པས། དེ་ནས་མིའི་ཡུལ་དུ་རིགས་དྲུག་གི་ཚུལ་དུ་རྒྱལ་པོའི་རྒྱལ་སྲིད་བསྐྱངས་སོ། །དེ་ཡང་ལྷའི་ལོངས་སྤྱོད་དང༌། མིའི་བསོད་ནམས་དང༌། ལྷ་མ་ཡིན་གྱི་འཐབ་རྩོད་དང༌། དུད་འགྲོའི་བཀོལ་སྤྱོད་དང༌། ཡི་དྭགས་ཀྱི་བཀྲེས་སྐོམ་དང༌། དམྱལ་བའི་ཚ་གྲང་དང༌། བཅད་བཏུབས་ལ་སོགས་པ་ལ་འཁོར་འབངས་རིགས་རྣམས་སྦྱར་ཏེ་སྡིག་སྤྱོད་ཆེན་པོར་གྱུར་ཏོ། །རྒྱལ་བུ་མྱ་ངན་མེད་ཀྱིས། འཛམ་བུའི་གླིང་ཕལ་ཆེར་ལ་མངའ་མཛད་དེ། མིང་ཡང་ཅིན་དན་ཨ་ཤོ་ཀ་ཞེས་སུ་གྲགས་སོ། །ང་ནི་སྡིག་ཅན་མྱ་ངན་མེད་ཅེས་བྱ་བ་ཡིན་ནོ། །གཤེད་མ་ཚོལ་ཅིག རྙེད་པ་དེ་ལ་བྱ་དགའ་སྦྱིན་ནོ་ཞེས་པས། བློན་པོ་ཟིག་གིས་རྒྱལ་པོའི་ཁབ་ཏུ་ཕྱིན་པས། བཙོ་བླག་མའི་བུ་ཞིག་གིས། སྦྲང་མ་བསད་པའི་རོ་ལུད་ཕུང་ཙམ་བྱ་ཏེ། ད་རུང་གསོད་པར་མཐོང་ནས་བློན་པོས་བྱིས་པ་དེ་ལ་ཁྱེད་དེ་ཙམ་གྱི་སྲོག་ཆགས་གསོད་པ། སྡིག་ལ་མི་འཛེམ་པ་ཞེས་སྨྲས་པས། བུ་དེ་ན་རེ། ང་ནི་མེ་ཚེར་གསོད་པ་ལ་རྩི། གསོད་པ་འདི་ག་བྲོད་དེ་བསད་ཟེར། བློན་པོའི་བསམ་པ་ལ།  དེ་ལ་གཤེད་མ་བཏུབ་པོ་སྙམ་ནས། ཁྱེད་དེ་ཙམ་དུ་སྲོག་གཅོད་པ་ལ་བྲོད་ན་རྒྱལ་པོའི་ཁྲིམས་གཅོད་པའི་གཤེད་མར་བསྐོས་ན་ནུས་སམ་ཞེས་སྨྲས་པས།  དེ་ནི་ཐོས་ན་ཤིན་ཏུ་ཡང་དགའོ་ཟེར་ནས།  དེར་དེ་ཁྲིད་ནས་རྒྱལ་པོ་མྱ་ངན་མེད་ལ་ཕུལ་ལོ། །དེ་ལ་ཁང་པ་ཆེན་པོ་ཞིག་བརྩིགས་བྱས་ཏེ། འདིར་བྱུང་བ་ཐམས་ཅད་ལ་སྔ་རིམ་ནས་གསོད་ལུགས་མི་འདྲ་བ་རེས་སོས་ཅིག་ཅེས་བསྒོའོ། །བྱིས་པ་དེས་ཀྱང་རྒྱལ་པོས་ཇི་ལྟར་བསྒོས་པ་བཞིན་དུ་བསད་དོ། །དེའི་དུས་ན་ཡུལ་དབུས་ཀྱི་ཤར་ཕྱོགས་ནས་ཚོང་པ་མང་པོས་རིན་པོ་ཆེ་སྣ་ཚོགས་ལེན་དུ་ཕྱིན་པ་ཞིག་ཕ་མ་ལམ་དུ་ཤི་བའི་བུ་ཞིག་ལུས་པས། གྲོང་ཁྱེར་ཤིང་ཐགས་ཅན་བྱ་བའི་ཀུན་དགའ་ར་བར་ཡོང་ནས།  སྒོའི་ཐེམ་པ་ལ་མགོ་གཏད་ནས་ངུ་འདུག་པས། དགེ་སྦྱོང་ཞིག་དང་ཕྲད་པས། དེས་དེ་ལ་བུ་ཅི་ལ་ངུ་ཞེས་དྲིས་པས་གཏམ་བརྗོད་དེ། བདག་ལ་ནི་ཟ་རྒྱུ་མེད་དོ། ཞེས་པས། འོ་ན་ཁྱོད་རང་རབ་ཏུ་བྱུང་མོད་ཅེས་པས། ཁྱེད་ལ་འདྲེན་པ་ཞུ། ཞེས་པས། འདི་ན་གནས་བརྟན་གྲགས་པ་བྱ་བ་བཞུགས་པས་དེ་ལ་ཞུ་བར་བྱའོ། །ཞེས་སྨྲས་ནས་གནས་བརྟན་ལ་ཞུས་པས་གནང་ནས། རབ་ཏུ་བྱུང་སྟེ། དགེ་ཚུལ་གྱི་སྡོམ་པ་ཕོག་ནས་བསོད་སྙོམས་ལ་བཏང་ངོ༌། །དེས་ནུབ་ཕྱོགས་རྒྱལ་པོ་ཨ་ཤོ་ཀའི་ཕོ་བྲང་དུ་མ་བརྟགས་པར། བཙུན་པ་སོ་མ་དེས་ཁང་པའི་སྒོར་ཕྱིན་པས། ཁྱིམ་བདག་གཤེད་མ་དེས་བཟུང་ནས་ཁྱོད་གསོད་ཟེར། དེས་ང་ཅི་ལ་གསོད་བྱས་པས། རྒྱལ་པོས་གཤེད་མར་བསྐོས་པ་ཡིན་པས། འདིར་སུ་བྱུང་གསོད་པོའོ་ཟེར། དེ་ལ་མ་དགའ་སྟེ། ང་བཙུན་པ་གསར་པ་ཡིན་པས། ཆོས་ལ་ཉམས་ལེན་བྱ་ལོང་མེད་དེ་མ་བྱས་སོ་བྱས་པས། འོ་ན་ཞག་བདུན་མི་གསོད་དེ་ནས་རང་འཆི་བར་འགྱུར་བས། ཞག་བདུན་ཆོས་གྱིས་ཤིག་ཟེར་བས། དེ་ནས་ཞག་རེ་ལོན་གྱིན་དང༌། གསོད་ལུགས་འདི་འདྲ་བྱེད་དོ་ཟེར་དེ་བྲེད་པས་ཆོས་ཀྱི་ཉམས་ལེན་མ་བྱུང་ངོ༌། །ཞག་དྲུག་ལོན་པ་དང༌། རྒྱལ་པོའི་བུ་དང་བཙུན་མོ་དམ་པ་ཞིག་བྱི་ཤོར་བས་བཙུན་མོ་དེ་ལ་ཆད་པ་ཕོག་སྟེ་གཤེད་མ་ལ་གཏད་ནས་ཁང་པར་བྱུང་བས་ལྷའི་བུ་མོ་འདྲ་བ་རྒྱན་ཐམས་ཅད་ཀྱིས་མཛེས་པར་བྱས་དེ་མཐོང༌། དེར་བཙུན་མོ་དེ་བསད་ནས་ཤ་དུམ་རེ་དང༌། རྒྱན་སྣ་རེ་བཀྲམ་པས་ཤ་ཁྲག་ལྤགས་པ་རྒྱུ་ལྟོ་ལ་སོགས་པ་རྣམས་ཤིན་ཏུ་བཙོག་པར་མཐོང་ནས་སྐྱུགས་ལོག་སྟེ་འདི་སྙམ་དུ། རྒྱལ་པོའི་བཙུན་མོ་ལུས་མཛེས་ཤིང་ཡིད་དུ་འོང་བ་ཆགས་པ་སྐྱེ་བའི་གནས་སུ་གྱུར་པ་ཡང༌། འདི་ལྟ་བུར་མི་གཙང་ཞིང་རུལ་བས་ན། བདག་གི་ལུས་ཀྱང་འདི་ལྟ་བུ་ཡིན་སྙམ་ནས། མི་རྟག་པའི་འདུ་ཤེས་དང༌། མི་གཙང་བའི་འདུ་ཤེས་མངོན་དུ་གྱུར་ནས། དགེ་ཚུལ་དེ་འཁོར་བར་སྐྱོ་བ་དྲག་པོ་སྐྱེས་ཏེ། སེམས་ཟག་པ་ལས་རྣམ་པར་གྲོལ་ནས། དེ་ཉིད་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། དེ་ནས་སང་ནངས་པར་གཤེད་མ་དེས་ཞག་བདུན་ཐེམ་པར་གྱུར་པ་དང༌། ཁྱོད་གསོད་བྱས་པས། དགེ་ཚུལ་གྱིས་ཁྱོད་ཇི་ལྟར་འདོད་པ་བཞིན་ནོ། །བྱས་པས་དེ་ཟངས་ཁ་སྦྱར་དུ་འབྲུའི་ཉུང་མར་གྱིས་བཀང་ནས་བཅུག་སྟེ། དེ་ལ་མེ་བུས་ནས་ཉིན་ཞག་གཅིག་ནས་ཟངས་དེ་དམར་ལྷང་ངེར་སོང་བས། ཕྱི་དྲོ་ཟངས་ཁ་ཕྱེ་སྟེ་བལྟས་པས་དགེ་ཚུལ་གསར་བུ་དེ་མེས་མ་ཚིག་པར་པད་མའི་སྟེང་ན། ཟིལ་པ་ཕྲོམ་མེ་འདུག་པས། གཤེད་མ་དེ་ན་རེ། ཁྱོད་ལྷའམ་འོན་ཏེ་ཀླུ་ཞིག་ཡིན་ཞེས་པས། དེས་སྨྲས་པ། བདག་ནི་དགེ་ཚུལ་གསར་བུ་ཞིག་ཡིན། གཞན་ནི་མ་ཡིན་ནོ། །ཞེས་པ་དང་དེ་རྒྱལ་པོའི་སྙན་དུ་གསོལ་བ་དང༌། ངོ་མཚར་ཏེ་ཁང་པ་དེར་ལྟར་བྱོན་པ་དང༌། གཤེད་མ་དེ་ན་རེ། རྒྱལ་པོའི་ལམ་སེལ་བ་ལ་ཁྱོད་གསོད་ཟེར་བ་དང༌། དེས་ཅི་ལ་གསོད་ཅེས་པས་ཁང་པ་འདིར་བྱུང་བ་སྔ་རིམ་གསོད་པར་རྒྱལ་པོས་བཀའ་བསྒོས་ཟེར། ང་བས་ཁྱོད་འདིར་ཡོང་བ་སྔ་བའི་ཕྱིར་ཟེར་རོ། །དེས་ཤགས་མ་ཐུབ་ནས་གཤེད་མའི་ལུས་ལ་རྒྱ་སྐྱེགས་ཀྱི་འདག་པས་གཡོགས་ཏེ་འོག་ནས་མེ་སྤར་བས་དེ་འཁུན་ཅིང༌། ངས་གྲངས་མེད་པ་ཞིག་བསད་དེ། འདི་ལྟ་བུའི་གསོད་ལུགས་མ་ཤེས་སོ། །ཞེས་ཟེར་རོ། །དེར་རྒྱལ་པོ་ངོ་མཚར་སྐྱེས་ནས། བཙུན་པ་ཁྱེད་མེས་ཀྱང་མ་ཚིག་པ་དེ་ཅི་ཡིན་གསུངས་པས། ང་དགྲ་བཅོམ་པ་ཐོབ་པས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྤངས་ཏེ། དེ་ཡང་ཞག་བདུན་བསྒོམས་པས་ཐོབ་པོ་ཞེས་ལོ་རྒྱུས་ཞིབ་ཏུ་གསོལ་བས། རྒྱལ་པོ་རྗེས་སུ་ཡི་རངས་ནས། རྒྱལ་པོས་སྨྲས་པ། འོ་ན་ངས་དུས་རིང་པོར་སྡིག་པ་མང་པོ་དཔག་ཏུ་མེད་པ་བསགས་པ་དེའི་རྣམ་སྨིན་ཟད་མི་ཤེས་པར་འགྱུར་བས། དེའི་སྡིག་སྒྲིབ་ཁྱེད་ཀྱིས་སྦྱང་དུ་གསོལ་ཞེས་གསུངས་པས། བདག་གསར་བུ་དགེ་ཚུལ་བ་ཡིན་པས་ཅི་ཡང་མི་ཤེས། འོ་ན་ཇི་ལྟར་བྱ་ཞེས་པ་དང༌། ངའི་མཁན་པོ་གནས་བརྟན་གྲགས་པ་རྒྱལ་མཚན་བྱ་བ་སྡེ་སྣོད་གསུམ་ལ་མཁས་པ་ཞིག་ཤར་ཕྱོགས་བྱ་གག་གི་ཀུན་དགའ་ར་བ་རུ་བཞུགས་པས། དེ་ལ་ཞུ་བར་བྱའོ་ཟེར་ནས། དེས་དེ་ཉིད་དུ་ཆོ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེའི་ཤུལ་ན་དེའི་གདུང་དང་རིང་བསྲེལ་ལ་བཞེངས་པའི་མཆོད་རྟེན་ཞིག་ཀྱང་ད་ལྟ་ཡོད་དོ། །རྒྱལ་པོ་དེའི་གྲོང་ཁྱེར་ནི་རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས་དཔག་ཚད་ལྔ་བཅུ་ཙམ་གྱི་ས། ཆུ་བོ་གང་གཱའི་འགྲམ་ན་ཡོད་དེ། དེར་རྒྱལ་པོ་དེ་སྡིག་པ་བཤགས་པར་འདོད་ནས། དེ་མ་ཐག་ཏུ་ཕོ་ཉ་བཏང་སྟེ། ཞུ་བའི་ཕྲིན་འདི་སྐད་དུ། རྒྱལ་པོ་ངས་སྡིག་པ་རྔམས་པོ་ཆེ་འདི་ཙམ་བྱས་པས། དེ་ལ་གནས་བརྟན་ཁྱེད་ཀྱི་སྤྱན་སྔར་བདག་བཤགས་པར་འཚལ་བས། ཁྱེད་འདིར་འབྱོན་པར་གནང་ངམ། བདག་གནས་བརྟན་ཁྱེད་ཀྱི་དྲུང་དུ་འོང་གི་ཞུ་བ་བསྐུར་བས། གནས་བརྟན་གྱི་ཐུགས་དགོངས་ལ། རྒྱལ་པོ་འདིར་བྱོན་ན་ཡུལ་ཁམས་མང་པོ་ལ་གནོད་པ་ཡོང་བར་དགོངས་ནས། བདག་ངོས་དེར་རྒྱལ་པོའི་སྤྱན་སྔར་མཆིའོ་ཞེས་པ་བྱུང་བས། དེར་གནས་བརྟན་འཁོར་དང་བཅས་པ་བྱོན་པ་དང༌། རྒྱལ་པོས་ཞུས་པ། བདག་ལ་སྡིག་པ་མང་པོ་བྱས་ཏེ་བསད་པས་དམྱལ་བར་སྐྱེས་ཏེ། དེ་ལ་སྟོབས་བཞིའི་སྒོ་ནས་བཤགས་དགོས་ཏེ། དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་སྐུ་གདུང་གིས་བརྒྱན་པའི་མཆོད་རྟེན་གྲངས་བྱེ་བ་ཞིག་བཞེངས་ན། རྒྱལ་པོ་ཁྱོད་ཀྱི་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ་གསུངས་སོ། །ཐབས་ཀྱི་ཆོ་འཕྲུལ་གྱི་མདོ་ལས། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ན། རྒྱལ་པོ་མ་སྐྱེས་དགྲའི་རིང་བསྲེལ་གྱི་སྐལ་བ་དང༌། མདོ་སྡེའི་རྒྱལ་པོ་འདི་མཆོད་རྟེན་གྱི་ནང་དུ་འཇོག་སྟེ། ལོ་བརྒྱར་བྱིན་རླབས་ཀྱི་མར་མེ་དང་བཅས། སྤོས་དང་བཅས། ལོ་བརྒྱ་ན། དགེ་སློང་དབང་པོ་སྡེ་ཞེས་བྱ་བས། གཟའ་དང་སྐར་མ་བཟང་བ་ཞིག་ལ་མཆོད་རྟེན་ཆེན་པོ་ཞིག་བྱས་ནས། རྒྱལ་པོ་མྱ་ངན་མེད་པ་ལ་གཏོད་པར་འགྱུར་རོ། །ཞེས་ལུང་བསྟན་པ་གསུངས་པས། དེ་ནས་རྒྱལ་པོ་མྱ་ངན་མེད་པ། རྒྱལ་པོའི་ཁབ་འོད་མའི་ཙལ་གྱི་ལྕགས་རིའི་ནང་ན། རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་རྒྱལ་པོ་མ་སྐྱེས་དགྲའི་རིང་བསྲེལ་གྱི་སྐལ་བ། དེ་བཞིན་གཤེགས་པའི་གདུང་རིང་བསྲེལ། ཡུལ་མ་ཧ་དྷ་པའི་བྲེའི་ཁལ་གཅགི་སྦས་ནས་ཡོད་པས།  དེ་ཁ་ཕྱེ་ལ་མཆོད་རྟེན་རིང་བསྲེལ་རིང་བསྲེལ་ཅན་བྱ་སྙམ་ནས་འབྲུ་བར་བརྩམས་ཏེ་ཁ་ཕྱེ་བས། དེར་མཚོན་ཆའི་འཁོར་ལོ་བྱུང་སྟེ།  འཁོར་ལོ་དེ་འཁོར་བ་རྒྱུན་མ་ཆད་པར་འདུག་གོ། །དེ་འབྱིན་པའི་ཐབས་མེད་ལཔ་ལས། རྒན་མོ་གཅིག་ན་རེ། གང་གཱའི་ཆུ་འདིར་དྲངས་ནས་ཡོད་ཟེར་བ་ཐོས་ནས། དེར་ཆུ་རྒྱུད་བཙལ་བས་ཆུ་མགོ་རྙཻད་དེ། ཆུ་བཅད་པས་རལ་གྲིའི་འཁོར་ལོ་འཁོར་བ་དེ་རྒྱུན་ཆད་པལར་གྱུར་ཏོ། །དེ་ནས་མཆོད་རྟེན་ནས་གདུང་ལེན་པའི་སྐབས་སུ་ཟངས་ལེབ་ཅིག་ལ་ཡི་གེ་བྲིས་པ་བྱུང་སྟེ། འདི་སྐད་དུ། མ་འོངས་པའི་དུས་སུ། རྒྱལ་པོ་དབུལ་པོ་གཅིག་གིས་འདི་རྙེད་པར་འགྱུར་རོ། །བྱ་བའི་ཁ་བྱང་འདུག་ནས། དེ་ལ་རྒྱལ་པོ་མ་རང་སྟེ། ཁོང་ཁྲོ་སྐྱེས་ནས་འདི་སྐད་དོ། །ང་ལྟ་བུའི་རྒྱལ་སྲིད་དཔལ་འབྱོར་ཅན་ལ་དབུལ་པོ་ཟེར་བ་འདི་བརྙས་པས། ད་ནི་གུདང་ཡང་མི་འཚོལ་ལོ། །ཞེས་པ་ལ་གནས་བརྟན་དང་བློན་པོ་རྣམས་ཀྱིས་གདུང་འཚོལ་བ་ལ།  ང་རྒྱལ་མི་རུང་བྱས་ཏེ་བཙལ་བས་རིན་པོ་ཆེའི་སྒྲོམ་བུ་ཞིག་ན་བཞུགས་འདུག དེའི་ནང་ན་ནོར་བུ་རིན་པོ་ཆེ་བཞི་ཕྱོགས་བཞིར་བཞག་པས་སྒྲོན་མེའི་བྱ་བ་བྱེད་པར་འདུག་ན། དེ་པ་་་་རེ་རེ་ལ་ཡང་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་རྒྱལ་སྲིད་རི་བ་བྱུང་བས་དེར་རྒྱལ་པོའི་ང་རྒྱལ་ཆག་གོ། །དེ་ནས་གདུང་མ་ག་དྷའི་བྲེ་ཆེ་བ་བཞི་སྤྱན་དྲངས་ཏེ། དེ་ཡང་བྲེ་ཆུང་བའི་ཁལ་གཅིག་ཡོད་དེ། དེ་མིན་གདུང་སྔ་མ་བཞིན་སྦས་ཏེ། རལ་གྲིའི་ཆུ་འཁོར་ཡང་སྔར་བཞིན་འཁོར་བར་བྱས་སོ། །ད་ལྟ་ཡང༌། མཆོད་རྟེན་དཔངས་སུ་འདོམ་བཞི་བཅུ་ཙམ་པ་སོ་ཕག་ལ་བྱས་པ་ཤིན་ཏུ་ལེགས་པ་ཞིག་ཡོད་དོ། །དེ་ལ་མཆོད་པ་དང་སྐོར་བ་བྱེད་པ་རྒྱུན་མི་འཆད་པ་འོང་ངོ༌། །དེ་ནས་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ལ་གནས་བརྟན་གྱི་ཞལ་ནས། དོ་ནུབ་རང་ལ་མཆོད་རྟེན་གྲངས་བྱེ་བ་བཞེངས་དགོས་གསུངས་པས། རྒྱལ་པོས་ནུབ་གཅིག་ལ་དེ་ཙམ་བཞེངས་མི་ནུས་ཞུས་པས། རྒྱལ་པོ་ཁྱོད་སངས་རྒྱས་ཀྱིས་བཀའ་གནང་བའི་རྒྱལ་པོ་ཡིན་པས། ལྷ་མ་སྲིན་སྡེ་བརྒྱད་ལ་བཀའ་བསྒོ་བྱས་པས་འགྲུབ་པར་འགྱུར་རོ། །ཞེས་གསུངས་པས། དེར་རྒྱལ་པོས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ། མཧཱ་བྷོ་དྷི་ལ་མཆོད་པ་ཆེན་པོ་ཕུལ་ནས། རྒྱལ་པོས་འདི་སྐད་དུ། ང་དེ་བཞིན་གཤེགས་པས་ལུང་བསྟན་པའི་རྒྱལ་པོ་ཞིག་ཡིན་ན། བསྟན་པ་ལ་དགའ་བའི་བཤེས་གཉེན་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་གྲོགས་གྱིས་ཤིག་ཅེས་དམོད་བོར་བས་དེ་མ་ཐག་ཏུ་དེ་བཞིན་གཤེགས་པའི་དགེ་བསྙེན་ལྷ་སྲིན་སྡེ་བརྒྱད་ཚོགས་ནས། རྒྱལ་པོས་ཇི་ལྟར་བསྒོས་པ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་ཁས་བླངས་སོ། །ནུབ་དང་པོ་ལ་ཁྱད་པར་དུ་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་གི་མདུན་དུ། མཧཱ་བྷོ་དྷིའི་སྟེང་དུ་འདོམ་སུམ་ཅུ་ཙམ་ཡོད་པའི་རྒྱུ་སོ་ཕག་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་བཟོ་ཁྱད་པར་འཕགས་པ་དེ་འདྲ་བ་གཞན་རྒྱ་གར་ན་ཡང་ཡེ་མེད་པ་སྟེ།  བརྩེགས་མ་བདུན་ཡོད་པའི་ནང་ན་སངས་རྒྱས་ཀྱི་གདུང་བྲེ་གང་བཞུགས་ཏེ། དེའི་སྟེང་ན་གསེར་གྱི་མཆོད་རྟེན་འདོམ་གང་བ་བཞུགས་སོ། །གན་དྷོ་ལ་བརྩེགས་མ་གཉིས་ཀྱི་འོག་མའི་ནང་ན། སངས་རྒྱས་ཀྱི་སྐུ་ཙན་དན་སྦྲུལ་གྱིས་སྣིང་པོ་ལ་བཟོ་བོའི་རྒྱལ་པོ་བི་ཤྭ་ཀརྨས་བྱས་པ། མེས་ཆེན་པོ་སེང་གེ་འགྲམ་གྱི་སྐུ་ཚད་དང་མཉམ་པའི་ཞལ་གྱི་དཀྱིལ་འཁོར་ལ་བརྐྱངས་ཁྲུ་གང་དང་ཕྱག་མཉམ་བཞག ཞབས་སྐྱིལ་ཀྲུང་བྱས་པལ་ཞིག་བཞུགས་སོ། །དེའི་སྒོ་ཁང་ཟུར་བཞི་ན་གན་དྷོ་ལ་འདོམ་གསུམ་ཙམ་པ་བཞུགས་སོ། །དབུས་ཀྱི་གཙང་ཁང་གི་གན་དྷོ་ལ་སྒོ་གསུམ་རིམ་པར་ཡོད། ནང་མ་ལ་སྒོ་གཅོད་མེད་ལཔར་སྒོའི་གཡས་གཡོན་གཉིས་ན་བྱམས་པ་དང༌། སྤྱན་རས་གཟིགས་ཀྱི་སྐུ་རེ་བཞུགས་པ་བཞེངས་སོ། །ནུབ་གཉིས་པ་ལ་གནས་ཆེན་བརྒྱད་དུ་དྷརྨ་ར་ཛ་ཀ་ཞེས་པའི་མཆོད་རྟེན་རིང་བསྲེལ་ཅན་བརྒྱད་བཞེངས་སོ། །ནུབ་གསུམ་པ་ལ་འཛམ་བུའི་གླིང་དུ་ཐུབ་པས་ཞབས་ཀྱིས་མ་བཅགས་པའི་ས་ཕྱོགས་སུའང༌། དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་སོ། །དེ་ན་རྟེན་ཇི་ལྟར་བཞུགས་པ་ནི། དེའི་ཕྱིའི་སྒོ་མོ་ཆེའི་རྒྱབ་ན་བྱང་ཆུབ་ཆེན་པོའི་ལྡེར་ཚོ་ཞལ་ལ་མཐོ་རེ་ལྷག་པ་ཡོད་པ་གཉིས་ཞལ་ལྷོ་བྱང་དུ་བསྟན་པ་གཞུགས། དེ་ནི་སྔོན་ཇོ་བོ་ཤཱཀྱ་མུ་ནི་བཞུགས་ས་ཡིན་སྐད། དེ་ནས་ཁྱམས་ཕྲག་པ་ཅན་ན། རྡོའི་སྐུ་བརྒྱད། གནས་བརྒྱད་དང༌། སྒྲོལ་མ་དང༌། འཇམ་དཔལ་དང༌། སེང་གེ་སྒྲ་དང༌། བྱམས་པ་དང༌། སངས་རྒྱས་ཀྱི་སྐུ་བཞེངས་པ་གཡས་གཡོན་ན་མང་དུ་བཞུགས་སོ། །ཁྱམས་ཀྱི་རྒྱབ་ལྷ་ཕྱོགས་ཁུག་ན། དྷརྨ་ཨ་ཤྭ་ཀས་སྔོན་ཚོང་དཔོན་གྱི་བུར་སྐྱེས་པའི་དུས་ན། བྱེ་མ་ཕུལ་བའི་ལུང་བསྟན་པའི་ས་ན།  ལྷ་ཁང་གཅིག་བཅོམ་ལྡན་འདས་ཀྱི་བཞེངས་སྐུ་ལྷུང་བཟེད་ཐོགས་པ་མི་ལངས་པ་ཙམ་ཞིག་དང༌། མས་བུ་ལ་རྡེག་པའི་ཚུལ་བྱས་པ་ཡོད་དོ། ནུབ་ཕྱོགས་ན་བདུད་འདུལ་བྱང་ཆུབ་ཆེན་པོ། ཞལ་བཅག་ཁྲུ་གང་ཡོད་པ། ཞལ་ནུབ་ཏུ་བསྟན་པ། བདུད་ཀྱི་དམག་འཇིགས་སུ་རུང་བ་དཔག་ཏུ་མེད་པ་ལྡེར་ཚོར་བྱས་པ་བདུད་ཀྱི་རྒྱལ་པོ་ཁྱེ་ཏྲ་པ་ལ་དང༌། ཧུ་ཏྲ་པ་ལ་གཉིས་ཆེ་ཚད་འདོམ་དོ་ཡོད་པ་འཇིགས་སུ་རུང་བ་དང༌། སའི་ལྷ་མོ་བསྟན་མས་བཅོམ་ལྡན་འདས་ཀྱི་དཔང་པོ་བྱས་པ་ལ་སོགས་པ་བཞུགས་སོ། །དེའི་རྒྱལ་གཡས་གཡོན་ན། རྡོ་སྐུ་མི་ལངས་པ་ཙམ་བཞེངས་པལ་ཞལ་ནུབ་ཏུ་གཟིགས་པ་གཉིས་ལ་མཎྜལ་ཡང་རྡོ་ལ་བྱས་པ་ཡོད་དོ། །དེ་གཉིས་ཀྱིས་གང་ཟག་ཀུན་ལ་ཆོས་གསུངས་པ་ཡིན་སྐད། བྱང་ཕྱོགས་ཁྱམས་ཀྱི་རྒྱབ་ན། འདུམ་བི་ནིའི་ལྷ་དང་སྐུ་མཉམ་པའི་ཚུལ་དུ་བྱས་ལཔའི་ལྡེར་སོ་མི་ལངས་པ་ཙམ་ཞིག་བཞུགས། གན་དྷོ་ལའི་རྒྱབ་ལོགས་ན་སངས་རྒྱས་སྟོང་འབུར་དུ་བྱས་པ་དང་མདོ་སྡེའི་གཏམ་རྒྱུད་མང་དུ་བཞུགས། གཞན་ཡང་བྱ་དང༌། ཆུ་སྲིན་གྱི་པ་ཏྲ་དང༌། རི་དྭགས་དང༌། སེང་གེ་དང༌། བཟོ་ཡི་ཁྱད་པར་དཔག་ཏུ་མེད་པ་བཞུགས། ཕྱིའི་ཁྱམས་ཀྱི་ཁང་སྟེང་ན། འཕགས་པ་ན་ག་རྫུ་ནས་མཛད་པའི་མཆོད་རྟེན་ཆེ་བ་གཉིས་ལ་འདོམ་དོ་ཙམ་པ་རེ། ཆུང་བ་གཉིས་ལ་འདོམ་དོ་རེ་ཡོད་པ་གཉིས་བཞུགས་སོ། །དེ་དག་ནི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་གྲུབ་པར་བྱས་པ་ཡིན་སྐད་དོ། །ནུབ་བཞི་པ་ལ་གནས་ཆེན་པོ་བརྒྱད་དུ་དྷརྨ་ར་ཛ་ཀ་ཞེས་པའི་མཆོད་རྟེན་ཆེན་པོ་བརྒྱད་ཀྱི་བུམ་པའི་ནང་དུ།  དེ་བཞིན་གཤེགས་པའི་གདུང་ཕུལ་རེ་བྱས་པ་བཞུགས་སོ།  །དེའི་དྲུང་ན་རྡོ་རིང་ཆེན་པོ་བརྒྱད་ཀྱི་སྟེང་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བྱས་པའི་མཚན་མའི་ཕྱག་རྟགས་མི་འདྲ་བ་བརྒྱད་ཀྱང་ཡོད་དོ། །ནུབ་ལྔ་པ་ལ། འཛམ་བུའི་གླིང་ཐམས་ཅད་དུ་སངས་རྒྱས་ཀྱི་གདུང་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་དེ་ཆོས་སྐྱོང་བར་གྱུར་ནས། མཚན་ཡང་དྷརྨ་ཨ་ཤོ་ཀར་གྲགས་སོ། །རྡོ་རྗེ་གདན་དུ་ཡང་མཆོད་རྟེན་ཆེན་པོ་བརྒྱད་བྱས་སོ། །སྔར་བརྗོད་པའི་བཅོམ་ལྡན་འདས་ཀྱི་གནས་དག་ཏུ་ཡང༌། མཆོད་རྟེན་དང་སྐུ་གཟུགས་ཀྱང་རྒྱལ་པོ་དེས་མཛད་པ་ཡིན་སྐད། དེ་ནས་དུས་ཕྱིས་སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ལྔ་བརྒྱ་ལོན་པ་ན། སློབ་དཔོན་ཀླུ་སྒྲུབ་བྱོན་ནས་རྡོ་རྗེ་གདན་དུ་ཕྱི་ཁྱམས་ཕྲག་པ་ཅན་ལ་ཀ་བ་ཉི་ཤུ་ཡཧོད་པ་དེ་མཛད་དོ། །དེའི་ཕྱི་རོལ་བྱང་ཆུབ་ཀྱི་ཤིང་ལ་གླང་པོ་ཆེའི་གནོད་པ་འབྱུང་གིས་དོགས་ནས། རྡོའི་ར་བ་བཟོ་ངོ་མཚར་ཆེ་བ་སྣ་ཚོགས་ཡོད་པ་ཟིག་མཛད་དོ། །དེ་ལ་སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད་ཀྱི་སྐུ་ཡང་མཛད་དོ། །ལེགས་པར་བལྟས་པས་དེ་དག་མཐོང་ན་དངོས་གྲུབ་སྣ་རེ་མི་ཡོང་མི་སྲིད་དེ་མཐོང་བ་ཉུང་སྐད། ར་བ་དེ་རྣམས་རྣམ་ཐར་སྒོ་གསུམ་གྱི་ཚུལ་དུ་སྒོ་གསུམ་ཡོད། དེར་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྐོར་བ་མཛད་པས། ཀ་པ་ལིའི་ནང་ན་ཐུགས་དམ་སྒྲོལ་མ་བཞུགས་ཏེ། བྲུས་ནས་ཡང་བླང་བར་བརྩམས་པས། སྒྲོལ་མའི་ཞལ་ནས། ང་མ་ལེན་པར་འདིར་ཞོག་དང༌། སེམས་ཅན་གྱི་དོན་དུ་འགྱུར་གྱིས་གསུངས་ནས་དེར་བཟུགས་ཏེ། དེའི་སྟེང་དུ་ཅོ་བ་རི་ཞེས་པའི་ལྷ་ཁང་ཞིག་མཛད་དོ། །དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བདག་ལ་དམ་ཚིག་གི་སེལ་ཡོད་པ་ཡིན་ནམ་དགོངས་ནས་ཙམ་པ་ཀའི་ཤིང་ལྔ་བཙུགས་ནས་བདེན་པའི་ངག་འདི་སྐད་ཅེས་བརྗོད་དོ། །ང་དམ་ཚིག་ཉམས་ན་ཤིང་དེ་དག་མི་སྐྱེ་བར་ཤོག་ཅིག དམ་ཚིག་མ་ཉམས་ན་ཤིང་འདི་དག་མྱུར་དུ་སྐྱེ་བར་ཤོག་ཅིག་ཅེས་གསུངས་པས། ཤིང་དེ་དག་སྐྱེས་ཏེ་ད་ལྟ་ཡང་ཡོད་དོ། །དེའི་མཚན་ཡང་ཀ་པ་ལི་ཏ་རེར་གྲགས་སོ། །རྡོ་རྗེ་གདན་གྱིས་ཤར་ལྷོའི་མཚམས་ཀྱི་ལྕགས་རིའི་ནང་ན། ཞལ་བྱང་དུ་བསྟན་ནས་བཞུགས་ཏེ། དེའི་སྐུ་ཚད་ནི་མཐོ་གསུམ་པར་ཡོད་པ་དེ་ཆེར་སོང་ནས་མཐོ་བཞི་པར་སོང་ཙ་ན།  འཕགས་པ་ཀླུ་སྒྲུབ་བྱོན་ནས། སེམས་ཅན་གྱི་དོན་མཛད་སྐད་དོ། །སྐུ་དེ་དང་པོར་བྱོན་ཙ་ན་རང་བྱུང་མཐོ་གང་བ་ཞིག་བྱུང་བ་ཡིན་ཏེ་འཕྲལ་རིམ་གྱིས་སྐྱེས་བ་ཡིན་སྐད་དོ། །དེའི་རྩ་ན་མགྲོན་མོ་ཏ་རེ་བྱ་བ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བྱོན་པའི་སྐུ་ཁྲུ་གང་བ་ཞིག་ཞལ་བྱང་དུ་གཟིགས་པ་དང༌། མཆོད་རྟེན་ཁང་བུའི་ནང་ན་ཡོད་པ་ཞིག་བཞུགས་སོ། །དེ་ན་ཤིང་ཎ྄ཡ་གྲོ་ཏའི་སྡོང་པོ་ཆེ་བ་ཞིག་ཀྱང་ཡོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་བཞག་པ་གཅིག་ཀྱང་ཡོད། དེའི་ཉེ་ལོགས་ཀྱི་ལྷོ་ཕྱོགས་ན། རྒྱལ་པོ་ཆེན་པོ་བཞིས་ལྷུང་བཟེད་ཕུལ་བའི་ས་ན། དེའི་དཔེ་བྱས་པའི་མཆོད་རྟེན་ཡོད། དཔངས་སུ་འདོམ་བཟི་ཙམ་པ་གཅིག་བཞུགས། དེའི་ཉེ་ལོགས་ན་ཕར་སངས་རྒྱས་དང༌། ལྷའི་བུ་ཉི་མ་མཇལ་བའི་ས་ན། མཆོད་རྟེན་ཉི་མའི་རྟགས་ཡོད་པ་ཟིག་བཞུགས། ལྷའི་བུ་ཟླ་བ་དང་མཇལ་བའི་ས་ན་ཡང༌། མཆོད་རྟེན་ཟླ་བའི་རྟགས་ཡོད་པ་ཞིག་བཞུགས། ཆེ་ཚད་འདོམ་དྲུག་དྲུག་ཡོད་དོ། །བྱང་ཆུབ་ལམ་གྱི་སྟེང་ལོགས་ན་སངས་རྒྱས་དང༌། འཕགས་པ་དགའ་པོ་དང་འགྲོགས་ནས་བྱོན་པའི་ས་ན། མཆོད་རྟེན་འདོམ་དོ་ཙམ་པ་གཉིས་བཞུགས། རྡོ་རྗེ་ར་བའི་ཕྱི་ཟུར་ལྷོ་ནུབ་མཚམས་ན། མཆོད་རྟེན་དཔངས་སུ་འདོམ་ཕྱེད་དོ་ཙམ་པ། རྒྱུ་རྡོ་ལ་གྲུབ་པ་ཅིག་ཡོད་དོ། དེ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཞིག་གིས་མཛད་ཀྱང་ཟེར། མགྲོན་པོ་ཡིན་ཡང་ཟེར། དེའི་ནུབ་ཕྱོགས་འདོམ་ཉི་ཤུ་ཙམ་གྱི་ཚོད་ན། བཅོམ་ལྡན་འདས་ཀྱིས་མདོ་སྡེ་མཛངས་བླུན་ལེའུ་དང་པོ་གསུངས་པའི་ས་ན། ཁྲི་མ་བཤིག་པའི་ས་རུ་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་བུ་ཞིག་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་ཀྱིས་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པ་དེ་ན། མཆོད་རྟེན་ལྔ་བཞུགས་སོ། །དེའི་དབུས་མ་ལ་སངས་རྒྱས་སྟོང་གི་སྐུ་བཞུགས་སྟེ། དཔངས་འདོམ་གསུམ་ཙམ་མོ། །དེའི་ཟུར་གྱི་མཆོད་རྟེན་བཞི་ལ་འདོམ་རེ་རེ་ཡོད་དོ།  །དེར་འགྲོ་བའི་ལམ་ནུབ་ཕྱོགས་ན་ཡོད་པའི་ལམ་ན།  ཤིང་ཎ྄ཡ་གྲོ་ཏའི་སྡོང་པོ་ཞིག་ཀྱང་ཡོད།  ནུབ་ཕྱོགས་ཀྱི་རྡོའི་ར་བའི་རྒྱབ་ཀྱི་བྱང་ཕྱོགས་སུ་ཉེ་བ་ན། དཔལ་ལྷ་ལས་བབས་པའི་གཞི་ཡི་གན་དྷོ་ལ་འདོམ་ལྔ་ཙམ་པ་དེ་ནང་ན་བཅོམ་ལྡན་འདས་ཀྱི་སྐུ་ཚད་འདོམ་གང་བ་ཞལ་ཤར་དུ་བསྟན་པ་བཞུགས། ཨ་དཀར་བྷོ་དྷིའི་རྩ་འོད་ཟེར་འགྱེད་དུ་བཞུད་པའི་ལམ་གྱི་གཡོན་ཕྱོགས་ན་བཅོམ་ལྡན་འདས་ཀྱི་ཞབས་རྗེས་ཀྱི་སྐུ་ཚད་རྡོའི་པད་མའི་སྟེང་ན་བཞུགས་ཏེ། དེ་ནི་བྲམ་ཟེ་མཆོག་གི་པད་མས་བྱས་པ་ཡིན་ཡང་ཟེར།  ནུབ་བྱང་མཚམས་ཀྱི་ནང་ནས་སངས་རྒྱས་ཀྱིས་བཅོ་སྒ་དང༌། སྨན་མར་བསྲེས་པ་གསོལ་བའི་ས་ན་རྡོའི་མཆོད་རྟེན་འདོམ་ཕྱེད་དོ་བ།  རྡོ་ཞིག་ལ་བྱས་པ་ཞིག་ཡོད། དགྲ་བཅོམ་པ་གཅིག་གིས་མཛད་པ་ཡིན་ཀྱང་ཟེར།  དེ་དང་ཉེ་བའི་ལོགས་ན།  བཅོམ་ལྡན་འདས་ཀྱིས་སྨན་ཚ་བ་གསུམ་གསོལ་བའི་ས་ན་མཆོད་རྟེན་དཔངས་སུ་འདོམ་ལྔ་ཙམ་པའི་ནང་ན། བཅོམ་ལྡན་འདས་ཀྱི་སྐུ་ཚད་རྡོ་ལ་བྱས་པ་མི་ཆུང་ཤོས་ཙམ་པ་ཞལ་བྱང་དུ་བསྟན་པ་ཞིག་བཞུགས་ཏེ།  དེར་ད་ལྟ་ཡང་སྨན་དྲི་ལ་སོགས་པ་བྱུག་གོ། །དེ་ལ་སྐུ་ཁྲུས་བྱས་པའི་ཆུས་ནད་པ་ལ་སོགས་པ་ཁྲུས་བྱས་པས་ནད་སོས་པ་དང༌། སྙིང་རླུང་ཞི་བར་འགྱུར་རོ། །བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་བཞུགས་སོ། །དེའི་ཤར་ཕྱོགས་སྐོར་ལམ་ན་སྒྲོལ་མའི་སྐུ་བརྐྱངས་ཁྲུ་གང་པ་ཞིག་གི་སྟེང་ན།  ཅོ་བ་རིའི་ལྷ་ཁང་འདོམ་གསུམ་པ་ཞིག་ཡོད་དོ། །དེ་དང་པོ་ཡོན་བདག་གིས་ཞལ་བྱང་དུ་བསྟན་ནས་བཞེངས་པ་ལ་སྐོར་བ་བྱེད་པའི་རྡུལ་གྱིས་གོས་པར། ཡོན་བདག་གི་བསམ་པ་ལ་བཅོམ་ལྡན་འདས་ལ་རྒྱབ་བསྟན་པ་འདི་མ་ལེགས་ཏེ། ཞལ་ལྷོ་ཕྱོགས་སུ་བསྟན་ནས་བཞེངས་རྒྱུ་ཡིན་པ་ལ་སྙམ་ནས་ཡིད་མི་བདེ་བ་ལས།  དེའི་རྨི་ལམ་དུ་ཁྱེད་དེ་ཙམ་དུ་ཡིད་མི་བདེ་མི་དགོས། ང་རང་ཁ་ལྷོར་བལྟ་བས་ཆོག་ཟེར་ནས། སང་ནངས་པར་ལྷ་ཁང་དང་བཅས་པ་འགྱུར་འདུག་སྟེ། དེ་ལ་ཞལ་འགྱུར་ཏ་རེ་ཞེས་གྲགས་སོ།  །དེའི་ཤར་གྱི་ཉེ་ལོགས་ན།  སློབ་དཔོན་ཙན་དྲ་གོ་མིའི་ཐུགས་དམ་དུ་ཙན་དྲ་ལོ་ཀི་ཤྭ་ར་ཞེས་པའི་གཙོ་འཁོར་ལྔ་བྲག་རི་དང་བཅས་པ་རྡོ་ལ་བཞེངས་པ་བཞུགས་ཏེ། དེའི་ལྷ་ཁང་གན་དྷོ་ལ་འདོམ་དྲུག་ཡོད་དེ། དེ་བྱིན་རླབས་ཆེ་བས་སྤར་ཏི་འཛུགས་པ་མང་པོ་ཡང་ཡོང༌། ལྕགས་རིའི་ནང་ན་ལྷོར་འགྲོ་བའི་ལམ་གཡས་གཡོན་ན་མཆོད་རྟེན་དཔངས་སུ་འདོམ་གསུམ་པ་གཉིས་ཀྱི་ནང་ན།  སྤྱན་རས་གཟིགས་དང༌། སེང་གེའི་སྒྲའི་སྐུ་རྡོ་ལ་བཞེངས་པ་ཡོད་དོ། །དེ་དག་བྱིན་རླབས་ཆེ་བ་ཡིན་སྐད་དོ།  །སྐུ་དེ་གཉིས་ལས་འོད་འབྱུང་བས་དེ་བག་རེ་མཐོང་བ་ཡང་ཡོད། ལམ་དེའི་ཤར་ཕྱོགས་ན།  བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཏོ་ཅན་དཔའ་སྐོང་བའི་ས་ན། སྡིགས་པའི་ཅོ་བ་རི་ཞེས་པའི་ལྷ་ཀང་འདོམ་གསུམ་པ་གཅིག་གི་ནང་ན་བཅོམ་ལྡན་འདས་ཀྱི་སྐུ་ཚད་ཙམ་པ་བཞེངས་ནས་ཕྱག་ནམ་མཁའ་ལ་འཕྱར་བ། གཡོན་པ་དཀུ་ལ་བརྟེན་ནས། བདུད་ལ་སྡིགས་པའི་ཚུལ་མཛད་པ་ཞིག་བཞུགས་སོ། །བྱང་ཤར་མཚམས་ཀྱི་སྐོར་ལམ་གྱི་ནང་ན་རྡོ་སྦྲམ་པོ་བྱས་པའི་མཆོད་རྟེན་དཔངས་སུ་འདོམ་གསུམ་ཙམ་ཡོད་པ། ལོགས་ཀུན་ལ་སངས་རྒྱས་ཀྱི་སྐུ་བཞུགས་པ་ཞིག་ཡོད་དེ། སྔོན་འཕགས་པ་དགྲ་བཅོམ་པ་ཞིག་གིས་བཞེངས་ཏེ། དང་པོ་ལྕགས་རིའི་ཕྱི་རོལ་ན་དགའ་སྙམ་པ་ན་ནུབ་མོ་དེ་ལྕགས་རིའི་ནང་དུ་བྱོན་འདུག་སྐད། དེ་ལ་མཆོད་རྟེན་མགྲོན་པོ་ཆེ་ཟེར་རོ། །དེའི་ནང་ལོགས་ཉེ་བ་ན་མཆོད་རྟེན་གཞན་དང་མི་འདྲ་བ་འདོམ་གསུམ་ཙམ་པ་ཞིག་ནས། ལྷོ་ཕྱོགས་སུ་མདའ་རྒྱང་གང་ཙམ་ན། མཆོད་རྟེན་གཅིག་ཡོད་པའི་བར་དེ། སངས་རྒྱས་རབས་བདུན་གྱི་སྐུ་འཆག་ས་ཡིན་སྐད། ཤར་ལམ་དང་སྐོར་ལམ་གྱིས་བསྣོལ་བའི་མཚམས་ཀྱི་ནང་ལོགས་ན་རྡོའི་མཆོད་རྟེན་སྦྲམ་པོ་ལ་བྱས་པའི་འདོམ་གང་ཙམ་ཡོད་པའི་བུམ་པ་ལ་བཅོམ་ལྡན་འདས་ཀྱི་སྐུ་འབུར་དུ་དོད་པ་བཞུགས་པའི་མདུན་ན། རྡོའི་མཎྜལ་ཁྲུ་གང་ཙམ་པ་ཞིག་ཡོད་དོ། །དེའི་གཏམ་རྒྱུད་ནི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་བུད་མེད་ཅིག་གིས་ཡོན་བདག་མོ་བྱས་ཏེ་བཞེངས་པ་ལ། བུད་མེད་དེས་འཆི་ཀར་ངའི་མཅོད་རྟེན་ལ་མཆོད་པ་འབུལ་མཁན་མི་ཡོང་བསམ་ཡོད་པ་ལ། མོའི་རྨི་ལམ་དུ་ཁྱོད་དེ་ཙམ་དུ་སེམས་སྡུག་མི་དགོས་པས། ང་རང་རྡོ་རྗེ་གདན་དུ་བྱོན་ནས། ད་ལྟ་ཡང་མཆོད་པ་རྒྱུན་མི་འཆད་དུ་བྱེད་པ་མང༌། དེ་བྱིན་རླབས་ཤིན་ཏུ་ཆེ་བས། མཆོད་རྟེན་མགྲོན་པོ་ཡིན་སྐད་དོ། །དེའི་ཉེ་ལོགས་སྐོར་ལམ་ན། རྡོའི་མཆོད་རྟེན་འདོམ་ཕྱེད་དོ་ཙམ་པ། སངས་རྒྱས་སྟོང་གི་སྐུ་གཟུགས་བཞུགས་པ་ཞིག་ཡོད་དོ། །དེ་ནི་ནཱ་ལེན་དྲ་ནས་བྱོན་པའི་མཆོད་རྟེན་མགྲོན་པོ་ཡིན་ཟེར། ཤར་པྱོགས་ཀྱི་སྟོད་ན་ཅོ་བ་རི་ལྷ་ཁང་འདོམ་དོ་ཙམ་ཨ་ཤོ་ཀ་ཏ་རེ་ཞེས་པ། ཕྱག་གཉིས་སྤྱི་བོའི་ཐོག་ཏུ་བསྣོལ་ཞིང་འགྱིང་ཆགས་པ་སྐྲ་ཁྲུ་གང་བ་ཙམ་ཡོད་པ། བྱིན་རླབས་ཅན་ཞིག་བཞུགས། དེ་ནས་དབུ་རྩེའི་མདུན་ཤར་ཕྱོགས་ལམ་གྱི་དཀྱིལ་ན་བཅོམ་ལྡན་འདས་ཀྱིས་རྡོ་ལ་ཞབས་བཞག་པས་བཀྲ་ཤིས་རྟགས་བརྒྱད་དང་བཅས་ཤིན་ཏུ་ལེགས་ལ་དོད་པའི་ཞབས་རྗེས་བྱོན་ཏེ། དེ་ན་རྒྱུ་རྡོ་བ་ལ་པད་མའི་གདན་བྱས་པ་ལ། འཕང་དུ་ཁྲུ་དོ་ཡོད་པའི་སྟེང་ན་རིང་ཚད་མཐོ་བརྒྱངས་པ་གསུམ་ཡོད་པ་ཞིག་བཞུགས། དེ་ནས་རྡོའི་རྟ་བབས་རི་དྭགས་དང་བཅས་པ་དང༌། བཟོ་ཁྱད་ངོ་མཚར་ཅན་གཞན་ཡང་ཡོད་པ་གཅིག་བཞུགས་པ་དེའི་དྲུང་ན་དྷརྨ་ཨ་ཤྭ་ཀའི་སྤྱི་བོར་མར་མེ་སྟོང་གི་མཆོད་སྡོང་བཞུགས་པའི་དངོས་པོ་ཡང་ཡོད་དོ། །ལྷོའི་ལམ་གྱི་དཀྱིལ་ན་རྒྱལ་པོ་དྷརྨ་པ་ལས། བྱང་ཆུབ་ཆེན་པ་ལ་འཁོར་གསུམ་ཡོངས་སུ་དག་པ་བྱས་ནས་ཕུལ་བའི་ས་ན། མཆོད་རྟེན་འདོམ་ཕྱེད་དོ་ཙམ་ཞིག་བཞུགས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང༌། ཁ་སརྤ་ཎིའི་གན་དྷོ་ལའི་དཔེ་ཡང་བཞུགས་སོ།   །དེ་ན་དུས་ཕྱིས་ལྕགས་རི་བྱས་པའི་ངོས་རེ་ལ་མདའ་རྒྱང་གསུམ་ཙམ་ཡོད་པལའི་ནང་ལོགས་ན། ལྷ་བརྒྱ་ཕྲག་རེ་ཙམ་ཡོད་པ་ལས་བྱིན་རླབས་ཅན་ནི་ཤར་གྱི་སྒོ་མོ་ཕྱེ་བའི་ཕུག་ན་སྒོ་སྲུང་དཔལ་མ་ཧཱ་ཀ་ལ་བཞུགས། ཨརྱ་དེ་བའི་ཐུགས་དམ་སྒྲོལ་མ་བཞུགས་སོ། །དེའི་ཉེ་ལོགས་ན་གཤིན་རྗེ་གཤེད་དགྲ་ནག་མ་ཧེའི་སྟེང་ན་བཞུགས་པ་མི་ཙམ་གཅིག་དང༌། ཤར་ལྷོ་ན་དོན་ཞགས་ཞལ་གཅིག་ཕྱག་གཉིས་པ་གཅིག་བཞུགས། དེ་དང་ཉེ་བའི་ལྷོ་ཕྱོགས་ན་སྤྱན་རས་གཟིགས་གདན་ཁྲི་གསུམ་བརྩེགས་པ་ཁྲུ་གང་ཙམ་པ་ཞིག་བཞུགས། ཏྲི་ཏ་ར་ཞེས་པ་རལ་གཅིག་མ་དབྱུག་པ་བསྣུན་པའི་ཚུལ་བྱེད་པ་ཞིག་བཞུགས། དེའི་སྟེང་ལྕགས་རིའི་ཟུར་ན་དཀོན་གཉེར་འདུག་ས་གཅིག་བཞུགས། ཡང་ལྷོ་ངོས་ལ་མ་ཧཱ་ཀ་ལ་བྱིན་རླབས་ཅན་ཞིག་བཞུགས། ལྷོའི་སྒོ་སྲུང་མགོན་པོ་བྱིན་བྱིན་རླབས་ཅན་གཅིག་བཞུགས། སྤྱན་རས་གཟིགས་གར་བྱེད་པ་ཞིག་དང༌། ཛམ་བྷ་ལ་བྱིན་རླབས་ཅན་གཅིག་དང་དགྱེས་པ་རྡོ་རྗེ་བྱིན་རླབས་ཅན་གཅིག་ཀྱང་བཞུགས། ལྷ་ནུབ་མཚམས་ཀྱི་ཟུར་ཁུག་ན་འཇམ་དཔལ་སྨྲ་བའི་སེང་གེ་བྱིན་རླབས་ཅན་ཞིག་ཀྱང་བཞུགས། དེ་ནས་ནུབ་ཕྱོགས་ལོགས་ན་ལྷ་མོ་ཀུ་རུ་ཀུ་ལེ་བྱིན་རླབས་ཅན་གཅིག་བཞུགས། འཇམ་དཔལ་ཨ་ར་པ་ཙ་ན་རང་བྱིན་ཡིན་སྐད་པ་བྱིན་རླབས་ཅན་ཞིག་བཞུགས། དེ་ལ་མཆོད་པ་བྱེད་པ་ཤིན་ཏུ་མང་ངོ༌། །ཇོ་བོ་ཐུགས་རྗེ་ཆེན་པ་ཡི་གེ་དྲུག་མ་གཙོ་འཁོར་དྲུག་པ་བྱིན་རླབས་ཆེ་བ་གཅིག་བཞུགས། ནུབ་བྱང་མཚམས་ན་བྱང་ཆུབ་ཆེན་པོ་བྱིན་རླབས་ཆེ་བ་གཅིག་བཞུགས། དེ་ནས་བྱང་ཕྱོགས་ལོགས་ན་སྤྱན་རས་གཟིགས་བྱིན་རླབས་ཆེ་བ་ཅན་གཅིག་བཞུགས། དེ་ནས་དཔལ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་ཞིག་བཞུགས། དེའི་འགྲམ་བྱང་སྒོའི་ལྕགས་རིའི་སྟེང་ན་ལྷ་བཤོས་རྒྱུའི་འབྲས་ཆན་འཚོད་པའི་ཁང་པ་ཞིག་ཡོད། དེའི་སྒོ་ན་སྤྱན་རས་གཟིགས་ཀྱི་མཆོད་རྟེན་ལྷ་ཁང་བཞུགས། བྱང་ཕྱོགས་ཀྱི་སྒོའི་ལྕགས་རིའི་ཤར་ངོས་ན། བྱང་སྒོ་སྲུང་བའི་སིང་ག་གླིང་པའི་ཆོས་སྐྱོང་མགོན་པོ་ཞལ་གཅིག་ཕྱག་བཞི་པ་རྡོ་སྐུ་འཇིགས་སུ་རུང་བ་ཞིག་བཞུགས། དེ་དང་ཉེ་བ་ན་སྤྱན་རས་གཟིགས་ཡུམ་ཅན་ཞལ་བཞི་ཕྱག་བཅུ་གཉིས་པ་དང༌། དཔལ་ཧེ་རུ་ཀ་དགྱེས་པ་རྡོ་རྗེ་ཕྱག་དྲུག་པ་དང༌། དེ་དང་ཉེ་བ་ན་མི་གཡོ་བ་པུས་གཙུགས་པ་དང༌། དེ་དང་ཉེ་བ་ན་གསང་འདུས་མདོར་བྱས་ཀྱིས་གཙོ་བྱས་པ་ཞལ་གསུམ་ཕྱག་དྲུག་པ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ་མི་ལངས་པ་ཙམ་ཞིག་དང༌། དེའི་ནེ་ལོགས་ན་རྡོ་རྗེ་རྣལ་འབྱོར་མ་གཉིས་བཞུགས། ཨ་ར་པ་ཙ་ན་ལྔ་མཐོ་རེ་ཙམ་པ་བཞུགས། དེ་དང་ཉེ་བའི་ཤར་ངོས་ན་ཆུ་ཁུང་ཏ་རེ་ཞེས་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་དམ་དུ་མཛད་པ་རྡོ་སྐུ་ཁྲུ་གང་བ་གཅིག་བཞུགས་སོ། །སྔོན་རྒྱལ་པོ་དྷརྨ་པ་ལས། སིང་ག་གླིང་པ་ལ་ཆད་པ་བཅད་དེ། རབ་ཏུ་བྱུང་བ་བཀྲོངས་པ་ལས་སིང་ག་གླིང་པའི་རབ་བྱུང་གཅིག་གིས་ཆུ་ཁུང་ཏ་རེ་ལ་སྐྱབས་སུ་སོང་བ་ལ། ཇོ་མོ་ན་རེ། ཁྱེད་བདེ་སྐྱིད་དུས་སུ་ང་མི་དྲན་པར་ད་ལྟ་དྲན་ནམ། ད་ཁྱེད་ཆུ་ཁུང་འདིར་གོབ་གསུངས་ནས། ཆུ་ཁུང་མི་ཤོང་བ་ཞིག་ཏུ་གྱུར་ནས། ཡིབ་པས་ཐར་ནས་རབ་ཏུ་བྱུང༌། དེ་རྒྱལ་གར་ཤར་ཕྱོགས་ཐག་རིང་པོར་བྲོས་པ་ལས། རྒྱལ་པོ་དྷརྨ་པ་ལས་རྡོ་རྗེ་གདན་གྱིང་སྟེང་ཁང་གི་སྒོ་ཕྱེ་བས་ཡེ་མ་བྱེ་ནས། འདི་ཅི་ཡིན་གསུངས་པས། འདི་དབྱེ་བ་ལ་སིང་ག་གླིང་པའི་རབ་བྱུང་ཞིག་དགོས་ཟེར་ནས། ་རྒྱལ་པོས་བསམས་པས། རབ་ཏུ་བྱུང་བ་བསད་པ་དྲན་པས། ་ཇོ་མོ་ཏ་རེ་ལ་སྐྱབས་སུ་སོང་བ་གཅིག་ཐག་རིང་པོ་ན་ཡོད་ཟེར་བ་ལ། དེ་འགུགས་པ་ལ། མི་གསོད་པའི་དཔང་པོ་བྱས་ནས།  དགེ་སློང་དེས་སྒོ་ཕྱེ་བས་བྱེ་ནས། རྒྱལ་པོ་ངོ་མཚར་སྐྱེས་ཏེ་རབ་ཏུ་བྱུང་བ་བསད་པ་ལ་འགྱོད་པ་སྐྱེས་ཏེ། སྡིག་བཤགས་སུ་འཁོར་གསུམ་ཡོངས་དག་བྱས་ནས། རྡོ་རྗེ་གདན་དུ་ཕུལ། ལྕགས་རིའི་སྒོ་མོ་ཆེའི་བྱང་ངོས་ན། ལྷ་མོ་འོད་ཟེར་ཅན་གྱི་རྡོ་སྐུ་བྱིན་རླབས་ཅན་མི་ལངས་པ་ཙམ་གཅིག་བཞུགས།  དེའི་ནང་གཡས་གཡོན་ན་གནོད་སྦྱིན་གྱི་རྒྱལ་པོ་ཆུ་སྲིན་ཞོན་པ་ཕྱག་ན་གྲི་གུག་དང་ཐོད་པ་ཐོགས་པ།  འཇིགས་སུ་རུང་པ།  སྐུ་ཤིན་ཏུ་ཆེ་བ་གཉིས་བཞུགས། ལྷོ་བྱང་གི་ལམ་ཞེང་ལ་འདོམ་གསུམ་ཙམ་པ། ཤར་ལ་འདོམ་དགུ་ཙམ། ལྕགས་རིའི་ནང་གི་སྐོར་ལམ་འདོམ་དོ་དོ་ཡོད་དོ།  །བྱང་ལམ་ལ་འདོམ་གང་ལྷག་ཙམ་ཡོད།  དེ་དག་གི་བར་གྱི་གླིང་ཐམས་ཅད་ནི་རྡོ་དང་སོ་ཕག་ལ་བྱས་པའི་མཆོད་རྟེན་ཅོ་བ་རི་གན་དྷོ་ལ་གྲངས་མེད་ཅིང་བྱིན་རླབས་ཅན་བསམ་གྱིས་མི་ཁྱབ་པ་བཞུགས། །དེ་ནས་ཤར་ངོས་ཀྱི་ལྕགས་རིའི་ངོས། སྒོ་མོ་ཆེའི་ཐད་ཀར་མདའ་རྒྱང་གང་ཙམ་ན། ནཻརཉཛནའི་འགྲམ་ན་དཔལ་ལྡན་མགོན་པོ་བེང་མའི་བཞེངས་སྐུ་སེང་གེའི་སྟེང་ན་བཞུགས་པ། ཕྱག་གཉིས་དབྱུག་པ་དང༌། བེ་ཅོན་ཨོཾ་ཚུགས་སུ་བྱས་པ། སྐུ་ཤིན་ཏུ་ཆཻ་ཞིང་འཇིགས་པ་གཉིས་ཞལ་ཤར་དུ་བསྟན་ནས་བཞུགས། དེའི་མདུན་ཕྱོགས་ཀྱི་དྲུང་ན། སྔོན་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་རལ་པ་ཅན་སྟོང་རབ་ཏུ་བྱུང་བའི་ས་ན། རལ་པ་དང་གདུ་བུ་ལ་སོགས་བསྐྱུར་ནས། དེའི་སྟེང་དུ་བྱེ་མ་སྤུངས་པ་ལ་མཆོད་རྟེན་གྱི་གཟུགས་སུ་བྱས་པ་ཆེན་པ་ཞིག་ཡོད། དེ་ནས་རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། གཞོན་ནུ་མ་བདུན་དང་མཇལ་ས་ན་མཆོད་རྟེན་བདུན་དང༌། རལ་པ་ཅན་ལྔ་བརྒྱ་བརྟུལ་ཞུགས་པའི་ལ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒོམ་མཛད་ས་ཡོད། དེའི་བྱང་དུ་མདའ་རྒྱང་གང་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་བྷོ་དྷི་རྩེ་བསྣམས་ནས་བྱོན་ཏེ། བྱིན་གྱིས་བརླབས་ནས་བཙུགས་པའི་ཤིང་ཕུང་གསུམ་ཡོད། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་སིང་ག་གླིང་པའི་གྲོང་གི་དཀྱིལ་ན། སྔོན་བཅོམ་ལྡན་འདས་རི་བོང་དུ་སྐྱེ་བ་བཞེས་པའི་དུས་སུ། བརྒྱ་བྱིན་དང་ཕྲད་དེ་མེ་ནང་དུ་མཆོངས་པའི་སྐྱེས་རབས་ཀྱི་ས་ན། མཆོད་རྟེན་འདོམ་གང་ཙམ་པ་གཅིག་བཞུགས། དེ་དང་ཉེ་བ་ན་སྔོན་བཅོམ་ལྡན་འདས་བྱ་སྲེག་པར་སྐྱེ་བ་བཞེས་ནས། རི་བོང་གླང་པོ་རྣམས་ཕྱག་ལ་མ་འདུམ་ནས། གང་རྒན་རྩིས་པའི་ཤིང་ཕུང་གི་ཤུལ་ན། མཆོད་རྟེན་འཕང་དུ་འདོམ་གསུམ་ཙམ་པ་གཅིག་དང༌། ཎ྄ཡ་གྲོ་ཏའི་ཤིང་ཕུང་གཅིག་ཀྱང་ཡོད། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ལྕགས་རིའི་རྒྱབ་ན་སྔོན་བཅོམ་ལྡན་འདས་བསོད་སྙོམས་ལ་བྱོན་པའི་ས་ན་རྒན་མོ་ཞིག་གིས་ལྕི་བ་གོང་བུ་ཕུལ་བས། དེ་གསེར་དུ་བསྒྱུར་ཏེ་སླར་རྒན་མོ་རང་ལ་གནང་བའི་ས་ན་གོ་པ་ཨུ་རེ་ཞེས་པའི་མཆོད་རྟེན་འཔང་དུ་འདོམ་གསུམ་པ་ཞིག་བཞུགས། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ལྕགས་རིའི་ལོགས་གཏད་ས་ན། གྷེ་པ་རི་ཞེས་པ་ཡོད་དེ། དེར་སློབ་དཔོན་ཀླུ་སྒྲུབ་དང༌། ཐོགས་མེད་བཞུགས་སྐད། དེ་ན་མགོན་པ་བྱིན་རླབས་ཅན་ཆེ་བ་ཞིག་ཀྱང་བཞུགས། དེའི་བདག་པོ་ཁ་ཆེ་བས་བྱེད་དོ། །བོད་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱང་དེར་གནས་ཚང་འཆའོ། །དེའི་ཉེ་ལོགས་ལྷོ་ཕྱོགས་ན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཞུགས་ནས་བསོད་སྙོམས་མཛད་པའི་དུས་སུ་འདག་པ་ལྷུང་བཟེད་རེ་བསྣམས་ནས་བྱོན་ཏེ། དེ་ལ་བཞེངས་པའི་མ་ཏི་བི་ཧ་ར་ཞེས་པའི་གནས་ཤིག་ཡོད་དེ། དེར་རྗེ་དི་པཾ་ཀ་ར་ཤྲཱི་ཛྙ་ན་རབ་ཏུ་བྱུང་བ་ཡིན་ཟེར། དེའི་ཕྱི་ན་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བྱིན་གྱིས་བརླབས་ནས་བཙུགས་པའི་ཤིང་ཨ་རུ་རའི་སྡོང་པོ་ཆེན་པོ་གཅིག་ཀྱང་ཡོད། དེ་དང་ཉེ་བའི་བྱང་ཤར་ན། ཅོ་བ་རིའི་ལྷ་ཁང་ན་སྒྲོལ་མའི་རྡོ་སྐུ་མི་ལངས་པ་ཙམ་བྱིན་རླབས་ཆེ་བ་གཅིག་བཞུགས། དེ་ལ་མཆོད་པ་ཡང་ནར་མར་བྱེད་དོ། །དེ་ནས་ལྷོ་ཕྱོགས་རྒྱང་གྲགས་ཙམ་ན། སྔོན་བཅོན་ལྡན་འདས་གླང་པོ་ཆེར་སྐྱེ་བ་བཞེས་པའི་རབས་ཀྱི་ཤུལ་ན། མཆོད་རྟེན་འཕང་དུ་འདོམ་ལྔ་ཙམ་པ་ཞིག་བཞུགས། རྡོ་རྗེ་གདན་གྱི་ཤར་ཕྱོགས་ཆུ་བོ་ནཻརཛྙངའི་འགྲམ་ན་དྷརྨ་ར་ཙི་ཀ་ཀ་ཞེས་པའི་མཆོད་རྟེན་ཟླུམ་པ་བང་རིམ་ཅན། དེ་ལས་ཆེ་བའི་མཆོད་རྟེན་གཞན་ན་མེད་པ་ཞིག་བཞུགས། དེ་ནི་སྤྱིར་གནས་ཆེན་པ་བརྒྱད་ན་མཆོད་རྟེན་ཆེན་པོ་བརྒྱད་ཡོད་པར་གྲགས་པའི་རྡོ་རྗེ་གདན་ན་ཡོད་པ་གཅིག་ཡིན། དེའི་བུམ་པའི་ནང་ན་བཅོམ་ལྡན་འདས་ཀྱི་སྐུ་གདུང་ཕལླ་གང་བཞུགས་སྐད་དོ། །དེའི་སྐོར་ལམ་སའི་འདོམ་གསུམ་ཚུན་བཅད་དུ་རྡོ་ཐལ་གྱིས་བསྐུས་པ་ཡོད་དོ། །དེའི་ནུབ་ངོས་ཀྱི་སྐོར་ལམ་ན་རྡོ་རིང་ཞིག་བཙུགས་ཡོད་དོ། །དེའི་རིང་ཚད་ལ་སྔོན་འདོམ་སུམ་ཅུ་ཡོད་སྐད་དོ། །དེ་ཏོ་རུ་ཀའི་དམག་གིས་བཅག་ནས་ད་ལྟ་འདམ་བདུམ་ཡོད་དོ། །དེ་ལ་སྦོམ་ཕྲ་ནི་ཕོ་འདོམ་བདུན་གྱིས་འཁོར་ཙམ་ཞིག་ཡོད་དོ། དེའི་སྟེང་ན་མཆོད་རྟེན་ཞིག་ཡོད་དེ། དེ་ནི་ལྷས་བྱས་པའི་ཕྱག་རྟགས་ཡིན་སྐད། དེའི་ལྷོ་ངོས་ན་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་སྲས་དང་བཙུན་མོ་གསུམ་གྱིས་བཞེངས་པའི་མཆོད་རྟེན་འཕང་དུ་འདོམ་བཅོ་ལྔ་ཙམ་པ་དེའི་ཀྲི་འཕང་ལ་ཐེམ་སྐས་ཡོད་དེ། བཟོ་ཁྱད་པར་འཕགས་པ་བུམ་པ་ལ་ལྷའི་སྐུ་བཞུགས་པ་གཉིས་བཞུགས། དྷརྨ་ཨ་ཤོ་ཀས་རྡོ་རྗེ་གདན་གྱིས་གན་དྷོ་ལ་ལ་སོགས་པལ་བཞེངས་པའི་དུས་ཀྱི་གནས་ཀྱང་དེར་མཛད་དོ། །དེ་དག་ནི་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་ཀྱིས་སངས་རྒྱས་ཀྱི་སྐུ་གཟུགས་དང་བསྟན་པ་རྒྱས་པར་མཛད་པའི་གཏམ་རྒྱུད་དོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་ཏེ་གནས་གཞན་བརྒྱད་ན། དེ་བཞིན་གཤེགས་པའི་མཛད་པ་དཔག་ཏུ་མེད་པའི་མཛད་པ་དང༌། དཔལ་གྱི་རི་དཔལ་ལྡན་འབྲས་སྤུངས་དང༌། བྱ་རྒོད་ཕུང་པོའི་རི་དང༌། བྲག་བྱ་རྐང་ཅན་དང༌། སྐྱེ་རབས་ཀྱི་གཏམ་དང༌། དཔལ་ནཱ་ལེན་དྲ་དང༌། དེ་ན་མཛད་པ་ལྔ་བརྒྱ་བཞུགས། འབྲི་ཀ་མ་ལ་ཤི་ལ་དང༌། ཨོ་ཏན་ཏ་པཱུ་རི་དང༌། འཛམ་བུའི་གླིང་གི་རྒྱན་དྲུག་གི་བཞུགས་གནས་དང༌། གྲུབ་པ་བརྙེས་པའི་རྣལ་འབྱོར་རྣམས་ཀྱིས་ཐུགས་དམ་དུ་བཞེངས་པ་དང༌། འཕགས་པ་རང་བྱུང་གི་ཤིང་དང༌། རྡོ་བ་ལ་བྱོན་པ་དང༌། དེ་ལ་སོགས་པའི་ལོ་རྒྱུས་དང་གཏམ་རྒྱུད་མང་དུ་ཡོད་དེ། བསྟན་བཅོས་ཆེན་པོའི་མཛད་ཚུལ་དང༌། གདམས་པ་ཟབ་པ་རྣམས་ཀྱི་བྱོན་ཚུལ་དུ་བསྟན་པས་མ་བྲིས་སོ། །མདོ་མངོན་པར་འབྱུང་བ་ལས་གསུངས་པའི་སྐྱེ་རབས་ནི་འདི་ཡིན་ནོ། །རྒྱལ་པོ་ལ་སྔ་བ་མང་པོས་བཀུར་བ་ཡིན་ནོ། །དེའི་སྲས་ནི་འོད་མཛེས་སོ། །དེའི་སྲས་དགེ་བ། དེའི་སྲས་དགེ་མཆོག དེའི་སྲས་གསོ་སྦྱོང་འཕགས། དེའི་སྲས་སྤྱི་བོ་སྐྱེས་དང་ང་ལས་ནུ། དེའི་སྲས་མཛེས་པ། དེའི་སྲས་ཉེ་མཛེས་སོ། །དེའི་སྲས་ཉེ་མཛེས་ལྡན། དེའི་སྲས་མཛེས་ལྡན། དེའི་སྲས་བཟང་པོ། དེ་ནས་རིམ་པས་ལེགས་བཟང༌། བཏང་པ། བཏང་བཟུང༌། ཡན་ལག ཡན་ལག་ཤིང་རྟ། ངན་སྤོང་སྐལ་ལྡན་ཤིང་རྟ། རྒྱ་མཚོ། རྒྱ་མཚོའི་བུ། རྒྱ་མཚོ་ཆེན་པོ་ཤ་ཀུ་ནི། ཤ་ཀུ་ནི་ཆེན་པོ། ཀུ་ཤ། ཉེ་བའི་ཀུ་ཤ། ཀུ་ཤ་ཆེན་པོ། ལེགས་མཐོང༌། ལེགས་མཐོང་ཆན་པོ། རབ་ཐོབ། རབ་ཐོབ་ཆེན་པོ། རབ་ཏུ་སྒྲ་བསྒྲགས། རབ་ཏུ་སྒྲ་བསྒྲགས་ཆེན་པོ། འོད་བྱེད། བརྟུལ་ཕོད་ལྷུན་པོ་ལྡན། ལྷུན་པོ་ཡོད་འོད་ཟེར། འོད་ཟེར་ལྡན། འོད་ཟེར་སྟོང་ལྡན། ཀུན་ནས་འོད་ཟེར་རོ། །དེའི་བུ། ཚ་བོ། ཡང་ཚ། སུམ་ཚའི་ཡང་རྒྱུད། རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་ངོ༌། །དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དེས་དགྲ་རྣམས་བཏུལ་བས་མཚན་ཡང་དེ་སྐད་དུ་གྲགས་སོ། །དེའི་བུ། ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་ཁྲི་བཞི་སྟོང་ཡུལ་དམག་གིས་མི་ཚུགས་པར་བྱུང་ངོ༌། །དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་མ་རྒྱལ་བ་ལས་རྒྱལ་བ་བྱ་བ་བྱུང་ངོ༌། །རྒྱལ་བ་ཞེས་གྲགས་སོ། །དེའི་བུ་ཡང་ཚ། སུམ་ཚའི་རྒྱུད་པ་རྒྱལ་པོ་སུམ་ཁྲི་དྲུག་སྟོང༌། ཡུལ་ཝ་ར་ཎ་སིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་བཟོད་པ་དཀའ་ཞེས་བྱ་བ་བྱུང་སྟེ། བར་རྒྱལ་རབས་སུམ་ཁྲི་དྲུག་སྟོང༌། ཡུལ་ཝ་ར་ཎ་སིར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཀིམ་བི་ལིའི་གྲོང་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གླང་པོ་ཆེའི་གྲོང་ཁྱེར་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་གླང་པོས་སྦྱིན་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་སྟོང༌། ཡུལ་རྡོ་ལ་འཇོག་ཏུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་བ་སྤུ་ཅན་བྱ་བ་བྱུང་སྟེ། དེའི་བུ་ཡང་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང༌། གྲོང་ཁྱེར་བྲང་གི་ཉལ་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཚན་པོ་ཆེ་འདུལ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་རྒྱལ་བར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་རྒྱལ་བྱིན་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ཀ་ན་ཀུ་བ་ཚར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་རྒྱལ་སྡེ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙམ་པར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཀླུའི་ལྷ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ཉིས་ཁྲི་ལྔ་སྟོང་གྲོང་ཁྱེར་ཏ་ལའི་འཕྲེང་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མིའི་ལྷ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་བ་སོའི་གྲོང་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་བློ་གྲོས་བཟང་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་ལྔ་སྟོང་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྱུང་ངོ༌། །དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་མུན་སེལ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡང༌། རྒྱལ་པོའི་གྲོང་ཁྱེར་ཝ་ར་ན་སིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་སྟོང་ཡང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་ངོ༌། །དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡང་གྲོང་ཁྱེར་རྩ་ཅན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་སའི་སྡོང་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་འབུམ་ཡང་གྲོང་ཁྱེར་ཝ་ར་ན་སིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་སའི་བདག་པོ་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུའི་ཚའི་རྒྱུད་རྒྱལ་པོ་འབུམ་ཡང་གྲོང་ཁྱཻར་དམག་གིས་མི་ཚུགས་པར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ས་འཛིན་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མི་ཏ་ལར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མི་ལར་དྲང་སྲོང་གི་ཚངས་པར་སྤྱོད་པ་ལ་སྤྱད། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་ངོ༌། །མུ་ཁྱུད་ལས་བྱིང་བ་དང༌། སྲ་བའི་མུ་ཁྱུད་དང༌། ཀོ་བ་དང༌། ཉེ་བར་ཀོ་བ་དང༌། ཀོ་བ་ཡོད་པ་དང་ཀུན་ནས་ཀོ་བ་དང༌། གྱ་ནོམ་སྣང་བ་དང༌། ཐོས་པའི་སྡེ་དང༌། ཆོས་ཀྱི་སྡེ་དང༌། རྟོགས་པ་དང༌། རྟོགས་པ་ཆེན་པོ་དང༌། རྟོགས་པའི་སྡེ་དང༌། མྱ་ངན་བྲལ་དང༌། བསྟན་པའི་སྡེ་དང༌། དགའ་བའི་སྦྱར་དང༌། གླེན་པ་དང༌། སྐྱ་རེངས་དང༌། ཕྱོགས་ཀྱི་བདག་པོ་དང༌། རྡུལ་ཅན་དང༌། བདེ་བྱེད་ཀུན་དགའ་དང༌། མེ་ལོང་གདོང་དང༌། བསྐྱེད་པ་དང༌། ཀུན་ནས་བསྐྱེད་པ་དང༌། སྐྱེ་བའི་ཁྱུ་མཆོག་དང༌། བཟའ་བཏུང་ཅན་དང༌། བཟའ་བཏུང་མང་པོ་ཅན་དང༌། མི་ཐུབ་པ་དང༌། གཞན་གྱིས་མི་ཐུབ་པ་དང༌། གནས་པ་དང༌། ཤིན་ཏུ་གནས་པ་དང༌། སྟོབས་ཆེ་དང༌། སྟོབས་ཆེ་གཞོན་དང༌། ལེགས་པའི་བློ་གྲོས་དང༌། བསྟན་པ་གཞོན་དང༌། གཞུ་བཅུ་པ་དང༌། གཞུ་བརྒྱ་པ་དང༌། གཞུ་དགུ་བཅུ་པ་དང༌། གཞུ་རྒྱལ་དང༌། གཞུ་སྐྲ་དང༌། གཞུ་སྐྲ་སྲ་བ་དང༌། ཤིང་རྟ་བཅུ་པ་དང༌། ཤིང་རྟ་བརྒྱ་པ་དང༌། ཤིང་རྟ་དགུ་བཅུ་པ་དང༌། ཤིང་རྟ་བཅུ་པ་དང༌། ཤིང་རྟ་བརྒྱ་པ་དང༌། ཤིང་རྟ་དགུ་བཅུ་པ་དང༌། ཤིང་རྟ་ཁྲ་བོ་དང༌། ཤིང་རྟ་རྒྱལ་དང༌། ཤིང་རྟ་སྲ་བའོ། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བདུན་སྟོང་གྲོང་ཁྱེར་ཀུན་ཏུ་གནང་བར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་བྱུང་ངོ༌། དེའི་སྟོན་པ་སངས་རྒྱས་འོད་སྲུངས་བྱོན་ཏེ། བྱང་ཆུབ་པའི་ཕྱིར་སྨོན་ལམ་བཏབ་ནས། ཚངས་པར་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་རིགས་སུ་སྐྱེས་སོ། །རྒྱལ་པོ་ཀྲི་ཀྲིའི་བུ་ལེགས་སྐྱེས་སོ། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་ངོ༌། །དེ་རྣམས་ཀྱི་ཐ་མ་རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་བྱུང་ངོ༌། །དེ་ལ་བུ་གཉིས་བྱུང༌། གཽ་ཏ་མ་དང༌། བ་ར་དྷྭ་ཛའོ། །གཽ་ཏ་མའི་བསམ་པ་ལ། ཡབ་ཀྱིས་ཆོས་དང་ཆོས་མ་ཡིན་པ་སྤྱད་དེ་རྒྱལ་པོ་དེ་ལ་དབང་བྱས་པས། སེམས་ཅན་དམྱལ་བར་གཞོལ་བར་འགྱུར་བས། དྲང་སྲོང་མདོག་ནག་པོའི་དྲུང་དུ་རབ་ཏུ་བྱུང་ནས་བསྒོམས་སོ། །ཡབ་འདས་ནས་བུ་རྒྱལ་སྲིད་ལ་དབང་བྱེད་པའི་རྒྱུ་ཡིན་ཡང༌། འདོད་པའི་སྲེད་པ་སྤངས་ནས། འཇིག་རྟེན་གྱི་མངོན་དགའ་མི་འདོད་པས། ནུ་བོ་རྒྱལ་སྲིད་ལ་དབང་བསྐུར་ནས། དེར་རྒྱལ་པོ་བྱས་སོ། །དེ་ནས་དུས་ཚོད་ཅིག་ན། རྒྱལ་པོ་བ་ར་དྷྭ་ཛ་བུ་མེད་པར་ཤིའོ། །བློན་པོ་རྣམས་འདུས་ནས་གྲོས་བྱས་ཏེ། གཅེན་པོ་གཽ་ཏ་མ་དྲང་སྲོང་ལ་ཞུས་པས། ཁྱོད་རང་གིས་བསད་དོ། །ཁྱེའུ་འདི་གཉིས་པོའི་བྱུང་ལུགས་སྨྲས་པས་ངོ་མཚར་སྐྱེས་ནས། དྲང་སྲོང་ལ་གསོལ་པ་བཏབ་སྟེ་ཞུས་ནས། གཞོན་ནུ་ཕུ་བོ་ཆེ་ཤོས་དབང་བསྐུར་རོ། དེ་བུ་མེད་པར་ཤིའོ། །དེ་ནས་ནུ་བོ་དབང་བསྐུར་ནས། རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་རྒྱལ་པོ་བུ་རམ་ཤིང་པ་བརྒྱ་ཐམ་པ་ཡང༌། གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་ངོ༌། །དེ་ལ་བུ་བཞི་བྱུང་སྟེ། སྐར་མདའ་སྟོང་དང༌། ལག་སྣ་དང༌། གླང་པོ་ཆེ་འདུལ་བ་དང༌། རྐང་གདུབ་ཅན་ནོ། །རྒྱལ་པོ་འཕགས་སྐྱེས་པོ་ཤི་ནས། རྒྱལ་སྲིད་དགའ་དབང་བསྐུར་རོ། །དེ་བུ་མེད་པར་ཤིའོ། །སྐར་མདའ་སྟོང་དབང་བསྐུར་ཏེ། བུ་མེད་པར་ཤི། ལག་ན་དབང་བསྐུར་རོ། །བུ་མེད་པར་ཤི། གླང་པོ་ཆེ་འདུལ་དབང་བསྐུར་རོ། །དེ་ཡང་བུ་མེད་པར་ཤི། དེ་ནས་རྐང་གདུབ་ཅན་དབང་བསྐུར་རོ། །དེའི་བུ་གནས་འཇོག་གོ། །དེའི་བུ་ཁྱིམ་གཡོའོ། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱའི་གཞིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་ཤིང་རྟ་བཅུ་པ་དང༌། ཤིང་རྟ་བརྒྱ་པ་དང༌། ཤིང་རྟ་དགུ་བཅུ་པ་དང༌། ཤིང་རྟ་ཁྲ་བོ་དང༌། ཤིང་རྟ་རྒྱལ་དང༌། བསྟན་པའི་ཤིང་རྟ་དང༌། གཞུ་བཅུ་པ་དང༌། གཞུ་བརྒྱ་པ་དང༌། གཞུ་དགུ་བཅུ་པ་དང༌། གཞུ་རྒྱལ་དང༌། གཞུ་སྐྲ་དང༌། གཞུ་བརྟན་ལ་བུ་གཉིས་ཏེ་སེང་གེ་འགྲམ་དང༌། སེང་གེ་སྒྲའོ། །སེང་གེ་འགྲམ་ནི་འཛམ་བུ་གླིང་གི་གཞུ་ཐོགས་ཇི་སྙེད་ཅིག་གི་མཆོག་ཏུ་གྱུར་པའོ། །དེ་ལ་བུ་བཞི་ནི། ཟས་གཙང་དང༌། ཟས་དཀར་དང༌། བྲེ་བོ་ཟས་དང༌། བདུད་རྩི་ཟས་སོ། །བུ་མོ་ནི་གཙང་མ་དང༌། དཀར་མོ་དང༌། བྲེ་མོ་དང༌། བདུད་རྩི་མའོ། །ཟས་གཙང་མ་ལ་སྲས་གཉིས་ཏེ། དོན་གྲུབ་དང་དགའ་བོའོ། །ཟས་དཀར་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་རྒྱལ་བ་དང༌། ཤཱཀྱ་བཟང་ལྡན། ཤཱཀྱ་བྲེ་བོ་ཟས་ལ་བུ་གཉིས་ཏེ། མིང་ཆེན་དང༌། ཚེ་དང་ལྡན་པ་མ་འག་པའོ། །བདུད་རྩི་ཟས་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ལྷས་སྦྱིན་ནོ། །གཙང་མའི་བུ་ནི་ལེགས་པར་རབ་ཟད་དོ། །སྐར་མའི་བུ་ནི་འཕྲེང་བ་ཅན་ནོ། །བྲེ་བོ་མའི་བུ་ནི་བཟང་ལེན་ནོ། །བདུད་རྩི་མའི་བུ་ནི་དགེ་འཕེལ་ལོ། །དོན་ཐམས་ཅད་གྲུབ་པའི་བུ་ནི་དགྲ་གཅན་འཛིན་ཡིན་ཏེ། དགྲ་བཅོམ་པར་གྱུར་ནས། རྒྱལ་པོའི་གདུང་རྒྱུད་རྫོགས།  སྲིད་པའི་འཕྲེང་རྒྱུད་ཆད།  སྐྱེ་བའི་འཁོར་བ་ཟད་དོ།  །དེ་ཡང་སྲིད་པ་མེད་དོ། །འདིའི་སྐབས་ན་འདུལ་བའི་ལུགས་ཀྱི་རྒྱལ་རབས་གདའ་སྟེ་གོང་དང་ཕལ་ཆེར་འདྲ་བར་གདའ་བས་མ་བྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་དགོངས་ལ། ངས་དང་པོ་མགོན་པོ་ཚེ་དཔག་ཏུ་མེད་པའི་དྲུང་དུ་བྱ་ཕྱོགས་ཁ་བ་ཅན་གྱི་སེམས་ཅན་རྣམས་ཐ་མ་ཆོས་ཀྱིས་སྨིན་པར་བྱ་བར་ཆས་པའི་དམ་བཅས་པ་དེ་བསྒྲུབ་པའི་ཕྱིར། ཉིན་ལན་གསུམ་མཚན་ལན་གསུམ་དུ་གཟིགས་ཀྱང༌། ཁ་བ་ཅན་གྱི་སེམས་ཅན་རྣམས་ནི་དབུ་རྒོད་དུ་གྱུར་པས་ཤིན་ཏུ་འདུལ་དགའ་བས། ཞི་བས་མི་ཐུལ་བས་ཐ་མ་དྲག་པོས་འདུལ་དགོས་པས། ཁྲིམས་དང་ཆད་པ་ལ་བརྟེན་ནས་འདུལ་དགོས་པར་གཟིགས་ནས། དེ་ཡང་ཏབ་ཏུ་དབང་ཆེ་བར་གྲགས་པ་གཅིག་གིས་འདུལ་དགོས་ཏེ། འཛམ་བུའི་གླིང་ན་དབང་ཆེ་བ་ནི། རྒྱལ་རིགས་ཡིན་པས། རྒྱལ་པོའི་རིགས་སུ་སྤྲུལ་བས་འདུལ་བར་གཟིགས། དེ་ཡང༌། འཛམ་བུའི་གླིང་གི་རྒྱལ་པོ་ལ་སྔ་བ་ནི། རྗེ་མང་པོས་བཀུར་བ་ཡིན་ཏེ། དེ་ཡང་ཇི་ལྟར་ཡིན་ན། དང་པོ་སེམས་ཅན་གྱི་སྤྱི་མཐུན་གྱི་ལས་དང༌། སངས་རྒྱས་ཀྱི་དང་པོའི་སྨོན་ལམ་གྱི་མཐུས། ནམ་མཁའ་སྟོང་པ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་ཚན་པོ་ཆེའི་སྟོབས་ཀྱིས་ཀྱང་མི་བཤིག་པ་སྲ་བ་ཞིག་ཆགས་སོ། །དེའི་ཐད་ཀར་ཁམས་སྣ་ཚོགས་འདུས་པའི་སྤྲིན་ཆགས་ཏེ། ཆར་གྱི་རྒྱུན་ཆེན་པོ་བབས་སོ། །དེ་ལ་ཆུའི་དཀྱིལ་འཁོར་དཀར་པོ། རླུང་གིས་འཁྱོམ་པའི་ཁར། སྤྲིས་མའི་ཙུལ་དུ་རིན་པོ་ཆེའི་ས་གཞི་དཀྱིལ་འཁོར་སེར་པོ་ཆགས་སོ། །དེའི་སྟེང་དུ་རིན་པོ་ཆེའི་སྤྲིན་ཁ་དོག་སྣ་ཚོགས་པ་ཆགས་སོ། །ཆར་པའི་རྒྱུན་ནི་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་ཆུ་བབས་སོ། །རིན་པོ་ཆེའི་མཚོ་རླུང་གིས་བསྲུབས་པ་ལས། རིན་པོ་ཆེའི་རི་བརྒྱད་དང༌། རི་བོ་ངོས་ཡངས་ཀྱི་མཐའ་འཁོར་བར་ཆགས་པས། ཆུ་དེ་དར་བ་ལྟར་གྱུར་ཏོ། །དེའི་བཅུད་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ་ཆགས་ཏེ། ཆུ་དེ་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོར་གྱུར་ཏེ། དེའི་སྟེང་དུ་གླིང་རིན་པོ་ཆེའི་ས་གཞི་ཆགས་པའི་སྟེང་དུ། རི་རབ་ཀྱི་སྟེང་ནས། འོད་གསལ་གྱི་ལྷ་བསོད་ནམས་ཟད་པ་ཞིག་འཛམ་བུའི་གླིང་དུ་ལྷུང་ངོ༌། །དེ་ནི་གཤེད་ལྷ་ཞེས་བྱའོ། །དེའི་གྲོགས་སུ་ལྷ་མོ་ཞིག་བྱུང་སྟེ། གཤེད་ལྷ་གྲོགས་ཞེས་བྱའོ། །དེ་ལ་ཡིད་ལ་བསམས་པའི་བུ་བྱུང་སྟེ། གཤེད་བུ་ཞེས་བྱའོ། །དེ་ཡང་བསྐལ་པ་བཟང་པོའི་མི་ཐམས་ཅད་ལྷ་བཞིན་དབང་པོ་མ་ཚང་བ་མེད་པ། ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ། ལུས་ལ་འོད་ཡོད་པ། ཟས་སུ་དགའ་བདེ་ཟ་བ། བདག་དང་གཞན་གྱི་འཛིན་པ་མེད་པ། དེ་དག་ནི་ལྷ་དང་མི་གཉིས་ལ། མིག་འབྱེད་འཛུམ་ལས་ཁྱད་མེད་དོ། །དེའི་དུས་ན་ཞག་ཅེས་བྱ་བ་ཁ་དོག་དམར་སེར་རམ། རྒོད་ཡར་མའི་ཞོ་འདྲ་བ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་ཞིམ་པས། རྔམས་སུ་སོར་བཅུ་དྲུག་ཡོད་པ་ཐམས་ཅད་དུ་ཁྱབ་པར་དབུགས་ཆགས་པ་ཡོད་དོ། །དུས་ཤིག་ཙ་ན། རྐམ་ཆགས་ཅན་ཞིག་གིས་མཐེབ་མཛུབ་ཀྱིས་མྱང་བས་ཞིམ་ནས། མང་དུ་ཟོས་པས། ལུས་ཀྱི་ཁ་དོག་ངན་དུ་སོང༌། ཉུང་དུ་ཟོས་པས་ཁ་དོག་བཟང་བས། དེ་ནས་ཉོན་མོངས་པའི་དང་པོ་ང་དང་ཁྱོད་དུ་བསྲེ་བ་བྱུང་སྟེ་གཅིག་གིས་གཅིག་ལ་བརྙས་པ་བྱས་པས། ཐམས་ཅད་སྦྲན་ཏེ་ཟོས་པས། ཁམས་ཀྱི་ཟས་ཀྱི་དང་པོ་དེ་ནས་བྱུང་ངོ༌། །དེ་ཟོས་པས་ཉོན་མོངས་པ་གཏི་མུག་འཕེལ་བས། ལུས་ཀྱི་འོད་དེ་ཉམས་སོ། །དེ་ནས་སའི་བཅུད་ཅེས་བྱ་བ་ཕུན་སུམ་ཚོགས་པ། ཁ་དོག་དོང་ཁའི་མེ་ཏོག་ལྟ་བུ་སེར་པོ་རྔམས་སུ་སོར་བརྒྱད་པ། རོ་མཆོག་སྦྲང་རྩི་ལྟར་ཞིམ་པ་ཆགས་སོ། །སེམས་ཅན་དེ་དག་འདུ་ཞིང་ཚོགས་ནས། ཟས་དེ་མྱོང་ཞིང་ཟོས་པས། དེ་ཡང་ནུབ་ནས་ཐམས་ཅད་ཡི་ཆད་པས། ཀྱི་ཧུད་ཅེས་འཛེར་ཏེ་ཀྱེ་སའི་བཅུད་མེད་དོ་ཞེས་མྱ་ངན་གྱི་ཨོཾ་ཚུགས་བྱེད་ཅིང་མྱ་ངན་བྱེད་དོ། །སྨྲེ་སྔགས་འདོན་པར་གྱུར་ཏོ། །དེའི་རྗེས་ལ་ས་ཞག་ལྡུམ་བུའི་ཚལ་ཞེས་བྱ་བ་ཁ་དོག་ནི་འདམ་བུ་ཀ་རའི་མེ་ཏོག་ལྟ་བུ་བྲེ་འོ་སྣར་རོ། །རོ་སྦྲང་རྩི་ལྟར་ཞིབ་པ། དཔངས་སོར་བཞི་ཡོད་པ་གཅིག་ཆགས་སོ། །དེ་ཡང་ཟོས་པས་ནུབ་ནས། མྱ་ངན་དང་སྡུག་བསྔལ་བྱེད་དོ། །སེམས་ཅན་དེ་དག་ལ་འོད་མཻད་པར་གྱུར་ཏེ། མུན་པ་བྱུང་ནས། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་དང༌། ལས་ཀྱི་དབང་གིས་སྣང་བར་བྱེད་པའི་ཉི་མ་བྱུང་ངོ༌། །ལྷ་རྣམས་ཀྱི་འོད་ཕྱོགས་གཅིག་ཏུ་བྱས་པས་དེ་ཉིད་དམར་པོ་བྱས་པས། ཡ་གི་ཉི་མ་ཡིན་ཞེས་སྨྲས་སོ། །དེ་ནུབ་ནས་ཟླ་བ་བྱུང་བས། དཀར་པོར་བྱས་པས། ཡ་གི་ཟླ་བ་ཡིན་ཞེས་ཟེར་རོ། །དེ་ནས་ཉི་མ་དང༌། ཟླ་བ་དང༌། གཟའ་སྐར་ཡང་བྱུང་སྟེ། བསིལ་དྲོད་ཀྱང་སྙོམས་སོ། དེ་ནས་འབྲས་ས་ལུ་ཕུག་མ་མེད་པ། སྙེ་མ་རེ་རེ་ལ་བྲེ་བཞི་བཞི་ཡོད་པ་བྱུང་ངོ༌། །ནངས་ཟ་བ་ནངས་ལེན། ནུབ་ཟ་བ་ནུབ་ལེན་པར་བྱེད་པ་ལས། ཉེས་པ་ཐམས་ཅད་ཀྱི་རྩ་བ་གསོག་འཇོག་ཡིན་པས། ལོངས་སྤྱོད་ལ་སེར་སྣ་དང་མངའ་རིས་བྱས་ཏེ། ཕྱིས་ཟས་ལ་སྒོ་རྣོགས་ཏེ་ལས་ངན་གཅིག་གིས་ནངས་ནུབ་དང༌། ཞག་བདུན་གྱི་བར་ཟས་འབྲས་དུས་གཅིག་ལ་བླངས་ཏེ། འབྲས་ཤུན་སྐོགས་ཕག་ཏུ་སྦས་ནས་ཡོད་ཀྱང༌། མེད་དོ་ཟེར་ནས་རྫུན་བྱས་པས། དེ་ཡང་ནུབ་པར་གྱུར་ཏོ། །དེ་ནས་ས་ལུ་ཐོ་རྩེ་ར་སྐྱེ་བ་བྱུང་སྟེ། འབྲས་ལ་ཤུན་སྐོགས་དང་གྲ་མ་དང་གང་མ་བྱུང་སྟེ། དེ་ཁམས་ཀྱི་ཟ་རགས་པ་ཡིན་པས། དེ་ཟོས་པས། བཤང་གཅི་བྱུང་བའི་ལམ་བུག་པ་གཤམ་དུ་དོད་དོ། །དེར་ཕོ་དང་མོའི་མཙན་མ་ཡང་བྱུང་ངོ༌། །དེར་མི་གཅིག་གིས་གཅིག་ལ་ཕར་ལྟ་ཚུར་ལྟ་བྱེད་དོ། །གཅིག་གིས་གཅིག་ལ་མིག་འབུར་ཚུགས་སུ་བལྟས་པ་ལ་བརྟེན་ནས་ཆགས་པ་སྐྱེ་བར་གྱུར་ཏོ། །འཁྲིག་པའི་འདོད་ཆགས་སྤྱད་དོ། །དེ་གཞན་གྱིས་མཐོང་བ་ན་རྡུལ་འཐོར་བ་དང༌། བོང་བ་དང༌། གྱོ་མོ་དང༌། རྡོ་བ་བརྡེགས་པ་དང༌། ངོ་ཚ་བ་བྱེད་དོ། །དེ་མི་མཐོང་བར་བྱེད་པ་ལ་ཁང་བུ་བརྩིགས་ཏེ། དེའི་ཚེ་རང་ལ་ཡོད་ན་དགའ་ལ། གཞན་ལ་ཡོད་ཀྱིས་དོགས་པའི་ཕྲག་དོག་སྐྱེས་ཏེ། དེར་རང་རང་གིས་བགོས་ཏེ་བདག་བཟུང་བྱས་པས། ས་ཆ་ལ་མུ་ཚིགས་བཅུག་པ་ལས། ས་ལུ་ཕུང་པོར་བཞག་པ་ལ་བརྐུ་བ་བྱུང་སྟེ། ཁྱེར་རོ་བྱས་པས། ངས་མ་བླངས་སོ་ཟེར་ཏེ་རྫུན་དང་གཡོ་སྒྱུ་དེ་ནས་བྱུང་སྟེ། ངན་སྨྲ་ཞིང་མི་རྐུན་མ་ཁྱོད། མིས་མི་བྱེད་པའི་ལས་བྱེད་པ་རེ་ངན་ཞེས་བཟློས་པའོ། །དེའི་དུས་སུ་སེམས་ཅན་ཁ་ཅིག་ན་རེ། ཡོངས་སུ་འཛིན་པ་ནི་ནས་དང་འབྲས་འདྲའོ་ཟེར་ནས་བདག་འཛིན་སྤངས་ནས་དབེན་པར་སོང༌། དེ་ལ་བྲམ་ཟེ་ཞེས་གྲགས་ཏེ། མི་རིགས་བཞིའི་དང་པོ་ཞིག་དེ་ནས་བྱུང་སྟེ། དེ་བྲམ་ཟེའོ། །དེས་མི་རྣམས་ཀྱི་ནང་དུ་རིག་བྱེད་འདོད་ཞིང་ཟས་སློང་བས། མདུན་ན་འདོན་ཞེས་གྲགས་སོ། །དུས་ཕྱིས་རྒན་རབས་རྣམས་རིམ་གྱིས་ཤི་ནས་དེའི་འོག་ཏུ་ལྷ་ཚོས་འཆོས་པའི་མཐིལ་བཟང་ས་རྣམས་སུ་ཁྱིམ་ཐབ་བྱས་ཏེ། ཕྱོགས་བཟིར་སྒོ་བཞི་དང་ལྡན་པའི་གནས་ཁང་བྱས་པས་གྲངས་ཉུང་བ་རྣམས་ལ་གྲོང་ཞེས་བྱ། མང་བ་ལ་ཁྱེར་ཞེས་བྱ་བ་མིང་དུ་གྲགས་སོ། །དེ་ནས་ཀུན་འཚོགས་ནས་བགྲོས་ཏེ། འདི་རྣམས་ཀྱི་ནང་ནས་མི་ངང་རྒྱུད་བཟང་བ། གཟུགས་བྱད་མཛེས་པ། ཤེས་པ་དང་བསམ་པ་ཆེ་བ་གཅིག་དཔོན་དུ་བསྐོས་ལ། ཐམས་ཅད་ཀྱི་བདག་པ་བྱེད་དུ་བཅུག་སྟེ། དེ་ལ་དབང་བསྐུར་བ་ལ་དེས་ཅི་བསྒོ་བ་ཉན་ནོ་ཞེས་དམ་བཅས་སོ། །དེ་ཐམས་ཅད་ཀྱིས་དེ་ལ་དབང་བསྐུར་རོ། ཉེས་པ་བྱས་པ་ལ་ཆད་པ་ཆོད་ཅིག བཟང་དང་ལེགས་པ་བྱས་པ་ལ་བྱ་དགའ་དང་ཕན་ཐོགས་ཤིག ཅེས་སྐྱེས་བུ་དྲང་པོར་གནས་པ་དེས། ཐམས་ཅད་ལ་ས་མཉམ་པར་བགོ་བཤའ་བྱས་ཏེ། བྱིན་པས་རང་གི་སྐལ་བ་ཆད་དོ། །དེར་གཞན་ཐམས་ཅད་ན་རེ། འདི་བཟང་བས་སྐལ་བ་ཆད་པ་མི་རུང་བས་སོ་སོ་ནས་དྲུག་ཆ་རེ་བསྡུས་ལ་དེ་ལ་བྱིན། ཞེས་ཕུལ་བས། དེར་སྐལ་བ་བས་ལྷག་པས་རྒྱལ་པོ་ཞེས་གྲགས་སོ། །མང་པོས་བཀུར་བས་ན། མང་པོས་བཀུར་བ་ཞེས་བྱའོ། །དེ་ནས་ཞིང་གི་བདག་པོ་དང༌། ཕོངས་པར་གྱུར་པ་ཐམས་ཅད་ལ་ཕན་འདོགས་ཤིང་སྐྱོང་བས་འཁོར་ཐམས་ཅད་དགའ་བར་བྱེད་པས། རྒྱལ་པོ་ཆེན་པོ་ཞེས་བྱའོ། །དེ་ནས་སེམས་ཅན་ངན་པ་འགས། ཡོད་པས་ཁེངས་པ་དང་ང་རྒྱལ་བྱས། མེད་པས་རྐུ་དང་འཕྲོག་པ་བྱས་པས་ཁྲིམས་དང་འགལ་བ་ལ། བློན་པོ་ཀུན་གྱིས་ཆད་པ་བཅད་པས་རྗེ་རིགས་དང༌། དམངས་རིགས། རིགས་ངན་གདོལ་པ་ཅན་བྱུང་ངོ༌། །དེར་དགེ་སེམས་མེད་ཅིང༌། བླུན་ཞིང་རྨོངས་པ་རྣམས་དུད་འགྲོར་གོལ་ནས། རྟ་བ་གླང༌། ཕྱུགས་ལུག་བྱུང་ངོ༌། །མི་དགེ་བ་སྡིག་པ་སྤྱད་པས། འབྲས་བུ་ངན་སོང་འཕེལ་ལོ། །འཛམ་བུ་གླིང་གི་རྒྱལ་པོ་ལ་སྔ་བ་ནི། མང་པོས་བཀུར་བ་ཡིན་ལ། དེ་ནི་མིའི་ཆོས་ལུགས་ལེགས་པས་སྐྱེས་བུ་རྣམས་མགུ་བར་བྱེད་ཅིང༌། རང་བཞིན་གྱིས་ཚུལ་ཁྲིམས། ཤཻས་རབ་དང་ལྡན་པས་ཉམས་སུ་བླངས་ཏེ་གནས་པ་རྒྱལ་པོའོ། །དེའི་དུས་སུ་མི་རྣམས་ཀྱི་མིང་ནི་སེམས་ཅན་ཞེས་བྱའོ། །མང་པོས་བཀུར་བའི་བུ་འོད་མཛེས་དེའི་དུས་སུ། མི་རྣམས་ཀྱི་མིང་ནི་ཚུར་ཤོག་ཆུ་སྟོད། ཆུ་སྨད་ཅེས་བྱ་བར་གྱུར། དེའི་བུ་དགེ་བ། དེའི་དུས་སུ་མི་རྣམས་ཀྱི་མིང་ནི་ཏིལ་སྐྱེས་ཞེས་བྱའོ། །དེའི་བུ་དགེ་མཆོག་སྤྲིན་ཞེས་བྱ་བ། དེའི་དུས་སུ་མི་རྣམས་ཀྱི་མིང་ནི་སྤྲིན་མགྲིན་ཞེས་བྱའོ། །དེའི་བུ་གསོ་སྦྱོང་འཕལགས་སོ། །དེའི་སྤྱི་བོར་ཤ་རྨེན་ཞིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་མཉེན་པ་འཇམ་པ་ནི་མེར་བྱས་ན། ཤིང་བལ་ལམ། རས་བལ་གྱི་འདབ་མ་བཞིན་ཏེ། གནོད་མེད་དེ། དེ་སྨིན་ཏེ་བརྡོལ་བ་ལས། ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། མཛེས་ཤིང་ཡིད་དུ་འོང་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། མིང་ཡང་སྤྱི་བོ་སྐྱེས་ཞེས་བྱ་བ། གསོ་སྦྱོང་འཔགས་ལ། བཙུན་མོ་དྲུག་ཁྲི་ཡོད་པས། རྒྱལ་བུ་མང་དུ་བྱུང་བ་དང་དེ་ཐམས་ཅད་ཀྱི་ནུ་མ་ཀུན་ལས་འོ་མ་ཟགས་ཏེ། རེ་རེས་ཀྱང་ང་ལ་་ལས་་ནུས་ནུ་ཞེས་སུ་ཐོབ་བྱེད་པས། མིང་རྒྱལ་ང་ལ་ལས་ནུས་ནུ་ཞེས་གྲགས་སོ། །དེས་གླིང་བཞིའི་ལྷ་དང་བཅས་པའི་རྒྱལ་སྲིད་ལ་མངའ་མཛད་དོ། །དེའི་ཚེ་གཞུང་ལུགས་རྒྱ་ཆེར་སྤྱད་ཅིང་བསམ་ཏེ་གློད་ཅིང་ཉེ་བར་བརྟགས་ནས་བྱས་པས་དེང་ཕྱིན་ཆད་ནས། དེ་ལྟར་གྱི་བར་དུ་མི་རྣམས་ཀྱི་མིང༌། སྤྱོད་པ་ཅན་དང༌། སེམས་ཅན་དང༌། ཉེ་བར་རྟགས་པ་ཅན་དང༌། ཤེད་ལས་སྐྱེས་པ་ཞེས་བྱ་བར་གྱུར་ཏོ། །མི་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོགས་པར་བྱེད། བསམས། གཞལ། རྟོགས་ནས་བཟོའི་གནས་དང༌། ལས་ཀྱི་གནས་ཐ་དད་པ་བྱེད་དུ་འཇུག་པ། ཡིད་ལས་སྐྱེས་གྲགས་པ་མཐའ་ཡས་ཞེས་བྱ་བ་གྲགས་སོ། །རྒྱལ་པོ་དྲུག་པོ་འདི་དག་ནི་ཚེ་ཚད་དཔག་ཏུ་མེད་ཅིང༌། དཔག་ཏུ་མེད་པ་འཁོར་ལོས་སྒྱུར་བ་ཡིན་ནོ། །སྤྱི་བོ་སྐྱེས་ཀྱི་བརླ་གཡས་པ་ལ་ཕོལ་གཅིག་བྱུང་བ་ལས། སྔར་བཞིན་གནོད་པ་མེད་དེ། མཛེས་པ་ཞེས་བྱ་བ་སྐྱེས་བུ་ཆེན་པོ་མཚན་སུམ་བུ་རྩ་གཉིས་ལྡན་པ། གསེར་གྱི་འཁོར་ལོ་རྩིབས་སྟོང་སྒྱུར་བ་ཞིག་བྱུང་ངོ༌། །གླིང་བཞི་ལྷ་དང་བཅས་པ་བཏུལ་ཏེ། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་མངའ་མཛད་དོ། །དེའི་དུས་སུ་བསྐལ་པ་བཟང་པོའི་སངས་རྒྱས་འཁོར་བ་འཇིག་བྱོན་ནོ། །དེའི་ཚེ་རྒྱལ་བུ་མཛེས་པའི་བརླ་གཡོན་པ་ལ་ཤ་རྨེན་ཞིག་བྱུང༌། དེ་ལ་ཉེ་མཛེས་ཞེས་དངུལ་གྱི་འཁོར་ལོས་སྒྱུར་བ་གཅིག་བྱུང་ངོ༌། །དེས་གླིང་གསུམ་ལ་དབང་བྱས་ཏེ། དེའི་རྐང་པའི་བོལ་གོང་གཡས་ལ་ཤ་རྨེན་བྱུང་བས། སྲས་མཛེས་པ་ཅན། མཛེས་ལྡན། དེ་ཟངས་ཀྱི་འཁོར་ལོས་སྒྱུར་བ་གླིང་གཉིས་ལ་དབང་སྒྱུར་པ་གཅིག་བྱུང་ངོ༌། །དེའི་རྐང་པའི་མཐིལ་གྱི་འོག་ནས་ཤ་རྨེན་བྱུང་བ་ལས་བཟང་པོ་ཞེས་ལྕགས་ཀྱི་འཁོར་ལོས་བསྒྱུར་བ་གླིང་གཅིག་ལ་དབང་བསྒྱུར་བ་བྱུང་ངོ༌། །མཚན་གཅིག་སྟེ། དེ་རྣམས་ནི་རིན་ཆེན་བདུན་དང་ལྡན་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱུང་ངོ༌། །ཚེ་ལོ་བདུན་ཁྲིའི་དུས་སུ། སངས་རྒྱས་ཐམས་ཅད་སྐྱོབ་བྱོན་ནོ། །དེ་ནས་ལོ་ཁྲི་ཚོ་རེ་བྲི་བའི་དུས་སུ་སངས་རྒྱས་ལོག་པར་དད་སེལ་བྱོན་ནོ། །དེ་ནས་རྒྱལ་པོ་ཀུན་ནས་འོད་ཟེར་ནས་བརྒྱད་ཁྲི་བཞི་སྟོང་ཡུལ་གྲུ་འཛིན་དུ་བྱུང་ངོ༌། །འདི་མར་བཅད་ནི་སེམས་ཅན་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་ཁམས་ཀྱི་རྒྱལ་ཕྲན་དུ་གྱུར་ཏོ། །བརྒྱ་ནས་སུམ་ཅུ་རྩ་གཅིག་གི་ཐ་མར། རྒྱལ་པོ་ཚངས་བྱིན་བྱུང་ངོ༌། །དེའི་དུས་སུ་གྲོང་ཁྱེར་སྔ་བར་བྲམ་ཞེའི་རིགས་ལས་ཚེ་ལོ་སུམ་ཁྲིའི་དུས་སུ་སངས་རྒྱས་གསེར་ཐུབ་བྱོན་ནོ། །ཚངས་བྱིན་ནས་རིམ་པར་བརྒྱུད་དེ། བརྒྱད་འབུམ་དང༌། བརྒྱད་ཁྲི་དྲུག་སྟོང༌། བཞི་བཅུ་རྩ་དགུ་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་ཚེ་ལོ་ཉི་ཁྲིའི་དུས་སུ་བྱུང་ངོ༌། །དེའི་དུས་སུ་སངས་རྒྱས་འོད་སྲུངས་བྱོན་ནོ། །ཀྲི་ཀྲི་ནི་མ་འོངས་པར་བྱང་ཆུབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས། དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེས་སོ། །དེ་དག་གི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྡེ་ལྔ་ཞེས་བྱའོ། །ཀྲི་ཀྲིའི་བུ་ནི་ལེགས་སྐྱེས། བུ་མོ་ནི་གསེར་མོ་སྤུན་བདུན་ཏེ། འཁོར་བ་ལ་ཞེན་པ་ལོག་སྟེ་ཐར་པ་ཐོབ་པོ། མཛེས་ལྡན་གྱི་བུ་ནི་བཏང་བའོ། །དེའི་བུ་ནི་བཏང་བཟུང་ངོ༌། །དེའི་བུ་ནི་ཀུ་ཤི་ནི། དེའི་བུ་ནི་ཀུ་ཤི་ནི་ཆེན་པོའོ། །དེའི་སྲས་ཉེ་བའི་ཀུ་ཤི་ནིའོ། །དེའི་བུ་ལེགས་མཐོང་ངོ༌། །དེའི་བུ་ནི་ལེགས་མཐོང་ཆེན་པོའོ། །དེའི་བུ་ནི་གནོད་སེལ་ལོ། །དེའི་བུ་གསེར་མདོག་ཤེས་རབ་ལྡན་ནོ། །དེའི་བུ་ནི་སྐལ་ལྡན་ནོ། །དེའི་བུ་ནི་ངན་སྤོང༌། དེའི་བུ་ནི་ལྷུན་པོ། དེའི་བུ་ནི་མཉེས་སྒྲོ། དེའི་བུ་ནི་རབ་ཏུ་སྒྲ་བསྒྲགས་སོ། །དེའི་བུ་ནི་རབ་ཏུ་སྒྲ་བསྒྲགས་ཆེན་པོ། དེའི་བུ་ནི་བདེ་བྱེད་དོ། དེའི་བུ་ནི་ཕྱོགས་བདག་གོ། །དེའི་བུ་ནི་སྡུག་བཟང་ངོ༌། །དེའི་བུ་ནི་རྒྱས་བྱེད་དོ། །དེའི་བུ་ཚ་བོ། ཡང་ཚ་སུམ་ཚའི་རྒྱུད་ལ་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་ལ་མངའ་མཛད་དོ། །ཡུལ་གྲུ་འཛིན་དུ་བྱུང་ངོ༌། །དེའི་འོག་ཏུ་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱ་བ་བྱུང་ངོ༌། །དེའི་བུ་ནི་རྒྱལ་བ། དེའི་བུ་ནི་ལྷུན་པོ། དེའི་བུ་ནི་འཇིགས་བྱེད་ཤིང་རྟ་རྒྱལ། དེའི་སྲས་ཤིང་རྟ་བཅུ་པའོ། །དེའི་བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་ལྔ་ལེན་གྱི་རྒྱལ་པོ་ལྔ་སྟོང་བྱུང་ངོ༌། །དེའི་ཕྱི་མའི་རྒྱུད་ལ། ཀ་ལིང་ཀའི་རྒྱལ་པོ་ལྔ་སྟོང་བྱུང་ངོ༌། དེའི་ཕྱི་མའི་རྒྱུད་ལ། ཨ་སྨྲ་ལི་ཀའི་རྒྱལ་པོ་བདུན་སྟོང་བྱུང་ངོ༌། །དེའི་ཕྱི་མའི་རྒྱུད་ལ། སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་བྱུང་ངོ༌། །དེའི་ཕྱི་མའི་རྒྱུད་ལ། ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་བྱུང་ངོ༌། །དེ་ནས་ཡན་ལག་ཅན་གྱི་རྒྱལ་པོ་ཁྲི་བྱུང་ངོ༌། །དེའི་ཕྱི་མ་མའི་རྒྱུད་ལ། གླུ་དབྱངས་མཁན་ཞེས་རྒྱལ་པ་ཁྲི་བྱུང་ངོ༌། །དེའི་ཕྱི་མའི་རྒྱུད་ལ། མ་ག་དྷའི་རྒྱལ་པོ་ཁྲི་ཆིག་སྟོང་བྱུང་ངོ༌། །དེའི་ཕྱི་མའི་རྒྱུད་ལ། ཏ་མ་ལའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་ངོ༌། །དེ་ལ་བུ་རིགས་གསུམ་དུ་གྱེས་ཏེ། ཀོ་ས་ལའི་རིགས་དང༌། བྷ་ས་ལའི་རིགས་དང༌། བུ་རབ་ཤིང་སྐྱེས་རིགས་དང༌། གསུམ་ཞེས་བྱའོ། །དེའི་རྒྱུད་ཐ་ཐེམ་པ་ན། རྒྱལ་པོ་རྣ་བ་ཅན་ལ་བུ་གཉིས་ཏེ། བྷ་ར་དྷྭ་ཛ་དང༌། གཽ་ཏ་མའོ། །བྷ་ར་དྷྭ་ཛ་དབང་བསྐུར་ནས་རྒྱལ་པོ་བྱེད། གཅུང་གཽ་ཏ་མ་དྲང་སྲོང་མདོག་ནག་པོའི་ཕྱིར་རབ་ཏུ་བྱུང་ངོ༌། །དྲང་སྲོང་རྩ་དང་ཆུས་འཚོ་བས། གཽ་ཏ་མ་དེས་འཚོ་བར་མ་གྱུར་ཏེ། གྲུ་འཛིན་དུ་བསོད་སྙོམས་བླངས་ཏེ་མི་རིང་བ་ན་ལོ་མའི་སྤྱིལ་པོ་བྱས་ཏེ་སྒོམ་མོ། །གྲུ་འཛིན་ན་སྨད་འཚོང་འགྲོ་བ་བཟང་མོ་བྱ་བ་ལ། ཡུལ་དེའི་སྐྱེས་བུ་པད་མའི་རྩ་ལག་བྱ་བས། གོས་དང་རྒྱན་བྱིན་ནས་སྨད་ཉོས་པ་ལ་འཚོང་བར་ཁས་བླངས་སོ། །དེའི་རྗེས་ལ་ཚོང་པ་ཞིག་གིས་ཀར་ཤ་པ་ནི་ལྔ་བརྒྱ་བྱིན་ཏེ། འགྲོ་བ་བཟང་མོའི་སྨད་ཉོས་པས། དང་པོ་ཚོང་པའི་རྩར་ཕྱིན་པས། དེ་ལ་པད་མའི་རྩ་ལག་ཁྲོས་ཏེ་སྐྱེད་མོས་ཚལ་དེར་བཟང་མོ་སྐེ་རལ་གྲིས་བཅད་པ་དང༌། གཡོག་མོས་ཇོ་མོ་བསད་དོ་ཞེས། ཀུ་ཅོ་དང་སྒྲ་ཆེན་པོས་རྟོགས་པས་པོ་སྒྲོག་པ་སྐྱེད་མོས་ཚལ་གྱི་མི་ཀུན་གྱིས་ཐོས་པས། གྲོང་པའི་ར་མདའ་རྒྱུག་ནས་དེད་པ་དང༌། པད་མའི་རྩ་ལག་བྲོས་པའི་མདུན་ན། གཽ་ཏ་མ་སྒོམ་པའི་དྲུང་དུ། རལ་གྲི་ཁྲག་ཅན་དེར་བོར་བས། རྗེས་གཅོད་པ་འདེད་མི་རྣམས་ན་རེ། དགེ་སྦྱོང་འདིས་དང་པོ་བུད་མེད་ཀྱི་སྨད་ཉོས། དེ་ནས་བསད་དོ་ཞེས་མ་བརྟགས་པར་སྨྲ་བར་བྱས་པས། གཽ་ཏ་མས་ངས་གང་ཡང་མ་བྱས་སོ་ཞེས་བྱས་པས། སླར་རྫུན་དང་མིན་གསུམ་སྨྲས་པ་འདི་ལ། ཆད་པ་བྱ་བར་རིགས་སོ། །ཞེས་ནས། རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་པོས་གསལ་ཤིང་ལ་སྐྱོན་ཅིག་ཅེས་སྨྲས་ནས། སྡུག་བསྔལ་བ་དེ་མཁན་པོས་ཤེས་ནས་གཽ་ཏ་མའི་དྲུང་དུ་འོངས་ནས་བུ་ཁྱོད་ལ་ཉེས་པ་དེ་ལྟ་བུ་ཡོད་དམ་ཞེས་དྲིས་པས། བདག་ལ་ཉེས་པ་དེ་ལྟ་བུ་གང་ཡང་མེད་དོ་ཞེས་པ་དང༌། ཁྱེད་ལ་དཔང་པོ་སུ་ཡོད་ཅེས་པ་དང༌། ང་ལ་དཔང་པོ་གཞན་མེད་དོ། །ཉེས་པ་མེད་ན། ནམ་མཁའི་མདོག་གསེར་ལྟར་གྱུར་ཅིག་ཅེས་བདེན་པའི་དམོད་པ་སྨྲས་པ་དང༌། དེར་ནམ་མཁའ་གསེར་དུ་གྱུར་ཏེ། དྲང་སྲོང་ཡང་གསེར་མདོག་ཅན་དུ་གྱུར་ཏོ། །དྲང་སྲོང་གསེར་མདོག་ཏུ་གྲགས་སོ། །གཽ་ཏ་མས་དྲང་སྲོང་གསེར་མདོག་ལ་བདག་སྐྱེ་བ་ཕྱི་མ་གང་དུ་སྐྱེ་ཞེས་དྲིས་པས། བུ་ཁྱེད་ལ་བུ་མེད་པས་སྐྱེ་མི་སྲིད་དེ། རིགས་རྒྱུད་མེད་པ་ལ་བྱང་ཆུབ་ཀྱང་མེད་དོ། །ཁྱོད་ཀྱིས་རིགས་རྒྱུད་བཞག་ན་སྐྱེ་བ་ཡོད་དོ་ཞེས་སྨྲས་པས། བདག་ཚད་པས་གདུུང་བས་ནུས་པ་མེད། མཁན་པོས་སྤྲིན་བསྡུས་ཆར་ཕབ། རླུང་སེར་བུ་བསླངས་ཏེ། ཚད་པ་ཞི་བ་དང༌། ཚུལ་བཞིན་བྱ་བ་མ་ཡིན་པར། འཁྲིག་པའི་འདོད་ཆགས་ཡོད་པ་དྲན་པར་བྱས་པ་དང༌། ཁུ་བའི་ས་བོན་ཐིགས་པ་གཉིས་ཁྲག་དང་ལྷན་ཅིག་བུ་རམ་ཤིང་གི་ཚལ་དུ་ལྷུང་བས་བསམ་གྱིས་མི་ཁྱབ་པའི་གནས་དྲན་ཏེ། བདག་དང་འཇིག་རྟེན་དང་སེམས་ཅན་རྣམས་ཀྱི་གནས་མིན་དང༌། སངས་རྒྱས་རྣམས་ཀྱི་ཡུལ་སེམས་པའོ། །དེ་ནས་ཐིགས་པ་དེ་གཉིས་སྒོ་ང་གཉིས་སུ་གྱུར་ནས། ཉི་མ་ཤར་བའི་དུས་སུ་འོད་ཟེར་གྱིས་གྲོལ་ཅིང་སྨིན་ནས། སྒོ་ང་བརྡོལ་བ་ལས། དེ་ལ་ཁྱེའུ་གཉིས་སུ་གྱུར་ཏོ། །སྐྱེད་བསྲིངས་ཏེ། ཉི་མའི་གཉེན་དང༌། བུ་རམ་ཤིང་པ་ཞེས་བྱའོ། །དེ་གཉིས་ཉི་མས་སྨིན་པས། ཉི་མའི་རིགས་ཞེས་དྲང་སྲོང་གཽ་ཏ་མའི་བུ་ཡིན་པས། གཽ་ཏ་མ་ཞེས་མིང་གཉིས་པའོ། །རང་གི་ཡན་ལག་ལ་སྐྱེས་པས་ན། མིང་གསུམ་པ་ཡན་ལག་སྐྱེས་སོ། །བུ་རམ་ཤིང་གི་གསེབ་ནས་རྙེད་པས། བུ་རམ་སིང་སྐྱེས་ཞེས་མིང་བཞི་པའོ། །སྐབས་དེར་བྷ་ར་དྷྭ་ཛ་ཤི། དེ་ལ་བུ་མེད། དེར་འབངས་རྣམས་ཀྱིས་གྲོས་བྱས་ཏེ། གཅེན་པོ་གཽ་ཏ་མ་རབ་ཏུ་བྱུང་བ་དེ། ཁྱིམ་དུ་ཕབ་ལ་རྒྱལ་ཚབ་ཏུ་དབང་བསྐུར་རོ་ཞེ་ཟེར་ནས། དྲང་སྲོང་མདོག་ནག་ལ། གཽ་ཏ་མ་བདག་ཅག་ལ་རྩོལ་ཞེས་ཞུས་པས། ཁྱོད་རང་གིས་བསད་དོ། །དེ་དག་གིས་སྨྲས་པ། མ་དྲན་ནོ། །དྲང་སྲོང་གིས་སྨྲས་པ། ཉེས་པ་མེད་པར་གསལ་ཤིང་ལ་སྐྱོན་པ་དེ་ཡིན་ནོ། །ཁྱེའུ་འདི་གཉིས་སུ་ཞིག་ཡིན་སྨྲས་པ། གཽ་ཏ་མའི་བུའོ། །འདི་གཉིས་ངེད་ལ་སྩོལ་ཅིག་ཟེར་ནས་ཉི་མའི་གཉེན་རྒྱལ་སྲིད་ལ་དབང་བསྐུར་རོ། །དེའི་རྒྱུད་གྲོང་ཁྱེར་དེ་ཉིད་དུ་བྱུང་བའི་དུས་སུ་དེར་རྒྱལ་པོ་བུ་རམ་ཤིང་པ་ལ་བུ་གསུམ་བྱུང༌། བུ་མོ་གསུམ་སྐྱེས་པ་དང༌། བཙུན་མོ་ཤི་བར་གྱུར་པས། རྒྱལ་པོ་མྱ་ངན་མ་སངས་སོ། །བློན་པོ་ཀུན་གྱིས་རྒྱལ་པོ་ཆེན་མྱ་ངན་མ་བྱེད། དེ་ཙམ་ཅིའི་ཕྱིར་བྱེད་ཞུས་པས། ངའི་བཙུན་མོ་དམ་པ་ཤིའོ་ཞེས་སྨྲས་པས། ད་དུང་བཙུན་མོ་བླངས་པས་ཆོག་ཟེར། ད་སྟེར་བ་མི་ཡོང༌། སྔོན་སྟེར་བ་ལས། ད་མི་སྟེར་བ་ཅི་ཉེས་ཟེར། དེ་ང་ལ་བུ་གསུམ་ཡོད་པས། རྒྱལ་བུ་སྐྱེས་ཀྱང་རྒྱལ་སྲིད་མི་ཐོབ་པས་མི་སྟེར་འོང་ངོ་སྨྲས་པས། དེ་གལ་ཏེ་བུ་མི་ཡོང་མི་སྲིད་དོ། །བུ་བྱུང་ཡང་འཆི་སྲིད། མ་ཤི་ན་རྒྱལ་སྲིད་ཁས་བླང་བར་བྱའོ་ཞུས་ནས། རྒྱལ་པོ་གཅིག་ལ། བཙུན་མོ་ཞུས་པ། རྒྱལ་པོ་གཞན་དེ་ན་རེ། ཁྱོད་བུ་རམ་ཤིང་པ་ལ་བུ་གསུམ་ཡོད་པས། ངའི་བུ་མོ་ལ་ཚ་བོ་བྱུང་ཡང་རྒྱལ་སྲིད་མི་ཐོབ་པས་མི་སྟེར་རོ། །སྨྲས་པ། ཁྱེད་ཀྱི་བུ་མོ་ལ་བུ་བྱུང་ན་རྒྱལ་སྲིད་སྦྱིན་པར་བྱ་བས་བུ་མོ་བྱིན་ཅིག རྒྱལ་པས་སྨྲས་པ། ངའི་བུ་མོ་ལ་བུ་མི་ཡོང་མི་སྲིད། བྱུང་ཡང་འཆི་སྲིད། མ་ཤི་ན་རྒྱལ་སྲིད་མ་བྱིན་ན། ངས་དམག་འདྲེན་ནོ། །ཞེས་དམ་བཅས་ཏེ་བུ་མོ་བྱིན་ནོ། །དེར་ཁབ་ཏུ་བཞེས་པ་ལས། བུ་གཅིག་སྐྱེས་པས། མིང་རྒྱལ་སྲིད་དགའ་བྱ་བར་བཏགས་སོ། །དེ་ལ་རྒྱལ་སྲིད་མ་བྱིན་ན་དམག་ལ་འཇིགས་པས། བུ་སྔ་མ་གསུམ་དྲང་སྲོང་སེར་སྐྱའི་གནས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་ཝ་ར་ཎ་སིར་སྤྱུགས་སོ། །བུ་མོ་གསུམ་ཡོད་པ་ན་རེ། བུ་སྤྱུགས་པའི་ཕ་ཁྱིམ་དུ་བུ་མོ་འདུག་པར་མི་རིགས། མིང་པོའི་གཡོག་བྱ་བར་རིགས་སོ་ཟེར་ནས་སོང་ངོ༌། །དེར་རྒྱལ་བུ་གསུམ་གྱིས། དྲང་སྲོང་སེར་སྐྱའི་བསྟི་གནས་དང༌། ཐག་མི་རིང་བར་ལོ་མའི་སྤྱིལ་པོ་བྱས་ཏེ། གནས་བཏབ་སྟེ་འདུག་ནས། རི་དྭགས་རྔོན་སྟེ་དེས་འཚོ་བར་བྱས་སོ། །བསྟི་གནས་སུ་དོང་བ་དང༌། ལང་ཚོ་དར་ལ་བབས་པ་དང༌། འཁྲིག་པའི་འདོད་ཆགས་ཀྱིས་གདུངས་པར་བརྟེན་ལག་པའི་འདུ་བྱེད་དྲག་པོ་བྱས་པས་ཤ་སྲི་ངན་པ། སྐྱ་སེང་སེང་པོར་གྱུར་པ་དང༌། དེ་དྲང་སྲོང་གིས་མཐོང་བས་སྨྲས་པ། ཀྱེ་སྐྱེས་བུ་ཀུན་དེ་ལྟར་མ་བྱེད་པར་ཁྱེད་རང་གི་སྲིང་མོ་དང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་ཅིག་ཅེས་སོ། །སྨྲས་པ། དེ་ལྟ་བུ་རུང་ངམ་ཞེས་པས། ཤེས་ལྡན་དག་རྒྱལ་རིགས་སྟོངས་པས་དེ་བས་རུང་གིས། དེ་ལྟར་སྤྱོད་ཅིག ཅི་བདེ་བར་སྤྱོད་ཅིག་ཅེས། དྲང་སྲོང་གི་གསུང་ཚ་མ་ཡིན་ནོ་སྙམ་ནས་དགའ་མགུ་རངས་ཏེ། རང་གི་སྲིང་མོ་ཀུན་དང་ལྷན་ཅིག་ཏུ་བརྩེས་ཏེ། ལོངས་སྤྱོད་པས་བུ་ཕོ་དང་བུ་མོ་དང་བཙས་ཏེ་རྨེར་གྱུར་ཏེ། ཅ་ཅོ་དང༌། རྩེད་མོ་དང༌། གླུ་གར་བྱས་པས་དྲང་སྲོང་བསམ་གཏན་གྱི་ཚེར་མ་བྱས་སོ། །གཡེང་བར་སོང་བས། སྡོད་དུ་མ་བཏུབ་སྟེ། དེར་རྒྱལ་བུ་གསུམ་གྱིས་དྲང་སྲོང་ཆེན་པོ་བཞུགས་ཤིག བདག་ཅག་ལའང་འདུག་ས་ཞིག་ཕོབ་ཅིག་ཞུས་པས། དེ་བཞིན་བྱའོ་ཟེར་ནས། གསེར་གྱི་བྱ་མ་བུམ་གྱིས་གྲོང་ཁྲེར་གྱི་རི་མོ་བྲིས་པལས། དྲང་སྲོང་གིས་གནས་གྱི་གཞི་བཏིང་བས། སེར་སྐྱའི་གྲོང་ཁྱེར་ཞེས་བྱའོ། །དེར་འཕེལ་ཆེས་ཀྱིས་དོགས་པས། ལྷ་རྣམས་ཀྱིས་དེ་དང་ཉེ་བར་ཕྱོགས་བསྟན་པས། དེར་གྲོང་ཁྱེར་བཏབ་པས། ལྷས་བསྟན་ཞེས་བྱ་བར་གྲགས་སོ། །དེ་ནས་རྒྱལ་སྲིད་འགའ་ཞིག་དགའ་སི་ནས། བུ་གསུམ་སྤྱུགས་པ། འབོད་མི་བཏང་བས་སྲས་གསུམ་ཀོ་ལོང་བྱས་ནས་མ་བྱུང་བས། ཡབ་རྒྱལ་པོར་གསོལ་པར། ངའི་དེ་པ་ཅི་འདྲ་བར་འདུག་དྲིས་པས། སྲས་གསུམ་བུ་ཚ་དང་བཅས་ཏེ་སྐྱིད་པར་གདའོ། །ངའི་བུ་སྤྲང་དུ་བཏང་བར་སུ་ཞིག་བཙུན་མོ་སྟེར་བ་ཡོང༌། བློན་པོས་གསོལ་པ།   སྲས་གསུམ་སྲིང་མོ་དང་བཟའ་མི་བྱས་ཏེ་འདུག་གོ།  །ཞེས་ཟེར་བས།  ཡབ་རྒྱལ་པོ་དེ་ངོ་མཚར་ཡ་མཚན་ནས་ཕྱག་བརྐྱངས་ཏེ།   ཤཱཀྱ་ཤཱཀྱ་ཞེས་ཟེར་རོ།   །བོད་དུ་ཕོད་པ་ཕོད་པ་བྱ་བ་ཟེར་བ་ཡིན་ནོ། །དེ་ནས་ཤཱཀྱ་ཆེན་པོའི་རྒྱུད་ནི། ཤཱཀྱ་ཆེན་པོ་ཞེས་བྱའོ། །འབྲིང་པོའི་རྒྱུད་ནི། ཤཱཀྱ་ལི་ཙ་བྱི་ཞེས་བྱའོ།  །ཆུང་བའི་རྒྱུད་ནི་ཤཱཀྱ་རི་དྭགས་རི་བྲག་པ་ཞེས་བྱའོ།  །དེ་རྣམས་ཀྱི་བུ་རྒྱུད་ལ། བུ་ཚ་བོ། ཡང་ཚ། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་སྟེ།  བུ་རམ་ཤིང་སྐྱེས་ཀྱི་རྒྱལ་པོ་སྟོང་དང་བརྒྱ་ཐམ་པ་བྱུང་ངོ༌།  །དེའི་རྒྱུད་པྱི་མའི་བུ་ནི། བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱའོ། །དེ་ལ་བུ་བཞི་ནི། སྐར་མདའ་གདོང་དང༌། ལག་སྣ་དང༌། གླང་པོ་ཆེ་འདུལ་དང༌། རྐང་གདུབ་ཅན་ཞེས་བྱའོ།  །དེ་དག་ལ་ནི་ཤཱཀྱ་ཆེན་པོའི་རིགས་ཞེས་གྲགས་སོ། །རྐང་གདུབ་ཅན་གྱི་བུ་ནི། རྐང་གདུབ་ཅན་གྱི་ཞབས་བྱ་བ་བྱུང་ངོ༌།  །དེའི་བུ་ནི་གནས་འཇིག་གོ། །དེའི་བུ་ནི་བ་གླང་གནས་སོ། །ཐ་མ་གཞུང་སྟོན་ནོ་དེ་ལ་བུ་གཉིས་ཏེ། སེང་གེ་འགྲམ་དང༌། སེང་གེ་སྒྲའོ། །འཛམ་བིུ་གླིང་གི་ཇི་སྙེད་ལས།  ཐམས་ཅད་ཀྱི་མཆོག་ནི་རྒྱལ་པོ་ཆེན་པོ་མེས་སེང་གེ་འགྲམ་ཡིན་ནོ། །དེ་ལ་བུ་བཞི་དང་བུ་མོ་བཞི། བུ་ཆེ་བ་ནི་ཟས་གཙང་མ།  དེ་ལ་ཡུམ་སྒྱུ་འཕྲུལ་མའི་སྲས་གཉིས་ལས།  ཆེ་བ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དང༌།  གཅུང་དགའ་བོ་དང་གཉིས་སོ། །སྲིན་མོ་ནི། གཙང་མ། དེའི་བུ་ནི། ལེགས་པར་རབ་སད་དོ། །གཉིས་པ་ཟས་དཀར་ལ་བུ་གཉིས། ཚེ་དང་ལྡན་པ་རྒྱལ་བ་དང༌།  བཟང་ལྡན་ནོ།  །ཟས་དཀར་གྱི་སྲིང་མོ་ནི་དཀར་མོའོ། དེའི་བུ་ནི་འཕྲེང་བ་ཅན་ནོ། །གསུམ་པ་བྲེ་བོ་ཟས་ལ་བུ་གཉིས་ལས།  ཚེ་དང་ལྡན་པ་མིང་ཆེན་དང༌། མ་འགག་པའོ།  །བྲེ་བོ་ཟས་ཀྱི་སྲིང་མོ་ནི།  བྲེ་མོ་མའོ། །དེའི་བུ་ནི་བཟང་ལེན་ནོ། །བཞི་པ་བདུད་རྩི་ཟས་ལ་བུ་གཉིས་ཏེ། ཚེ་ལྡན་ཀུན་དགའ་བོ་དང༌། ལྷས་བྱིན་ནོ། །སྲིང་མོ་ནི་ཚད་མེད་མའོ། །དེའི་བུ་ནྀ་དགེ་འཕེལ་ལོ། །རྒྱལ་བུ་དོན་ཐམས་ཅད་གྲུབ་པའི་སྲས་ནི། སྒྲ་གཅན་འཛིན་ནོ། །དེ་རབ་ཏུ་བྱུང་བས་དགྲ་བཅོམ་པར་གྱུར་ཏོ། །དེ་ལ་སྲས་མེད་པས། རྒྱལ་པོ་མང་པོས་བཀུར་བའི་རྒྱུད་གདུང་ཆད་ཅེས་བྱའོ། །དེ་ཡན་ཆད་ཀྱི་རྒྱལ་རབས་ནི་མདོ་སྡེ་བཞག་པ་ནས་གསལ་བར་གསུངས་པ་རྣམས་འདི་བཞིན་ཡིན་ནོ། །བར་པ་ཤཱཀྱ་ལི་ཙ་བྱིའི་རྒྱུད་པ་ནི། རྒྱལ་པོ་ཁབ་གནས་དང༌། ཡངས་པ་ཅན་ན་གནས་སོ། །དེའི་ཚེ་ཤ྄ཱཀྱ་བདུན་ཁྲི་བདུན་སྟོང་དུ།  རྒྱལ་པོ་གསལ་རྒྱལ་གྱི་བུ།  བཻཌཱུརྱ་སྔོན་པོ་ཞེས་བྱ་བས། བསད་དེ་ཁ་དག་པར་བྱས་སོ།  །དེ་ལྟར་སྣོད་བཅུད་ཀྱི་ཆགས་ལུགས་ནི།  ཉན་ཐོས་ཀྱི་ལུང་ཞུ་བ་རིང་མོ་དང༌།  འཇིག་རྟེན་བཞག་པའི་མདོ་དང༌།  བསྟན་བཅོས་གདགས་པ་དང༌།  བྱེ་བྲག་ཏུ་ཉན་ཐོས་བཤད་མཛོད་ཆེན་མོ་ལས་བཤད་དོ།  ཚུལ་དེ་རྣམས་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ན་བྲིས་ཡོད་དོ། །རྒྱལ་རབས་ས་ཡ་ཕྲག་གཅིག་དང༌། ཁྲི་ཕྲག་བདུན་སྟོང་ཕྲག་བཞི་དང༌། བརྒྱ་ཕྲག་ལྔ་དང་བརྒྱད་སོང་ལ། བྱེ་བྲག་ཏུ་ཉི་མའི་རིགས་དང༌། ཡན་ལག་སྐྱེས་དང༌། བུ་རམ་ཤིང་སྐྱེས་གྲགས་དང༌། རྒྱལ་རབས་ལྔ་ཁྲི་ལྔ་སྟོང་དང༌། བཅོ་བརྒྱད་སོང་གོང་དུ་དེ་དག་མ་གྲགས་སོ། །དེ་དག་ལ་ཚེ་ཚད་མེད་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དྲུག་དང༌། གསེར། དངུལ། ཟངས། ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞི་དང་བཅུའོ། །གཞལ་དུ་མེད་པའི་རིན་པོ་ཆེའི་ཕུང་པོ་ནི་བདེ་བར་གཤེགས་པ་སྟེ། བཅུ་གཅིག་པོ་ནི་ཆེ་བ་ཡིན་ལ། གཞན་ནི་དེ་ལྟར་མ་ཡིན་ནོ། །མང་པོས་བཀུར་བ་ནས་སྲས་སྒྲ་གཅན་འཛིན་ཡན་ཆོད་དུ། མི་རབས་འབུམ་ཕྲག་བཅུ་གཉིས། ཁྲི་ཕྲག་ལྔ༌། བརྒྱ་ཕྲག་གཉིས། དགུ་བཅུ་རྩ་བཞི་སངས་རྒྱས་གོ་ལྔ་བྱུང་སྟེ་ཚེ་ལོ་དཔག་ཏུ་མེད་པ་ནས། ལོ་བརྒྱད་བརྒྱ་ལོན་ཞིང་ལོ་རེ་རེ་བྲི་བས། ཚེ་ལོ་བརྒྱ་པ་ཡན་ཆད་འདས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་དངོས་ནི། ལོ་བཞི་བཅུ་ཞེ་དྲུག་དང༌། གཟུགས་བརྙན་ལྔ་སྟོང་གནས་ཏེ། ཚེ་ལོ་ལྔ་བཅུ་པ་ན། བསྟན་པ་ནུབ་པར་འགྱུར་རོ། །ད་ལྟ་བར་གྱི་བསྐལ་པ་ཉི་ཤུའི་ཡ་ཐོག་རིང་མོའི་དང་པོ་ཡིན་ཏེ། སངས་རྒྱས་སྟོང་འབྱུང་བ་ལས། དབྱིག་ལྡན་གྱི་མདོ་དང༌། དགོངས་པ་འདུས་པ་དང༌། སྟོང་ཆེན་རབ་འཇོམས་རྣམས་ལས། སངས་རྒྱས་བདུན་བྱོན་པར་བཤད་དེ། གསེར་ལུང་མཐུན་པའི་མདོ་དང༌། ཤེར་ཕྱིན་སྣང་བའི་མདོ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང༌། བསྐལ་པ་བཟང་པོའི་མདོ་དང༌། འདས་པའི་སངས་རྒྱས་རབས་བཞི་ལྔར་བྱོན་པར་བཤད་དོ། །འདི་དག་ནི་རེ་ཞིག་ཆོས་མངོན་པ་ལས་བྱུང་བའི་རྒྱལ་པོའི་རིམ་པ་ཡིན་ཏེ། རྒྱལ་རབས་འདི་ནི་ཆོས་མངོན་པ་ནས་བཤད་པ་དང༌། འཇིག་རྟེན་བཞག་པ་ནས་ཇི་ལྟར་གསུངས་པ་བཞིན་ནོ། །བདེ་བར་གཤེགས་པའི་ཡོན་ཏན་ལ་བསྔགས་པའི། །བློ་གྲོས་གསལ་བ་རྣམས་ཀྱིས་ཕྱོགས་ཀུན་ཏུ། །འགྲོ་བ་རྣམས་ཀྱི་རྣ་བར་སྒྲོགས་པར་མཛོད། །སངས་རྒྱས་གསུང་རབ་ཡོན་ཏན་རྟོགས་པར་འགྱུར། །ཤཱཀྱའི་རབས་ཀྱི་རྣམ་ཐར་རྒྱལ་རབས་འདི། །བསྟན་ལ་དད་པ་རྣམས་ལ་འཕེལ་བར་མཛོད། །བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་ནི། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་ལགས། །བོད་ཡུལ་གངས་རིའི་ཁྲོད་འདིར་འགྲོ་བ་མིས་ཇི་ལྟར་བཟུང་བའི་ལུགས་ནི། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་མ་བྱོན་པའི་གོང་དུ། རྒྱ་གར་གྱི་ཡུལ་དུ་རྒྱལ་པོ་དྲང་སྲོང་རྒྱས་པ་ཞེས་བྱ་བ་ལ། བུ་ཡུལ་འཁོར་སྐྱོང་དང་སྐྱ་བསེང་གཉིས་བྱུང་བ་ལ་ཡུུལ་འཁོར་སྐྱོང་ལ་བུ་སྒྲ་ངན་དང༌། འཐབ་དགའ་དང༌། རྣ་བ་ཅན་ལ་སོགས་པ་བརྒྱ་ཐམ་པ་བྱུང་བ་ལ། སྐྱ་བསེང་ལ་བུ་སྲིད་སྒྲུབ་དང༌། གཡུལ་ངོར་བརྟན་པ་དང༌། ༼སྲིད་སྒྲུབ་ཀྱིས་ཁ་ལོ་བ་རང་ཉིད་ཀྱིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དགའི་རིགས་དཔུང་གི་རིགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རུ་པ་ཏི་ཞེས་བྱང་བའི་རྒྱལ་པོ། དཔུང་གི་ཚོགས་ཤིག་དང་བཅས་པས་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་བྱས་ནས་བྲོས་ཏེ། རི་ཀ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་དེ་ལ་བོད་ཅེས་གྲགས་པ་ཡིན་ནོ། །སློབ་དཔོན་ཤེས་རབ་གོ་ཆས་གསུངས་སོ། ༽ འཇིགས་སྡེ་དང༌། རིས་མེད་དང༌། ལྷར་བཅས་དང་ལྔ་བྱུང་ངོ༌། །ཡང་མཆེད་པོ་དེ་དག་མ་འཆམས་ཏེ་འཁྲུག་པ་ཆེན་པོ་བྱས་སོ། །དེའི་ཚེ་ལྷ་ཁྱབ་འཇུག་ཆེན་པོས་སྲིད་སྒྲུབ་ཀྱི་རོགས་བྱས་ཏེ། དགྲ་ངན་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླགས་པར་བྱས་སོ། །དམག་རྒྱལ་པོའི་བུ་ཆུང་ཤོས་རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་འཁོར་དང་བཅས་པས། སྲིད་སྒྲུབ་ཀྱི་དམག་གིས་འཇིགས་ཏེ། བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རང་གི་ཇོ་བོ་བསད་པའི་འཁོར་མི་བྱའོ། །ཞེས་བརྗོད་ནས་རི་གངས་ཅན་གྱི་ཁྲོད་དུ་བྲོས་ནས་འདུག་པས། དེའི་རིགས་འཕེལ་བ་དང༌། བོད་ཡུལ་ཁ་བ་ཅན་གྱི་མི་ཞེས་བྱ་བར་གྲགས་པ་ཡིན་ནོ། ཞེས་ལྷ་ལས་ཕུལ་དུ་བྱུང་བའི་འགྲེལ་པ་༼སློབ་དཔོན་བདེ་སྤྱོད་བཟང་པོས་མཛད་པ། ༽ དང་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས་བཤད་དོ། །དེ་ནས་མངའ་རིས་སྟོད་མི་རྣམས་དེ་ལས་འཕེལ་ཟེར་བ་ཡོད་དོ། །བོད་རྣམས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་གཏམ་རྒྱུད་ནི་འདི་ལྟར་བཤད་པར་བྱ་སྟེ། བདེ་བ་ཅན་གྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་འདིས་འཇིག་རྟེན་ཁམས་མཐའ་ཡས་པ་ནས། སངས་རྒྱས་གཞན་གྱི་ཞིང་ཁམས་སུ། །འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པ་ལ། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང༌། སྐྱེས་པ་འདུལ་བ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། བུད་མེད་འདུལ་བ་ལ་རྗེ་བཙུན་སྒྲོལ་མ་དང་སྐུ་གཉིས་སུ་སྤྲུལ་ནས། འགྲོ་བ་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། སྐྱེ་བོ་ཐ་མལ་པ་ཡན་ཆད་ལ་བཀའ་དྲེིན་ཆེ་སྟ།ེ་དེ་ཡང་འཛམ་བུའི་གླིང་གི་ལྷོ་ཕྱོགས་རི་བོ་གྲུ་འཛིན། ཞེས་པའི་སྟེང་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་ལྷ་གཙོ་ཆེ་བ་ལ་ཆོས་གསུང་ལ། འོག་ན་སྒྲོལ་མས་འཁོར་ཀླུ་དང༌། ལྷ་མ་ཡིན་འདུས་ཆེ་བ་ལ་ཆོས་སྟོན་ཏེ། སྤྲུལ་པའི་སྐུའི་གཙོ་བོ་གཉིས་དེ་ན་བཞུགས་སོ། །གཞན་ཡང་རི་དེ་ལ་སངས་རྒྱས་ཀྱིས་སྤྲུལ་པ་བྱང་ཆུབ་སེམས་དཔའ་དུ་མས་གང་ནས་བཞུགས་ཏེ། སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་སོ། །ཁྱད་པར་དུ་ཁ་བ་ཅན་གྱི་སེམས་ཅན་ལ་ཐུགས་རྗེ་བརྩེ་བས་གཟིགས་པ་ཡིན་ཏེ། འཕགས་པ་ནི་གང་ལ་གང་འདུག་དུ་བྱོན་པར་གསུངས། བསྐལ་པ་བཟང་པོ་འདི། འདས་པའི་དུས་ཀྱི་བསྐལ་པ་དགུ་རྩ་གཅིག་ན། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་ཚེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མ་འོངས་པའི་དུས་ན་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔས་མི་འདུལ་བ་ལ། ཕྱི་རོལ་པའི་ལྷའི་གཟུགས་དང༌། རྟགས་དང༌། མཚན་མས་འདུལ་བར་གཟིགས་ནས། ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ལྷ་དབང་ཕྱུག་ཆེན་པོ་ནི། དཔྲལ་བ་ནས་བྱུང༌། ཚངས་པ་ནི་ཕྲག་པ་གཡས་ནས་བྱུང༌། ཁྱབ་འཇུག་ནི་ཕྲག་པ་གཡོན་ནས་བྱུང༌། སྙིང་ལས་ནི་མཐུ་བོ་ཆེ་བྱུང༌། ཉི་མ་ནི་མིག་གཡས་པ་ནས་བྱུང༌། ཟླ་བ་ནི་མིག་གཡོན་པ་ནས་བྱུང༌། ཆུ་ལྷ་ནི་ལྟོ་བ་ནས་བྱུང༌། དབྱངས་ཅན་མ་ནི་མཆེ་བ་ནས་བྱུངའ། ཁ་ནས་རླུང་ལྷ་བྱུང༌། རྐང་པ་ནས་སའི་ལྷ་མོ་བསྟན་མ་བྱུང༌། ཞེས་པ་ནི། མདོ་སྡེ་ཟ་མ་ཏོག་བཀོད་པ་ནས་གསུངས་ཏེ། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། སྒོས་ཀྱི་བོད་ཡུལ་ཁ་བ་ཅན་གྱི་སེམས་ཅན་དེ་དག་ནི། དང་པོ་མཐོ་རིས་ཐོབ་པའི་སྐལ་བ་མེད་པས། བྱོལ་སོང་དང་དུད་འགྲོའི་རང་བཞིན་མཚོ་ལ་ཁ་བ་བབས་པ་བཞིན་ངན་འགྲོ་ནས། ངན་འགྲོར་སྐྱེ་བ་དངས་རྒྱས་ཀྱི་གདུལ་བྱའི་རྟེན་མི་མེད་པ་ཁ་བ་ཅན་གྱི་ས་ཕྱོགས་ན་སངས་རྒྱས་ཀྱི་བསྟན་པ་མེད། སྔོན་དེ་བཞིན་གཤེགས་པའི་ཞབས་ཀྱིས་མ་བཅགས། གསངུ་གི་འོད་ཟེར་གྱིས་ཀྱང་མ་ཁྱབ། མཚན་མོའི་མུན་རུམ་དང་འདྲ་བ་མུན་པའི་སྨག་ཏུ་གྱུར་པ་བཞིན་དུ། ནག་ཐིབས་ཏེ་འདུག་གོ། །འཛམ་བུའི་གླིང་གི་ཡུལ་ངན་ཤོས་ཡིན་ཏེ། འཛམ་བུའི་གླིང་ལ་ཡུལ་ཁམས་ཆེན་པོ་བཞི་ཡོད་སྐད། ཡུལ་ཆེན་པོ་བཅུ་དྲུག གླིང་དེི་དབུས་ཕྱོགས་ན་ཨོ་རྒྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ཞེས་བྱ་པ་རིག་པ་འཛིན་པ་རྣམས་ཀྱི་གནས་ཡོད། གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོ་ཕལ་ཆེར་དེ་ནས་བྱུང༌། ཤར་ཕྱོགས་རྒྱ་ནག་རི་བོ་རྩེ་ལྔ་ན་འཕགས་པ་འཇམ་དཔལ་གྱི་བཞུགས་གནས་ཡོད། གཞན་ཡང་ཡུལ་ཕྲན་སྟོང་དང༌། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང༌། སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་སྐད་དོ། །རི་རྒྱུད་ཆེན་པོ་བཞི་ཡོད་དེ། ལྷོ་ཕྱོགས་ཕྱིའི་རྒྱ་མཚོ་དང་ཉེ་བ་ན་རི་བོ་མ་ལ་ཡ་ཞེས་བྱ་བ་ཡོད། དེ་ལ་ཙན་དན་གྱི་ནགས་ཚལ་ཡོད། དེའི་རྩེ་མོར་བྱ་ཕུག་རོན་ཡོད། སྐེད་པ་ན་སྦྲུལ་ཡོད། རྩ་བ་ན་ཕག་རྒོད་མང་པོ་ཡོད་དོ། །འཛམ་བུའི་གླིང་ལ་དུག་གསུམ་ཤས་ཆེ་བའི་རྟགས་སོ། །དེ་ནས་བྱང་དུ་ནེ་བ་ན་རི་འབིགས་བྱེད་བྱ་བ་ཡོད། དེས་ཤར་ནུབ་ཏུ་བཅད་པ་ལ་གླང་པོ་ཆེ་ས་སྲུང་གི་རྒྱལ་ཁམས་ཡོད། དེ་ནས་བྱང་ངོས་སུ་ཉེ་བ་ན། རི་བྲག་བྱ་རྐང་ཅན་བྱ་བ་ཡོད། དེ་ནས་བྱང་ཕྱོགས་ཁ་བ་ཅན་ན་རི་བོ་གངས་ཅན་བྱ་བ་ཡོད། རིའི་རྒྱལ་པོ་དེ་ལ་ནི་སྨན་སྣ་ཚོགས་སྐྱེ་སྟེ། དེའི་ནང་ན་སྨན་དོན་དང་ལྡན་པ་བཞི་ཡོད། གཅིག་ཏུ་ཁ་དོག་དང་རོ་ཐམས་ཅད་ཀྱི་གནས་དང་ལྡན་ཞེས་པ་དང༌། གཉིས་སུ་ནད་ཐམས་ཅད་ལས་ཐར་བར་བྱེད་པ་དང༌། གསུམ་དུ་དུག་གསུམ་ཐམས་ཅད་ཐལ་བར་བྱེད་པ། བཞི་རུ་གང་འདུག་པ་དེར་བདེ་བ་སྦྱིན་ཞེས་བྱའོ། །དེ་ནས་ཁ་བ་ཅན་གྱི་རིས་ཤར་ནུབ་ཏུ་བཅད་པའི་ལྷོ་ཕྱོགས་ན་རྒྱ་དཀར་པོའི་རྒྱལ་ཁམས་ཡོད། དའེི་ཡུལ་གྱི་དབུས་ན་མ་ག་དྷ་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་ཡོད་པའི་དྲུང་དུ། རྒྱལ་བ་ཤཱཀྱ་ཐུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེ་ནས་འབབ་ཆུ་མཛེས་ལྡན་གྱིས་ཤར་ནུབ་ཏུ་བཅད་པ་ན། ལྷོ་ན་སྲིན་པོའི་རྒྱལ་ཁམས་ཡོད། ཙན་དན་གྱི་རིས་ཤར་ནུབ་ཏུ་བཅད་པ་ན་ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་བོ་པོ་ཏ་ལ་ཡོད། དེའི་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས། རི་དེའི་སྐེད་པ་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བཞུགས། རི་དེའེི་རྩ་བ་ན་བཅོམ་ལྡན་འདས་སྒྲོལ་མའི་བཞུགས་གནས་ཡོད་དེ། ཁ་བ་ཅན་གྱི་སེམས་ཅན་འདུལ་བའི་དོན་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་གཟིགས་ཀྱང་འདུལ་བར་བྱ་བའི་སྐབས་མ་རྙེད་དེ་བོད་ཁམས་གསུམ་གླིང་དགུ་བྱ་བ་ན་རིན་པོ་ཆེ་འོད་ཀྱི་གླིང་དཀར་པོ། སྟོད་ཁམས་གསུམ་གངས་དང་གཡའི་ར་བ་རྫིང་འདྲ་བ་ན། ཤྭ་བ་དང་དགོ་བ་ལ་སོགས་པ་རི་དྭགས་ཀྱིས་ཡུལ་འཛིན་ཏེ། གདུལ་བའི་ཡུལ་མ་རྙེད། རུ་བཞི་སོག་ཁའི་གླིང་སྐད་པ། བར་ཁམས་གསུམ་བྲག་དང་སྤང་གི་གཤོང་ཡུལ་འདྲ་བ་ན། སྤྲེའུ་དང་བྲག་སྲིན་ལ་སོགས་པ་གནས། རྨ་བྱ་འོད་ཀྱི་གླིང་སྐད་པ་སྨད་ཁམས་གསུམ་ན་ནགས་ཀྱི་ལྗོངས་ཞིང་དང་འདྲ་བ་ན། གླང་པོ་ཆེ་དང་འདབ་ཆགས་ལ་སོགས་པ་ལས། འགྲོ་བ་མི་བྱ་བ་གཅིག་ཀྱང་མེད་པས་དངོས་སུ་འདུལ་དུ་མ་བཏུབ་པ་རྣམས་ལ་སྤྲུལ་པ་བཏང་ཞིང་དོན་མཛད། ཐུགས་ཀ་ནས་འོད་ཟེར་བཀྱེས་ནས། ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་པ་འདྲ་བ། དེ་ཁ་ཕྱེ་ནས་དེའི་སེམས་ཅན་དམྱལ་བ་པ་རྣམས། ཕྱིར་མི་ལྡོག་པའི་ལམ་ལ་འགོད། འཕགས་པའི་འཁོར་སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་ལ། ཁྱེད་ཀྱིས་བྱང་ཕྱོགས་ཁ་བ་ཅན་དུ་བསམ་གཏན་སྒོམ་ནུས་སམ་དྲིས་པས། སྤྲེའུ་ན་རེ། ངས་བསྒོམ་ནུས་ཟེར་ནས། དེ་ལ་ཁྲིམས་ལྔ་ལ་སོགས་པའ་སྡོམ་པ་ཕོག་ནས་མི་སྡུག་པའི་སྒོམ་བསླབས། བྱམས་དང་སྙིང་རྗེ་ལ་བློ་སྦྱངས་པ་ཞིག་བཏང་ངོ༌། །སྤྲེའུ་དེས་ཁ་བ་ཅན་དུ་ཕྱིན་ནས་པད་མ་བརྩེགས་པའི་བྲག་རུམ་བྱ་བའི་ཕུག་ཏུ། བསམ་གཏན་སྒོམ་བཞིན་ཡོད་པ་ལ། ཉིན་གཅིག་བྲག་སྲིན་མོ་གཅིག་སྤྲེའུའི་ཆ་བྱད་བྱས་ནས་སྤྲེའུའི་དྲུང་དུ་འོངས་ཏེ་འདོམ་བསྟན། འདོད་པ་བསྟེན་པའི་བརྡ་བྱས། ས་གཏོར་ཞིང་སོང༌། ཞག་བདུན་གྱི་བར་དུ་དེ་ལྟར་བྱས་ཀྱང༌། སྤྲེའུ་མི་སྡུག་པ་ལ་སེམས་མཉམ་པར་བཞག་པས་འདོད་ཆགས་ལ་སེམས་གཡོས་པར་མ་གྱུར་ཏོ། །བྲག་སྲིན་མོའི་བསམ་པ་ལ། ངའི་ཁ་དོག་མི་སྡུག་པ་བཞིན་མི་ལེགས་པས་ལན་སྙམ་ནས་ཉི་མ་བརྒྱད་པ་ལ་དེས་བུད་མེད་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་ཏུ་བྱས་ཏེ་འོ་ཅག་གཉིས་ཁྱིམ་ཐབས་བྱའོ་ཟེར་རོ། །སྤྲེའུ་འཕགས་པ་བཟང་པོའི་དགེ་བསྙེན་ཡིན་པས། དེ་ལྟར་བྱ་མི་རུང་བྱས་ནས་ཟོ་ཐང་གོང་པོ་རི་ལ་བྲོས་ཏེ་བྱོན་ནོ། །ད་རུང་ཡང་རྗེས་སུ་འབྲངས་ཏེ་བྱུང་བས། བྲག་སྲིན་མོ་ན་རེ། འོ་ན་ང་ནི་འདོད་ཆགས་ཀྱིས་གདུངས་པས་ཞེ་སྡང་སྐྱེས་ནས་ཁྱོད་ལ་ཁྲོས་པས་ཤི་ནས་ངན་སོང་དུ་སྐྱེས་ན་སྡུག་བསྔལ་དྲག་པོ་མྱོང་བས་དེའི་སྡིག་པ་ཁྱོད་ལ་ཡོང༌། སྡོམ་པ་བསྲུངས་པས་མི་ཕན་ནོ། །ཁྱོད་སེམས་ཅན་ལ་ཕན་འདོགས་པའི་སེམས་བསྐྱེད་ཀྱང་ཉམས་འགྲོ་ཟེར་རོ། །དེ་ལ་སྤྲེའུ་སྙིང་རྗེ་དྲག་པོ་སྐྱེས་ཏེ་མོའི་གདོང་དུ་མིག་འབུར་ཚུགས་སུ་ཞག་གསུམ་གྱི་བར་དུ་བལྟས་ཏེ་འདུག་པ་ལས། བྲག་སྲིན་མོས་སྨྲས་པ། ཀྱེ་ཧོ་སྤྲེའུའི་རྒྱལ་པོ་བདག་ལ་དགོངས་ཤིང་གསན་དུ་གསོལ། བདག་ནི་ལས་ཀྱི་དབང་གིས་སྲིན་མོར་སྐྱེས་གྱུར་ནས། །འདོད་ཆགས་དབང་གིས་ཁྱེད་ལ་ཞེན་ཞིང་གདུངས། །ཆགས་པའི་དབང་གིས་ཁྱོད་ལ་སྐོར་ཞིང་གསོལ། །ཁྱོད་ནི་བདག་དང་ཁྱིམ་ཐབས་མི་བྱེད་ན། །ཐ་མ་སྲིན་པོ་དག་དང་འགྲོགས་ནས་ནི། །ཉི་མ་རེ་རེ་ལ་སྲོག་ཆགས་ཁྲི་ཁྲི་གསོད། །ན་མ་རེ་ལ་སེམས་ཅན་སྟོང་སྟོང་ཟ། །སྲིན་མོའི་ཕྲུ་གུ་དཔག་མེད་སྐྱེས་གྱུར་ནས། །ཁ་བ་ཅན་གྱི་ཡུལ་ཕྱོགས་འདི་ཉིད་ཀྱང༌། །སྲིན་པོའི་རྒྱལ་ཁམས་དག་ཏུ་གྱུར་ཀྱང༌། །འཛམ་གླིང་མི་རྣམས་སྲིན་པོས་ཟ་བར་འགྱུར། །དེ་བས་བདག་ནི་འདི་རུ་འཆི་བར་བགྱི། །ཤི་ནས་བདག་ནི་ལས་ཀྱི་དབང་གིས་ཀྱང༌། །བདག་ནི་མི་བཟད་དམྱལ་བའི་གནས་སུ་ལྷུང༌། །དེ་བས་བདག་ལ་དགོངས་ཤིང་ཐུགས་རྗེས་བཟུང༌། །ཞེས་པའི་གདུང་བའི་ང་རོས་འདིར་སྲོག་འདོར་རོ། །ཞེས་ནས་སྤྲེའུ་བསམ་པ་དང༌། ཇི་ལྟར་བྱ་བ་མ་ཤེས་ནས། ག་རེ་འདི་དང་ཁྱིམ་ཐབས་བྱས་ནས་བཟའ་ཚོར་སོང་ན་ནི། ངའི་སྡོམ་པ་ཉམས་འགྲོ་བར་འདུག མ་བྱས་ན་ནི་མོ་ཤི་ན་དེ་བས་ཀྱང་ཉེས་པ་ཆེ་སྟེ། སེམས་བསྐྱེད་ཀྱི་སྡོམ་པ་ཉམས་འགྲོ་བར་ཚུལ་འདི་ལྟ་བུ་ནི་འཕགས་པ་ལ་ཞུ་ཞིང་འདྲི་བར་བྱའོ་སྙམ་ནས། རྫུ་འཕྲུལ་གྱི་བདེན་པའི་སྟོབས་ཀྱིས་སྐད་ཅིག་མ་ལ་ཕྱིན་ཏེ་ཕྱག་བྱས་ནས་སྤྲེའུ་དེ་ཆགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྐྱེས་པས། བྱམས་པའི་བསམ་པས་ཀུན་ནས་བསླངས་པའི་གདུང་བའྀ་ཚིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པ། ཀྱེ་མ་འགྲོ་བའི་མགོན་པོ་བླ་མ་ཐུགས་རྗེ་ཅན། །བདག་ནི་སྡོམ་བརྩོན་སྲོག་བཞིན་བསྲུང་ལགས་ན། །བདུད་ཀྱི་རིགས་ཀྱི་སྲིན་མོ་འདོད་སེམས་ཅན། །བདག་ལ་མཏོ་འཚམ་སྡོམ་པ་འཕྲོག་ཏུ་བྱུང༌། །དེ་ལ་ཇི་ལྟར་བགྱིས་ལས་སྡོམ་པ་སྲུང༌། །བྱམས་མགོན་ཁྱེད་ཀྱིས་བདག་ལ་བཀའ་སྩོལ་བསྟན་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ་སྟེ། འཕགས་པ་བདག་གིས་ཁ་བ་ཅན་གྱི་བྲག་ཕུག་གཅིག་ཏུ་སྒོམ་པའི་དྲུང་དུ་བྲག་སྲིན་མོ་ཟིག་འོངས་ནས། མོ་ན་རེ། ཁྱེད་དང་ཁྱིམ་ཐབས་བྱའོ་ཟེར། དེ་ལྟ་བུ་བྱ་རུང་ངམ་མི་རུང་ཞེས་གཏམ་རྒྱུད་དུ་བྱུང་ཚུལ་ཞིབ་ཏུ་སྨྲས་པས། འཕགས་པའི་ཞལ་ནས། ཁྱེད་དེ་དང་ཁྱིམ་ཐབས་གྱིས་ཤིག བར་ཆད་དུ་མི་འགྱུར། གྲོགས་སུ་འགྲོ་བ་ཡིན་གྱི། དེ་ལ་རིགས་འཕེལ་ནས་མཐར་ཆོས་བྱེད་པའི་རྟེན་དུ་འགྱུར་རོ་ཞེས་གསུངས་སོ། །རྗེ་བཙུན་སྒྲོལ་མའི་ཞལ་ནས་ཀྱང་ཆོས་ཀྱི་རྟེན་དུ་འགྱུར་བས་དེ་བཞིན་དུ་ལེགས་གསུངས་ནས་སྐད་ཅིག་ལ་ཁ་བ་ཅན་དུ་འོངས་ནས། བྲག་སྲིན་མོ་དང་ཁྱིམ་ཐབས་བྱས་སོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན། རིགས་དྲུག་ལས་ཚེ་འཕོས་པའི་བུ་དྲུག་བྱུང་སྟེ། ཕ་སྤྲེའུ་ཡིན་པས་ལུས་བ་སྤུས་ཁེངས་པ། མགོ་ལ་སྐྲ་ཡོད་པ་མ་བྲག་སྲིན་མོ་ཡིན་པས་མཇུག་མ་མེད་པ་དང༌། གདོང་དམར་བ། བཞིན་ནག་ལ་མི་སྡུག་པ། ཤ་དམར་པོ་དང་ཁྲག་དྲོན་མོ་ལ་དགའ་བ་བྱུང༌། དེ་རྣམས་ཀྱི་ནང་ནས་གཅིག་ལྷ་ལས་ཚེ་འཕོས་པས། དལ་བ་དང༌། གཡུང་བ། རང་རྒྱུད་འཇམ་པ། དཀར་པོ་ལ་དགའ་བ་ཞིག་བྱུང༌། གཅིག་ལྷ་མ་ཡིན་ལས་ཚེ་འཕོས་པས་ཁོང་ཁྲོ་བ། ཚིག་རྩུབ་པ། ང་རོ་དང་ཞེ་སྡང་བ། ང་རྒྱལ་ཆེ་བ། འཐབ་རྩོད་ལ་དགའ་བ་ཞིག་བྱུང༌། གཅིག་མི་ལས་ཚེ་འཕོས་པས་འདོད་ཆགས་ཆེ་ལ་མི་ནོར་ལ་དགའ་ཞིག་བྱུང༌། གཅིག་བྱོལ་སོང་ལས་ཚེ་འཕོས་པས་ལེགས་ཉེས་ཆ་མི་ཕྱེད་པས་གོ་བ་དང་ཤེས་རིག་མེད་པ་ཞིག་བྱུང༌། གཅིག་ཡི་དྭགས་ལས་ཚེ་འཕོས་པས། བྱད་གཟུགས་ངན་རེད་པས་སེར་སྣ་འཇུར་འགེགས་ལ་ཁོང་གཏུམ་པ། སྡུག་སྲན་ཆེ་བ་གཅིག་བྱུང་ངོ༌། །དེ་རྣམས་སྨྲ་ཤེས་པ་འབའ་ཞིག་བྱུང་ངོ༌། །དེ་པ་མ་ལ་ལྟོགས་ནས་ཟ་བར་འདུག་ནས་ཕ་སྤྲེའུ་དེས་ལྷོ་ཕྱོགས་ནགས་མ་བྱ་ཚོགས་ཅན་དུ་སྤྲེའུའི་ཁྱུར་བསྐྱལ་ལོ། །དེ་རྣམས་དང་སྤྲེལ་མོ་རྣམས་འཚོགས་པ་ལས་ལོ་གཅིག་ལ་སྤྲེལ་ཕྲུག་བཞི་བརྒྱ་འཕེལ་ལོ། །ལོ་གཅིག་ལོན་ནས་བྱང་ཆུབ་སེམས་དཔའ་སྤྲེའུ་དེས་ཅི་འདྲ་ལྟར་ཕྱིན་པ་དང་ཚ་བོ་རྣམས་བཀྲེས་ཤིང་རིད་པར་མཐོང་ནས་དབྱར་གྱི་དུས་སུ་ཉི་མ་དང་ཆར་པས་གདུངས། དགུན་གྱི་དུས་སུ་ཁ་བ་དང་ལྷག་པས་གདུངས། ཟས་སྐོམ་དང་གོས་ནི་མེད། འཚོ་བ་ལོངས་སྤྱོད་ཀྱིས་ཕོངས་ཏེ་ཤིང་ཏོག་གིས་གསོས་པས་དེ་རྣམས་ཀྱི་ལུས་ཀྱི་སྤུ་ཐམས་ཅད་བྱི། རྐང་ལག་ལ་ཚེར་མ་ཟུག མཇུག་མ་རྣམས་ཀྱང་སྐྱ་བ་བཞིན་ནོ། །དེ་རྣམས་མ་སྐྱོང་མ་སོས་ནས་སྡུག་བསྔལ་ཞིང་ཉམ་ཐག་པ་འདི་ཅིས་ལན་བསམས་པས་ཁྱིམ་ཐབ་བྱས་བུ་ཚ་རློག་པས་ལན་པས་འདི་འཕགས་པའི་གསུང་བཞིན་བསྒྲུབས་པས་ལན་པར་གྱུར་བས། རྫུ་འཕྲུལ་གྱིས་འཕགས་པའི་དྲུང་དུ་ཕྱིན་ཏེ་ཀྱེ་མ་འདི་ནི་རང་གི་སྔོན་གྱི་ལས། འཕགས་པ་ལ་འཁྲུལ་པ་མི་མངའ་བ། འཕགས་པ་ལ་ཁྲོ་བ་དང༌། སྣང་བ་ལོག་བྱར་མི་རུང་བས་བདག་གིས་ཞུ་ཞིང་གསོལ་བ་འདི་སྐད་ཅེས་གསོལ་ཏེ། ཀྱེ་མ་ཁྱིམ་ཐབས་འཁོར་བའི་བརྩོན་རར་མ་ཤིང༌། །བུད་མེད་བདུད་ཀྱི་བཤོལ་འདེབས་ཡིན་པར་མ་རྟོགས་པར། །བུ་ཚ་འཁོར་བློ་བྲིད་ཡིན་པར་མ་གོ་ལགས། །འདོད་པ་དུག་གི་ལོ་མ་ཡིན་པར་མ་རྟོགས་སོ། །སྙིང་རྗེ་ཆགས་པར་གྱུར་པས་བདག་བསླུས་སོ། །འདོད་པའི་འདམ་གྱིས་སྡུག་བསྔལ་དྲི་ཡིས་ནོན། །ཉོན་མོངས་དུག་གསུམ་ལས་ངན་རིགས་ཀྱིས་བཏབ། །སྡུག་བསྔལ་ནད་ཀྱིས་བདག་ནི་གཟིར་གྱུར་པས། །འཁོར་བའི་བཙོན་རར་བདག་ཉིད་རང་གིས་བཅིངས། །མ་རིག་མུན་ཐིབས་རྟོག་པའི་དྲྭ་བར་གྱུར། །ད་ནི་བུ་ཚ་གསོ་རིགས་ཇི་ལྟར་བགྱི། །འཕགས་པ་བདག་ནི་འདི་ལྟ་བུ་རུ་གྱུར། །ཅེས་སྨྲེ་སྔགས་བརྗོད་དེ་གསོལ་བ་བཏབ། མཁན་པོ་ལགས། བདག་ནི་སྲིན་མོ་དང་ཁྱིམ་ཐབས་བྱས་པས་བུ་ཚ་མང་པོ་འཕེལ་ནས་མ་སོས་སོ། །བདག་རང་ཡང་སྡུག་བསྔལ་ཉམ་ཐག་ལུས་པོ་ཡང་འདི་ལྟར་ཐལ། དེ་ལ་ཇི་ལྟར་བགྱི་ཞུས་པས། འཕགས་པ་རབ་ཏུ་དགྱེས་ནས་མཁྱེན་བཞིན་དུ་སྤྲེའུ་ལ་རིགས་ཀྱི་བུ་ཁྱོད་འཽངས་སམ་ཞེས་གསུངས་ནས་ལན་ཇི་ལྟར་གྱུར་པ་བསྙད་པ་དང༌། འཕགས་པའི་ཞལ་ནས་ཁྱོད་ཀྱིས་དེ་བཞིན་ལེགས་སོ། །བོད་ཁ་བ་ཅན་གྱི་ཡུལ་འདི་ནི་མུན་པའི་སྨག་རུམ་དང་འདྲ་བ་མི་མ་ཡིན་པས་ཡུལ་ལ་དབང་བྱས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུལ་བྱའི་རྟེན་དུ་མ་གྱུར་པས་ད་ཁྱོད་ཀྱི་རིགས་རྒྱུད་མིར་སྤེལ་ལ་མཐོ་རིས་དང་ཐར་པ་ཐོབ་པར་བྱ་བའི་ཕྱིར་རབ་ཆེད་དུ་ཁྱོད་བཏང་བ་ཡིན་གྱི། ཁྱོད་ང་ལ་མི་མོས་པ་དང་ཐེ་ཚོམ་མ་བྱེད་ཅིག སྡུག་བསྔལ་དུ་མ་སེམས་ཤིག དེ་རྣམས་ངའི་གདུལ་བྱར་གྱུར་གྱི། ཁྱོད་ལ་ཉེས་པ་གཏན་ནས་མེད་ཀྱི་ཐར་པའི་ཆ་དང་མཐུན་ནོ། །ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ནི་རིགས་གཉིས་སུ་འགྱུར་ཏེ། ཕའི་རིགས་སུ་གྱུར་པ་དེ་དག་ནི་དད་པ་ཆེ་བ། ཤེས་རབ་ཆེ་བ། སྙིང་རྗེ་དང་བརྩོན་འགྲུས་ཡོད་པ། ཐབས་མཁས་པས་ཆོས་ཟབ་མོ་སྟོང་པ་ཉིད་ལ་ལྷག་པར་མོས་པའོ། །དགེ་བའི་རྩ་བ་རྒྱ་ཆུང་བས་མི་ངོམ་པས་བློ་རྒྱ་ཆེ་ལ་དགའ། མིག་ཐད་ཀར་ལྟ་བར་མི་ཤེས་པར་ཕར་རིག་ཚུར་ཅིག་བྱེད་པ། ལག་པ་བྱ་བྱེད་མང་ཞིང་འདུག་མི་ཚུགས་པར་ཤིང་ལ་སོགས་པ་ལ་ཏུག་ཏུག་བྱེད་པ་བྱང་ཆུབ་སེམས་དཔའ་བློ་ཆེན་ཞེས་བྱ་བའི་རིགས་སུ་གྱུར་པའོ། །དེ་རྣམས་ལེགས་པར་སྐྱོངས་ཤིག མའི་རིགས་སུ་གྱུར་པ་དེ་དག་ནི་ཤ་དམར་པོ་དང་ཁྲག་དམར་མོ་ལ་དགའ་བ། ཞེ་སྡང་ཆེ་ཞིང་ཁོང་ཁྲོ་ལ་གཏུམ་པ། སྙིང་རྗེ་ཆུང་བ། ཚོང་དང་ཁེ་སྦོགས་ལ་དགའ་བ། ཟས་ནོར་ལ་མིག་ཕྲ་བ། ཀུ་ཅོ་ཆེན་པོ་དང༌། གད་རྒྱངས་ཆེ་བ། ངོ་ལེབ་གསར་འགྲོགས་ཆེ་བ། མཛའ་བོ་ལ་བདག་གིར་སེམས་པ། མིག་སེར་ཆེ་བ། གཞན་གྱི་སྐྱོན་ཐོས་པ་ལ་དགའ་བས་ཤི་ནས་ངན་སོང་འགྲོ་བ། གདོལ་པ་ཤ་ཟན་གྱི་རིགས་སུ་གྱུར་ཏེ་དེ་རྣམས་ཀྱིས་མཐའི་རྒྱལ་ཁམས་འདུལ་བར་འགྱུར་བས་དེ་རྣམས་གསོ་ཞིང་སྐྱོངས་ཤིག ཁྱོད་ཀྱི་བུ་ཚ་རྣམས་ཀྱི་ཟས་སྐལ་འདི་ལ་གྱིས་ཤིག་ཅེས་གསུངས་ནས། ནས་དང༌། གྲོ་དང༌། སོ་བ་དང༌། སྲན་མ་དང༌། ཡུངས་དཀར་རྣམས་སྤྲེའུ་ལ་གནང་ངོ༌། །དེ་ནས་སྤྲེའུ་ཁ་བ་ཅན་དུ་ཆས་པ་དང་འཕགས་པས་སྤྲེའུ་ཁྱིམ་ཐབས་བྱས་པའི་བྱ་དགའ་རུ། གསེར་ཁྱོར་པ་གང་གནང་ནས་ཁ་བ་ཅན་གྱི་རྒྱལ་ཁམས་སུ་གཏོར་ནས་བྱིན་གྱིས་བརླབས་ཏེ་ཀ་བ་ཅན་དུ་དུས་དུས་སུ་རིན་པོ་ཆེ་གསེར་དང་དངུལ་དང་ཟངས་དང་ལྕགས་ཀྱི་གཏེར་ཁ་བྱེ་བར་འགྱུར་རོ། །ལྗགས་ཀྱི་མཆིལ་མ་ཞིག་གཏོར་ནས་བོད་ཡུལ་དུ་དུས་དུས་སུ་བྱང་ཆུབ་སེམས་དཔའ་ཐོད་རྒལ་རེ་བྱོན་པ་དང༌།  ཡུལ་ཕྱོགས་གཞན་གྱི་གཏེར་ལོངས་སྤྱོད་ངོ་མཚར་བ་ཐམས་ཅད་བོད་དུ་འབྱུང་བ་དང༌།  ཕྱོགས་མཚམས་ཀྱི་ལས་སྒོ་རྣམས་བྱེ་བ་དང༌།  འཚོ་བ་དང་ཟང་ཟིང་གི་ལོངས་སྤྱོད་ཐམས་ཅད་རང་བཞིན་དུ་འབྱུང་བར་བྱིན་གྱིས་བརླབས་སོ།  །ཁྱོད་ཀྱི་བུ་ཚ་བོ་ཙོ་རིན་པོ་ཆེ་གསེར་གྱིས་འཚོ་བར་འགྱུར་རོ།  །སྟོན་པའི་རིང་བསྲེལ་ལ་མཆོད་པ་བྱེད་པ་ལ་རྒྱས་པར་འགྱུར་བ་ཡིན་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྲེའུ་རྫུ་འཕྲུལ་གྱིས་འོངས་ནས་བོད་ཁ་བ་ཅན་གྱི་དབུས་ཕྱོགས་ཤིན་ཏུ་ཉམས་དགའ་བ་བཀྲ་ཤིས་ལ་བྱིན་ཆགས་པའི་ས་གཞི་གཤིན་ལ་འབྲས་བུ་ཐམས་ཅད་སྨིན་པ། ཡུལ་དབུས་བཞེད་པ་སྣ་དགུ་ཚང་བ། རང་བཞིན་གྱིས་ཡོན་ཏན་ཐམས་ཅད་འབྱུང་བ། ཁ་བ་ཅན་གྱི་སྙིང་པོ་ལྟ་བུར་གྱུར་པ་ཡུལ་ཡར་ཀླུང་སོག་ཁར་འཕགས་པས་གནང་བའི་འབྲུ་སྣ་ཐམས་ཅད་བཏབ་པས་དབྱར་ལྷོ་ཕྱོགས་ཙན་ཐང་གི་ནགས་མ་བྱ་ཚོགས་ཅན་དུ་བུ་དང་ཚ་བོ་རྣམས་བསྐྱངས་སོ། །སེར་ཁ་ཟོ་ཐང་ཟར་རུ་འབྲུ་སྣ་བཏབ་པའི་སར་ཁྲིད་ནས་ཕྱིན་པ་དང་འབྲུ་ཐམས་ཅད་ཁ་ཤ་རེ་སྨིན་ནས་འདུག་གོ། །དེ་རྣམས་བུ་ཚ་བོ་རྣམས་ལ་བསྟན་ནས་འདི་ཁྱེད་རྣམས་ཀྱི་ཟས་སྐལ་དུ་འཕགས་པས་གནང་བ་ཡིན་ནོ། །འདི་རྣམས་ཟོ་དང་སྨྲས་པས་ཡུལ་ལ་སྔ་བ་ཡར་ལུང་ཟོ་དང་བྱ་བ་ཡིན་ནོ། །དེ་ནས་སྤྲེའུ་ཕྲུག་བཞི་བརྒྱ་པོ་དེ་རྣམས་དགའ་ཆེ་སྟེ་འདི་ལ་ལྟོས་ལས་ཟོ་དང་ཟེར་ཏེ་མུ་གེ་ཡར་བས་ཡར་ཀླུང་དུ་གྲགས་སོ། །དེ་ནས་འཕགས་པས་གནང་བའི་གསེར་ཁྱོར་བ་གང་པོ་དེ་སྤྲེའུ་བྲག་སྲིན་མོ་ལ་གཏད་པས་མོ་ཡིས་ས་ཕྱགས་ནས་གསེར་འདིས་བུ་ཚ་བོ་མི་ངོམས་སོ་སྙམ་ནས་དེ་སྐད་མི་སྙོམས་སོ་ཟེར་ནས་གསེར་ཕྱེ་གནམ་ལ་གཏོར་བས་གསེར་རྣམས་འཕེལ་བར་གྱུར་ནས་གསེར་ལ་གསེར་སྡིང་དུ་གྲགས། གསེར་ཁུར་བརྡོལ་བ་དང་བུ་ཚ་བོ་ཐམས་ཅད་ཟས་ནོར་འཛོམས་ཏེ་སྐྱིད་པ་དང༌། བུ་ཚ་བོ་གསོ་ཡང་མ་དགོས་པར་སེམས་ཁྲལ་མེད་པས་སྤྲེའུ་ཤེལ་གྱིས་ཕུག་པར་བསྒོམས་སོ། བྲག་སྲིན་མོས་པད་མའི་ལྗོངས་སུ་བསྒོམས་སོ། །དེ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་དུ་ཟང་ཟིང་གིས་བསྡུས་པ་ཡིན་ནོ། །དེ་ནས་ཆོས་ཀྱིས་བསྡུས་པ་ནི་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པའི་མཐིལ་ནས་འདོད་ཟེར་འཕྲོས་པས་འོད་ཟེར་གྱི་སྣ་ལ་ཁྱེའུ་མཚན་དང་ལྡན་པ་གཅིག་སྤྲུལ་ཏེ་ཁ་བ་ཅན་དུ་བྱོན་པས་སྤྲེ་ཕྲུག་མི་མིན་སྤྲེའུ་མིན་མཇུག་མ་ལྡུམ་པ་ལུས་པོར་བ་སྤུས་ཁེངས་པ།  བོད་ཁམས་ཐམས་ཅད་གང་ནས་འདུག་གོ། །དེ་རྣམས་ཀྱི་གསེབ་ཏུ་བྱོན་པས་དེ་རྣམས་ཀྱིས་སྨྲས་པ།  ཁྱེད་ལུས་ལེགས་པ་འདི་ལྟ་བུ་ཅི་ལས་བྱུང་ཟེར་བས། ང་ཡིས་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་བྱུང་བྱས་པས། འོ་ན་ཁྱེད་ཀྱིས་དེ་ངེད་ལ་ཡང་སློབ་དང་ཟེར་ནས་དེ་ནས་སྤྲུལ་པའི་ཁྱེའུ་དེས་མི་དགེ་བ་བཅུ་སྤོང་ཞིང་དགེ་བཅུ་སྤྱོད་པའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་ཆོས་བསྟན་གྱི་ཉོན་ཅིག་སུངས་པ། ཁྱོད་རྣམས་སེམས་ཅན་གྱི་སྲོག་མ་གཅོད།  ཤིང་ཏོག་དང་འབྲུ་ཟོ་ཞིག མ་སྦྱིན་པར་མ་ལེན་ཞིག གཅིག་གིས་གཅིག་གི་ཟས་སྐལ་མ་རྐུ་ཞིག གཅིག་དང་གཅིག་ཟ་མི་བྱས་ནས་བཟའ་བདག་ཏུ་བཟུང་བ་ལ་འདོད་པ་ལོག་པར་མ་སྤྱོད་ཅིག  རྫུན་མི་བདེན་པ་མ་སྨྲ་ཞིག གཅིག་ལ་གཅིག་གིས་གཡོ་དང་ཕྲ་མ་མ་བྱེད་མཐུན་པར་མཛོད་ཅིག།  ཚིག་རྩུབ་པོ་གཅིག་ལ་གཅིག་གིས་མ་སྨྲ་ཞིག ངག་འཁྱལ་བ་གཞན་མི་དགའ་བས་མ་སྨྲ་ཞིག  གཞན་ལ་མེད་ན་དགའ་བ་རང་ལ་ཡོད་ན་དགའ་བའི་བསམ་པ་མ་སེམས་ཤིག བརྣབ་སེམས་སུ་མ་བྱེད་ཅིག གཞན་ལ་གནོད་པའི་སེམས་མ་སྐྱེད་ཅིག མི་དགེ་བ་བཅུ་སྤངས་པས་དགེ་བཅུར་འགྲོ་བ་ཡིན་པས་མི་བདེན་སྙམ་པའི་ལོག་པར་ལྟ་བ་མ་བྱེད་ཅིག སྲོག་གཅོད་སྤངས་ནས་སྲོག་སྐྱོབ་བྱས་པས་ཚེ་རིང་བར་འགྱུར་རོ། །རྐུ་བ་སྤངས་ནས་གཞན་ལ་སྦྱིན་པ་བཏང་བས་ཟས་སྐོམ་དང་ལོངས་སྤྱོད་འཕེལ་བ་ཡིན་ནོ།  །གཞན་གྱི་ཆུང་མ་ལ་མི་ཚངས་པར་མ་སྤྱད་པས་གྲོགས་སྙིང་དུ་སྡུག་པ་ཡིད་དུ་འོང་བ་རྙེད་པར་འགྱུར་རོ། །རྫུན་མ་སྨྲས་པ་བདེན་པར་སྨྲས་པས་ཚིག་བརྟན་པ་དང་གཞན་ཡིད་ཆེས་པར་འགྱུར་རོ། །ཕྲ་མ་མ་བཅུག་པར་མཐུན་པར་བསྡུམས་པས་ཀུན་དང་མཐུན་པར་འགྱུར་རོ། །ཚིག་རྩུབ་མ་སྨྲས་པས་གང་སྨྲས་པ་ཉན་པར་འགྱུར་རོ། །ངག་འཁྱལ་བར་མ་སྨྲས་པར་བདེན་པར་གསོང་པོར་སྨྲས་པས་ཐམས་ཅད་ཡིད་ཆེས་པར་འགྱུར་རོ།  །བརྣབ་སེམས་མ་བྱས་པར་རང་གི་ཟས་ནོར་གྱིས་ཆོག་ཤེས་པར་བྱས་པས་ཟས་ནོར་གང་ཡང་རྙེད་པར་འགྱུར་རོ།  །ལོག་ལྟ་མ་བྱས་པར་ཆོས་ལ་ཡིད་ཆེས་པར་བྱས་པས་ཆོས་དང་འཕྲད་པར་འགྱུར་རོ། །མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྤྱད་པས་རང་གི་གཟུགས་བྱད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ལྷ་དང་མིར་སྐྱེ་བ་ཐོབ་པར་འགྱུར་རོ། །ཁྱོད་རྣམས་མི་དགེ་བ་བཅུ་སྤོངས། དགེ་བ་བཅུ་སྤྱོད་ཅིག་ཅེས་སྨྲས་པས་དེ་དག་གིས་ཀྱང་གོ་ཞིང་གོང་བཞིན་དགེ་བ་བཅུ་ལ་སྤྱད་པས་གཟུགས་བྱད་ཇེ་བཟང་ཇེ་བཟང་ལ་སོང་ནས་མི་ལུས་བཟང་པོར་གྱུར་ཏོ། །དེ་ནས་སྤྲུལ་པའི་ཁྱེའུ་དེས་འགྲོ་བ་མིར་གྱུར་པ་དེ་དག་གི་ནང་དུ་བྱོན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་བསྟན་ཏེ། ཀྱེ་སེམས་ཅན་མིར་སྐྱེ་བ་དཀོན་གྱིས་དམྱལ་བ་ཡི་དྭགས་བྱོལ་སོང་གསུམ་དུ་སྐྱེས་ན་བདག་གི་དོན་ཡང་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས། དམྱལ་བར་སྐྱེས་ན་ཚ་གྲང་ལུས་ལ་བཅད་གཏུབ་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་སྡུག་བསྔལ་དཔག་ཏུ་མེད་དོ། །བྱོལ་སོང་དུ་སྐྱེས་ན་གླེན་ལྐུགས་དང་འཇིགས་དངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །ད་ལྟ་མིར་སྐྱེས་པ་ནི་བསོད་ནམས་དང་སྐལ་བར་ལྡན་ནོ། །ཁྱོད་ཅག་རྣམས་ཀྱིས་སྦྱིན་པ་ཐོངས་ཤིག ལོངས་སྤྱོད་འཛད་པ་མེད་པ་ཐོབ་པར་འགྱུར་རོ། །སེར་སྣ་ནི་སྡུག་བསྔལ་ཡིན་ཏེ་སེར་སྣས་ནི་བདག་གི་དོན་ཡང་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས། སེར་སྣའི་རྣམ་པར་སྨིན་པ་ནི་ངན་སོང་གསུམ་པོར་སྐྱེ་བས་སྡུག་བསྔལ་ཆེན་པོར་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ཏོ། །ཚུལ་ཁྲིམས་ལ་གནས་པར་གྱིས་ཤིག ལྷའི་ལུས་དང་མིའི་ལུས་ཐོབ་པོ། །ཚུལ་ཁྲིམས་འཆལ་བས་བདག་གི་དོན་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ཏོ། །བཟོད་པ་སྒོམས་ཤིག ཁོང་ཁྲོ་བས་ནི་བདག་དང་གཞན་ཡང་བསྲེགས། རང་གི་ལུས་ལོངས་སྤྱོད་ལ་མ་ལྟ་བར་བཟོད་པ་གྱིས་ཤིག  གཟུགས་བྱད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ཏོ། །བརྩོན་འགྲུས་རྩོམས་ཤིག ལེ་ལོས་ནི་རང་གི་དོན་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས་ཏེ་བརྩོན་འགྲུས་བརྩམས་པས་དཀར་པོའི་ཡོན་ཏན་དང་ཆོས་རྙེད་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ཏོ། །བསམ་གཏན་ལ་མཉམ་པར་ཞིག་ཅིག གཡེང་བའི་སེམས་བསྐྱེད་ན་རང་གི་དོན་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས་ཏེ་བསམ་གཏན་ལ་མཉམ་པར་བཞག་པས་ཆོས་ཀྱི་གོ་དོན་ཟབ་མོ་ཐོབ་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བློ་རྒྱ་ཆེན་པོ་སྦྱོངས་ཤིག མ་རིག་པའི་མུན་པ་འདི་སྡུག་བསྔལ་ལོ། །ཤེས་རབ་སྦྱངས་པས་བྱང་ཆུབ་སེམས་དཔའི་བློ་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །གཏི་མུག་གིས་ནི་རང་གི་དོན་ཡང་མི་འགྲུབ་ལ་གཞན་གྱི་དོན་ལྟ་ཅི་སྨོས། ཤེས་རབ་ལ་སྤྱད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་ནས་སངས་རྒྱས་ཐོབ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ཏོ། །སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ཁྱེའུ་དེས། མི་དགེ་བ་བཅུ་ལས་བཟློག་དགེ་བ་བཅུའི་ཆོས་བཤད་ནས་ཆོས་ཁྲིམས་ལ་བཀོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཆོས་དྲུག་བསྟན་ནས་མི་མཐུན་པ་དྲུག་བཟློག་པས་ལུས་མཛེས་ཤིང་བཟང་ལ་སེམས་དང་ཆོས་སུ་ལྡན་པ་སོ་སོ་ནས་ཐོབ་པོ། །ད་ལྟ་ཁྱད་པར་མི་ལུས་ཐོབ། ཆོས་དང་སྐལ་ལྡན་པ་ཡོད་པ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དྲིན་ཡིན་ནོ། །དེ་ལྟར་བོད་ཡུལ་ཁ་བ་ཅན་ལ་ཐུགས་རྗེས་གཟིགས་པའོ། །དེ་རྣམས་ནི་ཆོས་ཀྱིས་བསྡུས་པའོ། །དེ་ནས་སྤྲེའུའི་རིགས་རྣམས་ཚན་པ་བཞིར་ཆད་དོ། །ཁ་བ་ཅན་འདིར་ནི་མིའི་འགྲོ་བ་སྤྲེའུ་དང་བྲག་སྲིན་མོའི་བུ་ཚ་ཤ་ཟན་གདོང་དམར་བ་དེ་རྣམས་འཕེལ་བར་གྲགས་ལ། འདུལ་བ་དཀའ་བས་གཅིག་ལ་གཅིག་མི་འཇིགས་ཏེ། སྤྲེའུ་རྒྱུད་བཞི་ལྔར་སོང་བ་དང་རིགས་བཞིར་སོང་ཏེ། རིགས་གཅིག་མགོ་བོ་སེར་པོར་བྱུང་ངོ༌། །རིགས་གཅིག་ནང་རིག་པ་བཀྲ་བ་མུ་ཟེ་བ་བྱུང༌། རིགས་གཅིག་སྣ་བཟང་བ་བྱད་བཞིན་མཚར་བ་བྱུང༌། རིགས་གཅིག་ལྟོ་ཡངས་ལ་བཟའ་བཏུང་ལ་དགའ་བ་བྱུང༌། དེ་ཡང་རིགས་བཞི་ནི། སེ་ཚེ་རིང་བ། སྨུ་ནོར་ཕྱུག་ལྡོང་མགོ་དྲག སྟོང་ཡིད་སྒམ་པར་བྱུང་སྟེ་དེ་དག་ནི་ཡོན་ཏན་ནོ། །དེ་རྣམས་འཐབ་ཅིང་རྩོད་ལ་རྗེ་མེད། སེ་དང་སྨུ། ལྡོང་དང་སྟོང་མིའུ་རིགས་བཞི་ཟེར་ཏེ། བོད་ཀྱི་རུས་ལ་སྔ་བ་ཡིན་ནོ། །བོད་ཀྱི་རྒྱལ་པོ་ལ་སྔ་བ་ནི་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེ་ལ་འདོད་ལུགས་ནི་མི་མཐུན་པ་མང་པོ་ཡོད་དེ། ལ་ལ་ན་རེ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་གཏོར་མའི་བསྟོད་པའི་འགྲེལ་པ་ན་འདི་ལྟར་བཤད་དེ། ཡུལ་དབུས་ན་རྒྱལ་པོ་སྐྱབས་སེང་བྱ་བ་ལ་བཙུན་མོ་ལྔ་བརྒྱ་ཡོད་པ་སྲས་མེད་ནས་འདུ་འཛི་སྤངས་ཏེ་ལྷ་མོ་ཀྲི་སྣ་དང་དཀོན་ཀྲི་གཉིས་ཁྲིད་ནས་ནགས་སུ་སོང་བ་དང་དྲང་སྲོང་བདེན་པ་མཐོང་བ་གཅིག་ལ་བཙུན་མོས་གསོལ་བ་བཏབ་པས་དེས་མི་མ་ཡིན་པའི་བུ་ལྔ་བཀུག་སྟེ་ཕྱིན་བྱིན་ནས་ལྷའི་བུ་སྣ་ཚོགས་ཅན་དང༌། ཉི་མའི་བུ་བསོ་ཁྲམ་ཅན་དང༌། དྲག་པོའི་བུ་ཐལ་དཀར་ཅན་དང༌། དབང་བྱེད་ཀྱི་བུ་མི་ཚུགས་པ་དང༌། རླུང་ལྷའི་བུ་མི་འཇིགས་པ་ལ་སོགས་པ་བྱུང་ངོ༌། །དེ་ལ་སྐྱབས་སེང་བུ་ལྔ་ཞེས་གྲགས་སོ། །དེའི་རྒྱལ་རྒྱུད་ཀྱི་རིམ་པ་ལས་གཉའ་ཁྲི་བཙན་པོ་བྱུང་བ་ཡིན་ཏེ། རྒྱལ་པོ་དམག་རྒྱལ་ཞེས་བྱ་བ་ལ་བུ་དགྲ་ངན་དང༌། འཐབ་དགའ་ལ་སོགས་པ་དགུ་བཅུ་གོ་དགུ་ཕ་དང་བརྒྱ་ཡོད་པས་ཡབ་དང་མཆེད་པོ་འཁྲུགས་ནས་སྲིན་པོའི་ཡུལ་དུ་འཐབ་པས་དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ་ཐམས་ཅད་སྐྱབས་སེང་གི་བུས་བཅོམ་སྟེ་མིའི་བདག་པོ་འདི་ཉིད་ཀྱི་རིང་ལ་རྩོད་དུས་ཀྱི་འགོ་བཙུགས་ཏེ་མིང་གསལ་བར་བྱས་ཏེ་དེ་ཡང་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་བྱུང་སྟེ་དེ་ནས་ལོ་གཉིས་སྟོང་དུ་ཉེ་བ་ན་འཛམ་བུའི་གླིང་པའི་ཚེ་ལོ་བརྒྱ་ཐུབ་པར་གྱུར་ཏེ། དུས་ཕྱིས་བྱུང་བ་མ་ཡིན་པས་དེའི་རིགས་རྒྱུད་ཀྱང་མ་ཡིན་ནོ། །ལ་ལ་ན་རེ། ཐེའུ་རང་ལ་སོགས་པའི་རྒྱུད་ཡིན་ཟེར་ཏེ་དེ་ཡང་མ་ཡིན་ནོ། །ལ་ལ་ན་རེ། འདི་ནི་རྒྱ་གར་ཡུལ་བདུན་ནས་ཆད་དེ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ། དེའི་བུ་གཞོན་བུ་འཆར་བྱེད། དེའི་བུ་སྟོབས་མཆོག་དང་སྟོབས་ཆུང་ངོ༌། །སྟོང་ཆུང་ལ་སྲས་ལྔ་ཡོད་པའི་ལྔ་ཚིགས་མཚན་དང་ལྡན་པ་བྲམ་ཟེ་མཚན་མཁན་ལ་བསྟན་པས། མཁན་པོས་མཚན་འཁྲུལ་ཏེ་འདི་མཆེད་ལ་ངན་པས་སྤྱུགས་ན་བཟང་ཟེར་ནས་གཡོག་བདུན་དང་བཅས་སྤྱུགས་པ་ཡིན་ཟེར་ཏེ་དེ་ཡང་མ་ཡིན་ཟེར་ཏེ་བུ་ཕུ་བོ་སྟོབས་མཆོག་གི་རྒྱལ་པོས་ནུ་བོ་ཕྲོག་སྟེ། རྒྱལ་ས་ནུ་བོས་ཕྲོགས་ཏེ་ཕམ་པས་བུ་ཕོས་ལྷ་མ་ཧཱ་དེ་བ་བསྒྲུབས་ཏེ་མཐུ་བཏང་བས་སྟོབས་ཆུང་གི་འཁོར་ཐམས་ཅད་ཤི་སྟེ་ཕུ་བོས་བསྡུམས་བྱས། རྒྱལ་ས་གཏད་ནས་ནུ་བོ་ལ་ཡང་རྒྱལ་སྲིད་བགོས་ཏེ་བྱིན། བོད་དུ་བྱུང་ཞིང་འཕེལ་བ་མ་ཡིན་ནོ། ལ་ལ་ན་རེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རྒྱུད་ལས་རབས་ལྔ་ན་སྲས་ལྔ་ཚིགས་གཅིག་མཚན་མཁན་འཁྲུལ་ནས་སྤྱུགས་པ་ལས་འཕེལ་ཟེར་བ་ཡོད། དེ་ཡང་མ་ཡིན་ཏེ་དེ་རྣམས་ལ་ཁུངས་ཐུབ་པའི་གཏན་ཚིགས་མེད་དོ། །ལ་ལ་ན་རེ། འགྲོ་བ་མི་ལ་རྗེ་མེད། དུད་འགྲོ་རྔོག་ཆགས་ལ་སྐྱེན་དུ་མེད་ནས་ལྷ་རི་གྱང་མཐོའི་ཁ་ནས་ཕྱའི་རྒད་པོ་གཅིག་གིས་ལྷས་སྤྱོན་ལན་གསུམ་བྱས་པས་ལྷའི་སྣོངས་བཅུ་གཅིག་བྱུང་སྟེ་དེ་ལ་མིའི་ལྷར་མི་འདོད་བྱས་ནས་གནམ་དུ་སྤུར་ཏེ་བཏང༌། སྲིད་པའི་ལྷ་རབས་མཆེད་བདུན་གྱི་བདུན་ཚིགས་སུ་སོང༌།  མིང་ཡང་ལྷ་གར་མ་ཞེས་བྱའོ།  །དེ་ནས་ཡང་ལྷ་རིའི་ཁ་ནས་ཕྱའི་རྒན་མོས་ལྷས་སྤྱོན་ལན་གསུམ་བྱས་པས་གནམ་རིམ་པ་བཅུ་གསུམ་གྱི་ཁ་ནས་གཉའ་ཁྲི་བཙན་པོ་བྱོན་པ་ཡིན་ཟེར། །བོན་པོ་ལ་ལ་ན་རེ་སེམས་ཅན་ཡིད་སྨོན་བྱས་པ་ལས་གནམ་ནས་ལྷའི་ལྷ་བཟང་སྟེ་བར་པ་བདུན་ཚིགས།  རྗེ་ཡབ་ལྷ་བརྡལ་དྲུག  སྲས་རྒྱལ་བུ་མཐིང་གེ་བྱུང༌།  དེའི་སྲས་སྨོན་པ་བཙན།  དེའི་སྲས་སྨོན་མི་དབུ་དཀར།  དབུ་ནག  དེའི་སྲས་སྟག་དགུ།  གཟིག་དབུ།  དེའི་སྲས་གཉའ་ཁྲི་བཙན་པོ།   དེའི་སྲས་ཁྲི་རྩེ་འབུམ་བཞེར།  དེའི་སྲས་ལྷ་ཐོ་རི་བྱོན་ཟེར་ཏེ་དེ་རྣམས་ཐམས་ཅད་མ་ཡིན་ནོ། །འོ་ན་གང་ལྟར་ཡིན་ཞེ་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས་འདི་ནི་རྒྱ་གར་གྱི་བད་ས་ལའི་རྒྱལ་པོ་འཆར་བྱེད་ལ། སྲས་རྒྱལ་པོ་ཤར་བའོ། །དེ་ལ་སྲས་གཉིས་བྱུང་བའི་ནུ་བོའི་རྒྱུད་ལ། བཙུན་མོ་དམ་པ་ལ་སྲས་ཤིག་བཙས་ཏེ། ཕུ་བོ་མིག་བྱ་མིག་ལྟར་མས་ཀྱིས་ཡར་འགེབས་པ། དཔྲལ་བའི་དབྱེས་ཆེ་བ། གཡུ་ཡི་སྨིན་མ་ཡོད་པ། སྣའི་གཟེངས་ལེགས་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པའི་སོར་མོ་ངང་པ་ལྟར་གསོལ་བས། དེ་ལྟས་ངན་ཞིག་འདུག་པས་གསོད་ཅིག་པར་གནང་ངོ༌། །དེ་ལ་བློན་པོ་རྣམས་ཀྱིས་མཚོན་གྱིས་འདེབས་པར་མ་ཕོད་པར། ཟངས་ཁ་སྦྱར་དུ་བཅུག་ནས་ཤིང་སྒྲོམ་བྱས་ཏེ་ནོར་སྐལ་དང་བཅས་པ་ཆུ་བོ་གང་གཱ་ལ་བསྐྱུར་བཏང་ངོ༌། །དེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཆུ་ཁ་ནས་ཞིང་པས་རྙེད་དེ། དེ་ནགས་ཁྲོད་དུ་གསོས་པས་དེ་མཁར་གྱི་རྒྱལ་པོ་ཡིན་པས། རི་དྭགས་ཐམས་ཅད་ཀྱིས་རྩེད་ཟླ་བྱས། གཅན་གཟན་ཐམས་ཅད་ཀྱིས་ཟས་བསྐྱལ། དེར་མེ་ཏོག་ཐམས་ཅད་ཀྱིས་ཁ་བསྟན་ནོ། །དེ་ལ་རྒྱལ་བུ་ན་རེ། འཁོར་ངན་པ་ཇི་ལྟར་ཡིན། ངའི་ཕ་སུ་ཡིན་ཟེར་བ་དང༌། ཁྱེད་ཕས་ལྟས་ངན་དུ་བྱས་ནས་གསོད་ཟེར། བློན་པོ་རྣམས་ཀྱིས་མ་བསད་པར་ཆུར་བོར་བ་ཡིན་པས་ངེད་རྣམས་ཀྱིས་རྙེད་པའི་གཏམ་རྒྱུད་བཤད་པས། ཡིད་མ་དགའ་ནས་གངས་ཀྱི་སྤྲགས་དུ་དབྲག་ཏུ་བྲོས་པས། བྱང་ཕྱོགས་ཐམས་ཅད་ཀྱི་རི།  ལྷ་རི་གྱང་མཐོའི་ཁར་བྱུང༌། དེ་ནས་བལྟས་པས་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་དབུས་ན་ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ལྷ་ཤམ་པོ་མཐོང་ནས། བསོད་ནམས་འོད་ཀྱིས་དམུ་སྐས་ལ་བབས་ཏེ། ལྷ་རི་ཡོལ་བའི་རོལ་པོའི་ཁར་བྱོན་ནོ། །དེ་ནས་བཙན་ཐང་སྒོ་བཞིར་བྱོན་པས། དེའི་དུས་སུ་བོད་འདིར་སྤྲེའུའི་རྒྱུད་རྣམས་བདུད་དང༌།  གནོད་སྦྱིན་ལ་སོགས་པ་མངའ་མདད་རིམ་པ་བདུན་གྱི་ཐ་མ་ལ།  རྒྱལ་སིལ་བུའམ་བཅུ་གཉིས་རྒྱལ་ཕྲན་མོ་ངན་ལ་སོགས་པས་དབང་བྱས་ནས། གཅིག་ཟེར་ལ་གཅིག་མི་ཉན་ཏེ།  མ་འཆམས་པས་དབངས་རྣམས་མནར་ནས་བརྡུངས་གདུངས་པ་ལ། འགམ་ལྷའི་སྲས། དམུ་བོན་པོ་དང༌། ཅོ་ལ་བོན་པོ་དང༌། ཞང་ཞུང་བོན་པོ་དང༌། འཚེ་མི་བོན་པོ་དང༌། ཟེ་བ་བོན་པོ་དང༌།  ཟིངས་པ་བོན་པོ་དང༌། ཤེས་པ་མཁན་བཅུ་གཉིས་ཕྱུགས་སྐྱོང་བའི་སར་བྱོན་པ་དང༌། དེ་དག་གིས་མཐར་སྒམ་གྱིས་ཁྱེའུ་སུ་ཡིན་བྱས་པས། བཙན་པོ་ཡིན་ཟེར། གང་ནས་འོངས་དྲིས་པས། མཛུབ་མོ་གནམ་དུ་བསྒྲེངས། དེའི་རྒྱ་གར་གྱི་སྐད་པ་ར་པི་ར་མ་གོ་ནས། འདི་ནི་གནམ་ནས་བྱོན་པའི་ལྷ།  མི་རྗེ་ངོ་མཚར་ཅན་ཞིག་འདུག་པས་འདི་ཁྱིམ་གྱི་མི་རྣམས་ལ་སྟོན་ནོ་ཟེར་ཏེ། ཤིང་ལ་ཁྲི་བྱས་མིའི་གཉའ་བ་ལ་ཁུར་ནས་གྲོང་ཁྱེར་གྱི་མི་རྣམས་ལ་བསྟན་པས།  འདི་ནི་གནམ་ལས་བྱོན་པའི་བཙན་པོ་ངོ་མཚར་ཅན་ཞིག་འདུག་པས། འོ་ཅག་རྣམས་ཀྱི་ཇོ་བོ་བྱའོ་ཟེར་ཏེ། བོན་པོ་རྣམས་ན་རེ། གནམ་གུང་ནས་ས་དོག་པོ་ལ་སྙེགས་པའི་རྒྱལ་པོ་ས་ཐམས་ཅད་ལ་དབང་བ་ཡིན་ཟེར། མིང་ཡང་གཉའ་ཁྲི་བཙན་པོ་བྱ་བར་གྲགས་སོ།  །སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ་སྟོང་ལྷག་ན་བྱོན་ཏེ། བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང༌། སྒྲུང་རྒྱུད་དང༌། སྡེབ་སྦྱོར་དང༌། བཀའི་ཀུགས་དང༌། བྲོ་གར་དང༌། གླུ་གཞས་དང༌། ཤོན་རྩེད་དང༌། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ། །རྒྱལ་པོའི་རིམ་གྲོ་པ་ནི། བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང༌། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ།  །དེའི་སྲས་དིང་ཁྲི་བཙན་པོ། དེའི་དུས་སུ་ཞང་ཞུང་གི་གཤེན་པོ་ཀུན་འདུས་ཐེག་ཆེན་གྱི་སྐུ་བསྲུངས་སོ། །དེའི་སྲས་མུ་ཁྲི་བཙན་པོ། བོན་པོ་གཤེན་པོ་ཚེ་རྒྱལ་གྱིས་སྐུ་བསྲུངས་སོ། །དེའི་སྲས་སྲིབས་བཙན་པོ། ཞང་ཞུང་གཤེན་པོ་ཀུན་རིགས་རྒྱལ་པོས་སྐུ་བསྲུངས་སོ། །དེའི་སྲས་ཡེ་ཤེས་ཁྲི་པོ། བོན་པོ་གཡུང་དྲུང་རྒྱལ་པོས་སྐུ་བསྲུངས་སོ། །དེའི་སྲས་གཉའ་ཁྲི་བཙན་པོ། བོན་པོ་ཀུན་རྟོགས་རྒྱལ་པོ་ཡིས་སྐུ་བསྲུངས་སོ། །དེའི་སྲས་ཁྲི་པན་བཙན་པོ། བོན་པོ་མུ་ལ་ཁ་འབྲས་ཀྱིས་སྐུ་བསྲུངས་སོ།  །དེའི་སྲས་སྲིབས་ཁྲི་བཙན་པོ། བོན་པོ་ཞང་ཞུང་ལྷ་འདོ་ཀྱིས་སྐུ་བསྲུངས་སོ། །དེ་ཡན་ཆོད་བརླབས་པ་མ་ཡིན་ཏེ། གནམ་བོན་དང་གཤེད་ལྷ་འདྲེས་བསྟན་པ་ཡིན་སྐད། བཙན་པོ་དེ་བདུན་ལ་གནམ་གྱི་ཁྲི་བདུན་ཟེར་བ་ཡིན་ནོ། །དེ་རྣམས་ཀྱི་དབུ་ལ་ལྷ་ཐག་ཡོད་པ་ཡིན་པས་སྲས་རྒྱལ་སར་ཚུད་པ་དང་ཆིབས་ཁར་བྱོན་ཙ་ན། ཡབ་འོད་ཀྱི་ནམ་མཁའ་ལ་སྐུ་འཇའ་ཚོན་བཞིན་ཡལ་བར་གྱུར། །དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱི་རྡོར་བོན་བྱུང་སྟེ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ་སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང༌། དེས་འཇིག་རྟེན་པའི་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ནས་འདྲེན་ནུས་པ།  མི་དང་ལྷ་སྲིན་དུ་དམངས་སྡུམ་ཤེས་པས་ཀུན་རྫོབ་ཏུ་ཐམས་ཅད་སྒོ་ང་ལས་སྐྱེས་པར་འདོད་པས་སྔ་རྟགས་དང༌། ཕྱི་རྟགས་དང༌། ད་ལྟ་ཇི་ལྟར་ཡིན་པ་རྣམས་ཐོལ་ཐོལ་དུ་སྨྲ་ཤེས་པ།  ལྟོ་ཁུ་ལྟོ་ནག་བྱ་བ་གཅིག་ལྷུ་དང་རྡུམས་དུ་འབྲེལ་པ། ནམ་མཁའ་ལ་ལྷེབ་ལྷེབ་ཕུར་ནུས་པ། ལག་ཆ་ནི་སྐྱ་མོ་ཁུགས་སུ་བཅུག ལྤགས་པ་ནི་རླ་བཞི་འཕྲེང་དུ་བཀུག་ནས་ཕུབ་པ་མིང་དུ་ཕྱེད་ལྔ་ཟེར།  ཡས་རྟགས་ནི་ཤིང་དང་རུས་པ་ལ་སྔོན་དམར་གྱི་རི་མོ་བྲིས། གཟུགས་བརྙན་ནི་ཁམས་ས་ལ་བྱེད། ནམ་མཁའ་དང་རྒྱང་པུ་ནི་བཙུགས།  གསོན་གྱི་ལྷ་བོན་བྱེད་ཟེར་ནས་གཡའ་རི་དང་གངས་རིའི་ལྷ་འདྲེ་ལ་ཞུང་ཤང༌། སྲབ་ཤང༌།  གསེར་སྐྱེམས་ཀྱིས་མཆོད། གཤིན་དུར་བྱེད་ཟེར་ནས་མི་ཤི་བ་ལ་གོ་གནོན་དང༌། སྐྱིད་ཀྱི་ལྷ་ལུག་དང༌། རྟ་རྒོད་མ་གསོད། མི་ན་བའི་གླུད་དུ་ངེས་པ་མེད་ཟེར་ནས་ར་ལུག་དང༌། བྱ་ཕག་དང༌།  ཡས་ཐག་གཏོང་ཟེར་ནས་སྲོག་ཆགས་གསོད།  ཡང་ན་འཐོམ་སྟོང་ཞིང་འགལ་དུམ་དང་འདྲེ་ཡས་སྐྱུར་བ། ཨ་ཡ་ཆབ་ནག་བྱ་བ་གཅིག་བྱུང༌། དེ་རྒྱལ་པོས་སྤྱན་དྲངས་ནས་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་གཅིག་བྱུང༌།  བོད་ཡུལ་དུ་གྱེར་བོན་ལ་སྔ་བ་དེ་ཡིན་ནོ། །དེ་སྟོན་པའི་བཀའ་ནི་མ་ཡིན་སྐད། རེས་དགེ་བ་ཙུག་བྱེད། རེས་མི་དགེ་བ་ཙུག་བྱེད། བཞུགས་མ་རུང་སྟེ་རྒྱལ་པོ་པོས་རལ་གྲི་གླང་བྱས་སོ་བྱ་བ་ཀླད་ལ་བསྐོར་བས་འོད་ཀྱི་ལྷ་ཐག་ཆད་ལྷ་སྲིན་འཁྲུགས་ཏེ་ཐུགས་འགྱུར་ནས་ཁ་ཆེའི་རྒྱལ་པོ་ལ་དམག་དྲངས་གཡུལ་སྤྲད་དེ། བོད་དམག་རྒྱལ་ནས་ཚུར་ལོག་པ་དང༌། བོད་ཀྱི་དཔའ་བོས་གཞུ་ཀ་བ་ཙམ་ལ་མདའ་ཕྱམ་ཙམ་འཕངས་པས་ཤིང་སྡོང་ལ་མདའ་ཕིགས་འདུག་ནས། མདའ་དེ་མཐོང་བ། ལ་ལ་ན་རེ་རྒྱལ་པོ་ཡིན་ཟེར། ལ་ལ་ན་རེ་བློན་པོ་ཡིན་ཟེར་ནས། དེ་དག་གང་ཡིན་བརྟག་པའི་དོན་དུ་རྒལ་པོའི་དྲུང་དུ་སྙན་ཕྲ་བྱས་པས་འབངས་ལོ་ངམ་གྱིས་ཆད་པ་བྱུང་གིས་དོགས་ནས། རྩལ་འགྲན་པར་འདོད་ན་སུ་ཡོང་བ་དེ་མ་ཧེ་ལ། སོལ་ཕྱེ་ཁོལ་ལ་བྱོན། རྒྱལ་པོའི་དཔྲལ་བ་ལ་མེ་ལོང་ཐོགས་ལས་བྱོན།  ཕོ་བྲང་གསེར་གཡུས་ཁོང་ལས་བྱོན་བྱས་པས།  རྒྱལ་པོས་དེ་ལྟར་བྱས་བྱོན་པས་རོལ་མོ་དང་ཁུ་སྒྲ་ཆེན་པོ་བྱས་པས་མ་ཧེ་འགྲོགས་ཏེ་སོལ་ཚུབ་ཆེན་པོ་བྱུང༌། ཆིབས་གོང་དུ་མེ་ལོང་ལྷག་ལྷག་བྱས་པས།  མདའ་འཕངས་པས་རྒྱལ་པོ་ལ་ཟུག་སྟེ་རྗེ་ཉིད་འབངས་ལོ་ངམ་གྱིས་བཀྲོངས་སོ། །དེ་སྤུར་བྱུང་སྟེ་མིང་ཡང་གྲི་གུམ་བཙན་པོ་ཟེར། སྤུར་ནི་གྲང་མོ་གྲང་ཆུང་གི་ཟུར་ལ་ཡོད་དོ། །དེ་ལ་སྲས་གསུམ་ཡོད་ཀྱང་རྒྱལ་སར་ཚུད་པ་སྤུ་དེ་གུང་རྒྱལ་དུས་སུ་ལྟོང་བྱུང་ཟེར་རོ། །དེར་བཙུན་མོ་ནས་མྱ་ངན་བྱས་ཏེ་གཉིད་དུ་སོང་པའི་རྨི་ལམ་དང་ནི་དཀར་པོ་གཅུག་བྱུང་བས་འདོད་བསྟེན་པ་རྨིས་སོ། །དེ་ནས་ཟླ་བ་བཅུ་ན་བུ་གཅིག་བཙས་ཏེ་རྐང་ལག་མེད་ཁ་དང་ངེ་བ་གཅིག་འདུག དེ་བསད་དུ་ནི་བུ་ཡིན། གསོ་རུ་ནི་ཡག་ལག་མི་འདུག་པས་གཡག་རུའི་ནང་བཅུག་ནས་ཁར་མར་འོ་མ་གཏོར་བས་ཆེར་སོང་བ་དང་ཡག་ལག་སྐྱེས་ནས་ལྷམ་གྱི་ཡུ་བས་གོས་བྱས་ཏེ་གསོས་པས་མིང་ནི་འདྲེའི་བུ་ཕོ་རུ་ལྷམ་སྐྱེས་སུ་བཏགས་སོ། །དེ་འཚར་བ་དང་རིག་པ་ཅན་ཞིག་བྱུང་ནས་བློན་པོ་ཁུ་ཞེས་བྱ་བར་གྲགས། དེ་ལ་རྒྱལ་པོ་གྲི་གུམ་གྱི་སྲས་གསུམ་སྤྱུགས་པ་བཙལ་བ་ནི་ཤ་ཀྲི་ཁྲི་ཀོང་པོར་སྤྱུགས་པ་ཀོང་རྗེ་དཀར་པོ་ཡིན་ཏེ་གདུང་ཆད། ཉང་ཁྲི་ཉང་པོར་སྤྱུགས་པས་ཉང་བཙུན་རྒྱལ་པོ་ལགས་ཏེ་དེ་ཡང་གདུང་ཆད་དོ། །བྱ་ཀྲི་ཁྲི་སྤྲེའུ་སྤུ་སོར་སྤྱུགས་པས་སྤུ་བོ་ནས་སྤྱན་དྲངས་པས་སྤུའི་རྒྱལ་པོ་རྩད་པོ་ཟེར་རོ། །མཚན་ཡང་སྤུ་རྗེ་གུང་རྒྱལ་དུ་གྲགས་སོ། །བོན་པོ་དར་ཧ་ཏོས་སྐུ་བསྲུངས་སོ། །དེའི་སྲས་ཨ་ཤོ་ལེགས། བོན་པོ་ཚེ་མི་ཀུན་སྣང་གིས་སྐུ་བསྲུངས་སོ། །དེའི་སྲས་ཨི་ཤོ་ལེགས་སོ། །བོན་པོ་ཨ་ལ་དུན་ཚེས་སྐུ་བསྲུངས་སོ། །དེའི་སྲས་གོ་རུ་ལེགས་སོ། །བོན་པོ་ཨ་སོ་གཙུག་སྤུད་ཀྱིས་སྐུ་བསྲུངས་སོ། །དེའི་སྲས་དགེ་ཤོ་ལེགས་སོ། །བོན་པོ་དོན་རྟོགས་རྒྱལ་པོས་སྐུ་བསྲུངས་སོ། །དེའི་སྲས་འབྲང་རྗེ་ལེགས་སོ། །བོན་པོ་ཞང་ཞུང་ཁྲི་ལྡེས་སྐུ་བསྲུངས་སོ། །དེའི་སྲས་ཐེ་ཤོ་ལེགས་སོ། །བོན་པོ་ཨ་ལ་དུན་ཅུག་གིས་སྐུ་བསྲུངས་སོ། །དེ་རྣམས་ལེགས་དྲུག་བྱ་བ་ཡིན་ནོ། །དེ་རྣམས་ཀྱི་སྤུར་དོན་མཁར་གཡའ་སྤངས་མཚམས་སུ་བཏབ་པོ། །ཐེ་ཤོའི་སྲས་རྒྱལ་ས་ནམ་ཟིན་ཏེ།  དེའི་སྲས་གནམ་སྤུའོ།  །གཞུང་བཙན་ལྡེ།  དེ་གཉིས་བོན་པོ་ཁུ་མང་བཞེར་གཉན་གྱིས་སྐུ་བསྲུངས་སོ།  །དེའི་སྲས་ལྡེ་སྣོལ་ནམ།   བོན་པོ་ཀ་ར་བདུན་ཚེས་སྐུ་བསྲུངས་སོ།  །དེའི་སྲས་ལྡེ་སོ་ཕ་ནམ།  དེའི་སྲས་ལྡེ་རྒྱལ་ནམ།  དེའི་སྲས་ལྡེ་སྲིད་བཙན་ནོ།  །འཚེ་མི་བོན་པོ་འདུ་འཕྲོད་དང༌།   བྷའི་བོན་པོ་ཤིག་འབྲག་གིས་སྐུ་བསྲུངས་སོ།  །དེ་རྣམས་ལ་ཆུ་ལ་ལྡེ་བརྒྱད་ཟེར་རོ།   །རྒྱལ་རབས་དེ་རྣམས་སུ་ཆབ་སྲིད་ཀྱི་མཆོད་གནས་བོན་པོས་བྱས་སྐད་དོ། །དེའི་སྲས་རྒལ་ཐད་རེ་ལོང་བཙན། བོན་པོ་འབུམ་ཁྲི་དར་བས་སྐུ་བསྲུངས་སོ། །དེའི་སྲས་ཁྲི་བཙན་ནམ། དེའི་སྲས་ཁྲི་སྒྲ་དཔུང་བཙན། དའེི་སྲས་ཁྲི་ཐོག་རྗེ་བཙན་ཡན་ཆོད་དུ། བོད་སངས་རྒྱས་ཀྱི་བསྟན་པ་མེད་དོ། །དཀོན་མཆོག་གསུམ་སྒྲ་མི་གྲགས་པས་ན། བོན་པོ་དཀར་དུན་རྩས་སྐུ་བསྲུངས། དེ་རྣམས་ལ་བར་གྱི་ཚིགས་བཞི་ཞེས་བྱའོ། །དེ་རྣམས་ཀྱི་སྤུར་ངར་བ་ཐང་དུ་བཏབ་སྟེ། བང་སོ་ཐལ་ཕུང་འདྲ་བ་བྱུང༌། རྗེ་གཉའ་ཁྲི་ནས་རྒྱལ་རབས་ཉི་ཤུ་རྩ་བརྒྱད་ན། ཁྲི་ཐོག་རྗེའི་སྲས། ལྷ་ཐོ་ཐོ་རི་བྱོན་ཏེ་སྐུ་བྱད་ཤིན་ཏུ་མཚར་བ། སྙན་ཤལ་ལ་མཐོ་རེ་ཡོད་པ་ལྷའི་བུ་ཕོ་འདྲ་བ་ཞིག་བྱོན། མཚན་ཡང་ལྷ་ཐོ་ཐོ་རི་སྙན་ཤལ་དུ་གྲགས་པའོ། །བོན་པོ་ཅོ་བོན་གསང་སྐྱེས་ཀྱིས་སྐུ་བསྲུངས་སོ། །རྒྱལ་པོ་དེའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ལགས་ཏེ། ཕོ་བྲང་ཡུན་བུ་ལྷ་སྒང་གི་སྐུ་མཁར་གྱི་སྟེང་ན། དགུང་ལོ་དྲུག་ཅུ་བཞེས་པ། མུ་འགྲམ་སོ་སོང་བ་ཞིག་གདུངས་ལ་བཞུགས་པ་ལ། ནམ་མཁའ་ནས་ཚུར་ལ་ཉི་མའི་ཟེར་དང་འགྲོགས་ནས་འོད་ཟེར་སྣ་ལྔའི་སྣ་ལ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོག་བབས་སུ་བྱོན་པ་ལས། དེ་རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས་གླེགས་བན་ཞིག་འདུག་སྟེ། སྤྲུལ་པ་ཡིན་པར་ནི་ཤེས་ཏེ་གནན་ཞིང་ཡིད་དུ་འོང་བས་ལེགས་ཤིང་བསྟོད་པའི་གནས་སུ་གོ་ནས། ཟ་མ་ཏོག་དེ་གསེར་དངུལ་ལས་བྱས་པའི་ཁྲིའི་སྟེང་དུ་བཞག་སྟེ་བཞུགས། རྒྱུའི་བོན་པོ་རྣམས་ན་རེ། བོན་དར་འགྲོ་བའི་རྟགས་ཡིན་པས་བོན་ལུགས་སུ་མཆོད་ཟེར་ནས། ཞག་རེ་ལ་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པ་བྱེད་དོ། །མཚན་མོ་བཞིན་མར་མེས་མུན་པ་མེད་པར་བྱས། རྒྱལ་པོའི་མནལ་ལམ་དུ་རྷརྨ་དེ་དང་མཐུན་པར་མཆོད་པ་བྱས་པར་རྨིས། དེ་ལ་རྒྱལ་པོ་དང་འཁོར་ཐམས་ཅད་ཀྱིས་ཕྱག་འཚལ་སྐོར་བ་བྱས། ཡི་གེ་རྒྱ་ཡིག་ཏུ་བྱུང་བར་འདོད་དེ། མིང་གཉན་པོ་གསང་བ་ཞེས་བར་བཏགས་སོ། །ཞེས་པ་འདི་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་གཉིས་སྟོང་ལྔ་བརྒྱ་ནའམ། བརྒྱད་བརྒྱ་ན་གདོང་དམར་གྱི་ཡུལ་དུ་དམ་པ་ཆོས་ཀྱི་དབུ་བརྙེས་ཤིང་སྲོལ་གཏོད་དེ་དར་ཞིང་རྒྱས་པར་འགྱུར། བརྟན་ཞིང་མི་གཡོ་བར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ། །གཉན་པོ་གསང་བའི་བྱིན་རླབས་ཀྱིས་རྒྱལ་པོ་སྐུ་བགྲེས་པར་སོང་བ་ཡང་སྐུ་གཞོན་ནུར་གྱུར། དབུ་སྐྲ་དཀར་པོ་བྱི། ནག་པོར་སོང༌། སོ་བུད་པ་སྐྱེས་ཏེ། དུང་སོ་འཁོར་བར་སོང༌། གཉེར་མ་རྣམས་དྭངས་ཏེ་ལོ་བཅུ་དྲུག་ལོན་པ་ལྟར་གཞོན་ཤ་ཅན་དུ་གྱུར་ནས། སྐུ་ཚེ་ཡང་ལོ་བརྒྱ་ཉེ་ཤུ་ཐུབ་སྟེ། སྐྱེ་བ་གཅིག་ལ་སྐུ་གཉིས་བཞེས་སོ། །རྒྱལ་པོ་དེས། བོད་ལ་ལེགས་པ་བྱེད་པའི་དུས་དང༌། ཉེས་པ་འབྱུང་བར་དོགས་པའི་དུས་སུ། གཉན་པོ་གསང་བ་ལ་མཆོད་པ་བྱས། གསོལ་བ་བཏབ་པས་ཇི་ལྟར་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པོ། རྒྱལ་པོ་དེ་ཡང༌། ལུས་རོ་མེད་པ་ནམ་མཁའ་ལ་འཇའ་ལྟར་ཡལ་ལོ། །རྒྱལ་པོ་དེའི་སྲས་ཁྲི་གཉན་གཟུང་བཙན་ནོ། །ཁུ་བོ་བོན་པོ་མང་བཀྲ་ལ་ལེགས་པས་སྐུ་འཁྲུངས་སོ། །རྒྱལ་པོ་ན་རེ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་ཞལ་ནས། ངའི་རྒྱལ་ཁམས་སུ་ལེགས་སོ་ཅོག་དར་བར་འགྱུར་བ་དང༌། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ལ་སོགས་པ། ཉེས་པ་ཅོག་ཐམས་ཅད་མི་འབྱུང་ཞིང་ཞི་བར་འདོད་ན། ངའི་གཉན་པོ་གསང་བ་ལ་མཆོད་པ་དང་མོས་གུས་གྱིས་ཤིག གསོལ་བ་ཐོབ་ཅིག་ཅེས་བཀའ་ཆེམས་བཀའ་བསྩལ་ཏོ། །ཕོག་གོ། །རྒྱལ་པོ་ཁྲི་གཉན་གཟུང་བཙན། བར་ཀ་བཙན་དྲུག་ཀྱང་ཟེར། མཉེས་ལྡེ་གུ་དེའི་སྲས་སྟག་རི་གཉན་གཟིགས་སོ། །རང་སངས་རྒྱས་ར་སངས་ཀྱི་བོན་པོ་ཁྲེ་ནེ་ཁྲིད་ཁོད་ཀྱིས་སྐུབསྲུངས་སོ། །དེ་དམུས་ལོང་དུ་སྐྱེས་པ་ཡང་རྒྱལ་སར་ཕྱུང་ནས། གཉན་པོ་གསང་བ་ལ་མཆོད་བྱས། གསོལ་བ་བཏབ་པས། དམུས་ལོང་ལ་སྤྱན་ཧྲིག་གེར་བྱུང་ནས། རི་སྟག་རི་ལ་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་གྲགས་སོ། །རྒྱལ་པོ་དེའི་སྲས་འབྲོང་གཉན་ལྡེའུ། ཁུའི་བོན་པོ་མང་རྗེ་ལྷ་འོད་ཀྱིས་སྐུ་བསྲུངས་སོ། །དེ་རྣམས་ཀྱིས་ཡབ་མེས་ཀྱི་སྲོལ་བཞིན་གཉན་པོ་གསང་བ་ལ་མཆོད་པ་བྱས་སོ། །གཉན་པོ་གསང་བ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་གསུང་གི་བཅོས་རྟགས་ཀྱིས་འདུལ་བ་ཡིན་ཏེ། ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས། བོད་ཁ་བ་ཅན་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་གྲགས་སོ། །རྒྱལ་པོ་དེའི་སྲས་གནམ་རི་སྲོང་བཙན་ནོ། །དེ་ལ་བོན་པོ་ཤེས་རབ་ལྡེབས་པས། བོན་གསང་བ་སྡེ་བཞིའམ་ལྔ་བསྩལ་ལོ། །དེ་ཡང་ཕོ་བྲང་བྱམས་པ་མི་འགྱུར་ན། བཙན་པོ་གནམ་རི་སྲོང་བཙན་དང༌། ཚེ་སྤོང་བཟའ་འབྲིང་མོ་ཐོད་དཀར་ཡང་ཟེར། ལྷ་བཟའ་གུང་བཙུན་མ་གཉིས་བཞུགས་སོ། །རྨི་ལམ་ན་འོད་ཉི་མ་ཤར་བ་འདྲ་བའི་སྣ་ལ། ཁྱེའུ་དཀར་པོ་ཚོན་གང་བ་ཞིག་ལྟེ་བ་ན་ཚུར་ཐིམ་ནས་སོང་བར་རྨིས་སོ། །རྨི་ལམ་དེ་རྒྱལ་པོ་ལ་བཟླས་པས། དེ་སྤྲུལ་པ་འགྲོ་བ་འདུལ་བ་ཞིག་ཡོང་གསུངས་ནས་དགྱེས་སོ། །དེའི་ཚེ་རི་བོ་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཁ་བ་ཅན་གྱིས་སེམས་ཅན་འདུལ་བའི་དུས་ལ་བབས་པར་མཁྱེན་ནས། སྤྱན་ཟུར་གྱིས་གཟིགས་པ་ལས་འོད་ཟེར་བྱུང་ནས་བོད་ཁ་བ་ཅན་དུ་སོང་ངོ༌། །དེ་ལ་སྣང་བ་གསུམ་དུ་བྱུང་སྟེ། སངས་རྒྱས་རྣམས་ཀྱིས་འཕགས་པ་བཟང་པོ་ཁ་བ་ཅན་གྱི་སེམས་ཅན་འདུལ་དུ་བཞུད་པར་གཟིགས་སོ། །བར་སྣང་གི་གནོད་སྦྱིན་རྣམས་ཀྱིས་འོད་ཟེར་དུ་མཐོང༌། ཡབ་རྒྱལ་པོས་བཙུན་མོའི་ལྷུམས་སུ་རྒྱལ་བུ་ཞུགས་པར་མཐོང༌། དེ་ཡང་ཡུམ་གྱི་སྐུ་ལུས་བདེ་བ་དང༌། ཡང་བ་དང༌། བཟོ་མདོག་བཀྲག་དང་ལྡན་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཆེན་པོ་སྐྱེས་པ་དང༌། ཐུགས་ལ་རྟོག་པ་མེད་པ་དང་ལྡན་པར་གནས་པར་གྱུར་ཏོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་རྒྱལ་བུ། མེ་མོ་གླང་ཟླ་བ་གསུམ་པ་ལ་ན་ཚ་མེད་པར་སྐུ་བལྟམས། ཕྱག་ཞབས་འཁོར་ལོའི་མཚན་དང་ལྡན་པ། དབུ་སྐྲ་མཐོན་མཐིང་གཡས་སུ་འཁྱིལ་བ། སོ་དུང་སོ་འཁོར་བར་ཡོད་པ། སྐྱེས་མ་ཐག་ཏུ་སྨྲ་ཤེས་པ། ཡབ་ཡུམ་ལ་ཕྱག་བྱེད་པ། དབུ་ལ་ཨ་མི་དེ་བའི་དབུ་བཞུགས་པ། མཚན་དང་དཔེ་བྱད་དང་ལྡན་པ་ཞིག་གདའ། མཚན་སྲོང་བཙན་སྒམ་པོ་བྱ་བར་བཏགས། སང་ནངས་པར་ཉི་མ་ཤར་བ་དང༌། རྒྱལ་བུ་དེའི་ཞལ་ནས། རྗེ་ཡབ་ཡུམ་ལགས། མགོ་ནག་ཀུན་གྱི་རྗེ། སེམས་ཅན་ཡོངས་ཀྱི་དཔལ། འགྲོ་བ་ཡོངས་ཀྱི་མགོན། རྗེ་ཆེན་པ་ཡབ་ཡུམ་རྒྱལ་ས་ན་བདེ་བར་བཞུགས་སམ། རྒྱུ་འམ། ཞེས་ཕྱག་མཛད་སྐད་དོ། །ཡབ་ཀྱིས་ཀྱང་སྤྲུལ་པ་ཡིན་པར་ཤེས་ནས། དེ་ལ་འཇིག་རྟེན་ཁམས་རྣམས་ཀྱིས་རྒྱལ་བུ་མགོ་གཉིས་པ་ཟེར་གྱིས་དོགས་ནས། ཡབ་ཀྱིས་ཨ་མི་དེ་བ་དར་ལེ་བརྒན་གྱིས་དཀྲིས་སོ། །བློན་པོ་ཨ་ནུ་མི་ཆུང་གིས་ཀྱང༌། ཨ་མི་དེ་བའི་གདན་གྱི་པད་མོ་མཐོང་ངོ༌། །མགར་སྟོང་བཙན་ཡུལ་བཟང་གིས། མཛེས་པའི་ཞལ་བཅུའི་ཐོད་གོན་པར་མཐོང་ངོ༌། །དེ་ལ་གྲོང་ཁྱེར་པ་ཡང་རྒྱལ་བུ་མགོ་གཉིས་པ་ཞིག་ཡོད་ཟེར། འགའ་རེ་ན་རེ། མགོ་བཅུ་གཅིག་ཡོད་དོ་ཞེས་ཟེར་རོ། །དེ་ནས་རྒྱལ་བུས་མཚམས་བཅད་ནས་ཕོ་བྲང་དུ་བཞུགས་སོ། །དེ་ནས་ལོ་བཅུ་གཉིས་ལོན་པ་ན། རྒྱལ་བུའི་ཐུགས་དགོངས་ལ། ངས་ཁ་བ་ཅན་གྱི་སེམས་ཅན་རྣམས་ཆོས་དང་ཟང་ཟིང་གིས་སྐྱོང་བར་ཨ་མི་དེ་བའི་དྲུང་དུ་ཁས་བླངས། བྱང་ཆུབ་སེམས་དཔའ་སྤྲེའུ་ལ་ཡང་ཁས་བླངས་པས། ད་ནི་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་སྤྲེའུ་དང༌། བྲག་སྲིན་མོའི་བུ་ཚ་དུད་འགྲོའི་རིགས་སུ་སོང་བས་ཞི་བས་མི་ཐུལ་ཏེ། ཐབས་ཀྱིས་དྲག་པོའི་བཀའ་ནན་དང༌། ཁྲིམས་ཀྱིས་ཆད་པ་བཅད་ལ་འདུལ་དགོས་པས། དེ་ལ་ཡང་དབང་ཆེ་དགོས་པས་ཞེས་ཡབ་ཡུམ་ལ་ཞུས་པས། ཐུགས་དགྱེས་ནས་བོད་འབངས་ཐམས་ཅད་བསྡུས་ནས། རིན་པོ་ཆེའི་ཁྲི་ལ་རྒྱལ་བུ་བཞུགས་སུ་གསོལ་ཏེ། ཡབ་ཀྱིས་རྒྱལ་སྲིད་གཏད་ནས། རྒྱལ་ཁམས་ཐམས་ཅད་ཀྱི་རྗེར་མངའ་གསོལ་སྙམས་ནས། དགུང་ལོ་བཅུ་གཉིས་པ་ལ་རྒྱལ་སར་བཏོན་པས། སྲོད་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་བྱོན་ནས། ཁྲིའི་གཡས་ནས་རིན་པོ་ཆེའི་པྲོག་ཞུ་ཅོད་པན་གྱི་ཐོད་རྣམས་བསྐོན། གཡོན་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། རིན་པོ་ཆེའི་བུམ་པས་ཁྲུས་ཆབ་གསོལ། ཨ་མི་དེ་བའི་ཕྱག་མཉ྄ཛུ་ཛི་ཀ་ལྟ་བུར་བརྐྱངས་ནས། རྒྱལ་བུའི་དབུ་ལ་རེག་པས། རྒྱལ་པོའི་སྐུ་ལས་འོད་ཟེར་འཕྲོས་ཏེ། འོད་རེ་རེའི་སྣ་ལ་རྟའི་རྒྱལ་པོ་བྷ་ལ་ཧྭ་རྒྱལ་བུའི་ཆིབས་པ་ལགས་ཏེ། དེ་ལས་འོད་ཟེར་བརྗོད་དུ་མེད་པར་འཕྲོས་པས། འོད་རེ་རེའི་སྣ་ལ་ཞིང་ཁམས་རེ་རེ་ཆགས། ཞིང་ཁམས་རེ་རེ་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོ་རེ་རེ་སྤྲུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འཕྲོས། འོད་རེ་རེའི་སྣ་ལ་ཞིང་ཁམས་རེ་རེ་ཆགས། ཞིང་ཁམས་རེ་རེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཀྱི་རྒྱལ་པོ་རེ་རེ་སྤྲུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འཕྲོས་ཏེ། འོད་རེ་རེའི་སྣ་ལ་འཇིག་རྟེན་གྱི་ཁམས་རེ་རེ་ཆགས། འཇིག་རྟེན་གྱི་ཁམས་རེ་རེ་ན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་རེ་རེ་སྤྲུལ། དེ་དག་རེ་རེའི་སྐུ་ལས་འོད་ཟེར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འཕྲོས་པས། འོད་ཟེར་ཕྱོགས་བཅུའི་ནམ་མཁའི་མཐའ་ཁྱབ་པར་འཕྲོས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རེ་རེའི་མདུན་ན་བྱང་ཆུབ་སེམས་དཔའ་ཕྱག་སྟོང་སྤྱན་སྟོང་རེ་རེ་སྤྲུལ་ནས། སེམས་ཅན་གྱི་དོན་བྱེད་དོ། །སེམས་ཅན་དེ་དག་གི་སྣང་བ་མ་དག་པས་བདག་མཐོང་བར་མ་གྱུར་ཏོ། །དེ་རྣམས་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་ཆེ་བས་ཏེ། ཚུལ་དེ་ལྟ་བུའི་རྒྱུད་རིས་ནི་ཁྲ་འབྲུག་གི་རྒྱལ་བུའི་ཁང་བུ་དེ་ཉིད་ན་གསེར་གྱིས་བྲིས་ནས་ཡོད་དོ། །དེ་ནས་སྔ་ཕན་ཡབ་རྒྱལ་པོ་རྔོན་ལ་དགྱེས་པས། བྱང་གངས་ལ་རོང་ལ་ཕོ་བྲང་བཅས་ཏེ། རྔོན་གྱི་བྱ་ར་བྱེད་པ་ནས། ནང་ཞིག་ཐང་མཐའ་ཞིག་ན། ན་གུ་སྲན་མ་ཙམ་གཅིག་བྱུང་བས་གཟིགས། ནངས་མ་གཉིས་པ་ལ་བྱ་རོག་ཙམ། གསུམ་པ་དང་བཞི་པ་ལ་གཡག་ཙམ། ནུབ་ལྔ་པ་ལ་བིའུ་གཅིག་སྐྱེས་ནས། དེ་ལ་ཁྱི་དང་སྐྱེ་འབྲེལ་གྱིན་མ་བསད་དོ། །དེ་ཆེར་སྐྱེས་ནས་འབྲོང་ན་ལེ་བོང་ཟན་དུ་གྱུར་ནས། རྟ་དང༌། མི་དང༌། ཁྱི་དང་གང་མདུན་དུ་བྱུང་བ་ཐམས་ཅད་བསད་པས། ཕུང་གཡག་ཐལ་ཁ་རུ་རིངས་སུ་གྲགས་པ་དེ་འདུལ་བ་ལ་རྟ་ཅང་ཤེས་དགོས་པས། ཀོང་པོའི་ཡུལ་བྲེ་སྣ་ནས། རྟ་བྱ་མ་ཞུར་རུ། དམུ་ཏེ་ལོང་བས་རྙེད་དོ། །དེ་ཡང་འབྲས་ལྗང་ཕོར་ཆུས་སོས་ཏེ། བྱང་གངས་ལ་རོང་དུ་བྱོན་ཏེ། རྟ་ཞོན་ནས་གཡག་དེད་ནས། དགོང་མོ་མཚོ་ཁུག་གཅིག་ཏུ་ཚུུད་པས། རྟ་ཀ་འཐེན་པའི་དྲུང་དུ་འབྲོང་ཤོར་བ། ཁྱུང་པོ་སྤུ་ཐང་གཟུང་རྩེ་ལངས་ནས། རྟ་ཀ་ལ་འཇུས་ཏེ་རྫ་རར་ཁྲིད་ནས། རྒྱལ་པོ་ལ་རྒོད་ཤ་གྲངས་དྲངས་སོ། །དེ་ལ་ཁྱེད་ཀྱིས་ཕུང་གཡག་འདུལ་རོགས་གྱིས་གསུངས་པས། ངོས་ཀྱི་གྲོགས་པོ་འབོད་ཟེར་ནས་སོང་སྟེ། དམུ་དཔུང་རྒྱང་རིང་པོ་བྱ་བའི་མི་གཟུགས་ཆེན་པོ་ཞིག་ཁྲིད་བྱུང་ངོ༌། །དེ་ལ་ཕུང་གཡག་འདུལ་ནུས་སམ་དྲིས་པས་རྔོ་ཐོགས་ལགས་ཟེར་ནས། རྡོ་བསྡུས་ནས་ཁྱེར་སོང་བས། ཕུང་གཡག་ཁམ་པའི་རྭ་ཡ་གཅིག་ལ་ཕོག་ནས་རྭ་བོག་པ་ཆུ་ལ་བཅུག་པས་ཆུ་ཁོལ། རྭ་ཡ་གཅིག་སྤང་ལ་གཉེགས་་་་་བསྙེགས་་་པས་སྤང་ཚིགས་ནས་དུད་པ་འཐུལ་དུ་བྱུང༌། རྡོ་དེས་གཡག་བསད་དོ། །རྭ་ལ་རྭ་མཁར་བྱས་སོ། །འཕན་རི་ལ་གཡག་ཐོད་མཁར་བྱ་བ་ཡོད་དོ། །ཤ་སྒ་ལ་བཏགས་པས་ཤ་ལྷུང་ནས། སྒ་ལ་ཤ་ཐག་བཏགས་ཏེ། ཤ་སྒྱེའུར་བཅུག དམུ་དཔུང་རྒྱང་རིང་པོ་ལ་རྟ་འགྲོས་སུ་བཏང་ན་ཇི་ཙམ་རྟོལ་དྲིས་པས་ཟླ་བ་ཕྱེད་ན་རྟོལ་ལོ་ཟེར། འདུར་དུ་བཏང་ན་དྲིས་པས།  ཞག་བདུན་ན་རྟོལ་ཟེར། རྟ་བང་དུ་བཏང་ན་དགོང་མོ་རྟོལ་ཟེར།  ཁོའི་ཐུ་བ་སྔ་ལོག་ཕྱི་ལོག་བྱས་ནས་གམ་གམ་འགྲོ་བ་རྟའི་བང་དང་མཉམ་མོ།  །དེ་ནས་རྒྱལ་པོ་ཆེན་པོ།  གངས་ཕ་གིའི་རྩ་བ་ནས་ཕོ་བྲང་གཟིགས་ཀྱིས། དེར་བཞུད་ཅིག་ཟེར་ནས། དམུ་དཔུང་རྒྱང་རིང་པོ་ཕྱིར་བྱང་དུ་ལོག་གོ། །གངས་ཀྱི་རྩར་རྟ་ཚིགས་བུབ་བྱུང་བས། རྟ་མགོ་ལ་ལྕག་རྒྱབ་པས་རྟ་འཚེར་ཞིང༌།  ལྕགས་ཐག་ལྕགས་ཕུར་ལ་གཏོད་པས་མ་ཐུབ་པར་རྟ་ཤིའོ། །རྒྱལ་པོས་རྟའི་མྱ་ངན་བྱས་ཏེ།  མཚོ་འགྲམ་དུ་ཤ་གསོལ་བས།  ཤ་ས་ལ་ལྷུང་བ་ཞལ་དུ་གསོལ་བས་ཤིན་ཏུ་ཚྭ་བྲོ་བར་བྱུང་ནས་ལན་ཚྭ་དེ་ནས་རྙེད་དོ།  །མཚོ་དེ་རྒྱལ་པོའི་བླ་མཚོ་བྱ་བར་གྲགས་སོ།  །དེ་ནས་རྒྱལ་པོས་ཤ་ཀ་གསོལ་བས་ཞལ་ཤིན་ཏུ་སྐྱེམས་ཏེ་ཆུ་གྲང་མོ་གསོལ་བས་བསྙུངས་ཏེ་གྲོངས་སོ། །བང་སོ་འགུ་རི་སོག་པོར་མཁར་བརྩིགས་སོ། །སྐྱེ་བོ་རྣམས་ལ་ཡང་དགའ་སྟོན་ཆེན་པོ་ཡང་བྱས་སོ།  ། དེ་ནས་རྒྱལ་བུ་དེ་ཤིན་ཏུ་སྐུ་དབང་ཆེ་བས་མཐའི་རྒྱལ་པོ་ཐམས་ཅད་ཀྱིས་བཅའ་དང༌། སྐྱེས་ལོ་དམ་གྱིས་ཐང་གི་ཚུལ་དུ་ཡོང་བས་ཞུ་བ་ཡི་འཕྲིན་ཡིག་ཀློག་པ་ན། བོད་ཀྱི་རྒྱལ་པོ་ལ་ཁ་འཕྲིན་ལས་ཡི་གེ་མེད་དེ། འོ་ཅག་བོད་ལ་ཡང་ཡི་གེ་དགོས་པར་སྣང༌། བཀའ་ལུང་གསལ་ནས་དེར་བློན་བཅུ་དྲུག་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ཐང་འབྲེ་གསུམ་ལ་གཏུགས། རྡུགས་ ལ་ལ་ནི་མཐའི་ལ་གཅན་གྱིས་བསད། ལ་ལ་ཚད་པས་གུམ། ལ་ལ་ལྕེ་བུལ། ལ་ལ་ཤེས་རབ་ཆུང་ནས་སྐད་མ་ལོབས་ཏེ་རྒྱལ་པོའི་ཐུགས་དགོངས་མ་གྲུབ། དེ་ན་ཐོན་མི་བསམ་བུ་ཞེས་པ་བློ་གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་བྷོ་ཌ་ལ་གསེར་ཕྱེ་བྲེ་གང་བྱིན་ནས་དེ་ལ་འཁོར་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བཅུ་དྲུག་མི་རེ་ལ་རྟ་རེ། དྲེའུ་རེ། གསེར་སྲང་བཅུ་དྲུག གསེར་ལིངས་པ་སྲང་བརྒྱ་ཐམ་པ་བསྐུར། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དུ་བརྫངས་བཏང་ངོ༌། །ཙན་དྲ་བའི་སློབ་མ་རིན་ཆེན་བློ་གྲོས། དེ་ཡི་སློབ་མ་གང་པའི་ཟླ་བ། དེའི་སློབ་མ་མ་ན་སམ་གྷ། དེའི་སློབ་མ་པཎཊི་ཏ་ལྷ་རིག་པའི་སེང་གེ་ལ་སྒྲ་བསླབས། རྒྱ་གར་ལྷོ་ཕྱོགས་ཀྱི་པཎཊི་ཏ་བྲམ་ཟེ་ལི་བྱིན་དང་འཕྲད་དེ་ཡི་གེ་ཞུས་པས། སྤྱིར་རྒྱ་གར་ན་ཡི་གེའི་རིགས་མི་འདྲ་བ་དྲུག་ཅུ་རྩ་བཞི་ཡོད། བསྡུ་ན་གསུམ་དུ་འདུས་ཏེ་ལན་ཛ་ལྷའི་ཡི་གེ། ན་ག་ར་ཀླུའི་ཡི་གེ། བྷ་གྲུ་མ་མིའི་ཡི་གེའོ། དང་པོ་དབང་ཕྱུག་ཆེན་པས་ཀ་ཙ་ཏ་ཊ་པ། ཁ་ཚ་ཐ་ཋ་བ་ཀྵ་ཤ་ཧ་ཨ་ལ་སོགས་པ་ལ་གསལ་ཡིག་བཀོད་དོ། །དེ་སྒྲ་མཁན་གྱིས་འབྱུང་བ་ལྔ་བཀོད་དེ་ཀ་ཁ་ག་གྷ་ང་ཞེས་ལ་སོགས་པའི་གསལ་ཡིག་སུམ་བུ་སོ་གཉིས་ལ་སོགས་པའི་སྡེ་ཚན། བོད་ལ་སྒྲ་མེད་པ། གྷའི་སྡེ་ཚན་ཡི་གེ་ལྔ་ལྕེས་མི་འགྱུར་བས་བཞག དབྱངས་ཡིག་བཅུ་དྲུག་ན་རོ་གུ་གུའི་ཁོངས་སུ་བསྡུས་ཏེ་བསྒྱུར་རོ། །ཨི་གུ་གུར་བསྒྱུར། ཨུ་ཞབས་ཀྱུར་བསྒྱུར། ཨེ་འགྲེང་བུར། ཨོ་ན་རོ། ཨ་རྩེག་ཏུ་བསྒྱུར་ཏེ། ཀ་མད་སུམ་ཅུ་ཐམ་པར་བསྡེབས། ན་ག་ར་མ་དཔེར་བླངས་པས་དབུ་ཅན་དུ་བྱས། བྷ་གྲུ་མ་ལ་དཔེ་བྱས་ནས་དབུ་མེད་དུ་བྱས་སོ། །བོད་ཀྱི་གཅིག་ལ་རྒྱ་གར་ཨེ་ཀ་ཅེས་ཏེ་བོད་ལ་མ་བཏུབ་ནས་ཅ་བཅུག རྒྱའི་ལོ་ཀ་བོད་ཀྱི་འཇིག་རྟེན་མ་བཏབ་པས་ཇ་བཅུག རྒྱའི་དྷརྨ་ལ་བོད་ཀྱི་ཆོས་བྱ་བ་མ་བཏུབ་ནས་ཆ་བཅུག རྒྱའི་པྲི་ཏ་ལ་བོད་ཀྱི་ཞུ་བ་བྱ་བ་བྱུང་བས་ཞ་བཅུག བོད་ཀྱི་ཡི་གེ་རིང་པོ་མེད་པས་འ་བཅུག བོད་ལ་རྒྱ་གར་ལ་མེད་པའི་ཡི་གེ་ཕྱེད་དྲུག་ཡོད་དོ། །རྒྱ་སྐད་སོར་བཞག་པ་ཡིན་ནོ། །སྒྲ་དང་ཡི་གེ་བསྒྱུར་ཏེ་བྲིས་པས་ལྷུག་པ་དང་ཚིགས་སུ་བཅད་པ་ཡིན་ནོ། །ཨ་གླང་པོ་ཆེའི་སྣ་ལྟ་བུ། ཨ་ཤད་ཀྱི་རྣམ་པ་ལྟ་བུ། ཨ་བརྒྱ་བྱིན་གྱི་རྣམ་པ་ལྟ་བུ། ཨ་སེང་གེའི་རལ་པ་ལྟ་བུ། ཨ་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། ཕྲལ་བ་དང་བྲི་བ་དང་འཕུལ་ཡིག་ལྔ་དང༌། རྟེན་ཡིག་དགུ་ལ་སོགས་པ་ཡན་ལག་དྲུག་གི་སྐོར་མཚམས་སྟེང་དང༌། ལོགས་དང་འོག་ཏུ་ཕྱུང༌། ཤད་ཀྱིས་བཅད། ཚིག་གིས་སྨྲ་བར་བྱའོ། །ཀ་མད་སུམ་ཅུ་བཅོས་བཅོས་ནས་བྱུང་ངོ༌། །དེར་ཕྱི་བློན་རྣམས་ན་རེ། སམ་བྷོ་ཌ་ཡིས་རྒྱ་གར་གྱི་ཡི་གེ་བཞི་བཅུ་རྩ་དྲུག་ལ་སྤྲོས་པས། བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་ནས་སྨྲ་བ་བསྡེབས་སུ་མ་འདོད་ནས་སྐད་མ་ཁུགས་ཏེ་ཁོང་དབུ་འཐོམས་ཏེ་ཉལ་ནས་འདུག་པ་མནལ་དུ་སོང་བ་དང་མནལ་སད་པའི་ཚེ་རང་གི་རྩ་ན་སྐྱེས་བུ་རྒན་པོ་ཕྱག་འཁར་ཐོགས་པ་ཞིག་འདུག་ནས་ཁྱོད་གང་ནས་འོངས། གར་འགྲོ། ཅི་བྱེད་པ་ཡིན། རིགས་གང་ཡིན། ངའི་སྒོ་བསྡམས་པ་ལ་གང་ནས་ཐར་ཞེས་སྨྲས་པས། རྒད་པོ་དེ་ན་རེ། ཆོས་ཉིད་གཤིས་ལ་གོང་འོག་མེད། །ཡང་དག་དོན་ལ་བྱ་བྱེད་མེད། །ནམ་མཁའ་ལམ་དུ་བྱས་པ་ལ། །སྒོ་ཆ་བསྡམས་པས་ག་ལ་ཐུབ། །ཟེར་རོ། །དེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་རིག་ནས་ཡང་ཡང་དུ་དྲིས་པས་རྒད་པོ་ན་རེ། ང་ཞང་ཞུང་མི་ཡུལ་ནས་འོངས། ཟ་ཧོར་གྱི་ཡུལ་དུ་འགྲོ་ཟེར། ཐག་ཇི་ཙམ་ཡོད་བྱས་པས་ཅི་ཆ་ཡོད་ཟེར། མི་སྣང་བར་སོང་ངོ༌། །དེར་སམ་བྷོ་ཌས་བསམས་པས་རིགས་འ་ཞ་ཡིན་ཟེར་བས་འ་རྙེད། ཞང་ཞུང་ནས་ཡོངས་ཟེར་ཞ་རྙེད། ཟ་ཧོར་ཡུལ་དུ་འགྲོ་ཟེར་བས་ཟ་རྙེད། ཐག་ཇི་ཙམ་བྱས་པས་ཅི་ཆ་ཡོད་ཟེར་བས་ཅ་དང་ཆ་རྙེད་དོ། །རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར་བས་ཇ་རྙེད། དེར་རྒྱ་གར་ལ་མེད་པའི་ཡི་གེ་དྲུག་གིས་ཁ་བསྐངས་ཏེ། ཀ་མད་སུམ་ཅུ་ཐམ་པ་བྱུང་སྟེ་ད་གཟོད་བོད་སྐད་དུ་བསྒྱུར་བཏུབ་ནས་རྒྱ་ཡིག་ལ་ལས་བོད་ཡིག་ཏུ་བྲིས་ནས་རྒྱ་གར་སྐད་ལས། བོད་སྐད་བསྟན་ནས་སྒྲ་བསྒྱུར་ནས་གཏན་ལ་ཕབ། བཤད་ཉན་དང་སྒོམ་སྒྲུབ་ཀྱི་སྲོལ་ནི་མ་ཐོད་་་དོད་་་་ཌ་འབྲི་བ་དང་ཀློག་པའི་སྲོལ་ནི་མ་ཐོད་་་དོད་་་་དེ། མདོ་སྡེ་དཀོན་མཆོག་སྤྲིན་དང༌། པད་མ་དཀར་པོ་དང༌། ཟ་མ་ཏོག་བཀོད་པ་དང༌། རིན་པོ་ཆེ་འཕྲེང་བ་དང༌། མདོ་ཕྲན་མང་བསྒྱུར་རོ། །དེ་ནས་ལྷ་ཆོས་དང་མི་ཆོས་ཀྱི་གདམས་པ་མང་བསྒྱུར་རོ། །དེ་རྣམས་མཆིམས་ཕུའི་ཕྱག་མཛོད་དུ་བཞུགས་སོ། །ལོ་ཙཱ་བ་ལ་རྒྱལ་པོའི་རྩིས་དང༌། བསྙེན་བཀུར་ནི་ཕྲ་མེན་གྱི་ཡི་གེ་ཆེན་མོ་ཡིག་མཁན་ལ་དར་གྱི་ཡོལ་བ། ཟ་འོག་གི་བླ་རེ། གབ་རྩེའི་གདན། སྤྱན་རས་གཟིགས་ཚོད་དགུ། ཟང་ཟིང་གི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་གནང་ངོ༌། །དགེ་བ་ཉམས་བག་ཏུ་སྤྱོད་དུ་ཆུག མཚན་མཆོད་གནས་ཞེས་བྱ་བར་བཏགས་སོ། །ཡི་གེའི་དཔེ་གཅིག་ལྷ་སའི་བྲག་ལོགས་ལ་བཏབ་པ་ནི་སྦལ་ནག་ནག་ལ་རྒྱངས་པ་འདྲ་བ་གཅིག་བྱུང་ངོ༌། །འབྲི་ཀློག་དག་པར་བྱ་བའི་ཕྱིར་དུ་སྒྲའི་བསྟན་བཅོས་དང༌། དག་ཡིག་རྒྱས་པ་ཡང་མཛད་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་བས་མཉེས་སོ། །བོད་ཀྱི་ལོ་ཙཱ་བ་ལ་སྔ་བ་དེ་ཐོན་མི་སམ་བྷོ་ཌ་ཡིན་ནོ།།

དེ་ནས་རྒྱལ་པོས་ལོ་བཞིའི་བར་དུ་ཡི་གེ་བསླབས་པས། བློན་པོ་འགའ་ན་རེ། རྒྱལ་པོ་ལོ་བཞིའི་བར་དུ་སྒོ་ཙམ་དུ་མི་ཡོང་བས་གླེན་པ་གཅིག་འདུག་ཟེར་ནས། བོད་སྐྱིད་པ་བློན་པོའི་དྲིན་ཡིན་ཟེར་བས། རྒྱལ་པོའི་བསམ་པ་ལ་བོད་ཀྱི་བློན་པོ་གླེན་པར་བྱེད་ནས་འདི་རྣམས་མི་ཐུལ་ལོ་སྙམ་སྟེ། ཁྱོད་བོད་རྣམས་ནི་རྒྱལ་པོ་གླེན་པ་ཞིག བོད་བདེ་བ་ལ་བློན་པོས་བཀོད་པ་ཡིན་ཟེར། བློན་པོ་ང་ཡིས་བསྐོས་སམ། ཁྱོད་ཀྱིས་བསྐོས། ངས་ཕོ་བྲང་གཅིག་ཏུ་འདུག་ནས་འཕོ་སྐྱས་མ་བྱས་ན། འབངས་དལ་ཞིང་སྐྱིད་པ་ཡིན། ད་ང་ཡིས་ཁྲིམས་བཅའ་ཡིས། ཁྲིམས་མ་བྱས་ན། ཉེས་པ་ཀུན་གྱིས་བྱེད་པས། ངའི་སྲས་དབོན་བློན་གྱི་སྲིད་མེད་པར་འགྲོ། ང་ནི་ཆོས་ཀྱི་རྒྱལ་པོ་ཡིན་པས། ངའི་བཀའ་འཁོར་དུ་གཏོགས་པ་བོད་སྤྱི་མཐུན་ལ་ཆོས་ཁྲིམས་མེད་ན། ལས་མི་དགེ་བ་བཅུ་སྤྱད་པས། ངན་སོང་གསུམ་དུ་སོང་ནས་སྡུག་བསྔལ་ལས་ཐར་པ་མེད་པའི་གནས་སུ་སྐྱེ་བ་ཡིན། ད་ངའི་མངའ་རིས་སུ་གཏོགས་པས་འཐབ་མོ་བྱས་ནས་སྲོག་བཅད་ནས་བསད་ན་སྟོང་འདོད་དོ། །ཕན་ཚུན་མ་རྐུ་ཞིག མ་བྱིན་པར་བླངས་ན། བདུན་འཇལ་དངོས་དང་བརྒྱད་འདོད་དོ། །འདོད་ལོག་གཞན་གྱི་ཆུང་མ་ལ་བྱི་བྱས་ན། སྨད་འཆལ་འདོད་དོ། །བརྫུན་དུ་མ་སྨྲ་ཞིག བརྫུན་སྨྲས་ན། ལྷ་ཀླུ་གཉན་དགུ་ལ་ཡང་བཅོལ་ནས་བྲོ་འདོར་དུ་འཇུག་གོ་བྱ་བ་ལ་སོགས་པའི་དགེ་བ་བཅུའི་ཁྲིམས་བཅས་ཏེ། བཀའ་ཆེམས་ཀྱི་ཡི་གེ་མང་པོ་མཛད་ནས། སྔ་དྲོ་གཅིག་ཏུ་ཁྲིམས་ཀྱིས་བཀའ་ནན་བསྩལ་ཏེ། བཀའ་ཤོག་མང་པོ་བསྒྲགས་ནས། རྒྱལ་པོ་དེས་འཇིག་རྟེན་པ་དང་སྒོ་བསྟུན་ཏེ། སེམས་ཅན་གྱི་དོན་མཛད་པས་ཐམས་ཅད་མགུ་སྟེ། རྒྱལ་པོ་འདི་ཐུགས་དྲང་ལ་སྒམ་པ་ཞིག་འདུག་གོ་ཞེས་ཟེར་ནས་མཚན་ཡང་སྲོང་བཙན་སྒམ་པ་བྱ་བར་གྲགས་སོ། །དེ་ནས་བོད་བློན་པོ་འཚལ་རིས་དེ་ནས་ཙམ་ཡང་མ་བསྒྱུར་བས་རྒྱལ་པོའི་ཐུགས་ལ།  ངས་ཁྲིམས་བཅས་པ་ཡང་བཙན་པར་གྱུར་པས།  དེ་ཡིས་དམ་པའི་ཆོས་ཀྱི་སྲོལ་གཏོད་དོ་ཞེས་གྲགས་་་བསྒྲགས་་་་སོ། །ད་ནི་ཆོས་ཀྱིས་སེམས་ཅན་རྣམས་འདུལ་དུ་བཏུབ་པར་འདུག་པས། ཆོས་ཁྲིམས་དགེ་བའི་ལས་སྟབས་དང་ཆོས་བྱ་སྙམ་མོ། །ཆོས་བྱེད་པ་ལ་རྟེན་ལྷ་གཅིག་དགོས་ཏེ། རྒྱུ་ཅི་ལ་བྱས་ན་ཡོང༌། ས་ལ་བྱས་ན་ནི་ས་རྡོ་རྒྱུ་ངན། སིང་ལ་བྱས་ན་ནི་འགས། རིན་པོ་ཆེ་གསེར་དངུལ་ལ་བྱས་ན་ནི་དུས་ངན་གྱི་སེམས་ཅན་བློ་ངན་རྣམས་ཀྱིས་བརྣབ་སེམས་དང༌། གནོད་སེམས་བྱས་ནས་བཤིག་ན་དེ་རྣམས་ཀྱི་སྒྲིབ་པར་འགྱུར་ཞིང༌། དཀོར་ཆེན་པོར་འགྱུར་བས། ཟངས་དང་ར་གན་ལ་བྱ་སྙམ་པས། ཚེས་བརྒྱད་ཀྱི་སྟོད་ལ་ནམ་མཁའི་སྤྲིན། གསེབ་ནས་ལྷའི་བུ་མོ་མང་པོ་ལུས་ཕྱེད་ཐོན་ཙམ་བྱས་ནས་ལྷའི་མེ་ཏོག་དང༌། འཕྲེང་བ་དང༌། སྤོས་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། ཕྱེ་ཕུར་དང༌། གསེར་དངུལ་གྱི་མེ་ཏོག་མང་པོ་དང༌། རྔ་བོ་ཆེ་དང༌། རྫ་རྔ་དང༌། དུང་དང༌། ཟངས་རྔ་དང༌། ཆ་ལང་དང༌།  འཁར་རྔ་དང༌།  རོལ་མོ་པི་ཝང་དང༌།  སིལ་ཁྲོལ་དང༌།  གླིང་བུ་དང༌། སྒྲ་སྙན་དང༌།  གདུངས་དང༌།  རྒྱལ་མཚན་དང༌།  བ་དན་དང༌།  བླ་རེ་དང་མཆོད་མང་པོས་མཆོད་ཅིང༌།  དཀོན་མཆོག་གསུམ་ཡིད་ལ་བྱེད་ཅིང༌།  སེམས་དང་བ་དང་ལྡན་པ་མང་པོས་རིམ་གྲོར་བྱས།  བཀུར་སྟི་བྱས།  བསྟི་སྟངས་དུ་བྱས།  མཆོད་པ་མང་པོས་རྒྱལ་པོ་ལ་མཆོད་ནས་རྒྱལ་པོ་ཁྱེད་ཀྱིས་ཐུགས་དམ་གྱི་ལྷ་ཇི་ལྟ་བུ་ཞིག་བྱ་བར་སེམས་པ་ནི་རྒྱ་གར་ལྷོ་ཕྱོགས་མཐར་ཐུག་པའི་སིང་ག་ལའི་གླིང་ན་རྒྱ་མཚོའི་འགྲམ་བྱེ་མའི་གླིང་བཅོམ་ལྡན་འདས་ཁ་སརྤ་ཎི་བཞུགས་པའི་སྐུ་རྒྱབ་ན་ཙན་དན་སྦྲུལ་གྱི་སྙིང་པོའི་སྡོང་པོ་གཅིག་ལ་དེའི་ནང་ཨརྱ་ལོ་ཀི་ཤྭ་ར་ཞལ་བཅུ་གཅིག་པ་རང་བྱུང་ཞིག་བཞུགས་ཡོད་དོ།  །དེ་སྤྱན་དྲངས་ན་ཁ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ།  །ཞེས་མགྲིན་གཅིག་ཏུ་བརྗོད་ནས་མི་སྣང་བར་གྱུར་ཏོ།  །དེ་ནས་རྒྱལ་པོའི་ཐུགས་ལ་ལྷ་དེ་ཇི་ལྟར་བྱས་ལ་གདན་དྲངས་སྙམ་པ་དང༌།  བར་གྱི་ལམ་ན་ས་སྟོང་དང༌།  བྲག་དང་ཆུ་འཐབ་དང༌། ཤིང་ནགས་དང༌། ཆུ་བོ་ཆེ་དང༌།  གཅན་འཕྲང་དང༌།  མི་རྒོད་དང༌།  གཏུམ་པོ་བྱེད་པ་རྩུབ་པའི་མི་དང༌།  མི་མ་ཡིན་པ་མང་པོ་ཡོད་པས་ལམ་ལ་མི་ཐར་བར་ཤེས་ཏེ།  རྒྱལ་པོ་དེ་ལ་ངོ་མཚར་སྐྱེས་སོ།  །དེ་ནས་རྒྱལ་པོ་ད་ང་ཡིད་དམ་གྱི་ལྷ་དངོས་དང་མཇལ་བར་བྱ་དགོངས་ནས་མཆོད་གཡོག་གི་བུ་མོ་ལོ་བཅུ་དྲུག་ལོན་པ་ལྷའི་བུ་མོ་འདྲ་བ་བཅུ་དྲུག་གིས་མཆོད་པ་རྒྱུན་མི་ཆད་པར་བྱེད་དོ།  །རྒྱལ་པོ་ཡང་སྤྱོད་ལམ་བཞི་ཐུན་བཞིར་མཆོད་པ་ཁྱད་པར་འཕགས་པ་དུ་མས་མཆོད་པ་མཛད་པས་དེ་ནས་རྒྱལ་པོའི་ཐུགས་ཁ་ནས་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤི་ལ་བྱ་བ་ཞིག་སྤྲུལ་ནས་དགེ་སློང་ལ་འཕགས་པ་ཞེས་བོས་ནས་རྒྱ་གར་ལྷོ་ཕྱོགས་ཕྱིའི་རྒྱ་མཚོའི་འགྲམ་ཇོ་བོ་དང་ཁ་སརཕ་ཎིའི་སྐུ་རྒྱབ་གླང་པོ་ཉལ་བའི་འོག་བྱེ་མའི་ནང་ན། ངའི་ཡི་དམ་གྱི་ལྷ་ཡོད་ཀྱིས་དེ་སྤྱན་དྲངས་ལས་སྤྱོན་ཞེས་བསྒོ་བ་དང་རྒྱལ་པོའི་འོད་ཟེར་སྤྲོས་པའི་སྣ་ལ་སྤྲུལ་པའི་དགེ་སློང་གི་དབུ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པ་ཞིག་སྤྲུལ་ནས། སྐུ་དེ་སྤྱན་འདྲེན་དུ་བཏང་ངོ༌། །དེར་དགེ་སློང་དེས་རྫུ་འཕྲུལ་གྱིས་སྐད་ཅིག་ཡུད་ཙམ་ཞིག་ལ་རྒྱ་གར་ཤར་ཕྱོགས་སུ་གྲོང་ཁྱེར་ཤིང་ཐགས་ཅན་བྱ་བར་བྱོན་ཏེ་གདུལ་བྱ་དང་འདུལ་བར་ཤེས་ནས་དབུའི་ཨ་མི་དེ་བ་བསྟན་ཏེ་ཐམས་ཅད་དད་པར་བྱས། བྱམས་སྙིང་རྗེའི་ཆོས་བཤད་ནས་སྨིན་པར་བྱས། དེར་ཡི་གེ་དྲུག་པ་རང་བྱོན་ཞིག་ཐོན་པར་བྱས། ཡི་གེ་དྲུག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ཞེས་གྲགས་སོ། །སྐུ་དེ་ནི་འོག་མིན་མན་ཆད་ན་བྱིན་རླབས་ཆེ་བ་གཅིག་ཡིན་ནོ། །དེ་ནས་དགེ་སློང་དེས་རྒྱ་གར་ལྷོ་ཕྱོགས་སིང་ག་ལར་བྱོན་ནས། གྲོང་ཁྱེར་ཀོ་ཏུ་ཞེས་བྱ་བ་ན་རྒྱལ་པོ་ཨུད་མན་ཏ་ཀེ་ས་ར་ཞེས་བྱ་བ་ཡབ་མེས་ཡར་ཆད་ཀྱི་སྐུ་རིང་ལ་ནང་པའི་ཆོས་ཀྱི་རྒྱལ་པོ་ཡིན་ལ། ཁོང་རང་གི་རིང་ལ་ཆོས་ལུགས་འགྱུར་ནས་ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་བཟུང་ཞིང་མཆོད་པ་ན་མ་རེ་རེ་ལ་ར་ལུག་དང༌། མ་ཧེ་ལྔ་བརྒྱ་ཙམ་རེའི་སྒེ་བྲེགས་ནས་དེའི་ཁྲག་གིས་དབང་ཕྱུག་ཆེན་པོ་ལ་མཆོད་སྦྱིན་བྱེད་པ་དེ་འདུལ་བའི་དུས་ལ་བས་པར་དགོངས་ཏེ། གྲོང་ཁྱེར་དའེི་ལྷོ་ཕྱོགས་ན་སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའི་མཆོད་རྟེན་ཆེན་པོ་པད་མའི་འཁོར་ལོ་ཞེས་བྱ་བ་ཡོད་པའི་བུམ་པའི་ཐད་ནམ་མཁའ་ལ་དཀྱིལ་ཀྲུང་གིས་སྐོར་བ་མཛད་པས། གྲོང་ཁྱེར་དེའི་དཀྱིལ་ན་རྒྱལ་པཽའི་ཕོ་བྲང་དགུ་ཐོག་ཡོད་པའི་ཕྱོགས་བཞིར་ལྟ་བའི་སྐར་ཁུང་ཡོད་པ་ལས། རེ་ཞིག་ལྷོ་ཕྱོགས་ཀྱི་སྒོ་ཆུང་གི་ནང་ན། ལན་ཀན་གྱི་འོག་ན་ཕར་རྒྱལ་པོས་དབུ་སྙེངས་པོ་བྱས་ནས་གཟིགས་ཙ་ན། སྤྲུལ་པའི་དགེ་སློང་དེ་མཆོད་རྟེན་པད་མའི་འཁོར་ལོ་ལ་བར་སྣང་ལ་སྐོར་བ་བྱེད་པ་མཐོང་བས། དེ་ལ་ཤིན་ཏུ་ཐུགས་དད་པར་གྱུར་ནས། སྒོ་བ་ལ་མཆོད་རྟེན་པད་མའི་འཁོར་ལོ་ལ་སྐོར་བ་བྱེད་པའི་དགེ་སློང་ཞིག་ཡོད། དེ་བོས་ཤིང༌། ངའི་དྲུང་དུ་ཁྲིད་ལས་ཤོག་ཅེས་བཀའ་བསྒོ་བས། སྤྲུལ་པའི་དགེ་སློང་ལ་སྒོ་བ་དེས། འཕགས་པ་ཁྱེད་རྒྱལ་པོའི་ཕོ་བྲང་དུ་བྱོན་པར་ཞུ་ཞུས་པས། དགེ་སློང་དེ་སྐྱིལ་ཀྲུང་མ་བཤིགས་པར་ནམ་མཁའ་ལ་གཤེགས་ནས། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་བྱ་བཞིན་བབས་ནས་བྱོན་ནོ། །དེར་རྒྱལ་པོས་དགེ་སློང་ལ་ཕྱག་བྱས། གདུགས་ཚོད་ཡོན་དང་བཅས་པ་ཞིག་དྲངས་ནས། དེའི་རྗེས་ལ་མེ་ཏོག་སྙིམ་པ་གང་གཏོར་ནས། ཇི་ལྟར་སངས་རྒྱས་ལ་བསྙེན་བཀུར་བྱ་པའི་མེ་ཏོག་ནམ་མཁའ་ལ་མེ་ཏོག་གི་གདུགས་སུ་གྱུར་པ་བཞིན་དུ། མེ་ཏོག་དེ་དག་ས་ལ་མ་ལྷུང་བར་སྤྲུལ་པའི་དགེ་སློང་དེའི་དབུ་སྟེང་དུ་མེ་ཏོག་གི་གདུགས་སུ་གྱུར་ཏོ། །དེ་ནས་དགེ་སློང་དེ་ཡང་ནམ་མཁའ་ལ་གཤེགས་པ་ལས། རྒྱལ་པོ་ན་རེ། འཕགས་པ་ཉི་མ་རེ་བཞིན་དུ་བདག་གི་ཕོ་བྲང་དུ་གདུགས་ཚོད་ལ་བྱོན་པར་ཞུ་ཞེས་གསོལ་བ་བཏབ་པས། དགེ་སློང་གི་ཞལ་ནས། རྒྱལ་པོ་ཁྱོད་ངས་ཇི་སྐད་ཟེར་བ་ཉན་ན། ང་ཉི་མ་རེ་རེ་བཞིན་ཁྱེད་ཀྱི་ཕོ་བྲང་འདིར་ཡོང༌། དེ་ལྟར་མི་གསན་མི་ཡོང་གསུངས་པ་ལས། རྒྱལ་པོ་ན་རེ། འཕགས་པ་ཇི་སྐད་གསུང་བ་བཞིན་ཉན་པར་འཚལ་ལོ་ཞེས་ཟེར་ནས། ཉི་མ་རེ་རེ་བཞིན་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས། རྫུ་འཕྲུལ་དུ་མ་བསྟན་ནས་རྒྱལ་པོ་འཁོར་བཅས་ཐུགས་དད་དུ་བཅུག་གོ། །དེར་དུས་ལ་བབས་པའི་ཚེ་དགེ་སློང་གི་ཞལ་ནས། ཀྱེ་རྒྱལ་པོ་ཆེན་པོ་ཞེས་བོས་ནས། ད་ཕྱི་རོལ་པའི་ཆོས་ལུགས་ངན་པ་དེ་ཐོངས་ལ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡབ་མེས་ཀྱི་ཇི་ལྟར་བཟུང་བའི་སྲོལ་བཞིན་མཛད་པ་ཞུ་ཞེས་པ་དང༌། ཙན་དན་སྦྲུལ་གྱི་སྙིང་པོ་དང༌། ཙན་དན་གོ་ཤིརྵ་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱ་རྩ་བརྒྱད་བཞེངས་ལ། གཙུག་ལག་ཁང་བརྒྱ་རྩ་བརྒྱད་དུ་བཞུགས་སུ་ཆུག་མཛོད་ཅེས་གསོལ་བ་དང༌། རྒྱལ་པོ་ན་རེ། འཕགས་ཇི་སྐད་གསུངས་པ་བཞིན་ཉན་པ་ལགས་ཏེ། ཙན་དན་སྦྲུལ་གྱི་སྙིང་པོ་འོག་མིན་གྱི་གནས་ན་བདོག་པ་བདག་ལ་ལེན་པའི་ནུས་པ་མ་མཆིས། ཙན་དན་ག་ཤིརྵ་ནི། རི་བོ་མ་ལ་ཡའི་ཡུལ་ན་སྦྲུལ་གདུག་པ་འབར་བས་འཁྲིལ་ནས་དཀྲིས་ཡོད་པས། དེ་ལ་ལེན་པའི་མཐུ་མེད་པས་བཀའ་མི་བསྩལ་བར་ཞུ།  གཞན་ཇི་ལྟར་གསུངས་པ་བཟིན་བསྒྲུབ་ཅེས་ཞུས་པས།  སྤྲུལ་པའི་དགེ་སློང་གི་ཞལ་ནས། རྒྱལ་པོ། ཙན་དན་སྦྲུལ་གྱི་སྙིང་པོ་ནི་ལྷོ་ཕྱོགས་ཀྱི་མཐའི་རྒྱ་མཚོའི་འགྲམ་ཇོ་བོ་ཁ་སརྤ་ཎིའི་སྐུ་རྒྱབ། གླང་པོ་ཆེ་ཉལ་བའི་འོག བྱེ་མའི་ནང་ན་ཡོད། ཙན་དན་གོ་ཤིརྵ་ནི། རི་བོ་པོ་ཏ་ལའི་བྱང་ཕྱོགས་ན། ཤུགས་པའི་ནགས་ཚལ་ཞིག་ན་ཡོད། དེ་ལ་ཆེས་བཅོ་ལྔའི་ཟླ་བ་ཤར་བའི་འོད་ཟེར་ཕོག་པས་མེ་ཏོག་དམར་ཆེམས་ཀྱིས་ཁ་བྱེ་ནས་ཡོང་བ་ཡིན་པས། དེ་ནས་ལོངས་ལས་སྐུ་གཟུགས་གྱིས་ཞེས་གསུངས། དེ་ནས་སྤྲུལ་པའི་དགེ་སློང་ལ་རྒྱལ་པོ་ན་རེ། འཕགས་པ་འོ་ན་བདག་ཅག་གིས་རྙེད་པར་མི་འགྱུར་བས། འཕགས་པས་དེ་རྣམས་ལེན་པའི་དེད་དཔོན་མཛད་པར་ཞུ་ཞེས་གསོལ་བས།  དེ་ནས་དགེ་སློང་གིས། དེ་དག་ལེན་པ་ལ་བར་ཆད་མི་འབྱུང་བར་མྱུར་དུ་འགྲུབ་པར་བྱ་བའི་དོན་ཆེད་དུ།  མཆོད་རྟེན་པད་མའི་འཁོར་ལོ་ལ་མཆོད་པར་མཛད་དོ།  །མཆོད་པ་རྒྱ་ཆེན་པོ་མཛད་པའི་ཕན་ཡོན་ནི།  བྱིན་རླབས་ཤིན་ཏུ་ཆེ་སྟེ། ལོ་དང༌། ཟླ་བ། ཞག་དང༌། ཟ་མ་ལས་བྱུང་བ་ཡིན་ཏེ། དེ་ཡང་ཡོན་ཏན་ནི། ནད་ཐམས་ཅད་སོས་པ་དང༌། ཡུལ་གཞན་དུ་འགྲོ་ན་ཡང་བདེ་བར་ཕྱིན་ཅིང་བདེ་བར་བཟློག་ལྡོག་པར་འགྱུར་བ་དང༌། རིན་ཆེན་ལེན་དུ་འགྲོ་བ་རྣམས་ཀྱིས་ཀྱང༌།  དེ་ལྟར་མཆོད་ན་གླིང་གཞན་ནས།  བདེ་བར་ཅི་བསམ་གྲུབ་ནས་བཟློག་ལྡོག་པའི་བྱིན་རླབས་མངའ་འོ།  །དེ་ནས་རྒྱལ་པོ་སྲོང་མཙན་སྒམ་པོའི་བཀའ་ལུང་གིས་ཀྱང༌།  ཕྱི་རབས་ཀྱི་འགྲོ་བ་རྣམས་ཀྱིས་ཀྱང༌།  ལས་དང་བྱ་བ་ཅི་བྱེད་པ་ཐམས་ཅད་ཀྱི་སྔོན་དུ།  དཀོན་མཆོག་གསུམ་ལ་མཆོད་པ་གྱིས་ཤིག  ཅི་བསམ་པ་འགྲུབ་པ་ཡིན་ནོ།  ཞེས་གསུངས་སོ། །དེ་ནས་རྒྱལ་པོ་ཨུད་མན་ཏ་ཀེ་ས་ར་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་སྤྲུལ་པའི་དགེ་སློང་གི་ཞབས་ཐོག་ལ་ཕྱིན་པས། ཇོ་བོ་ཁ་སརྤ་ཎིའི་སྐུ་རྒྱབ་ན། བྱེ་མའི་ཐང་ཀ་ལ་གླང་ཆེན་ཉལ་ནས་ཡོད་པ་ལ། རྒྱལ་པོ་ན་རེ། གླང་པོ་ཆེ་གང་གི་འོག་ན་ཡོད་ཅེས་དྲིས་པས། གླང་པོ་ཆེ་མ་གིའི་འོག་ན་ཡོད་དོ། །དེར་རྒྱལ་པོས་དགེ་སློང་ལ་ཙན་དན་སྦྲུལ་གྱི་སྙིང་པོ་སིང་ག་ལའི་གླིང་དུ་ཡོད་པ་དེ་ཇི་ལྟར་ལགས་ཞེས་ཞུས་པས། འདི་ལྟར་ལགས་ཏེ། སངས་རྒྱས་འཁོར་བ་འཇིག་གིས་ཀླུའི་ཡུལ་དུ་ཆོས་གསུངས་པ་ལ། འོག་མིན་གྱི་ལྷའི་རིག་འཛིན་ཕྲུ་གུ་ཕོ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་འཁོར་བ་འཇིག་ལ་མཆོད་པའི་མེ་ཏོག་འཁྱེར་འོངས་པ་ལས། ལམ་དུ་ཇོ་བོ་ཁ་སརྤ་ཎི་ལ་ཡང་མཆོད་པ་བྱས་པའི་ཙན་དན་སྦྲུལ་གྱི་སྙིང་པོའི་མེ་ཏོག་ས་ལ་ལྷུང་བ་དེ་སྐྱེས་ཏེ། སངས་རྒྱས་འཁོར་བ་འཇིག་མྱ་ངན་ལས་འདས་པའི་དུས་སུ། ཤིང་གི་ལོ་འདབ་རྒྱས། སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་པའི་དུས་སུ་མེ་ཏོག་རྒྱས། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་དུས་ཙ་ན་ཤིང་གི་རྩ་བ་རུལ་ཏེ་ས་ལ་འགྱེལ་ནས། བྱེ་མ་རླུང་གིས་བདས་པའི་འོག་ཏུ་ནུབ་པ་ཡིན་ཏེ། ད་ལྟ་གླང་པོ་ཆེ་མཆེ་བ་དྲུག་པ་ཞིག་འཁུན་ཅིང་ཉལ་བ་དེའི་འོག་ན་ཡོད་ཏེ། འདུ་ཤེས་ཀྱི་མཆོག་དག་པའི་འདུ་ཤེས་ཡིན། རྗེས་རྣམས་ཀྱི་མཆོག་གླང་པོ་ཆེའི་རྗེས་ཡིན་ཏེ། ཡོན་ཏན་བརྒྱད་དང་ལྡན་ཞིང་སྐྱོན་བརྒྱད་སེལ་བའི་ཕྱིར་རོ། །དེ་ནས་རྒྱལ་པོ་དང༌། དགེ་སློང༌། དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཀྱིས་རྒྱ་མཚོའི་འགྲམ་ཇོ་བོ་ཁ་སརྤ་ཎིའི་རྒྱབ་གླང་པོ་ཆེའི་འོག་གི་བྱེ་མ་བྲུས་པས། ཙན་དན་སྦྲུལ་གྱི་སྙིང་པའི་སྡོང་པོ་བྱུང༌། དེར་ཙན་དན་སྡོང་པོ་བཅད་པས། དལ་གྱིས་ཆོད་བྱ་བའི་སྒྲ་ཡང་བྱུང༌། དེ་བཅད་པའི་ནང་ནས་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་ཞལ་བཅུ་གཅིག་པ་རང་བྱོན་ལྟ་བས་ཆོག་མི་ཤེས་པ། དྲི་བསུང་དཔག་ཚད་བཅུ་གསུམ་ཚུན་ཆད་ཁྱབ་པ་ཁྲུ་གང་བ་ཞིག་བྱོན་ནོ། །དེ་ཡང་གླང་པོ་ཆེའི་ནང་ན་ཆེ་བ་ཁ་ཤར་དུ་ལྟ་བ༌། སྣ་དམར་བ། འཁུན་བུ་བྱེད་པ། འཇིང་ཁུང་ན་གྷི་ཧང་གི་ཟར་ཁུ་ཡོད་པ། མཆེ་བ་དྲུག་པའི་འོག་ནས་བྱུང་ཏེ། འོག་མིན་ནས་ལྷའི་རིག་འཛིན་འཁོར་བ་ཞེས་བྱ་བ་དང༌། རིག་འཛིན་མང་པོས་ཡར་གྱིས་ཚེས་བརྒྱད་དང༌། མར་གྱི་ཚེས་བརྒྱད་ལ་ལྷའི་བདུད་རྩིའི་ཆུ་རྒྱུན་འབེབས་པ་ལ་མཁའ་འགྲོ་མ་རྣམས་ཧབ་ཏོབ་བྱེད་པ། དེར་མཁའ་འགྲོ་མ་གཅིག་གིས་བདུད་རྩ་མ་ཐོབ་གྱིས་དོགས་ནས། གཅེར་བུར་བྱས་མཚན་མ་གདངས་ནས་ཕྱིན་ནས། དཔག་བསམ་ཤིང་ལ་སྙིམ་པ་བཟེད་པ་ལས། གཞན་རྣམས་གད་མོ་ཤོར་བས། མོ་སྐྱེངས་ནས་བྲེད་སྟབས་སུ་སོང་བས། བདུད་རྩི་སྙིམ་པ་གང་འཐུང༌། གང་འཁྱེར་ལ་བྲོས་བསམས་པ་ལས། སྟབས་ཏེ་བོ་བས། ཙན་དན་སྦྲུལ་གྱི་སྙིང་པོའི་སྒང་བུའི་ནང་དུ་སོང་བས། སླད་ནས་མྱུ་གུ་བརྡོལ་ཏེ། སྡོང་པོ་ཆེན་པོར་གྱུར་པའི་གཏན་ཚིགས་དེ་ཡིན་ནོ། །དེར་ཙན་དན་སྦྲུལ་གྱི་སྙིང་པོ། ཇོ་བོ་རང་བྱོན་པའི་ཤིང་ལ་བུ་ག་ཕྲ་མོ་ནས། ཤིང་དལ་བུས་ཆོས་བྱ་བ་ལན་གསུམ་བྱུང་བ་དེ་ནས། འོད་ཟེར་ཁ་དོག་སྣ་ལྔ་བྱུང་ནས། འཇིག་རྟེན་གྱི་ཁམས་འོད་དེས་སྣང་བར་བྱས་ཤིང༌། སླར་ཤིང་དེ་ལ་སྐོར་བ་ལན་གསུམ་བྱས་ནས་བུ་ག་དེ་ཉིད་དུ་ཐིམ་པར་གྱུར་ཏོ། །རང་བྱུང་ཙན་དན་གྱི་སྐུ་དེ། རྩ་བའི་ཞལ་གསུམ་ཞི་བ། ༼དེའི་སྟེང་ཁྲོ་བོའི་ཞལ་གསུམ་བཞད་པ། ༽ དེའི་སྟེང་ན་ཁྲོ་ཞལ་གཉིས་བརྩེགས་་་གཙིགས་་་་པ། དེའི་སྟེང་ན་ཞལ་གཉིས་བཞད་པ། དེའི་སྟེང་ན་ཨ་མི་དེ་བའི་ཞལ་བཞུགས་པ་ཕྱག་བཅུ་པ་སྟེ། རྩ་བའི་ཕྱག་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། དེའི་འོག་མ་གཡས་ན་པད་མ་དཀར་པོ་བསྣམས་པ། དེའི་འོག་མ་ན་འཁོར་ལོ་བསྣམས་པ། དེའི་འོག་མ་ན་མདའ་བསྣམས་པ། དེའི་འོག་མ་ས་གནོན་མཛད་པའོ། །གཡོན་གཉིས་པ་ན་བགྲང་འཕྲེང་འཛིན་པ། གསུམ་པ་ན་རིལ་བ་སྤྱི་བླུག་འཛིན་པ། གཞི་པ་ན་གཞུ། ཐ་མ་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་འཛིན་པའོ། །དེ་ཡང་གླང་པོ་ཆེ་རྣམས་ཚད་པས་གདུང་བའི་ཚེ། རྒྱ་མཚོ་ཆེ་བགས་གྱིས་གཞོལ་བ་ལ་བརྒལ་ཏེ།  འོག་ནས་འོང་བའི་ཚེ། གླང་པོ་ཆེ་མཆེ་བ་དྲུག་པ་དེ་ལ་མངོན་ཤེས་ཅུང་ཟད་ཡོད་པས། འདུ་ཤེས་རྣམས་ཀྱི་ནང་ནས་འཆི་བ་མི་རྟག་པ་སྒོམ་པ་ཡིན། གླང་ཕྲུག་རྣམས་ཁྲིད་ནས་འོངས་ཏེ། གླང་པོ་ཆེ་དེ་ཙན་དན་སྦྲུལ་གྱི་སྙིང་པོའི་སྟེང་དུ་ཉལ་དུ་འོངས་པས།  དེ་ལ་ཡོན་ཏན་བརྒྱད་ཡོད་པ་ནི། འཇིགས་པ་བརྒྱད་སེལ་ཏེ།  ཆུའི་སྦུགས་སུ་ཚུད་ནས་ཕྱིར་ལོག་མི་ཤེས་པའི་འཇིགས་པ་དང༌། སའི་སྦུགས་སུ་ཚུད་ནས་འཆི་བ་དང༌། ནགས་ལ་མེ་ཤོར་ནས་འཆི་བ་དང༌། གནམ་ལྕགས་ལྷུང་བ་དང༌། ཡམས་ནད་དྲག་པོ་དང༌། སེང་གེ་དང༌། ས་གཡོ་བ་དང༌། མི་རྒོད་ཀྱི་འཇིགས་པ་དང་བརྒྱད་དོ། ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རང་བྱོན་བན་འདུའི་མེ་ཏོག་ལྟར་དཀར་བ་དེ་བྱོན་པས། དགེ་སློང་ཤིན་ཏུ་དགྱེས་ནས་གུས་པའི་ཕྱག་བགྱིས། ཕྱག་ཏུ་བླངས་ནས་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རང་བྱོན་ལ་བན་འདུའི་མེ་ཏོག་ལྟར་དཀར་བ་དེ་སྙིང་པོའི་ཚལ་པ་གཅིག་གི་སྟེང་དུ་བཞུགས་སོ། །ཤིང་གཞན་རྣམས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་དུ། ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རེ་བཞེངས་ནས་བཞུགས་སོ། །དེ་ནས་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་དགེ་སློང་གི་ཞབས་ཏོག་བྱས་ནས་རི་བོ་པོ་ཏ་ལར་བྱོན་ཏེ། ཚེས་བཅོ་ལྔའི་ཟླ་བའི་འོད་ཟེར་དང་པོ་ཕོག་པས། ཤུག་པའི་སྡོང་པོ་ཞིག་ལ་མེ་ཏོག་དམར་ཕུང་སྟེ་བྱུང་བ་མཐོང་བ་དེ་ལ། དགེ་སློང་གི་ཞལ་ནས། ཙན་དན་ག་ཤིརྵ་ནི་འདི་ཡིན་གསུངས་པས། འོ་ན་མེ་ཏོག་ཐམས་ཅད་ཉི་མའི་འོད་ཟེར་གྱིས་ཁ་བྱེ་འོང༌། ཟླ་བའི་འོད་ཟེར་གྱིས་ཁ་ཟུམ་ནས་འོང་བ་ཡིན་ལ། གོ་ཤིརྵ་ནི་ཟླ་བའི་འོད་ཟེར་གྱིས་ཁ་ཕྱེ་བ་འདི་ཇི་ལྟར་ཡིན། དེ་ཙན་དན་གོ་ཤིརྵ་ནི་ཤིན་ཏུ་ཏུ་བསིལ་བས། ཟླ་བའི་འོད་ཟེར་དེའི་གྲོགས་སུ་གྱུར་བས་ཟླ་བའི་འོད་ཟེར་ཤར་བས་ཁ་བྱེ་བ་ཡིན་ནོ། །དེ་ནས་གོ་ཤིརྵ་སྡོང་པོ་བཅད་པའི་རྩ་བའི་ཆ་ལས། མཆོད་སྡོང་གཅིག་སྒྲུབ་པ་དང༌། ཤིང་ཚལ་པ་གཅིག་དགེ་སློང་གིས་ཕྱག་ཚགས་མཛད་དོ། །གཞན་རྣམས་རྒྱལ་པོ་ཨུད་མན་ཏ་ཀེ་ས་ར་ལ་བྱིན་པས། དེར་རྒྱལ་པོས་གོ་ཤིརྵའི་སྐུ་བརྒྱ་བརྩ་བརྒྱད་བཞེངས་ནས། སྔར་གྱི་གཙུག་ལག་ཁང་བཞེངས་པ་དེར་བཞུགས་སུ་གསོལ་ལོ། །གཞན་ཕྱི་རོལ་པའི་ལུགས་རྣམས་དོར། ཡབ་མེས་ཀྱི་ཆོས་ལུགས་དང་པོ་སངས་རྒྱས་པའི་ཆོས་ལ་གུས་པར་བྱས་པ་ནས་བཟུང་སྟེ། ནང་པ་སངས་རྒྱས་པར་གྱུར་ཏོ། །གཞན་ཡང་སྤྲུལ་པའི་དགེ་སློང་གིས། རྒྱལ་པོ་ཨུད་མན་ཏ་ཀེ་ས་རའི་རྒྱལ་ཁམས་སུ་རྟ་པའི་ཉིན་ལམ་བཅུ་གསུམ་གྱི་ཁོར་ཡུག་ཏུ། སེམས་ཅན་ཐམས་ཅད་རྣལ་འབྱོར་ཆེན་པོའི་རྒྱུད་དུ་དབང་བསྐུར་ནས། དཔག་པར་དཀའ་བའི་དོན་ཟམ་མོ་ཐམས་ཅད་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་སྤྲུལ་པའི་དགེ་སློང་གིས་མཆོད་རྟེན་པད་མའི་འཁོར་ལོའི་བུམ་པའི་ནང་བྱོན་ནས།  སངས་རྒྱས་འཁོར་བ་འཇིག་དང༌།  སངས་རྒྱས་འོད་སྲུངས་དང༌།  ཤཱཀྱ་ཐུབ་པ་དང་གསུམ་གྱིས་གདུང་རིང་བསྲེལ་བྲེ་རེ་རེ་གསེར་གྱི་བང་བ་མིག་གསུམ་ཡོད་པ་ལ།  རྒྱ་རིམ་བདུན་གྱིས་བཏབ་ནས་བཞག་གོ། །དེ་ནས་རྟེན་དེ་རྣམས་སྤྱན་དྲངས་ནས་བྱོན་ཙ་ན། རྒྱ་གར་ཡུལ་དབུས་སུ་བྱོན་པའི་ཚེ། མ་ག་དྷ་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྒྱལ་པོའི་ལྷ་ལྕམ་མང་པོ་ལག་པ་སྦྲེལ་ནས་ཤོན་རྩེ། གླུ་ལེན་གར་བྱེད་པ་ལ། མི་ལ་ལ་ན་རེ་རྒྱལ་རིགས་ཀྱི་བུ་མོ་ཡིན་ཟེར། ལ་ལ་ན་རེ་དམངས་རྗེ་རིགས་ཀྱི་བུ་མོ་ཡིན་ཟེར། ལ་ལ་ན་རེ་བྲམ་ཟེའི་བུ་མོ་ཡིན་ཟེར། ལ་ལ་ན་རེ་དམངས་རིགས་ཀྱི་རྒྱུད་ཡིན་ཟེར་ཁོང་ཅག་མ་མགུ་སྟེ། ངེད་དམངས་རིགས་ཀྱི་བུ་མོ་ཨ་་་ཨང་་་ཟེར་ནས་ལག་སྦྲེལ་བ་བཏང་སྟེ། བུ་མོ་གཅིག་གིས་བྱང་ཆུབ་ཀྱི་ཤིང་ལ་ཕྱང་མོ་ཡུག་བྱས་པས། ཤིང་གི་ཡལ་ག་གཅིག་ཆག་ནས་དེ་སྤྲུལ་པའི་དགེ་སློང་ལ་ཕུལ་ལོ། །སྤྲུལ་པའི་དགེ་སློང་གིས་ཤིང་དེའི་རྩ་བ་ལ་མཆོད་རྟེན་གསུམ་སྲུབ་པའི་བུམ་པའི་ནང་དུ། དེ་བཞིན་གཤེགས་པ་གསུམ་གྱི་གདུང་དང་རིང་བསྲེལ་གྱི་སྙིང་པོ་དེར་བཅུག་གོ། །དེ་ནས་གནས་ཆེན་པོ་བརྒྱད་དུ་བྱོན་ནས་བྱང་ཆུབ་ཀྱི་སྙིང་པོ་སྤྱན་དྲངས། རྒྱ་མཚོའི་གླིང་གི་འཇག་མ་ལ་ལྷ་མང་པོ་རིན་པོ་ཆེའི་ལྕུག་མའི་ཁ་ན་འདུག་པ་གཟིགས་ཏེ། འཇག་མ་ཕོན་པོ་གཅིག་ཀྱང་བསྣམས། ཆུ་བོ་ནཻརཉ྄ཛནའི་བྱེ་མ་ཡང་སྐད་གཅིག་ལ་བླངས་ཏེ། དེ་ལྟར་ཡུལ་བཅུ་གསུམ་ནས་རྫས་ངོ་མཚར་ཅན་ལྔ་སྟེ། བྱང་ཆུབ་ཀྱི་ཤིང་གི་མཆོད་རྟེན། གནས་ཆེན་པོ་བརྒྱད་ནས་བྱང་ཆུབ་ཀྱི་ས། ཆུ་བོ་ནཻརཉ྄ཛནའི་བྱེ་ན། ༼ཙན་དན་གོ་ཤིརྵ། ༽རྒྱ་མཚོའི་འཇག་མའོ། །རྒྱ་གར་ལྷོ་ཕྱོགས་ནས་རྫས་ངོ་མཚར་ཅན་ལྔ་སྟེ། དེ་བཞིན་གཤེགས་པ་གསུམ་གྱི་གདུང་དང༌། རིང་བསྲེལ་དང༌། ཙན་དན་སྦྲུལ་གྱི་སྙིང་པོའོ། །དེ་ལྟར་རྫས་ངོ་མཚར་ཅན་བཅུ་པོ་དེ་རྣམས་བསྣམས་བྱོན་ནས། སྦྲ་སྟོད་ཚལ་ན་རྒྱལ་པོ་སྲོང་བཙན་སྒམ་པོ་བཞུགས་པའི་དྲུང་དུ། སྤྲུལ་པའི་དགེ་སློང་གིས། ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་དེ་ཙན་དན་གོ་ཤིརྵའི་མཆོད་སྡོང་གི་སྟེང་དུ་བཞུགས་སུ་གསོལ། དེའི་མདུན་ན་ཕར་བྱང་ཆུབ་ཤིང་གི་མཆོད་རྟེན། བདེ་བར་གཤེགས་པ་གསུམ་གྱི་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་གསུམ་བཞུགས་སུ་བཅུག་ནས་ཕུལ། རྫ་ཁྱད་པར་ཅན་གཞན་རྣམས་ཀྱང་རིམ་གྱིས་ཕུལ་བས། རྒྱལ་པོའི་ཐུགས་དགོངས་ལ་ད་ནི་ཡི་དམ་གྱི་ལྷ་དང་མཇལ་བས་སེམས་ཅན་གྱི་དོན་བྱ་བ་ལ་ཚེགས་མེད་པར་དགོངས་ནས་ཐུགས་དགེས་ཤིང་དང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་དང༌། མཆོད་སྡོང་དེ་གར་བཞུགས་སུ་གསོལ་ནས་བུ་མོ་ན་ཆུང་མ་མཚན་དང་ལྡན་པ་བཞིས་མཆོད་པ་རྒྱུན་མི་ཆད་པར་བྱེད་དུ་བཅུག་གོ། །རྒྱལ་པོ་དེ་ཉིད་དང་སྐད་ཅིག་ཀྱང་མི་འབྲལ་བ་མཛད་དོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ཡི་དམ་གྱི་ལྷ་སྤྱན་དྲངས་ནས་ཁ་བ་ཅན་གྱི་ཡུལ་དུ་སྐྱེས་པའི་སེམས་ཅན་ལ་ཐེག་པ་ཆེན་པོའི་ཆོས་འབྱུང་བས།  ས་ཕྱོགས་གང་ནས་སེམས་ཅན་གྱི་དོན་འབྱུང་བྱ་སྙམ་ནས་སྨན་ལྷའི་ཐུགས་ཁ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རིའི་སྙན་ཤལ་ཡིན་གྱི།  དེའི་ཞབས་ཀྱིས་བཅགས་པ་དམར་པོ་རི་ཕ་མེས་ཀྱི་རི་ཤུལ་དུ་འགྲོ་དགོས་པ་བསྟན།  ཇོ་བོ་ཐུགས་རྗེ་ཆེན་པོའི་མཆོད་སྡོང་སྤྱན་དྲངས། སྣོན་གྱི་སྦྲ་སྟོད་ཚལ་ནས་ཡབ་རྒྱལ་པོའི་རེའུ་ཤལ་ཡོད་པར་དགུང་མནལ།  སང་ནངས་པར་གྲོ་བཏེགས་ནས་ཡར་ཕྲང་གི་བྲག་བྱ་ཁྱུང་གི་གཤོག་པ་འདྲ་བར་སྦྲ་དང་ཁལ་ཕོག རྟ་དང་དྲེའུ་དང་རྔ་མོ་རྣམས་རྩ་ལ་བཏང༌། གྲོ་བཏབ། རྒྱལ་པོ་དང་བློན་པོ་སྣ་ཆེན་པོས་ཆུ་ཁར་ཁྲུས་ཆབ་གསོལ་དུ་བྱོན་པ་དང༌།   ཆུའི་ནང་འོད་ཟེར་ཁྲ་ཤིག་གེ་འདུག་པ་གཟིགས་པས།  དེར་བློན་པོས་དྲིས་པ།  རྒྱལ་པོ་ཆེན་པོ་ཆབ་ནང་ན་འོད་ཟེར་གདའ་བ་ཅི་ལགས།  བཀའ་བསྩལ་པ།  གཞན་ཡང་འདིའི་སྤྲུལ་པ་བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་རེ་འབྱུང་བར་འགྱུར་རོ། །སྐུ་གསུང་ཐུགས་ཀྱི་རྟེན་རང་བྱུང་ཡང་འབྱུང་བར་འགྱུར་རོ། །ངས་སྔོན་སངས་རྒྱས་འོད་དཔག་མེད་ཀྱི་དྲུང་དུ་ཁས་བླངས།  སངས་རྒྱས་དེས་ཀྱང་ཁ་བ་ཅན་གྱི་སེམས་ཅན་གྱི་བྱེད་དོ་ཞེས་གསུངས་སོ།  །དེ་ནས་དམར་པོ་རིའི་རྩེ་ལ་ཕ་མེས་ཀྱི་རིའུ་ཤལ་ལ་ཕོ་བྲང་ཞིག་བརྩིགས་ནས་བཞུགས་སོ། །རྒྱལ་པོས་མཆོད་སྡོང་དང་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རང་བྱོན་དང་དསུ་སྐད་ཅིག་ཀྱང་མི་འབྲལ་བར་བཞུགས་སོ། །རྒྱ་གར་ཡུལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དང་གསུང་དང་ཐུགས་རང་བྱུང་དུ་བྱོན་པ་རྣམས་སྤྲུལ་པའི་རྒྱལ་པོས་གསན་ནས།  དེ་རྣམས་སྤྱན་དྲངས་པར་དགོངས་ཏེ།  དང་པོ་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་བྱ་བ་ན་བྲམ་ཟེ་དགའ་བའི་རྩལ་བྱ་བ་དང༌།  བྲམ་ཟེ་མོ་བདེ་སྐྱིད་གཉིས་ལ།  བུ་བྲམ་ཟེ་མང་རབ་དང༌། བུ་མོ་བྲམ་ཟེ་མོ་བདེ་བ་ལྕམ་བྱ་བ་མཚན་དང་དཔེ་བྱད་ལྡན་པ་བཟང་སྡུག་ལ་འོད་ཆགས་པ་ཞིག་ཡོད་པ་ལས།  བྲག་དམར་བྱ་སྐྱིབས་ཅན་བྱ་བའི་རྩར་མཛོ་མོ་དཀར་མོ་གཅིག་འཚོ་ཞིང་བསྡན་པས་ཆར་པ་བྱུང་ནས་བྲག་བྱ་སྐྱིབས་སུ་ཆར་ཡིབ་བྱས་པས།  བུ་མོ་གཉིད་དུ་སོང་བའི་རྨི་ལམ་དུ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁྲེའུ་དར་དཀར་གྱི་གོས་གྱོན་པ། ཤེལ་གྱི་འཕྲེང་བ་ཁྱེར་བ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བྱུང་ནས་བུ་མོ་ལ་ཁྱེད་དང་ཁྱིམ་ཐབས་བྱའོ་ཟེར་ནས་འཁྲིག་པ་སྤྱོད་པ་རྨིས་པས་བུ་མོའི་ལུས་ཐམས་ཅད་བདེ་བས་ཁྱབ་ནས་འདུག  གཉིད་སད་པ་དང་ང་ལ་ཁྱོ་དེ་འདྲ་ཞིག་ཡོད་ན་དགའ་བ་ལ་སྙམ་པ་ཞིག་བྱུང་ངོ༌།  །བུ་མོ་དེའི་ལུས་ལ་སྲིད་པ་ཞུགས་ཏེ་འགུལ་བ་དང་འཕྲིག་པ་ལ་སོགས་པ་བྱུང༌། ལུས་ཤིན་ཏུ་བདེ་བ་དང༌།  ཡང་བ།  སེམས་བདེ་བ་དང༌།  ཡིད་གསལ་བ།  རྣམ་པར་མི་རྟོག་པ་དང་ལྡན་ནོ།  །བུ་མོ་དེའི་བསམ་པ་ལ་ང་སྐྱེས་པ་དང་ནི་མ་ཉལ།  ལུས་ནི་སྦྲུམ་པས་བྲམ་ཟེའི་རིགས་ཀྱང་སྨད།  ཡུལ་མི་ཀུན་ཡང་གཤེ་ཡོང་ངོ་ཚ་རྙེད་ནས་མིང་པོའི་ཆུང་མ་མནའ་མ་ལ་འདི་སྐད་སྨྲས་སོ།  །ངས་སྐྱེས་པ་དང་ནི་མ་ཉལ།  ལུས་ནི་སྦྲུམ།  སྲོག་འདོར་རམ་སྙམ་བྱས། མནའ་མས་མིང་པོ་ལ་སྨྲས་པས།  མིང་པོ་ན་རེ།  དེ་ལ་ཤི་ཕོད་མི་དགོས། དེ་བྱང་ཆུབ་སེམས་དཔའི་སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པ་ཞིག་ཡོང་བ་ཡིན། མོ་རང་གི་དཔལ་དུ་ཡོང་གྱིས་ཤིག དེ་སྐད་ཆུང་མ་ལ་བསྲིངས་ནས།  མིང་པོས་ཇི་སྐད་ཟེར་བ་བཞིན་དུ་མནའ་མས་བྲམ་ཟེ་མོ་ལ་སྨྲས་སོ། །དེ་ནས་ཟླ་བ་ཚང་བ་དང་ཁྱེའུ་ཞིག་བཙས་པར་གྱུར་ཏོ། །བྱིས་པ་ཤིན་ཏུ་ལེགས་པ་མཚན་དང་ལྡན་པ་གཅིག་བྱུང་ངོ༌། །དེ་བྲམ་ཟེ་མཚན་མཁན་ལ་བསྟན་པས། མཚན་ཤིན་ཏུ་བཟང་བས་མིང་ཡང་བདེ་མཆོག་དུས་ཀྱི་སྙིང་པོ་བྱ་བར་བཏགས་སོ། །དེར་བྱིས་པ་ཤིན་ཏུ་སྐྱེད་ཆེ་བ། དད་པ་དང་ལྡན་པ། བློ་རྣོ་བ། ཤེས་རབ་ཆེ་བ་ཞིག་བྱུང་ནས་ལོ་ལྔ་ལ་ལོན་པ་ན། མ་ལ་ངའི་ཕའི་ལས་སྐལ་ཅི་ཡིན་དྲིས་པས། མ་ཡིས་བུ་ཁྱོད་ལ་ཕ་མེད་པ་ཡིན། ལས་སྐལ་དུ་ཆོས་བྱེད་དགོས་སྨྲས་པས། འོ་ན་ཆོས་སློབ་ཏུ་འགྲོ་བས་མ་ཡིས་གནང་བར་མཛོད་ཅེས་ཟེར་ནས་སློབ་དཔོན་དྷརྨ་བྷོ་དྷི་བྱ་བ་པཎྜི་ཏ་མཁས་པ་ཞིག་ལ་ཆོས་ཞུ་བར་ཕྱིན་པས་ཁྱེའུ་ལོ་ལྔ་པས་ཆོས་སྡེ་སྣོད་རྒྱུད་སྡེ་མི་གོ་གསུངས་ནས་ཆོས་སྒྲུང་དང༌། ལྡེའུ་དང༌། དྲང་དོན་གྱི་ཆོས་བཤད་པས་བྲམ་ཟེ་མོའིབུ་བློ་མ་ཁེངས་ནས་ད་སློབ་དཔོན་གཞན་ཞིག་འཚོལ་སྙམ་ནས་ཡུལ་གཞན་ཞིག་ཏུ་སོང་བས། ལམ་ཁར་ཁྱེའུ་མཛེས་པ་རིག་པ་དང་ལྡན་པ་གཉིས་དང་འཕྲད་དེ། དེར་ཁྱེད་གཉིས་གར་འགྲོ་ཞེས་དྲིས་པས་ཁྱེའུ་གཉིས་ན་རེ། ང་རྒྱལ་པོའི་བུ་ཡིན། ཁོང་བློན་པོའི་བུ་ཡིན། ངེད་གཉིས་འཁོར་ལ་བ་སྐྱོ་བ་སྐྱེས། ཡང་དག་པའི་ཆོས་ཤིག་འཚོལ་བས། ཨོ་རྒྱན་གྱི་ཡུལ་ན་དུས་གསུམ་གྱི་སངས་རྒྱས་ཐུགས་ཀྱི་སྤྲུལ་པ་སློབ་དཔོན་ཆེན་པོ་ཡང་སྤྲུལ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ད་ལྟ་ཉིད་དུ་རང་གྲོལ་དུ་འགྲོ་བའི་ཆོས་སྟོན་པ་ཞིག་བཞུགས་ཟེར། དེའི་དྲུང་དུ་ཆོས་ཞུར་འགྲོ་ཞེས་སྨྲས་པས། འོ་ན་ང་ཡང་བྲམ་ཟེའི་བུ་ཞིག་ཡིན། ཁྱེད་གཉིས་དང་འགྲོགས་ནས་འགྲོ་ཞེས་སྨྲས་ནས་དེར་ཁྱེའུ་གསུམ་གྱིས་སློབ་དཔོན་དགའ་རབ་རྡོ་རྗེའི་དྲུང་དུ་ཕྱིན་པ་དང་མཇལ་ནས་གསེར་གྱི་པ་ཊ་ཕྱག་རྟེན་དུ་ཕུལ་ཏེ། སློབ་དཔོན་ཆེན་པོ་ལགས་ངེད་ཅག་གསུམ་ལ་ཚེ་འདི་ཉིད་ལ་སྒྱུ་ལུས་ཀྱི་ཕུང་པོ་འདི་ལུས་ངག་ཡིད་གསུམ་མ་སྤངས་པར་འབྲས་བུ་ཕུང་པོ་ལྷག་མེད་དུ་འགྲོ་བ། ལྟ་དགོངས་ཐམས་ཅད་ཀྱི་ཕུལ་དུ་བྱུང་བ་སངས་རྒྱ་བའི་ཆོས་ཤིག་ཞུས་འཚལ་ཞུས་པས་རྒྱལ་བུ་ལ་དགོངས་པ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་གནང༌། བྲམ་ཟེའི་བུ་ལ་སྟར་ཁ་གེགས་སེལ་གྱི་རྒྱུད་གནང༌། བློན་པོའི་བུ་ལ་ལྟ་བ་ཤན་འབྱེད་ཀྱི་རྒྱུད་གནང་ངོ༌། །བྲམ་ཟེའི་བུ་ལ་ཁྱོད་འཕགས་པའི་སྤྲུལ་པ་ཡིན་པས་ལྷ་འཕགས་པ་ཐུགས་རྗེ་ཆེན་པོ་སྒོམས། སྙིང་པོ་ཡི་གེ་དྲུག་པ་ཟློས། འགྲོ་བ་རིགས་དྲུག་གི་སྒྲིབ་པ་སྦྱོང་བ་ཡིན་ནོ། ཨོཾ་ནི་ཡེ་ཤེས་ལྔ་མ་འགག་ཅིར་ཡང་འཆར། །ལྟ་བ་མཐའ་བྲལ་རྟེན་དང་བྲལ། །མ་ནི་མ་བཅོས་རང་ལུགས་རྩོལ་དང་བྲལ། །སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང༌། །མ་བཙལ་རང་བཞག་སྒོམ་པ་ཡིན། །ཎི་ནི་རིགས་པ་སེམས་ཀྱི་གཞི། །རྟོགས་པས་མ་རིག་སངས་ཏེ་ཡེ་ཤེས་སྤངས། །འཐའ་བྲལ་རྟེན་མེད་ཆོས་ཀྱི་ངང༌། །མ་བསྒྲུབས་འབྲས་བུ་རང་བྱུང་མཆོག །མེ་ནི་ཡེ་ཤེས་འོད་གསལ་བ། །རྣམ་རྟོག་མཚན་མ་རང་སར་བསྲེག །རང་སར་གྲོལ་བ་ཆོས་ཉིད་ཡིན། །ཧཱུཾ་ནི་ཐུགས་ཀྱི་སྙིང་པོ་སྟེ། །ཆོས་ཉིད་རྟོགས་པ་མ་སྦས་གསལ། །རང་བྱུང་ཡེ་ཤེས་འགྱུར་མེད་གནས། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །གསུངས་ནས་བཀའ་རྫོགས་པ་ཆེན་པོ་བྲམ་ཟེ་སྐོར་དུ་གྲགས་པ་གསུངས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བྲག་ཕུག་ལྷ་ཞལ་ཅན་བྱ་བར་སྒོམ་ཞིང་སྒྲུབ་པས་བྲག་དེ་ཤེལ་གྱི་མཆོད་རྟེན་རྡོ་རྗེས་བརྒྱན་པ་ཞིག་ཏུ་གྱུར་ནས། བྲམ་ཟེའི་ཁྱེའུ་ལུས་མ་བོར་བར་ཕུང་པོ་ལྷག་མེད་དུ་མཁའ་སྤྱོད་དུ་གཤེགས་སོ། །བྲག་ཤེལ་གྱི་མཆོད་རྟེན་དེ་ལ་སུས་སྐོར་བ་ལན་གསུམ་བྱས་ན་ངན་སོང་གསུམ་དུ་མི་འགྲོ་སྟེ། བྱང་ཆུབ་ཀྱི་ལམ་དུ་ཞུགས་པར་འགྱུར་ལ་བྲམ་ཟེའི་ཁྱེའུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་དུས་དྲུག་ཏུ་འགྲོ་བའི་དོན་མཛད་དོ། །ཐུགས་རང་བྱོན་དུ་བྱོན་པའི་ལོ་རྒྱུས་སོ། །གསུང་རང་བྱོན་དུ་ཇི་ལྟར་བྱོན་པའི་ལོ་རྒྱུས་ནི། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་ལ། འཕགས་པ་ཀླུ་སྒྲུབ་ཉིད། ལང་ཀར་གཤེགས་པའི་མདོ་ལས། སོ་སོ་རང་རིག་ཡེ་ཤེས་ནི། །རྟོག་གེ་རྣམས་ཀྱི་མ་ཡིན་ཏེ། །ཕྱི་མའི་དུས་སུ་གྱུར་པ་ན། །བསྟན་པ་སུ་ཡིས་འཛིན་པར་འགྱུར། །ཚུལ་གནས་འཛིན་པར་གྱུར་པ་ནི། །བློ་གྲོས་ཆེན་པོས་ཁྱོད་བྱོས་ཤིག །བདེ་གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་ཉིས་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིན་ཀླུ་ཞེས་འབོད་པ་ནི། །ཡོད་དང་མེད་ཀྱི་མཐའ་རྫོགས་ཤིང༌། །ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་པ་ཐེག་པ་རབ་བསྟན་ནས། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་སོ། །འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི། ང་མྱ་ངན་ལས་འདས་པའི་འོག དགེ་སློང་ཀླུ་ཞེས་བྱ་བར་བཟུང་ནས་ངའི་བསྟན་པ་རྒྱས་པར་བྱས་ཏེ། རིམ་གྱིས་འཇིག་རྟེན་གྱི་ཁམས་དྭངས་པའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱའོ། །ཞེས་ལུང་བསྟན་ཏོ། །རྔོ་བོ་ཆེའི་མདོ་ལས་ཀྱང་བསྟན། འཇམ་དཔལ་རྩ་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་འབོད་པ་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་ནས། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ཡང༌། །བདག་ཉིད་ཆེན་པོ་དེ་ཡིས་གྲུབ། །བསྟན་བཅོས་དོན་ནི་མཏའ་དག་དང༌། །སྐྱེ་བ་མེད་པའི་དོན་ཡང་རིག །དེ་ནས་མཐར་གྱིས་སངས་རྒྱས་ཉིད། །ཁོ་ན་ཐོབ་པར་འགྱུར་གསུངས་སོ། །ཞེས་སོ། །ཡང་མདོ་སྡེ་སྐུ་གསུང་ཐུགས་ཀྱི་སྒྲོན་མེ་བལྟམས་པ་ཞེས་བྱ་བ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནས། འཛམ་བུའི་གླིང་གི་རྒྱན་ལུང་བསྟན། །ཉི་མ་ཟླ་བ་ལྟ་བུ་རུ། །སངས་རྒྱས་བསྟན་པ་གསལ་བྱེད་པ། །འཇིག་རྟེན་ཁམས་འདིར་འཛམ་བུ་ཡི། །གླིང་གི་རྒྱན་དྲུག་འབྱུང་བར་འགྱུར། །གཉིས་ཀྱིས་སངས་རྒྱས་བསྟན་པ་བསྲུངས། །གཉིས་ཀྱིས་ཡིད་ཆེས་ལུང་དོན་འགྲོལ། །གཉིས་ཀྱིས་ཐུགས་ཀྱི་སྒྲོན་མེ་ལྷམ། །གཉིས་ནི་རྒྱུད་པའི་སློབ་དཔོན་ཏེ། །གཉིས་ནི་དངོས་ཀྱི་སློབ་མའོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་ནང་ནས་ཀླུ་སྒྲུབ་མཆོག་ཏུ་བསྟན་ཏེ། རིན་ཆེན་ཕུང་པོ་བཀོད་པའི་མདོ་སྡེ་ལས། འགྲོ་ལྡིང་ཞེས་བྱའི་གྲོང་ཁྱེར་དུ། །རྒྱལ་པོ་ཀི་ཏ་ཀ་དང་ནི། །བྲམ་ཟེ་གྷ་ཏ་མ་ཡི་སྲས། །ཀླུ་སྒྲུབ་ཅེས་བྱ་འབྱུང་འགྱུར་ཏེ། །ཀླུ་རྣམས་ཀུན་གྱི་སློབ་དཔོན་ནོ། །ཞེས་གསུངས་སོ། །གཞན་ཡང་དཔལ་མགོན་པོ་དང༌། དཔལ་ལྷ་མོའི་རྒྱུད་ལ་སོགས་པ་དང༌། ཡོངས་སུ་གྲགས་པའི་མདོ་རྒྱུད་མང་པོ་ནས་ཀླུ་སྒྲུབ་ལུང་བསྟན་པ་བརྒྱ་རྩ་བརྒྱད་གསུངས་སྐད། དེ་ལྟར་བདེ་བར་གཤེགས་པས་ལུང་བསྟན་པའི་སྟོན་པ་གཉིས་པ་ལྟ་བུའི་སློབ་དཔོན་་འཕགས་པ་ཀླུ་སྒྲུབ་དེས་གདུལ་བྱའི་ལས་ཅན་གྱི་ནང་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདུག་ཐུགས་མངོན་པར་ཤེས་པས་གཟིགས་པས་ཁྱེའུ་མ་ཧེའི་རྫི་བོ་བྱེད་པ་གཅིག་འདུག་ནས་དེ་ལས་དང་སྐལ་བར་ལྡན་པར་གཟིགས་ཏེ། སློབ་དཔོན་གྱིས་བྱིས་པ་མ་ཧེའི་རྫི་བོ་བྱེད་པ་དེའི་རྩར་བྱོན་ནས། ཁྱེད་མ་ཧེ་གཏན་དུ་འཚོ་བ་ཡིན་ནམ་ཞེས་གསུངས་པས། གཏན་དུ་མི་འཚོ། འཁོར་བའི་ཆོས་ལ་སྙིང་པོ་མི་གདའ་ཆོས་ཤིག་བྱེད་སྨྲས་པས། སློབ་དཔོན་གྱིས་དེ་ལ། ཆོས་བྱེད་ན་ངས་བསླབས་སམ། གསུངས་པས། དེ་གནང་ན་ཤིན་ཏུ་ལེགས་པས་བདག་ལྷ་གཅིག་སྒོམ་པ་དང༌། སྙིང་པོ་གཅིག་ཟློས་པ་དང༌། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡང་དག་པའི་དོན་ཞིག་ཞུ་ཟེར་ནས། སློབ་དཔོན་གྱིས་ཁྱོད་ཀྱི་ཡིད་དང་མིག་སྔར་ཅི་ཡོང་གསུངས་པས། བྱིས་པས་སྨྲས་པ། བདག་ལ་ཡིད་ཡུལ་དང་མིག་སྔར་མ་ཧེའི་ཕྲུ་གུ་གཅིག་ཡོང་ཞུས་པས། སློབ་དཔོན་གྱིས་ཁྱེའུ་དེ་ལ་གདམས་པ། མ་ཧེའི་ཕྲུ་གུ་དེ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུར་སྒོམས། རང་ཡང་ཐུགས་རྗེ་ཆེན་པོར་སྒོམས་ལ། སྙིང་པོ་ཡི་གེ་དྲུག་པ་ཟློས་ཤིག འཕགས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་རང་ལ་ཕོག རང་གི་སྙིང་ཁ་ནས་བྱུང༌། འཕགས་པ་སྤྱན་རས་གཟིགས་ལ་ཕོག མ་ཧེ་དང་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོར་སྒོམས་ཤིག རང་སེམས་སྤྲོས་བྲལ་བདག་གཞན་གཉིས་སུ་མེད། །ཅིར་ཡང་མི་རྟོག་རྩོལ་མེད་ལྷུག་པར་ཞོག །སྣང་སེམས་ཆོས་ཉིད་སྐྱེ་བ་མེད་པ་ཡིན། །མ་རྟོགས་འཁྲུལ་པའི་སེམས་ཅན་བྱམས་དང་སྙིང་རྗེས་སྐྱོངས། །ཞེས་གསུངས་པ་དང༌། ཁྱེའུ་དེས་སློབ་དཔོན་གྱིས་ཇི་ལྟར་གདམས་པ་བཞིན་བསྒོམས་བཟླས་བྱས་ཤིང་ཉམས་སུ་བླངས་པས་མ་ཧེ་བདུད་རྩིས་འཚོ་ཞིང་ཉིན་རེ་བཞིན་རྩ་བརྔས་ཏེ་དགོང་མོ་མ་ཧེ་ལ་རྩ་ཕོན་རེ་བཀལ་ནས་འོངས། སང་ཕོད་ལོ་དུས་སུ་སོང་བ་དང་མ་ཧེའི་ཕྲུ་གུའི་སྙིང་ཁ་ནས་ཚུར་གྲོད་པ་ལྟ་བུ་ཞིག་བྱུང༌། དེའི་ནང་ནས་ཁྱེའུ་དཀར་པོ་ཤེལ་ལྟར་དག་པ་ལག་ན་གསེར་གྱི་ཕྱག་ཤིང་ལ་མུ་ཏིག་གི་ཡི་གེ་དྲུག་པ་འབུར་དུ་དོད་པ་ཐོགས་པ་ཞིག་བྱུང་ནས། མ་ཧེའི་རྫི་བོ་ལ་ཕྱག་ཤིང་གཏད་དེ་དབང་བསྐུར་བྱིན་གྱིས་བརླབས་ནས་དངོས་གྲུབ་ཅི་འདོད་གསུངས་པས། མ་ཧེའི་རྫི་བོས་ཕྱག་འཚལ་སྐོར་བ་བྱས་ནས་བདག་གི་ལུས་འདི་འཕགས་པའི་སྐུར་གྱུར། ངག་བྱིན་གྱིས་བརླབས་ཏེ་ཡི་གེ་དྲུག་པས་འགྲོ་བ་རིགས་དྲུག་གི་དོན་བྱེད་པར་འདོད་ཅེས་ནས་གདམས་ངག་ཞུས་པས་སྤྲུལ་པའི་བྱང་ཆུབ་སེམས་དཔའི་ཞལ་ནས་ཡི་དམ་གྱི་ལྷ་རང་གི་སེམས་སུ་ཤེས་པར་གྱིས་ཤིག སྙིང་པོ་གསལ་དག་ཆོས་ཀྱི་རང་སྒྲ་ལ་ཤེས་པར་གྱིས། སེམས་རིག་པ་སྟོང་གསལ་དུ་ཤེས་པར་གྱིས། སྟོང་པ་ཆོས་སྐུ་སྐྱེ་མེད་དུ་ཤེས་པར་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་ལ་མི་སྐྱོ་བར་གྱིས། གསུངས་ནས་ལྷ་དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་མི་སྣང་བར་གཤེགས་སོ། །དེ་ནས་མ་ཧེའི་རྫི་བོས་དགོང་མོ་དེ་བཞིན་མ་ཧེ་དེད་ནས་འོངས་པས་ཡུལ་མི་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་འོད་སྒོར་རེ་བྱོན་པར་མཐོང་ནས། ཀུན་གྱིས་མ་ཧེའི་རྫི་བོ་ལ་ཕྱག་འཚལ་མེ་ཏོག་གཏོར། སྐོར་བ་བྱས་པས་མ་ཧེའི་རྫི་བོས་སྨྲས་པ། ཁྱེད་ཡུལ་མི་ཀུན་སུ་དང་ནོར། ང་ནི་མ་ཧེའི་རྫི་བོ་ཡིན་ཞེས་སྨྲས་པས། ཡུལ་མི་ཀུན་ན་རེ། ཁྱེད་ནི་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་སྣང་ངོ༌། །བདག་ཅག་གི་ཕྱག་དང་མཆོད་པའི་གནས་ཡིན་ནོ། །ཞེས་སྨྲས་ནས། དེ་མཆོད་གནས་སུ་ཞུས་པས་མ་ཧེའི་རྫི་བོ་དེ་ལུས་མ་སྤངས་པར་ཕུང་པོ་ལྷའི་སྐུར་གྱུར་ནས་དག་པ་མཁའ་སྤྱོད་དུ་གཤེགས་ཏེ་ཞག་རེ་ལ་འཛམ་བུ་གླིང་དང་འགྲོ་བ་རིགས་དྲུག་གི་གནས་ལན་གསུམ་བསྐོར་ཞིང༌། སྐལ་ལྡན་རྣམས་དངོས་གྲུབ་སུ་འདོད་མཆོག་དང་ཐུན་མོང་གི་དངོས་གྲུབ་ང་ལ་ལོངས་ཞེས་གསུང་ཞིང་བྱོན་པ་ཡིན་ཏེ། སེམས་ཅན་ལས་ཀྱི་སྒྲིབ་པ་མ་དག་པ་རྣམས་ཀྱིས་མི་མཐོང་བ་ཡིན་ནོ། །ཕྱག་ཤིང་ལ་སྙིང་པོ་འབུར་དུ་དོད་ཡོད་དོ། །ནུབ་ཕྱོགས་པར་པ་ཏ་ནའི་གཙུག་ལག་ཁང་གི་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོན་པ་གསེར་གྱི་བྲག་བྱ་སྐྱིབས་ཅན་བྱ་བ་ན་ད་ལྟ་ཡང་བཞུགས་སོ། །དེ་ནི་གསུང་རབ་བྱུང་བྱོན་པའི་ལོ་རྒྱུས་སོ། །སྤྱན་རས་གཟིགས་ཀྱི་སྐུ་རང་བྱུང་དུ་བྱོན་དུ་བྱོན་ནས་འགྲོ་དོན་ཇི་ལྟར་མཛད་པ་ནི། རྒྱ་གར་མ་ཧ་དྷའི་ནུབ་ཕྱོགས་ན་ཚོང་དཔོན་མཛེས་པའི་བློ་གྲོས་ཞེས་བྱ་བ་ཐུགས་རྗེ་ཆེན་པོ་ལ་མོས་པ། ཆོས་ལ་དད་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀའ་བ་དང་དུ་ལེན་པ་ཞིག་ཡོད་པས། རྒྱ་མོན་གྱི་རི་ཁྲོད་ན་ཙན་དན་གྱི་སྡོང་པོ་གཅིག་ལ་སྐོར་བ་བྱེད་ཅིང་འཕགས་པ་སྤྱན་རས་གཟིགས་ལ་ཡང་གསོལ་བ་འདེབས་ཤིང༌། ཨོཾ་མ་ཎི་པདྨེ་ཧཱུཾ།  ཞེས་ཡི་གེ་དྲུག་པའི་སྙིང་པོ་འདི་བཟླས་ནས་ཁོ་ཚེའི་དུས་བྱེད་ཁར་སྨན་ལམ་བཏབ། ཙན་དན་གྱི་སྡོང་པོ་འདི་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ང་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །ཚེའི་དུས་བྱས་ཏེ་འདས་གྱུར་ཏོ། །སྡོང་པོ་དེའི་རྩར་ཁོའི་ཕུང་པོ་བསྲེགས་པ་དང་སང་ཕོད་ལོ་དུས་སུ་ཕུང་པོ་བསྲེགས་པའི་ཤུལ་ན་ཚུར་ཤིང་གི་ལྦ་བ་ཆེན་པོ་ཞིག་སྐྱེས་སོ། །ལྦ་བ་དེ་གས་པ་དང་དེ་ནས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྐུ་རང་བྱུང་དུ་བྱོན་ཏེ། དབུས་ན་བུདྷ་ལོ་ཀི་ཤྭ་ར་ཞེས་བྱ་སྟེ། སྐུ་མདོག་དཀར་པོ་ཞལ་བཅུ་གཅིག་པ་ཕྱག་བཅུ་པ་ཟིག་བྱོན་ཏེ་ནམ་མཁའ་ལ་གཤེགས་སྐད་དོ། །ཤར་ཕྱོགས་སུ་བཛྲ་ལོ་ཀི་ཤྭ་ར་ཟེས་བྱ་སྟེ། རྡོ་རྗེའི་རིགས་སྔོན་མོ་བྱོན། ལྷོ་ཕྱོགས་ནས་རདྣ་ལོ་ཀི་ཤྭ་ར་ཞེས་བྱ་སྟེ་རིན་ཆེན་རིགས་གསེར་པོ་བྱོན། ནུབ་ཕྱོགས་ནས་པད་མ་ལོ་ཀི་ཤྭ་ར་ཞེས་བྱ་སྟེ། པད་མའི་རིགས་དམར་པོ་བྱོན་བྱང་ཕྱོགས་ནས་ཀརྨ་ལོ་ཀི་ཤྭ་ར་ཞེས་བྱ་སྟེ་ལས་ཀྱི་རིགས་སྐུ་མདོག་ལྗང་ཁུར་བྱོན་ནོ། །དེའི་དུས་སུ་རྒྱལ་པོ་བྱང་ཆུབ་སེམས་དཔའ་སྲོང་བཙན་སྒམ་པོའི་ཐུགས་དགོངས་ལ།  ད་རུང་རྒྱ་གར་དང་ལྷ་བལ་ན་མཆོད་གནས་ངོ་མཚར་ཅན་འདྲ་ཡོད་ཡོང་བས་སྤྱན་དྲངས་ལ་སེམས་ཅན་གྱི་དོན་བྱ་སྙམ་ནས་ཙན་དན་གྱི་སྐུ་ལ་གསོལ་བ་བཏབ་ནས་མཆོད་པ་བྱས་པས།  ལྷའི་སྐུ་ལས་འོད་ཟེར་བྱུང་ནས་ལྷོ་བར་དུ་སོང་ངོ༌།  །དེར་འོད་ཟེར་གང་སོང་གཟིགས་པས་རྒྱ་གར་དང་བལ་པོའི་ཡུལ་གྱི་ཕར་ངོས་ན་ཙན་དན་ཧ་རིའི་སྡོང་པོ་ལ་འཕགས་པའི་སྐུ་ལྔ་བྱོན་ནས་བཞུགས་པ་གཟིགས་པ་འོད་ཟེར་གྱི་སྣ་ལ་དགེ་སློང་ཨ་ཀ་ར་ཤི་ལ་མ་ཏི་སྤྲུལ་ནས་སྤྱན་འདྲེན་དུ་བཏང་བས་སྤྲུལ་པའི་དགེ་སློང་གིས་མང་ཡུལ་གྱི་རོང་དུ་བྱོན་ཙ་ན་མཛེ་ནད་ཀྱིས་ཐུམ་བུར་འཆི་བའི་སྡུག་བསྔལ་འདུག་པ་གཟིགས་སོ།  །དེ་ནས་བལ་པོའི་མཐིལ་དུ་བྱོན་པས་ཡམ་བུ་ཡམ་འགལ་ན་ལོ་སྐོར་རེ་རེ་ལ་མི་རིམས་ཅད་ཀྱིས་བཅོམ་ཉེན་དུ་འཆི་བའི་འཇིགས་པ་འདུག  དེ་ནས་བལ་པོའི་མཐིལ་དུ་བྱོན་པ་དང༌།  རྒྱ་གང་དང་བལ་པོའི་མཚམས་ན་ཟླ་བ་གསུམ་གསུམ་ལ་ཚོང་དཔོན་རེ་རེ་གནོད་སྦྱིན་ཆེན་པོ་ཞིག་གིས་ཁྱེར་ནས་སྔ་དྲོ་རེ་ལ་སྦོས་གྲིར་འཆི་བའི་འཇིགས་པ་འདུག་པ་གཟིགས་སོ།  །དེ་ནས་ཙན་དན་ཧ་རིའི་གནས་སུ་བྱོན་པ་དང༌།  ཙན་དན་གྱི་སྐུ་རིགས་ལྔར་འདུག་པ་གཟིགས་སོ།  །མཚན་མོ་ཡང་མུན་པས་མི་སྒྲིབ་པར་ཉིན་མོ་བཞིན་དུ་སྣང་ངོ༌།  །དེ་ནས་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་པས་གསོལ་བ་བཏབ་ནས་སྐུ་དེ་རྣམས་ལས་དྲི་བསུང་དཔག་ཏུ་མེད་པལ་དཔག་ཚད་བཅུར་ཁྱབ་པ་བྱུང་ངོ༌།  །སྐུ་དེ་རྣམས་ལྟ་བས་ཆོག་མི་ཤེས་པ་མཚན་དང་དཔེ་བྱད་དུ་ལྡན་པའི་འོད་ཟེར་ཉི་མ་ཤར་བ་ལྟ་བུ་འདྲ་བ་སྣང་ནས་སྤྱན་དྲངས་པས།  འཕགས་པ་ལོ་ཀི་ཤྭ་ར་བྱ་བའི་འོད་ཟེར་སྔོན་པོ་འཕྲོས་པ་དེ་མ་ག་དྷར་ཞོག་གསུངས་ནས་གཤེགས་སུ་མ་གནང༌།  བྱིས་ལཔ་ལོ་བདུན་ལོན་པ་ཙམ་སྐུ་མདོག་དཀར་པོ་བྱས་པ་ཞིག་རྒྱ་གར་རྡོ་རྗེ་གདན་དུ་བཞུགས་སོ།  །དེ་ནས་འཕགས་པ་ལྦ་ཏི་བྱ་བ་སྐུ་མདོག་དམར་པོ་ཅན་འོད་ཟེར་དམར་པོ་འཕྲོ་བ་བྱིས་པ་ལོ་བརྒྱད་པ་ཙམ་ཞིག་བལ་བོད་ཀྱི་མཚམས་མང་ཡུལ་གྱི་རོང་དུ་བྱོན།   །མཛེ་ནད་ཆད་དོ་ང་འདིར་ཞོག་ཅིག་གསུངས་ནས་གཤེགས་སུ་མ་གནང་ངོ༌། །དེ་ནས་བྱའཕགས་པ་འཇྭ་མ་ལི་བྱ་བ་སྐུ་མདོག་སེར་པོ་འོད་ཟེར་སེར་པོ་འཕྲོ་བ་བྱིས་པ་ལོ་ལྔ་ལོན་པའི་ཚད་ཙམ་ཞིག་བལ་ཡུལ་ཡབ་བུའི་ཤར་ཕྱོགས་སུ་རིམས་ནད་ཆེན་པོ་སེལ་བའི་དོན་དུ་འགྲོ་དོན་ལ་དགོངས་ནས་བཞུགས་སོ།  །དེ་ནས་འཕགས་པ་དབུ་ཁང་བྱ་བ་སྐུ་མདོག་དམར་ལྗང་འོད་ཟེར་ལྗང་ཁུ་འཕྲོ་བ་ཞིག་བལ་ཡུལ་གྱི་ཁྲོང་ཁྱེར་ཡེ་རང་གི་ལྷོ་ཕྱོགས་ན་བཞུགས་སོ།  །གཞན་དུ་སྤྱན་དྲངས་དུ་མ་བཏུབ་སྟེ་ཡུལ་དེར་སྦོས་གྲིར་འཆི་བ་ཆད་དོ།  །ཡུལ་དེ་རྣམས་ཀྱི་སྡུག་བསྔལ་བ་དེ་རྣམས་སྐུ་དེ་རྣམས་ཀྱི་བྱིན་བརླབས་ཀྱིས་གྲོལ་ཞིང་ཞི་བར་མཛད་དོ།  །སྤྲུལ་པའི་དགེ་སློང་གིས་དེ་རྣམས་ཀྱི་ལོ་རྒྱུས་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་པོའི་ཞལ་ནས་སེམས་ཅན་གྱི་དོན་ལོགས་ན་མེད་དོ། །དེ་ཤིན་ཏུ་ལེགས་སོ་གསུངས་ནས་ཐུགས་ཤིན་ཏུ་དགེས་པར་གྱུར་ཏོ།  །དེ་ནས་སྤྲུལ་པའི་དགེ་སློང་ལ་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་མཉེས་པར་མཛད་དེ་རྒྱལ་པོ་སྲོང་བཙན་སྒམ་པོའི་མཛོད་སྤུར་ཐིམས་པར་གྱུར་ཏོ། །ད་ནི་ཁ་བ་ཅན་གྱི་སེམས་ཅན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཤིག་འབྱུང་བར་བྱ་དགོངས་པས། དེ་ཡང་བལ་པོའི་ཡུལ་ནས་སངས་རྒྱས་འོད་སྲུངས་ཀྱིས་བྱིན་གྱིས་བརླབས་པའི་བཅོམ་ལྡན་འདས་ཇོ་བོ་མི་སྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། ཙན་དན་གོ་ཤི་རྵའི་སྒྲོལ་མ་རང་བྱུང་གསུམ་བཞུགས་སོ། །རྒྱ་ནག་པོའི་ཡུལ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚབ་བཞུགས་པ་བསྟན་པའི་ཕྱིར། ཙན་དན་སྦྲུལ་གྱི་སྙིང་པོ་ལ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོའི་མཛོད་སྤུ་ནས་འོད་ཟེར་གཉིས་འཕྲོས་ཏེ། གཅིག་ནུབ་ཏུ་སོང༌། གཅིག་ཤར་དུ་སོང་བས་ནུབ་ཏུ་སོང་དེ་བལ་པོའི་ཡུལ་ཡམ་བུ་ཡམ  འགལ་ན་བལ་པོའི་རྒྱལ་པོ་གུ་ན་ཀཱ་མ་ཧཱ་དེ་བ་ཧོ་ཤ་ཁྲི་པའི་སྲས་བྷི་ཧམ་ལོ་བི་པ་དེ་བ་ཞེས་བྱ་བ་ལ་ལྷ་གཅིག་ཁྲི་བཙུན་བྱ་བ་བུ་མོ་ལོ་བཅུ་དྲུག་ལོན་པ།  སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། མཚན་དང་དཔེ་བྱད་དུ་ལྡན་པ། ཁ་བྱད་ལྟ་བས་ཆོག་མི་ཤེས་པ་གྲོང་པའི་ཆོས་ཀྱིས་མ་ཕོག་པ། ཁ་ནས་ཨུཏ྄པལ་སྔོན་པོའི་དྲི་བྲོ་བ།  རིན་པོ་ཆེའི་བང་མཛོད་ལ་མངའ་བ་ཞིག་ཡོད་པ་དེ་འོད་དེ་ལ་བརྟེན་ནས།  བལ་པོའི་ཡུལ་དང་རྒྱལ་པོ་རཏ྄ན་དེ་བ་ཡང་ཚུལ་དེ་ལྟར་བྱས།  རྒྱལ་པོས་ཀྱང་དེ་ཁོ་ན་བཞིན་གཟིགས་སོ།   བུ་མོ་དེ་བོད་དུ་སྤྱན་འདྲོངས་པ་ན་སྐུ་དེ་གསུམ་ཡང་བོད་དུ་བྱོན་ནས། ལྷོ་བལ་ན་བཞུགས་པའི་ཆོས་དང་ཡི་གེ་འབྲུ་གཅིག་ཀྱང་མ་ལུས་པར་འབྱུངས་པར་གཟིགས་སོ། །ཤར་དུ་སོང་བའི་འོད་ཟེར་དེས་རྒྱ་ནག་པོའི་ཡུལ་ཀེའུ་ཤིང་ཁྲི་སྒོ་ན་ཀོང་རྩེ་འཕྲུལ་གྱི་རྒྱལ་པོའི་སྲས་རྒྱུད་རྐོང་རྩེ་འཕྲུལ་ཆུང་བཙན་པ་ཞེས་བྱ་བ་ལ། ལྷ་གཅིག་ཨོང་ཇོ་བྱ་བ་བུ་མོ་ལོ་བཅུ་དྲུག་ལོན་པ་སྐུ་མདོག་སྔོ་ལ་དམར་བའི་མདངས་ཆགས་པ། ཨུཏ྄པལ་སྔོན་པོའི་མདོག་འདྲ་བ། མཚན་དང་དཔེ་བྱད་དུ་ལྡན་པ། ཁ་བྱད་ལྟ་བས་ཆོག་མི་ཤེས་པ། ཁ་ནས་ཙན་དན་ཧ་རིའི་དྲི་བྲོ་བ། བེར་ཆུང་ཆུ་ཞིང་གབ་པ་བདུན་བརྩེགས་གོན་པ། རིག་པའི་བསྟན་བཅོས་ལ་མངའ་བརྙེས་པ་ཞིག་ཡོད་པ། རྒྱ་ནག་གི་ཡུལ་དང་རྒྱ་རྗེ་བཙན་པ་ཡང༌། རྒྱལ་པོས་འོད་བྱུང་བ་དེ་ལ་བརྟེན་ནས་དེ་ཁོ་ན་བཞིན་དུ་གཟིགས་སོ། །བུ་མོ་དེ་སྤྱན་འདྲོངས་ན་སྐུ་དེ་དང་རྒྱ་ནག་པོའི་ཡུལ་ན་ཡོད་པའི་ཆོས་དང༌། རིག་པ། གཙུག་ལག་མ་ལུས་པ་བོད་དུ་འབྱུང་བར་གཟིགས་སོ། །སང་ནངས་པར་སྔ་དྲོ་བློན་པོ་རྣམས་རྒྱལ་པོ་ལ་ཕྱག་བྱ་བར་ཕྱིན་པ་ལ། རྒྱལ་པོ་རྒྱ་ཕོར་ན་ཇ་གསོལ་ཞིང་ཡེངས་མ་གཏམ་དུ་མ་ད། མདང་གསུམ་ངའི་རྨི་ལམ་ན་ནུབ་ཕྱོགས་བལ་པོའི་ཡུལ་ན་བུ་མོ་དཀར་མོ་གཅིག་འདུག་པ་རྨིས། ཤར་ཕྱོགས་རྒྱ་ནག་པོའི་ཡུལ་ན་བུ་མོ་སྔོན་མོ་གཅིག་འདུག་པར་རྨིས། ཞེས་རྨི་ལམ་དུ་བྱུང་བ་གསུངས་པ་དང༌། བློན་པོ་ཐོན་མི་སམ་བྷོ་ཌ་མི་ཆུང་གིས་གཡོན་ངོས་ནས་ཕྱག་བྱས་ནས། བུ་མོ་དེ་གཉིས་ངོས་ཀྱིས་གདན་འདྲོངས་པར་བྱེད་དོ་ཞེས་ཞུས་སོ། །ཡང་གཡས་ངོས་ནས་བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་འབྲས་ཆང་རྒྱ་ཕོར་གང་འདྲེན་ཞིང་ཕྱག་བྱས་ཏེ། རྒྱལ་པོའི་རྨི་ལམ་དེ་གཞན་སུ་ལ་ཡང་མི་བཟླས་པར་ཞུ། བུ་མོ་དེ་གཉིས་བདག་གིས་གདན་འདྲེན་པར་བགྱིའོ། །ཞེས་ཞུས་སོ། །དེ་ནས་བློན་པོ་གཉིས་ཀྱི་བསམ་པ་ལ་རྒྱལ་པོས་བུ་མོ་གཉིས་རྨི་ལམ་དུ་བྱུང་གསུངས་པ་དེ། དེ་གཉིས་ངའི་བཙུན་མོར་ཁུག་བྱ་བ་ཡིན་ངེས་སྙམ་ནས་གྲོང་ཁྱེར་གྱི་གཙོ་བོ་རྣམས་ལ་ཡང༌། སང་ནངས་པར་གྲོང་རེ་རེ་ནས་ལྷ་སའི་ན་ཐང་དང་ནགས་ཀྱི་མཚམས་འོ་ཐང་གི་མཚོ་འགྲམ། གླ་བའི་ཚལ་ཆུ་མིག་གི་འགྲམ། ཤིང་སྟར་ཀའི་བསིལ་གྲིབ་ལ་འདུན་མ་ལ་ཚོགས་ཤིག འདུན་རྐྱེན་རེ་ཡང་ཁྱེར་ལས་ཤོག་ཅིག་ཅེས་བསྒོའོ། །དེར་ནངས་པར་གྲོང་ཁྱེར་གྱི་གཙོ་བོ་བདུན་ཚོགས་པ་ན་འདུན་རྐྱེན་བསྡུས་པས་གཉིས་ཀྱིས་ཤ་རྐང་པ་རེ་རེ་བྱུང༌། གཉིས་ཀྱིས་ཤ་ལག་པ་རེ་རེ་བྱུང༌། དེ་ཚོ་བསྒྲིགས་པས་ཤ་ཁོག་མ་ཉམས་པ་གཅིག་ཚང་བར་བྱུས་བས། དེ་ལ་ཤིས་པ་བརྗོད་ཅིང་འདུན་རྐྱེན་ལེགས། བཀྲ་ཤིས་པས་ད་སྨོན་ནེ་ཁ། འདུན་མ་ཡང་རྒྱ་མ་ཆུང་ཞིག་ཟེར་བས། དེ་ལ་བློན་པོ་མགར་སྟོང་བཙན་ཡུལ་བཟུང་ན་རེ། འོ་ན་རྒྱལ་པོའི་ཞལ་ནས། ཤར་ནུབ་གཉིས་ན་བུ་མོ་ལྷ་གཅིག་སྔོན་མོ་གཅིག་དང༌། དཀར་མོ་གཅིག་རྨི་ལམ་དུ་བྱུང་གསུངས་ནས་རྗེ་ལྷ་གཅིག་ཀྱང་ནར་སོང་འདུག་པས་འོ་སྐོལ་ལྷ་གཅིག་མོ་དེ་གཉིས་སྤྱན་དྲངས་ཞེས་པ་དང༌། དེ་ལ་བློ་མཐུན་པར་བློན་པོ་རྣམས་ན་རེ་དེ་ཤིན་ཏུ་ལེགས་སོ། །བློན་པོ་ཆེན་པོས་རྗེ་ལ་དེ་སྐད་ཞུས་ཤིག་ཅེས་ནས། བློན་པོ་མགར་སྟོང་བཙན་གྱིས་ཤ་དེ་རྒྱལ་པོ་ལ་དྲངས་ལེགས་པ་དང་ཤིས་པ་བརྗོད། རྨི་ལམ་གྱི་བུ་མོ་དེ་གཉིས་སྤྱན་དྲངས་པར་འཚལ་ན་དེ་ལེན་པའི་ཐབས་ཇི་ལྟར་བགྱི་ཞེས་ཞུས་པ་དང༌། རྒྱལ་པོའི་ཞལ་ནས་འོ་ན་དེ་ལེགས་སོ། །དང་པོ་ནུབ་ཕྱོགས་ཀྱི་བུ་མོ་སྤྱན་དྲོངས་ཤིག དེ་སྟོན་ཟླ་ར་བའི་ཚེས་བརྒྱད་ཀྱི་སྐར་མ་ནབས་སོའི་རྗེས་ལ་རྒྱལ་གྱི་ཉི་མ་རི་རྩེ་ལ་མ་ཤར་བ། བྱ་ཐི་བའི་སྐད་ཀྱིས་མནོན་པའི་དུས་སུ་རྟ་པ་བརྒྱ་ཐམ་པ་ཆས་ལས་སོང་ཞིག གསེར་གྱི་དོང་རྩེ་བརྒྱ་པོ་འདི་འཁྱེར་ལ། བལ་པོའི་རྒྱལ་པོ་ལ་ཕྱག་རྟེན་གྱི་ཤིག་གསེར་བང་བ་བདུན་པོ་འདི་འཁྱེར་ལས་ཞུ་རྟེན་གྱི་ཤིག གསེར་གྱི་དྲ་བ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པ་གླང་པོ་ཆེ་གཡོགས་པ་འདི་ཕུལ་ལ་ཞུ་རྟེན་གྱིས་ལ་ལྷ་གཅིག་ཞུས་ཤིག་གསུངས་ནས་བཏང་བས། དེ་ཙ་ན་བལ་པོའི་རྒྱལ་པོ་ཁྲོས་ནས་མཐའ་འཁོབ་ཀྱི་རྒྱལ་པོས་ང་ལ་བརྙས་རེ་ཆེ་ན། གཉེན་བྱ་བ་མཉམ་པོ་ལ་འདོམས་པ་ལ་ཁྱོད་པས་ང་བཟང༌།  ང་ལ་ཆོས་ཡོད་དེ་ཁྱོད་ལ་མེད། ཁྱོད་ཀྱིས་གཙུག་ལག་ཁང་དང་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ནུས་ན་ངའི་བུ་མོ་སྟེར། དེ་མི་ནུས་ན་མི་སྟེར། དེའི་ལན་ཁྱེར་ལ་ཤོག་ཟེར་ཡོང༌། དེ་ཙ་ན་སྒྲོམ་བུ་འདི་ཕུལ་ཅིག དེ་ནས་ངེད་ལ་ཆོས་ལ་བརྟེན་པའི་རྒྱལ་ཁྲིམས་ཡོད་དེ་ཁྱོད་ལ་ཁྲིམས་མེད། ཁྲིམས་འཆའ་ནུས་ན་བུ་མོ་སྟེར། མི་ནུས་ན་བུ་མོ་མི་སྟེར་ཟེར་ཡོང་བས་དེ་ཙ་ན་སྒྲོམ་བུ་འདི་ཕྱག་རྟེན་དུ་ཕུལ་ཅིག དེ་ནས་ཡང་ཁྱོད་དང་ང་གཉིས་མི་མཉམ། ཁྱོད་མཐའ་འཁོབ་ཀྱི་རྒྱལ་པོ་ལ་ཟས་ནོར་ལོངས་སྤྱོད་མེད་དེ་དབུལ། ང་ལ་སངས་རྒྱས་འོད་སྲུངས་ཀྱི་རིང་ནས་དེང་སང་བར་དུ་ཐབ་ཀྱི་དུ་བ་རྒྱུན་མི་འཆད། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་དེ་ཁྱེད་ལ་མེད་པས་བུ་མོ་མི་སྟེར་ཟེར་ཡོང༌། དེ་ཙ་ན་ཟངས་ཀྱི་སྒྲོམ་བུ་འདི་ཕུལ་ཅིག འདི་རྣམས་ཕུལ་ལ་ཕར་ལམ་དང་ཚུར་ལམ་ལ་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ་ཅིག དེའི་མཚན་ནས་བརྗོད་ལ་སོང་ཞིག་དེར་ལྷ་གཅིག་སྤྱན་དྲངས་ནས་འོང་གི་གསུངས་ནས་ཐབས་བསླབས་ནས་གཏང་ངོ༌། །དེར་རྟ་པ་བརྒྱ་ཐམ་པས་བལ་ཡུལ་དུ་ཕྱིན་ནས་འཕྲིན་པ་ལ་དོང་རྩེ་རྔན་པར་བྱིན་ཏེ། རྒྱལ་པོ་དང་མཇལ་བར་ཞུ་ཞེས་ཕྱག་བྱས་པས། རྒྱལ་པོ་དང་ཞག་བདུན་དུ་མ་མཇལ། དེ་ནས་རྒྱལ་པོ་དང་མཇལ་བའི་ཚེ་བློན་པོ་མགར་གྱི་སྣ་དྲངས་ནས་ཕྱག་གྲལ་བྱས་ཏེ་ཞེ་ས་རྫོགས་པ་དང༌། རྒྱལ་པོ་ན་རེ། ཁྱེད་རྣམས་རྟགས་དང་དཔའ་ལུགས་སམ། ༼ཅན།༽  སུ་ཡིན་གང་ནས་ཡོང་གསུངས། བློན་པོ་རྣམས་ཀྱིས་ལོ་ཙཱ་བ་བར་དུ་བཅུག་ནས་ཞུས་པ། ངེད་མཐའ་འཁོབ་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཕོ་ཉ་བ་ལགས་ཏེ་གསེར་གྱི་དོང་རྩེ་བརྒྱ་ཐམ་པ་ཕྱག་རྟེན་བྱས། གསེར་གྱི་བང་བ་རྣམས་ཞུ་རྟེན་དུ་ཕུལ་ནས། དེར་རྒྱལ་པོས་ཁྱེད་ཅི་བྱེད་གསུངས་པ་ལ། བློན་པོས་ཞུས་པ། ངེད་ཀྱི་རྒྱལ་པོ་ལ་བཙུན་མོ་མེད་པས་ཁྱེད་བལ་པོའི་རྒྱལ་པོ་ལ་གནེན་འདོགས། ལྷ་གཅིག་ཁྲི་བཙུན་འདི་རྒྱལ་པོ་སྲོང་བཙན་སྒམ་པོས་གཟིགས་པས་བཙུན་མོར་ཞུ་འཚལ་ཞེས་ཞུས་ནས། དེ་ནས་དྲ་བ་དྲ་ཕྱེད་གློང་པོ་ཆེ་ཁེབས་པ་དེ་ཡང་རྒྱལ་པོའི་སྤྱན་སྔར་བཞག དེར་དྲ་བ་དྲ་ཕྱེད་འདི་ཡོན་ཏན་དུ་མ་དང་ལྡན་ཏེ་མི་ནད་དང་ཕྱུགས་ནད་བྱུང་བའི་ཚེ་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་བས་ནད་ཆད་ནུས། སད་དང་སེར་བ་བྱུང་དུ་དོགས་པའི་ཚེ་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་ན་དེ་དག་མི་འབྱུང་བར་འགྱུར། གཡུལ་དུ་ཞུགས་པའི་ཚེ་འདི་གོན་པས་གཡུལ་ལས་རྒྱལ་ནུས་སོ། །དེ་ལྟར་ངོ་མཚར་ཆེ་ཞིང་འཛམ་བུའི་གླིང་འདི་ན་འདི་ལ་གོང་ཐང་གདབ་ཏུ་མི་བཏུབ་པས་འདི་ཡང་རིན་དུ་འབུལ་བས། ལྷ་གཅིག་གནང་བར་ཞུ་ཞུས་པས། བལ་པོ་ཡི་རྒྱལ་པོས་ཁྲེལ་དགོད་བྱས་ཏེ། རྒྱལ་པོ་ན་རེ། ཨ་པ་བརྙས་པ་རེ་ཆེ། གཉེན་བྱ་བ་མཉམ་པོ་ལ་འདོགས་པ་ཡིན་པས་ཁྱེད་བས་ང་བཟང༌། ངའི་གཉེན་ཟླ་ཁྱེད་མ་ཡིན་མོད་ཀྱི། འོན་ཀྱང་ཁྱེད་ཡོང་ཟིན་འདུག་པས་ཕར་ལ་སོང་ལ། ཁྱེད་རང་གི་རྒྱལ་པོ་ལ་རྒྱལ་པོ་བྱ་བ་ལ་མཆོད་གནས་དགོས་པ་ཡིན། ཁྱེད་ལ་ཆོས་མེད། ང་ལ་སངས་རྒྱས་འོད་སྲུངས་ཀྱི་སྐུ་རིང་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་པས་བཟང༌། ཁྱེད་ཀྱི་མཆོད་གནས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། དེ་བཞུགས་པའི་གཙུག་ལག་ཁང་བཞེངས་ནུས་ན་ངས་བུ་མོ་བཀས་གནང༌། དེ་བཞིན་མི་ནུས་ན་བུ་མོ་མི་སྟེར་གྱིས་ལ་དེའི་ལན་ཁྱེར་ལས་ཤོག་གསུངས་པས། དེ་ལ་བློན་པོ་མགར་གྱིས་ཁྱེད་བལ་པོ་དང་བོད་ཀྱི་བར་ས་ཐག་རིང་པོ་ལ། འཕྲིན་ཕར་སྐྱེལ་ཚུར་སྐྱེལ་བྱས་ན་ངེད་ཀྱི་ལྷ་གཅིག་སྤྱན་འདྲོངས་པའི་དུས་མི་ཡོང༌། དེ་ལ་རྒྱལ་པོས་གསེར་གྱི་སྒྲོན་བུ་འདི་བསྐུར་བ་ལགས་བྱས་ཏེ་ཕྱག་ཏུ་ཕུལ་བས། ཕྱག་ཏུ་བཞེས་ནས་ཁ་ཕྱེ་ནས་གཟིགས་པས། བལ་པོའི་ཡི་གེ་རུ་བྱུང་ནས་བཀླགས་ལཔས་རྒྱལ་པོ་བྱ་བ་ལ་མཆོད་གནས་དགོས་པ་ཡིན་ཁྱོད་ཟེར་ཏེ། ཁྱོད་སྟོད་ཀྱི་རྒྱལ་པོ་སངས་རྒྱས་འོད་སྲུངས་ཀྱི་རིང་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་དེ་ང་ལ་མེད་ཟེར་ཏེ། ཁྱོད་ལྷ་གཅིག་གནང་ན་ངས་ཉི་མ་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཏེ། སྒོ་ཐམས་ཅད་ནུབ་ཕྱོགས་བལ་པོའི་ཡུལ་ལ་བསྟན་ལ་བཞག དེ་ངོ་མཚར་རམ་བྱ་བ་བྱུང་བས། བལ་པོའི་རྒྱལ་པོའི་བསམ་པ་ལ་འདི་རང་བདེན་ནམ་མི་བདེན། མི་བདེན་ན་ཁྱོད་པས་ང་བཟང་བ་ལ་བརྙས་བཅོས་རེ་ཆེ། བདེན་ན་ངས་ཁྱེད་མི་ཐུབ་སྟེ་ཐུབ་པར་དཀའ་བ་གཅིག་འདུག་སྙམ་ནས། ཡང་ཁྱེད་ཀྱི་རྒྱལ་པོ་དེས་ང་ལ་ཁས་ལེན་ཆེ་བར་གདའ་སྟེ། དེས་ཀྱང་མི་ཕན་རྒྱལ་པོ་བྱ་བ་ལ་ཁྲིམས་དགོས་པ་ཡིན་ཏེ་ཁྲིམས་མེད་པས། ངེད་ལ་འདི་ན་ཆོས་དགེ་བ་བཅུའི་ཁྲིམས་གཙང་མ་ཆོས་དང་མཐུན་པར་ཡོད་དེ། ཁྱེད་ལ་མེད། ཁྱེད་ཀྱི་ཆོས་དཀར་པོ་དགེ་བཅུའི་ཁྲིམས་འཆའ་ནུས་ན་བུ་མོ་སྦྱིན། དེ་མི་ནུས་ན་མི་སྟེར་གྱིས་ལ་ལན་ཁྱེར་ཤོག་གསུངས་པ་དང༌། དེ་ནས་བློན་པོ་མགར་གྱིས་ཁྱེད་བལ་ཡུལ་དང་བོད་གཉིས་ཀྱི་བར་དུ་འཕྲིན་ཕར་སྐྱེལ་ཚུར་སྐྱེལ་བྱས་ན་ས་ཐག་རིང་པོ་ལ་ངེད་ཀྱི་ལྷ་གཅིག་འདྲོངས་པའི་དུས་མི་ཡོང་བས་དེ་ལ་རྒྱལ་པོས་དངུལ་གྱི་བཀའ་སོག་སྒྲོམ་བུ་འདི་བསྐུར་བ་ལགས་སོ། །ཞེས་དངུལ་གྱི་སྒྲོམ་བུ་ཕྱག་ཏུ་ཕུལ་བས། ཕྱག་ཏུ་བཞེས་ནས་གཟིགས་པས་བལ་པོའི་ཡི་གེ་བྱུང་བས། རྒྱལ་པོ་ལ་ཁྲིམས་དགོས་པ་ཡིན་ཏེ་ཁྱེད་ལ་ཁྲིམས་མེད་ཟེར་ཏེ། ཁྱེད་དགེས་ཤིང་ལྷ་གཅིག་བཀས་གནང་ན་ངས་ཉི་མ་གཉིས་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ཆོས་དཀར་པོ་དགེ་བ་བཅུའི་ཁྲིམས་བཅའ། དེ་ངོ་མཚར་རམ་བྱ་བ་བྱུང༌། བལ་པོའི་རྒྱལ་པོས་སྙམ་ན། ང་བས་ཁོ་ཐུ་སྟེ་ལྷ་གཅིག་ཁྲི་བཙུན་ཁོ་ལ་སྦྱིན་དགོས། དེ་མ་བྱིན་ན་ཁོས་སྐུ་ལུས་ཀྱི་བཀོད་པ་འདི་ཙམ་སྤྲུལ་ནས་དཔག་དྲངས་ནས་ངའི་རྒྱལ་ཁམས་ཐམས་ཅད་འཇོམས། གྲོང་ཁྱེར་ཐམས་ཅད་བསྲེག ལྷ་གཅིག་ཁྲི་བཙུན་ཡང་རང་དབང་མེད་པར་འཁྲིད་དོ་སྙམས་ནས། ཐུགས་ཀྱིས་ནི་ལྷ་གཅིག་སྦྱིན་པར་ཐག་བཅད། ཞལ་དུ་ནི་མ་བཏོན་པར་བློན་པོ་རྣམས་བློ་བརྟན་མི་བརྟན་ལྟ་བ་དང་བརྟག་པར་བྱ་བས་ཡང་སྨྲས་པ། ཁྱོད་ལས་ང་བཟང་སྟེ། ཁྱོད་མཐའ་འཁོབ་ན་ཟས་དང་ལོངས་སྤྱོད་མེད། ང་ལ་སངས་རྒྱས་འོད་སྲུངས་ཀྱི་རིང་ནས་ད་ལྟར་བར་དུ་ཐབ་ཏུ་དུ་བ་རྒྱུན་མ་འཆད་པའི་ལོངས་སྤྱོད་ཀྱི་བྲེལ་བ་མེད་པ་ཡོད་པས་ཁྱེད་ལ་མེད། འདོད་པའི་ནོར་ལོངས་སྤྱོད་ལ་ལོངས་སྤྱོད་དུ་ཡོད་ན་ལྷ་གཅིག་སྦྱིན་གྱིས། དེ་མེད་ན་མི་སྟེར་གྱིས་ལ་ལན་ཁྱེར་ལས་ཤོག་གསུངས་པས། དེ་ལ་བློན་པོ་མགར་གྱིས་ཞུས་པ། སྔར་ཞུས་པ་བཞིན་དུ་ཁྱོད་བལ་ཡུལ་དང་བོད་གཉིས་ཀྱི་བར་དུ་ཐག་རིང་པོ་དེ་ལ་འཕྲིན་ཕར་སྐྱེལ་ཚུར་སྐྱེལ་བྱས་ན། ངེད་ཀྱིས་ལྷ་གཅིག་སྤྱན་འདྲོངས་པའི་དུས་མི་ཡོང་བས་དེ་ལ་རྒྱལ་པོས་ཟངས་ཀྱི་སྒྲོམ་བུ་འདི་བསྐུར་བ་ལགས་སོ། །ཞེས་སྒྲོམ་བུ་དེ་ཕྱག་ཏུ་ཕུལ་ལོ། །དེ་རྒྱལ་པོས་གཟིགས་པས་བལ་པོའི་ཡི་གེར་བྱུང་སྟེ། ཁྱོད་བལ་པོ་ལ་སངས་རྒྱས་འོད་སྲུངས་ཀྱི་རིང་ནས་ཐབ་ཀྱི་དུ་བ་རྒྱུན་ཆད་མ་མྱོངས་པ་ནོར་ལོངས་སྤྱོད་ཀྱིས་བྲེལ་བ་མེད། ངེད་མཐའ་འཁོབ་རྒྱལ་པོ་ལ་མེད་ཟེར་ཏེ། ཁྱོད་དགྱེས་ཤིང་ལྷ་གཅིག་ཁྲི་བཙུན་བཀས་གནང་ན། ངས་ནངས་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་བརྒྱར་སྤྲུལ་ལ་མིག་ཡུལ་དུ་གྱུར་པ་ལ་གཟུགས་ཀྱི་ལོངས་སྤྱོད་མི་འདྲ་བ་སྟོང༌། རྣ་བའི་ཡུལ་དུ་གྱུར་པ་ལ་སྒྲ་གླུ་དབྱངས་དང་རོལ་མོ་སིལ་སྙན་གྱི་ལོངས་སྤྱོད་མི་འདྲ་བ་སྟོང༌། སྣའི་ཡུལ་དུ་གྱུར་པ་ལ་དྲིའི་ལོངས་སྤྱོད་མི་འདྲ་བ་སྟོང༌། ལྕེའི་ཡུལ་དུ་གྱུར་པ་ལ་ཟས་རོ་མཆོག་གི་ལོངས་སྤྱོད་མི་འདྲ་བ་སྟོང༌། ལུས་ཀྱི་ཡུལ་དུ་གྱུར་པ་ལ་རེག་བྱའི་ལོངས་སྤྱོད་མི་འདྲ་བ་སྟོང༌། ཡིད་ཀྱི་ཡུལ་དུ་གྱུར་པ་ལ་ཚད་མེད་པ་བཞི།  བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སྟོང་དུ་སྤྲུལ། གཞན་ཡང་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་འཛམ་བུའི་གླིང་གི་ལོངས་སྤྱོད་ཀྱི་གཏེར་ཁ་ཐམས་ཅད་ཁ་ཕྱེ་ལ་སེམས་ཅན་ཐམས་ཅད་ལ་བྲེལ་བ་དང༌། ཕོངས་པ་ཐམས་ཅད་བྲལ་བའི་ལོངས་སྤྱོད་མངའ་ཐང་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་ལ་བདེ་བ་ལ་བཀོད་ལ་བཞག་གི་དེ་ངོ་མཚར་ཆེ་འམ་བྱ་བ་བྱུང་བས། དེར་བལ་པོའི་རྒྱལ་པའི་སྙམ་པ་ལ། མཐའ་འཁོབ་ཀྱི་རྒྱལ་པོའི་སྐུ་ལུས་ཀྱི་བཀོད་པ་དང༌། རྣམ་པར་འཕྲུལ་པ་ནི་བསམ་གྱིས་མི་ཁྱབ། བཀའ་སོག་སྒྲོམ་བུ་ཡང་ཐོགས་པ་མེད། སྙམ་ནས་དེར་ལྷ་གཅིག་ཁྲི་བཙུན་བཀས་གནང་ངོ༌། །དེར་ཡབ་རྒྱལ་པོས་ལྷ་གཅིག་ལ་ཁྱེད་བོད་ཀྱི་རྒྱལ་པོའི་བཙུན་མོ་ལ་འགྲོ་དགོས་གསུངས་པས། ལྷ་གཅིག་གི་ཞལ་ནས། ཕ་མ་དང་མིང་པོ་དང་མི་འཕྲད་པའི་ཡུལ་ཆོས་པ། གཉེན་དང་མི་འཕྲད་པའི་ཡུལ་དེར་ང་མི་འགྲོ་ཞེས་སྨྲས་སོ། །དེར་ཡབ་རྒྱལ་པོ་ན་རེ། དེས་མི་ཕན། ཁོང་སྤྲུལ་པའི་རྒྱལ་པོ་ཡིན་པར་འདུག  ཁོ་ལ་སྲ་བརྟན་ནས་ཁྱོད་ཁོང་ལ་མ་བྱིན་ན། ཁོས་སྤྲུལ་པའི་དམག་མང་པོ་སྤྲུལ་ནས་ཁྱེད་དབང་མེད་དུ་འཁྱེར། ཡུལ་ཐམས་ཅད་འཇོམས་པལས་དེ་བས་ད་ལྟ་འཆམས་པ་རུང་ངོ་གསུངས་ཏེ། དེར་ཡབ་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་མཐའ་འཁོབ་ཀྱི་རྒྱལ་པོ་ལ་བཙུན་མོར་གཏོང་ངོ་གསུངས་པས། མཐའ་འཁོབ་ཀྱི་རྒྱལ་པོ་དེ་དད་པ་ཤིན་ཏུ་ཆེ་བ་ལ་ལྷ་རྟེན་མེད་ཟེར་བས་ང་ལ་རྫོངས་སུ་ལྷ་གསུམ་སྐུར་ཅིག རྒྱལ་པོ་དེ་དབུལ་ཟེར་བས་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་བདུན་སྐུར་ཅིག ཅེས་ལྷ་གཅིག་ཁྲི་བཙུན་གྱིས་ཞུ་བ་རྒྱལ་པོ་ལ་གསོལ་བས། རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་གནང་བར་དམ་བཅའ་ཁས་བླངས་པས། དེའི་མཆོད་གནས་སུ་སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའི་ཇོ་མོ་མི་སྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ། རང་བྱུང་ཙན་དན་གྱི་ཇོ་མོ་སྒྲོལ་མ་གསུམ་གནང་ངོ༌། །རིན་པོ་ཆེའི་བང་མཛོད་ཁ་ཕྱེ་ནས་གླང་པོ་ཆེའི་རྒྱབ་ཁལ་བདུན་རྫོངས་སུ་གནང་ངོ༌། །གླང་པོ་ཆེ་གཅིག་སྨད་དུ་ལྷ་གཅིག་ཁྲི་བཙུན་ཆིབས་ནས་ཙན་དན་གྱི་སྐུ་ཕྱག་ཏུ་བསྣམས། སྟོད་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ་བཞུགས་ནས། གླང་པོ་ཆེ་བདུན་ལ་རིན་པོ་ཆེ་བཀལ་ཏེ་མང་ཡུལ་གྱི་ཤིང་སྣ་ཚོགས་སྐྱེ་བའི་ཡུལ་ཞིག་ཏུ་བསྐྱལ་ནས་དེར་གླང་པོ་ཆེ་བརྒྱད་པོ་ཕྱིར་ལོག་གོ། །རིན་པོ་ཆེའི་ཁལ་རྣམས་རྟ་མང་པོ་ལ་བཀལ་ནས་ཡི་དམ་རྣམས་དང་ལྷ་གཅིག་ཁྲི་བཙུན་དང༌། མིའི་ནོར་ལ་དགའ་བ་རིན་པོ་ཆེ་རཏ྄ན་དེ་བ་དང༌། རྟག་ཤ་རཏ྄ན་དེ་བ་དང་བཻཌཱུརྱའི་ལྷུང་བཟེད་གསུམ་གྱིས་གཙོ་བྱས་པ་རྣམས་བློན་པོ་རྣམས་ཀྱིས་འབྲེང་སྐྱེད་བྱས་ནས་སྐུ་གསུམ་གྱིས་བྲག་དང་ཆུ་འཐབ་ཀྱི་འཕྲང་ལ་ཞབས་ཀྱིས་བྱོན། མང་ཡུལ་ནས་མཛོ་དང་དྲེའུ་གསུམ་གྱིས་སྤྱན་དྲངས། ཇོ་མོ་ཁྲོ་གཉེར་ཅན་གྱི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ནས་བྱོན་པས། ལྷ་གཅིག་ཁྲི་བཙུན་དྲེའུ་དཀར་པོ་ཞིག་ལ་ཆིབས་ནས་ལྷ་སའི་མཐིལ་ལ་ཕྱགས་ཕེབས་པའི་ཚེ། རྒྱལ་པོ་དགའ་སྟོན་གྱི་གདན་སར་སྤྱན་དྲངས། དམར་པོ་རིའི་ཕོ་བྲང་དུ་རྒྱལ་པོ་དང་ཞལ་མཇལ་བའི་ཚེ་སྐྱེ་བོ་ཀུན་དང་ལྷ་མི་ཀུན་ལ་སྣང་བ་གསུམ་དུ་བྱུང༌། དེ་བཞིན་གཤེགས་པ་རྣམས་ལ་ཨརྱ་པ་ལོ་རྒྱལ་པོར་སྤྲུལ་པ་དང༌། ལྷ་མོ་ཁྲོ་གཉེར་ཅན་ལྷ་གཅིག་ཁྲི་བཙུན་དུ་སྤྲུལ་ནས་མཐའ་འཁོབ་ཏུ་ཆོས་དར་བར་བྱ་བའི་ཕྱིར་ཞལ་མཇལ་བའི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་སྐད་ཅིག་ལ་རྒྱུན་གཅོད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཛད་པ་བཅུ་གཉིས་ཀྱིས་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་གཟིགས་སོ། །བྱང་ཆུབ་སེམས་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་འཁོར་བྱང་ཆུབ་སེམས་དཔའ་འབུམ་གྱིས་བསྐོར་ནས། ཐེག་པ་ཆེན་པོའི་ཆོས་འཆད་པ་དང༌། ཉན་པ་དང༌། འདྲི་བ་དང༌།  ཀློག་པ་དང༌། སེམས་པ་དང༌། སྒོམ་པ་དང༌། རྣམ་པར་གྲོལ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བར་གཟིགས་སོ། །སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་སྣང་བ་ལ་བོན་པོ་མང་པོ་དང་བཅས་པ་ཚོགས་ནས་རྒྱལ་པོ་དང་ལྷ་གཅིག་ཁྲི་བཙུན་གཉིས་གདན་གཅིག་ལ་བཞུགས་པ་དང༌། དབུ་སྐྲ་སྦྲེལ་བ་དང༌། ཤ་ཁུ་ཐུང་རེས་བྱེད་པ་དང༌། མར་ཁུའི་སྐྱུ་བརྗེ་རེས་བྱེད་པ་ལ་སོགས་པའི་སྣང་བ་བྱུང་བར་མཐོང་ངོ༌། །དེ་ནས་རྒྱལ་པོ་ཙན་དན་གྱི་སྐུ་བས་འབེན་ཚད་རེ་རིང་དུ་སྐད་ཅིག་ཀྱང་མི་འབྲལ་བར་བཞུགས་ཏེ། དེ་ལ་ལྷ་གཅིག་ཁྲི་བཙུན་གྱིས་སྙམ་པ་ན། རྒྱལ་པོ་འདི་ལྷ་དང་མིའི་སྤྱོད་ཡུལ་ལས་འདས་པ། མཚན་དང་དཔེ་བྱད་དུ་ལྡན་པ་ངོ་མཚར་བ་ཞིག་འདུག་པ་ལ་ཕོ་བྲང་གི་ཕྱིར་མི་འགྲོ་བ་ཅིས་ལན་སྙམ་ནས་འདི་འདྲི་རྒྱུ་ཡིན་པ་ལ་ངས་ནི་བོད་སྐད་མི་ཤེས། རྒྱལ་པོས་བལ་པོའི་སྐད་ནི་མི་ཤེས་པས། འདི་ཕལ་ཆེར་ཕ་རོལ་གྱིས་དམག་ཚོགས་ཀྱིས་འཇིགས་པ་ཡོད་ངེས་སྐྲག་ཡིན་ཏེ་ཡོང་བསམ་སྟེ། དེ་ལ་ཐུགས་བདེ་བའི་ཐབས་གཅིག་བྱ་སྙམ་སྟེ། རིན་པོ་ཆེ་མང་པོའི་རྐྱེན་སྦྱར་ནས་གནོད་སྦྱིན་མང་པོ་བྲན་དུ་བཀོལ་ཏེ། དམར་པོ་རིའི་མཐའི་ཁོངས་སྟག་རི་སེང་རི་རྒྱ་ཆེ་བ་ཁོངས་སུ་བཅུག  སོ་ཕག་གི་ལྕགས་རི་གྱང་རིམ་སུམ་ཅུ་རྩ་གཉིས་དང་མཉམ་པའི་མཐོ་ཁྱད་ཙམ་པ་དེ་ལ་མདའ་ཡབ་དང༌། ཕ་གུ་དང༌། སྐྱེད་པ་དང༌། རྟ་བབས་དང༌། རིན་པོ་ཆེ་འབར་བ་དང༌། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ་དང༌། མུ་ཏིག་གི་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ། སྲིན་པོ་ལང་ཀ་མགྲིན་བཅུའི་གྲོང་ཁྱེར་དང་མཚུངས་པ། དེའི་ལྷོ་ངོས་ལྕགས་རིའི་ནང་ན་ཕོ་བྲང་སོག་པོའི་མཁར་དགུ་ཐོག་དང༌། རྒྱལ་པོའི་རྩི་མཁར་མཉམ་པ། དེ་གཉིས་ལྕགས་ཐག་གིས་འབྲེལ་ནས་དངུལ་དང་ཟངས་ཀྱི་སྦུབས་ཀྱི་སྲང་ལམ་ལ་འོག་ཏུ་དྲིལ་བུ་སྟོང་བཏགས་པ། རྒྱལ་པོ་དང་བཙུན་མོ་གཉིས་ཕར་གཤེགས་ཚུར་གཤེགས་པ་ལ་སིལ་སྙན་གྱི་སྒྲ་འབྱུང་བ་ལ་ཕན་ཚུན་རྒྱུ་བ། རྩེ་མོ་ལ་ན་བུན་འཐུལ་བ། ནམ་ཕྱེད་ལ་ཆར་ཟིམ་ཟིམ་འབབ་པ། སྒོ་རྣམས་རང་བཞིན་དམ་པར་བྱེད་པ། ལྕགས་རིའི་ནང་ན་གྲོང་ཁྱེར་ཆེན་པོ་ཡོད་པ་དེ་ལ་མཁར་དགུ་བརྒྱ་དགུ་བཅུ་གོ་དགུ་རྩེ་མོ་ཉག་དང་སྟོང༌། རྩེ་མོ་རྣམས་ཉག་ཐག་གིས་སྦྲེལ་བ། མཁར་རེ་ལ་མདུང་བ་དན་དམར་པོ་ཅན་སྐེད་པ་ཁྲ་བོ་སྟོང་བཙུགས་པ། ཕྱོགས་བཞི་ན་སྒོ་སྤེ་བཞིས་བསྲུངས་པ། གཙོ་འཁོར་ལ་བྱ་ར་བ་མི་ལྔས་བསྲུངས་པ། ཕ་རོལ་གྱི་དམག་གི་འཇིགས་པས་མི་ཚུགས་པ། མཐོང་ན་འཇིགས་པ་དང་སྐྲག་པའི་ཕོ་བྲང་དེ་ལྟ་བུ་ཞིག་བརྩིགས་སོ། །དེའི་དཔེ་ར་སའི་འཕྲུལ་སྣང་གི་ཀླུ་ཁང་གི་ལོགས་ལ་བྲིས་ཡོད་དོ། །ཤར་ཕྱོགས་ཀྱི་འོད་ཀྱིས་གསལ་བར་བྱས་པའི་ལྷ་གཅིག་སྤྱན་དྲངས་བར་བྱ་བ་ནི། བློན་པོ་ཆེན་པོ་མགར་གྱིས་རྒྱལ་པོ་ལ་ཞུས་པ། རྗེ་ལགས། རྒྱལ་ནག་པོའི་ཡུལ་གྱི་ལྷ་གཅིག་སྔོན་མོ་དེ་བདག་གིས་སྤྱན་འདྲེན་པར་ཞུ་ཞུས་པས། རྒྱལ་པོའི་ཞལ་ནས་ཁྱེད་རྒྱ་ནག་པོའི་ལྷ་གཅིག་སྔོན་མོ་དེ་སྤྱན་འདྲེན་ན་ངའི་དྲུང་དུ་ཤོག་ཅིག་ཐབས་བསླབས་ཏེ་གཏོང་ངོ་གསུངས་ནས། དེ་ནས་རྟ་པ་བརྒྱ་ཐམ་པ་འགྲོ་བར་ཆས་པ་དང༌། བློན་པོ་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང༌། རྒྱལ་པོས་གསེར་གྱི་བང་བ་བདུན་ཞུ་རྟེན་དུ་བསྐུར། དོང་རྩེ་བདུན་ཕྱག་རྟེན་དུ་བསྐུར། རིན་པོ་ཆེ་བཻཌཱུརྱ་སྔོན་པོའི་རྨོག་ལ་པད་མ་ར་གའི་ཕོད་བཙུགས་པ། དེ་གོན་ན་ལྷ་དང་ལྷ་མ་ཡིན་འཐབ་པའི་གཡུལ་དུ་ཞུགས་ཀྱང་རིན་པོ་ཆེའི་མཚོན་ཆ་འཁོར་ལོ་དམ་བཅའ་བཞི་ལྡན་པས་བརྒྱབ་ཀྱང་མི་འཕོག རྒྱལ་པོའི་དབང་བསྐུར་བའི་པྲོག་ཞུ་ཡོན་ཏན་དང་ལྡན་པ་ཡིན་པས་ལྷ་གཅིག་གི་རིན་དུ་བྱེད། རིན་པོ་ཆེ་མན་ཤེལ་མདོག་གསལ་བ་མདངས་དང་ལྡན་པ་ཉིན་མོ་བས་ནུབ་མོ་འོད་གསལ་བ་གྲོང་ཁྱེར་གྱི་སྒྲོན་མེ་བྱེད་པ་དང་ལྷ་གཅིག་གི་ཕྱག་རྟེན་དུ་ཆུ་ཤེལ་བསྐུར་རོ།  །འདི་རྣམས་རྒྱལ་པོ་དངོས་ལ་ཕུལ་ལ་ཞུ་བ་གྱིས་ཤིག་ཅེས་གསུངས་སོ།  །བཀའ་ཤོག་སྒྲོམ་བུ་ལྔ་གཏད་ནས་རྒྱལ་པོ་དེས་ཁྱོད་ལ་བཀའ་ལུང་མི་འཐད་པ་གསུང་དུ་འོང་གི་དེའི་དུས་བཀའ་ཤོག་སྒྲོམ་བུ་འདི་རྣམས་རིམ་པ་བཞིན་དུ་ཕུལ་ལ་འདི་ལྟར་གྱིས་བྱ་བའི་ཞལ་ཏ་བསླབས་བཏང་ངོ༌། །གླུ་དང༌། མཆོད་ཚིག་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། བཞད་གད་དང༌། རྩེ་མོ་དང༌། ཁ་བཙེག་དང༌། གྱད་སྟོབས་འགྲན་པ་ལ་སོགས་རྒྱ་ནག་པོའི་སྤྱོད་པ་དང་མི་མཐུན་པ་ཡང་བསླབས་ཏེ་བཏང་ངོ༌། །མར་ལམ་དང་ཡར་ལམ། ཇོ་མོ་སྒྲོལ་མའི་མཚན་ནས་བརྗོད་ལ་སོང་ཞིག བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་སོང་ཞིག་གསུངས་སོ།  །རྒྱལ་པོ་དང་ཁྲོམས་གྱེས། དུས་དེའི་ཚེ་བློན་པོ་ཆེན་པོ་མགར་གྱིས་མགོ་བྱས་སྙེ་བོ་རྟ་པ་བརྒྱ་ཐམ་པ་རྒྱལ་པོ་རྒྱ་རྗེ་བཙན་པོའི་ཕོ་བྲང་དུ་ལྷགས་སོ།  །དུས་མཉམ་དུ་སྟག་གཟིག་ནོར་གྱི་རྒྱལ་པོ་དང༌། ཁྲོམ་གེ་སར་དམག་གི་རྒྱལ་པོ་དང༌།  རྒྱ་གར་ཆོས་ཀྱི་རྒྱལ་པོ་དང༌། བོད་ཀྱི་རྟ་པ་བརྒྱ་པོ་ཐམས་ཅད་འཛོམས་སོ།  །དེ་ནས་སོ་སོའི་མཇལ་བའི་ཕྱག་རྟེན་རྣམས་ཕུལ་ནས་བོད་ཀྱི་བློན་པོས་རྒྱ་ནག་གི་བློན་པོ་ལ་གསེར་གྱི་བང་བ་བསྐུར་ནས།  ངེད་བོད་ཀྱི་རྒྱལ་པོའི་བློན་པོ་ཡིན་པས། རྗེ་ལྷ་གཅིག་དང་མཇལ་བའི་ཞུ་འཕྲིན་བཀའ་ཤོག་སྒྲོམ་བུ་དང་བཅས་པ་ཡང་ཡོད་ཅེས་པས།  ཁོང་བློན་པོ་གཞན་པས་དམའ་བར་བྱས་ནས་རྒྱལ་པོ་དང་ཞག་བདུན་དུ་མ་མཇལ་ལོ།  །དེ་ནས་མཇལ་བའི་ཚེ་བློན་པོ་མགར་གྱིས་སྣ་དྲངས་པའི་བློན་པོ་རྣམས་ཀྱིས་ཕྱག་གྲལ་བྱས།  བློན་པོ་མགར་གྱིས་དོང་རྩེ་བདུན་ཕྱག་རྟེན་དུ་ཕུལ།  རྒྱལ་པོ་ལ་ཕྱག་དང་ཞེ་ས་དང་རྫོགས་པར་ཕུལ་ཏེ་རྒྱལ་པོའི་མདུན་དུ་བཻཌཱུརྱའི་རྨོག་བཞག་སྟེ།  ལོ་ཙཱ་བ་བར་དུ་བཅུག་ནས་ཞུས་པ། རྗེ་ལགས། བདག་ཅག་མཐའ་འཁོབ་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ལགས། རིན་པོ་ཆེ་བཻཌཱུརྱའི་རྨོག་འདི་གོན་ནས་གཡུལ་དུ་ཞུགས་ན་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར། ནད་ཡམས་བྱུང་པའི་ཚེ་ན་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་ན་ནད་ཡམས་ཆད་ནུས། ལོ་ཉེས་ཀྱིས་དོགས་པའི་ཚེ་ཡང་འདི་གོན་ནས་ཞིང་མཐའ་བསྐོར་ན་ལོ་ལེགས་པར་འོང༌། ངོ་མཚར་བས་འཛམ་བུའི་གླིང་ན་རིན་ཐང་གཞལ་དུ་མེད་པ་འདི་རྗེ་ལ་འབུལ་བར་བགྱི། ནོར་བུ་ཆུ་ཤེལ་འདི་ཡང་ལྷ་གཅིག་གི་རིན་དུ་འབུལ། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་བདག་ཅག་མཐའ་འཁོབ་ཀྱི་རྒྱལ་པོའི་བཙུན་མོར་གནང་བར་ཞུ་ཞུས་པ་ལ། རྒྱལ་པོ་འཁོར་དང་བཅས་པ་བཞད་གད་བྱེད་དོ། །དེར་རྒྱལ་པོ་ན་རེ། ཁྱེད་མཐའ་འཁོབ་ཀྱི་རྒྱལ་པོ་སྤོབས་པ་རེ་མཐོ། ང་སངས་རྒྱས་འོད་སྲུངས་ནས་རྒྱལ་པོའི་རྒྱུད་པ་རྒྱུན་མ་ཆད་པ་ཡིན་ལ། ང་ལ་ཆོས་ཁྲིམས་དར་གྱི་མདུན་པ་འདྲ་བ་ཡང་ཡོད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ཡང་ང་ལ་ཡོད། ཁྱེད་ངའི་གཉེན་ཟླ་མ་ཡིན། འོན་ཀྱང་ས་ཐག་རིང་པོ་ནས་ཡོང་ཟིན་པ་ཡར་སོང་ལ་ཁྱེད་རང་གིས་རྒྱལ་པོ་ལ་དྲིས། རྒྱལ་པོ་བྱ་བ་ལ་ཆོས་དགེ་བ་བཅུའི་ཁྲིམས་དགོས་པ་ཡིན། ཁྱོད་བོད་ལ་ཁྲིམས་མེད་པས་བོད་ཀྱིས་ཆོས་དགེ་བ་བཅུའི་ཁྲིམས་བཅའ་ནུས་སམ། དེ་འཆའ་འདོད་ན་ལྷ་གཅིག་སྦྱིན། མི་ནུས་ན་མི་སྟེར་བས་དྲིས་ལས་ཤོག་གསུངས་པས། སླར་ཡང་བློན་པོས་ཕྱག་བྱས། རྗེ་ལྷ་གཅིག་ལགས། ངེད་འཕྲིན་རེ་རེ་ལ་རྒྱ་ནག་དང་བོད་ལ་ཡར་འགྲོ་མར་འགྲོ་བྱས་ན་ལྷ་གཅིག་སྤྱན་འདྲེན་པའི་དུས་མི་འོང༌། ངེད་ཅག་གི་རྒྱལ་པོས་བཀའ་ཤོག་སྒྲོམ་བུ་འདི་བསྐུར་བ་ལགས། འདི་གཟིགས་སུ་གསོལ་ཞེས་བཀའ་ཤོག་སྒྲོམ་བུ་ཕྱག་ཏུ་ཕུལ་ལོ། །རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས། རྒྱ་ནག་སྟོང་འཁུན་གྱི་ཡི་གེ་མཐིང་ཤོག་ལ་གསེར་གྱིས་བྲིས་ནས། མཐའ་འཁོབ་ཀྱི་རྒྱལ་པོ་སྲོང་བཙན་སྒོམ་པོས། རྒྱལ་ནག་རྒྱལ་པོ་སེང་གེ་བཙན་པ་ལ་བཀའ་བསྩལ་པ། ལྷ་གཅིག་བཙུན་མོ་ཀོང་ཇོ་འདི་ངའི་བཙུན་མོར་ཕུལ་ཞིག ཁྱེད་ངེད་ལ་ཁྲིམས་མེད་པ་ལ་སྙད་བྱེད་ན། ངས་སྤྲུལ་པའི་མི་མང་པོ་སྤྲུལ་ནས་བོད་ཡུལ་དུ་ཆོས་དགེ་བ་བཅུ་ལ་བརྟེན་པའི་ཁྲིམས་ཉི་མ་གཅིག་ལ་བཅའ་བར་བྱ་ཡི་དེ་ལྟར་བྱས་ཀྱང་ལྷ་གཅིག་མི་སྟེར་ན་ངས་དམག་དཔག་ཏུ་མཻད་པ་སྤྲུལ་ལ་ཁྱེད་ཀྱི་རྒྱལ་ཁམས་ཐམས་ཅད་འཇོམས་པར་འགྱུར་རོ་བྱ་བའི་ཡི་གེ་འདུག་ནས། རྒྱ་ནག་རྒྱལ་པོ་སྐྲག་ཅིང་དངས་ཏེ་འོན་ཀྱང་རྒྱལ་པོ་ཐུགས་ཟབ་པས་ད་དུང་བློན་པོ་ལ། ཁྱེད་ཀྱི་རྒྱལ་པོས་ངེད་ལ་སྡིགས་རེ་གཏོང་བར་འདུག་སྟེ་དེས་མི་ཕན། རྒྱལ་པོ་ཡོད་པའི་དུས་ན་ཆོས་དར་དགོས་པས་དེ་ལ་དཀོན་མཆོག་གསུམ་གྱི་རྟེན་དགོས། དེ་བཞུགས་པའི་ལྷ་ཁང་དགོས་པས་ཁྱེད་ལ་མེད་པས། བོད་དུ་གཙུག་ལག་ཁང་བརྩིག་ནུས་པ་ཡོད་དམ། དེ་ནུས་ན་ངས་ལྷ་གཅིག་སྦྱིན་ཏེ། མི་ནུས་ན་མི་སྟེར་གྱིས་ལ་དྲིས་ལས་ཤོག་གསུངས་པས། བློན་པོ་མགར་གྱིས་ཡང་ཕྱག་བྱས་ཏེ་རྗེ་ལགས། དེ་ལ་རྒྱ་ནག་དང་བོད་བར་ས་ཐག་རིང་པོ་ལ་འཕྲིན་གཅིག་ལ་ཕར་སྐྱེལ་ཚུར་སྐྱེལ་བྱས་ན་ལྷ་གཅིག་ཀོང་ཇོ་གདན་འདྲོངས་པའི་དུས་མི་འོང༌། དེའི་ལན་དུ་བཀའ་ཤོག་སྒྲོམ་བུ་འདི་བསྐུར་བ་ལགས་ཞེས་སྒྲོམ་བུ་ཕྱག་ཏུ་ཕུལ་བ་ཕྱེ་སྟེ་གཟིགས་པས། སྔར་ལྟར་ཡི་གེ་བྱུང་བས་ཁྱེད་ང་ལ་གཙུག་ལག་ཁང་མེད་ཟེར་ནས་སྙད་བྱེད་ན། ངས་སྤྲུལ་པའི་བཟོ་བོ་བསམ་གྱིས་མི་ཁྱབ་པ་སྤྲུལ་ལ་བོད་ཡུལ་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཏེ་སྒོ་ཐམས་ཅད་རྒྱ་ཡི་ཡུལ་ལ་གཏད་ལ་བཞག་བྱ་བ་བྱུང༌། དེ་ལྟར་མ་ཡིན་པ་ང་ལ་ལྷ་གཅིག་མི་སྟེར་ན།  ངས་སྤྲུལ་པའི་དམག་མི་དཔག་ཏུ་མེད་པ་སྤྲུལ་ལ་ཁྱེད་ཀྱི་ཡུལ་ཐམས་ཅད་གཞོམ་ཕམ་བྱས་བ་བྱུང་ནས།  རྒྱལ་པོ་བྲེད་ནས་བློན་པོ་རྣམས་ཀྱིས་བརྟེན་ཏེ་ཕོ་བྲང་དུ་གཤེགས་སོ། །ཕྱི་ནས་རྒྱལ་པོའི་ཐུགས་དགོངས་ལ། བུ་མོ་མཐར་བོད་ལ་གཏང་དགོས་པར་འདུག་སྙམ་སྟེ། རྒྱལ་པོ་དང༌། རྒྱལ་མོ་དང༌། རྒྱལ་བུ་དང༌། ༼ལྷ་གཅིག༽ཚོ་ཚོགས་ནས་རྒྱལ་བློན་ཚོ་གྲོས་བྱས་པས། ཡབ་ན་རེ། རྒྱ་གར་ཆོས་ཀྱི་འབྱུང་ས་ཡིན་པས་རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ་བྱིན་ཟེར།  ཡུམ་ན་རེ། རྒྱ་གར་ལ་ལོངས་སྤྱོད་མེད་སྤྲང་པོ་དང་འདྲ་བས་ལོངས་སྤྱོད་དགོས་ཏེ། སྟག་གཟིག་ནོར་གྱི་རྒྱལ་པོར་སྟེར་ཟེར་རོ། །མིང་པོ་ན་རེ། སྲིད་དགོས་པས་ཁྲོམ་གེ་སར་དམག་གི་རྒྱལ་པོ་ལ་སྦྱིན་ཟེར། ལྷ་གཅིག་ཀོང་ཇོ་རང་བྱད་བཞིན་ལེགས་པ་ལ་དགའ་བས་ང་ཁྲོམ་ལ་འགྲོ་ཟེར་རོ།  །དེ་ཡང་ཁྲོམ་གྱི་རྒྱལ་པོ་ཤིན་ཏུ་ལེགས་པས་དེ་ལ་མོ་ཆགས་ནས་ཡོང་དུ་རེ་བས་རྒྱལ་པོ་ལ་ཡང་དེ་བཞིན་དུ་ཡོད་དོ། །དེའི་བློན་པོ་རྣམས་ན་རེ།   བོད་ལ་ཀོང་ཇོ་མི་སྟེར་ཟེར་རོ་བོད་ཀྱིས་རྒྱའི་གྱེན་པོ་ཐམས་ཅད་བསད་པ་ཡིན་ཟེར་རོ། །བོད་ལ་མོས་པ་དང་དགའ་བ་གང་ཡང་མེད་ཀྱང་ཁྲིམས་ཀྱིས་ཉེ་རིང་བྱར་མི་བཏུབ་པས།  རྒྱལ་པོས་ངའི་ལྷ་གཅིག་འདི་ཁྱེད་མི་རིགས་བཞིའི་བློན་པོ་རིག་པ་གང་རྣོ་བ་ལ་སྟེར་གསུངས་པས།  དེར་རིག་པ་འགྲན་དུ་བཅུག་པ་ལས།  རྒྱའི་རྒྱལ་པོ་རྗེ་སེང་གེ་གཙན་པ་ལ་གཡུ་བྲེ་ཞབས་ཙམ་གཡུ་ཞགས་འཁྱིལ་བ་བྱ་བ་ཡོད་པ་དེ་ལ་དར་ཐག་སུས་ཚུད་པ་ལ་ལྷ་གཅིག་སྟེར་བས་སུས་ཚུད་འགྲན་པ་ལས། གཞན་རྣམས་ཀྱིས་ཉི་མ་མང་པོར་ཐབས་ཅི་བྱས་ཀྱང་མ་ཚུད་པས། ཁོང་ཚོ་དབང་དང་ནོར་ཡང་ཆེ།  རྒྱལ་པོ་ཡང་ཁོང་ཚོ་ལ་དགའ་ཡང་ཐབས་རྡུགས་ནས་མ་ཚུད་དོ་ཞེས། དེར་བོད་ཀྱི་བློན་པོའི་ལག་ཏུ་གཡུ་ཞགས་འཁྱིལ་བ་གཏད་པ་ལས།  བོད་ཀྱི་བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་རྒྱའི་གྲོག་མ་ཆེ་བ་གཅིག་བཟུང་ནས་དེ་ཟན་གྱིས་གསོས་ཏེ། ཉི་མ་ཚ་པོ་ལ་གྲོག་མའི་སྐེད་པ་ལ་དར་སྐུད་བཏགས་ཏེ། དེ་ལ་དར་གྱི་ཐི་གུ་བཏགས།  དེ་ལ་དར་ཡུག་བཏགས་ནས་མིག་ནང་ཕར་དལ་བུས་ཕུས་བཏབ་པལས་ཕར་ངོས་ཀྱི་གཡུའི་མིག་ནང་རྭ་ཅོ་སྙོང་སྟེ་བྱུང་བས་དེར་ཐག་པ་ཇེ་སྦོམ་ཐོན་ཏེ་དར་ཡུག་འཐེན་ནས་ཐག་པ་ཚུད་པས། གཡུའི་ཐག་པ་ངེད་ཀྱིས་ཚུད་པས་ངེད་ལ་ལྷ་གཅིག་སྟེར་དགོས་བྱས་ཀྱང་མ་སྟེར། ད་བྱ་བ་བུ་བརྒྱ་ངོས་སུས་ཤེས་པ་ལ་ལྷ་གཅིག་སྟེར་རོ་ཟེར་བས་ཤེས་ཀྱང་མ་བྱིན། ཤིང་གཞོག་གྲུ་བཞི་པོ་རྩེ་མོ་དང་རྩ་བ་ངོས་ཟིན་པ་ལ་ལྷ་གཅིག་སྟེར་ཟེར་བ་ལ་ངོས་ཟིན་ཡང་མ་སྟེར། ཡང་ཁང་བཟང་བཞིར་གཡོག་མོ་བཞི་བསྐོས།  སྙེ་བོ་མི་རཻར་ལུག་རེ།  ཆ་ཚོས་རེ་དྲངས་ནས་འདི་རྣམས་ཉིན་རེ་ལ་བཟའ་བ་ཟིན་པ། ལྤགས་པ་མཉེད་ཚར་བ། ཆང་འཐུང་སུས་ཚར་བ་ལ་ལྷ་གཅིག་སྟེར་ཟེར་བས་གཞན་རྣམས་ཀྱིས་ཤ་དུས་གཅིག་ལ་ཡོག་ཟས་བྱས། ཆང་ཡང་བཏུང་བྱས་ཀྱང་ཤ་ལ་སུན་ནས་བཟས་མ་ཚར། ཆང་གིས་ཀྱང་བཟི་ནས་འཐུང་མ་ཚར་བ་ལས། བློན་པོ་མགར་གྱིས་གྲལ་རིམ་གྱིས་ཤ་ཁམ་རེ་ཟོ། ཆང་ཧུབ་རེ་བྱས་ནས་རིམ་གྱིས་བཏུང་བས་ཤ་ཡང་བཟས་ཚར། ཆང་ཡང་བཏུང་ཚར། རྗེ་ཆང་གིས་མ་བཟི་བ་དང༌། ཤ་རྣམས་ལེགས་པར་ཟོས་ཟིན། པགས་པ་ཡང་གྲལ་རིམ་གྱིས་མཉེད་ཚར་བས།  ལྷ་གཅིག་ངེད་ལ་སྟེར་དགོས་བྱས་པས། དེར་རྒྱལ་པོས་བོད་ལ་ལྷ་གཅིག་བཀས་གནང་བ་ལས། ངེད་ལ་ལྷ་གཅིག་མི་སྟེར་ཟེར་བས། སྟག་གཅིག་ན་རེ། ངེད་ལ་མི་སྟེར་ན་ཡུལ་མེས་བསྲེཏ་ཟེར། ཁྲོམ་ན་རེ། ངེད་ལ་ལྷ་གཅིག་མི་སྟེར་ན་ཡུལ་དུ་ཆུ་འདྲེན་ཟེར།  དེ་ལ་སོགས་པའི་འཕྲུལ་འགྲན་པས་སུས་ཀྱང་བོད་ཀྱི་བློན་པའི་རིག་པ་མ་ཐུབ་པོ། །ད་ངེད་ལ་ལྷ་གཅིག་ཞུ་བྱས་པས་ནུབ་གཅིག་གི་ཚེ་རྔ་ཞིག་བརྡུངས་པ་དང་སྙེ་བོ་རྣམས་ལ་སྤྱོད་ལམ་སྟོན་པའི་གཡོག་མོ་རྣམས་ན་རེ། རྒྱལ་པོའི་ཕོ་བྲང་དུ་སྙེ་བོ་རྣམས་ལ་ཤོག་བྱ་བའི་རྔ་ཡིན་པས་ད་ཆས་ཟེར།  དེར་སྙེ་བོ་རྣམས་རྒྱུགས་ནས་སོང་སྟེ།  བོད་ཀྱི་བློན་པོའི་བསམ་པ་ལ་རྔ་འདི་སྐྱོན་ཅན་ཞིག་ཡིན་སྙམ་ནས་ཁོ་རང་གི་འདུག་སའི་སྒོ་ཡི་ཡ་ཐེམ་ལ་མཚལ་གྱིས་རྡོ་རྗེ་གཅིག་བྲིས།  མ་ཐེམ་ལ་གཡུང་དྲུང་རིས་གཅིག་བྲིས་ཏེ་སྒོ་རྣམས་བགྲངས་ཤིང་སོང༌། སྒོ་རེ་ལ་མཚན་མ་རེ་བཏབ་སྟེ་ཕྱིན་ནོ། རྒྱལ་པོའི་ཕོ་བྲང་དུ་ཕྱིན་པའི་ཚེ་དགའ་སྟོན་ཆེན་པོ་གནང་ནས་ཐམས་ཅད་བཟི་བ་དང༌། རྒྱལ་པོ་ན་རེ། ད་རྒྱ་སྲང་མ་འཛོལ་བར་ཕྱིན་པ་ལ་ལྷ་གཅིག་སྟེར་ཟེར་ནས། དེར་བློན་པོ་གཞན་རྣམས་ཆང་གིས་བཟི་བ་དང་སྒོ་འཆོལ་ཏེ་མ་རྙེད་དོ། །དེ་ནས་བློན་མགར་གྱིས་བོད་རྣམས་ཁྲིད་ནས་མེ་སྒྲོན་བཏེགས་ཏེ་མཚན་མ་བཏབ་པ་ལྟ་བཞིན་ཕྱིན་པས། རང་གི་ཁྱིམ་དུ་ཚུད་དེ་མལ་དུ་ཉལ་ཡོད་པས། ཕྱི་ཉིན་ནངས་པར་བལྟ་བར་བཏང་བས་གཞན་རྣམས་ཀྱི་འཛོལ་ནས་ལམ་ཡང་མ་རྙེད་པར་སྲང་བར་ཐམས་ཅད་དུ་ཉལ་ནས་བསྡད་འདུག  བོད་ཀྱི་བློན་པོས་ཁང་པ་མ་འཛོལ་བར་རྙེད་འདུག་པས།  ལྷ་གཅིག་བཀས་གནང་འཚལ་བྱས་པས།  རྒྱལ་པོས་ད་ལྷ་གཅིག་ཀོང་ཇོ་བུ་མོ་བརྒྱའི་ཁྲོད་དུ་བཅུག་ལ་སུས་ངོ་ཤེས་པ་དེ་ལ་སྟེར་རོ་ངོས་ཟུངས་ཤིག་གསུངས་པ་ལ།  སྔར་གྱི་རྣམས་མ་ནོར་བར་བྱུང་ངོ༌།  །དེ་ནས་བོད་ཀྱི་བློན་པོ་རིག་པ་ཅན་དེས། ཀོང་ཇོའི་སྔར་ནས་ཀྱི་གཡོག་མོ་གཅིག་ཡོད་པ་ལ་ཅི་ཟ་བའི་ཕྱེད་ཕྱེད་བྱིན་ཏེ།   གཞན་ཡང་རྔན་པ་ཕག་ཏུ་བྱིན་ནས་སེམས་བཟུང་བ་དང༌། སང་ཀོག་ཇོ་བུ་མོ་བརྒྱའི་ཁྲོད་དུ་ཡོང་བར་ཡོད་པས་དེ་ཁྱོད་ཀྱིས་ང་ལ་མ་ནོར་སྟོན་དགོས་བྱས་པས། འབྲས་ཀྱི་སོག་མ་སྐེ་ལ་བྱུགས་ཏེ་ཆད་པ་ཡོང་བྱ་བའི་བརྡའ་བྱས། བློན་པོས་ཁྱེད་ལ་ཆད་པ་མི་ཡོང་བའི་ཐབས་ཡོད་བྱ་བའི་བརྡ་བྱས་པས། དེ་ལྟར་ཡོད་ན་སྨྲ་བའི་འཛུམ་བྱས་ཏེ།  དེ་ནས་བློན་པོ་མགར་གྱིས་སྒྱེད་བུ་གསུམ་གྱི་སྟེང་དུ་ཟངས་ཆུས་བཀང་བ་དེ་ཁ་བཅད་དེ་རྦ་བར་གཡོག་མོ་བཅུག  ལྕགས་ཀྱི་སེ་རུའི་ནང་ནས་མར་སྨྲར་བཅུག་པ། ཀོང་ཇོ་ལ་གཡོག་བཅུ་དྲུག་ཡོད་པའི་སྨྲ་མཁས་དམ་པ་ང་ཡིན་ནོ།  །ཁྱེད་བོད་དང་ལས་འབྲེལ་ཡོད་པས་ཀོང་ཇོ་ཐོབ་སྟེ་ཡོང༌།  བུ་མོ་ལྔ་བརྒྱ་སོང་བ་ལས་ཕྱེད་སུམ་བརྒྱ་སོང་བའི་བར་ནས་འོང༌།   ཆ་ལུགས་བཟང་ངན་འབྲིང་པོ་ཙམ་ཞིག་ཡོད་དེ། ཤ་མདངས་བག་ཙམ་སྔོ་བ་ལུས་ལས་ཙན་དན་གྱི་དྲི་ཞིམ་འཐུལ་བ། ཁ་ནས་ཨུཏ྄པལ་གྱི་དྲི་ཡང་བྲོ། ཧ་ཅང་མི་རིང་མི་ཐུང་བ།  ཧ་ཅང་མི་སྐམ་མི་རྒྱགགས། མཛངས་ཤིང་ལེགས་ལ། འཛུམ་མདངས་ཆེ། གོམ་འགྲོས་དལ་ལ་ས་ཆོད་ཆེ།  ཧ་ཅང་མི་ནག་མི་སྔོ་ལ།  ཧ་ཅང་མི་སྔ་མི་དམར་བ།  སོ་ཚགས་དམ་ལ་སོ་ཞོ་དཀར།  རྙིལ་མདུང་རིང་ལ་རྙིལ་ཁུགགས་དམར།  མིག་དཔངས་དམའ་ལ་མིག་རྒྱང་རིང༌།  དཔྲལ་བའི་དཀྱིལ་ན་གཡུང་དྲུང་རིས།  བཀྲ་ཤིས་ཕྱག་རྒྱ་ནས་ཙམ་ཡོད།  མཁུར་ཚོས་གཡས་པར་པད་མ་རིས།  མཁུར་ཚོས་གཡོན་མར་འཁོར་ལོ་རིས།  ལྐོག་མའི་དཀྱིལ་ན་དཔལ་བེའུ་རིས།  གདོང་པ་གཡོན་པའི་གོང་རིམ་ན།  མཚལ་གྱི་གཡུང་དྲུང་ནས་ཙམ་ཡོད།  ལྷ་མོ་ཀླུ་མོ་ཡིན་པའི་རྟགས།  །གཡ་ཡི་སྦྲང་མ་ཁྱད་པར་ཅན། །བཞིན་ལ་འཁོར་ཞིང་ཡོད་པ་ཡིན། །དེ་ནི་ལྷ་གཅིག་ཀོང་ཇོ་ཡིན།   །ཁྱེད་རང་མདའ་བྱ་རྒོད་མ་གཅིག་ལ་དར་ལེབ་རྒན་དམར་ལཔོ་བཏགས་ཏེ་ལག་པལ་མ་འཇུ་བར་ན་བཟའི་གོང་པ་ནས་མདའ་ལྟོང་གིས་སྒྲིལ་ལ་ཟུངས་ཤིག་ཟེར་རོ།  །སང་ནངས་པར་བུ་མོ་ལྔ་བརྒྱ་ལམ་ནས་བྱུང༌།  སྙེ་བོ་ཚན་པ་བཞི་པོ་ཡང་སྒོ་ན་བསྒུགས་སོ།  །བོད་གཞན་རྣམས་ཁང་བཟང་ན་ཡོད་དོ།  །བློན་པོ་མགར་གྱིས་སྒོ་ཡི་རྒྱབ་ནས་མདའ་བྱ་རྒོད་མ་བཟུང་ཞིང་ཐོགས་ཏེ་ང་ནི་ལྟད་མོ་བལྟའོ་ཟེར་ཏེ་བསྡད། དེ་ནས་བུ་མོ་ཕྱེད་སུམ་བརྒྱ་པོ་གྲངས་མ་ནོར་བར་བརྩིས་ནས་བར་ན་ཡར་བྱོན་པའི་ན་བཟའི་གོང་བ་ནས་མདའ་སྟོང་གིས་སྒྲིལ་ཞིང་བཟུང་ནས་ཕྱིར་འཐེན་པས།  ཞལ་ཕྱིར་ལོག་བྱས་ཏེ་ཧེ་ཟེར་བའི་ཞལ་ནས་ཨུཏ྄པལ་གྱི་དྲི་བྲོ་བ།   རྟགས་དང་མཚན་མ་རྣམས་ཇི་ལྟར་ཟེར་བ་ཞིན་འདུག་གོ།  །སྐྲ་འདབ་སློག་པས་གཡུང་དྲུང་རིས་ཀྱང་འདུག་གོ།   །ཁང་བཟང་དུ་གདན་དྲངས་སོ།  །སྙེ་བོ་གཞན་གསུམ་པོ་རྣམས་ཀྱིས་བུ་མོ་གཟུགས་བཟང་བ།  ཁ་བྱད་ལེགས་པ་དང༌།  ཤ་མདངས་ཆེ་བ།  གོས་གང་བཟང༌།  རྒྱན་གང་ལེགས་རྣམས་སུས་ཟིན་ཟིན་གྱིས་ཐོབ་ཤ་བྱས་ནས་ཁང་པར་ཁྲིད་དོ།  །ཀོང་ཇོ་ངས་ཐོབ་ངས་ཐོབ་ཟེར་ཞིང་དགའ་སྟོན་སོ་སོར་བྱས་སོ། །རྒྱ་རྗེའི་ཐུགས་དགོངས་ལ་ངའི་བུ་མོ་སུས་ཐོབ་སྙམ་ནས་གཟིགས་སུ་བྱོན་པས། ཀོང་ཇོ་བོད་ཀྱི་ཁང་བཟང་ན་འདུག་པས་འདི་མི་སྲིད་དེ་སྨྲ་མཆུ་བ་ཡོད་པས། དེ་མཚང་ཆེ་བས་ངོས་བཟུང་བར་གྲོས་བྱས་པས་སྤོར་ཐང་སུམ་བརྒྱ་བཏིང་ནས་བརྩིས་ཏེ་ངོས་བཟུང་བ་ལ། སྨྲ་མཁན་ནི་རི་གསུམ་གྱི་ཁ་བ་མཚོ་ཞིག་ཡོད་པ།  དེའི་ཁ་ན་ཐང་ཞིག་ཡོད་པ།  དེའི་སྟེང་ན་ལུས་པོ་མིག་གིས་ཁེངས་པ་མཆུ་ལྕགས་ཀྱིས་བྱས་པ་ཞིག་གིས་སྨྲས་སོ་བྱ་བ་བྱུང་བ་དང༌། འདི་འདྲ་མི་སྲིད་ཟེར་ཏེ་སྤོར་ཐང་སུམ་བརྒྱ་པོ་མེས་བསྲེགས་སོ། ད་ལྟ་རྒྱ་ནག་གི་རྩིས་དྲུག་བུ་སྐོར་ཡིན་ནོ། །ཡབ་ཀྱི་ལྷ་གཅིག་ཀོང་ཇོ་ལ་ཁྱོད་མཐའ་འཁོབ་རྒྱལ་པོ་ལ་སྟེར་དགོས་བྱས་པས། དེར་ཀོང་ཇོས་ཡབ་ལ་ཞུས་པ།  ཀྱེ་མ་ཡབ་གཅིག་རྒྱལ་པོ་གསོན། །བོད་ཀྱི་ཡུལ་དུ་བདག་མཆི་ན། །ཁ་བ་ཅན་གྱི་ས་ཕྱོགས་དེ། །གྲང་ལ་བསེར་བུས་བསིལ་བག་ཆེ། །ལྷ་ཀླུ་འདྲེ་སྲིན་གདུག་པ་མང༌། །གངས་རི་གཅན་གཟན་མཆེ་བ་འདྲ། །བྲག་རི་འབྲོང་པོའི་རུ་ལྟར་འདྲ། །ཉམས་མི་དགའ་ཞིང་བག་མི་གྲོ། །འབྲུ་ཆེན་མི་འཁྲུངས་མུ་གེའི་ས། །གདོལ་པ་ཤ་ཟན་བྱོལ་སོང་རིགས། །སྤྱོད་པ་རྩིང་བས་ཀླ་ཀློའི་མི། །མི་གྲུང་་་་་་་བསྲུན་་་་་་་སྲིན་པོའི་སྤྱོད་པ་མཚུངས། །མཐའ་འཁོབ་སྟོན་པས་ཞབས་མ་བཅགས། །འཁོར་བཞི་མེད་པས་རིགས་ངན་ཡུལ། །ཆོས་མེད་མ་རིག་མུན་པའི་གླིང༌། །མཆོད་པའི་རྟེན་དང་གནས་མེད་པས། བསོད་ནམས་གསོག་པའི་ཞིང་མ་མཆིས། །དེ་འདྲའི་ཡུལ་དུ་འགྲོ་དགོས་ན། །ཡབ་ཀྱི་མཆོད་གནས་ཡི་དམ་ལྷ། །ཤཱཀྱ་མུ་ནེ་བདག་ལ་ཞུ། །ཁ་བ་ཅན་ནི་བཀྲེས་དབུལ་ཡུལ། །རིན་ཆེན་བང་མཛོད་བདག་ལ་ཞུ། །ཁ་བ་ཅན་ནི་གྲང་ལ་བསིལ། །ཚེ་གཅིག་ཐུབ་པའི་གོས་ཤིག་ཞུ། །བོད་ཀྱི་མི་ནི་མི་གྲུང་སྟེ། །རྩིང་སྤྱོད་ཆེ་བས་སྤྱོད་བག་མེད། །གཡོག་མོ་ལྔ་བརྒྱ་བདག་ལ་ཞུ། །དེ་ལྟའི་མི་ལུས་ཡུལ་ཕྱོགས་དེར། །མགོ་ནག་མི་རྣམས་འདུལ་བྱེད་དུ། །བདག་གི་སེམས་བསྐྱེད་ཇི་ལྟར་བགྱི། །ཡབ་ཀྱིས་བདག་ལ་བཀའ་བསྩལ་ཞུ། །ཞེས་ཀོང་ཇོས་ཞུ་ཚིག་ཞུས་པ་ལས། ཡབ་རྒྱལ་པོས་གསུངས་པ།  ཀྱེ་མ་བུ་མོ་བདག་ལ་གསོན། །བོད་ཅེས་ཁ་བ་ཅན་གྱི་ཡུལ། །ཡུལ་ཁམས་ཁྱད་འཕགས་དེ་ཡིན་ནོ། །གངས་རི་རང་བྱུང་མཐོ་བའི་གནས། །མཚོ་བཞི་གཡུའི་མཎྜལ་འདྲ། །ཐང་བཞི་མཆོད་པ་བཤམས་པ་འདྲ། །ཆུ་བཞི་ཡུལ་གསུམ་རང་བཞིན་ཅན། །རི་མཐ་ས་གཙང་གངས་རིའི་ལྗོངས། །བཀྲ་ཤིས་ཉམས་དགའ་གཡུང་དྲུང་བྲིས་པ་འདྲ། །རྒྱལ་ཁམས་གཞན་ན་མིས་རྗེ་བྱེད་པས་ངོ་མཚར་ཆུང༌། །བོད་ཡུལ་མི་རྗེ་ལྷས་བྱེད་ངོ་མཚར་ཆེ། །མཐའ་བཞིའི་རྒྱལ་པོ་ཀུན་གྱིས་ལེགས་པར་འཁུར། །ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དེར། །བྱང་ཆུང་སེམས་དཔའི་སྤྲུལ་པ་མི་དྲུག་ལྡན། །ཡོན་ཏན་དཔག་ཏུ་མེད་པའི་རྒྱལ་པོ་ནི། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཉིད་དང་མཚུངས། །ཁོང་གི་མཛད་སྤྱོད་རྒྱ་ཆེན་མངའ་བས་ན། །བོད་ཁམས་ཀུན་ཀྱང་ཡུལ་དུ་གྱུར་པོ་ཡི། །དགེ་སློང་དགེ་འདུན་དགེ་བསྙེན་ཕ་མ་ཀུན། །ཁྱེད་རང་ཉིད་ཀྱིས་གསོག་པར་བྱས་པས་ཆོག །དེ་ལྟར་ཡིན་པས་བསོད་ནམས་གསོག་པའི་ཞིང༌། །བདག་གི་མཆོད་གནས་ཤཱཀྱ་མུ་ནེ་འདི། །སངས་རྒྱས་སྟོན་པའི་ཞལ་སྐྱིན་ཡིན་པས་ན། །སངས་རྒྱས་ཉིད་དང་ཁྱད་པར་མེད་པར་གསུངས། །གང་ཞིག་གུས་དང་དད་པས་ཀུན་བླངས་ནས། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་ཡིས། །དེ་དག་་་དུ༔ཁ་ལས་་་སྒྲོལ་་་་བྱ་བའི་་་ཕྱིར། །བླ་མེད་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། །རྟེན་མཆོག་འདི་ལ་མོས་ཤིང་མཆོད་བྱེད་ན། །མྱ་ངན་འདས་པའི་གྲོང་ཁྱེར་རབ་ཞུགས་ཏེ། །དགྲ་བཅོམ་རང་རྒྱལ་ཐོབ་པར་ཐེ་ཚོམ་མེད། །སྲིད་པའི་ཉོན་མོངས་ལས་དང་བྲལ་བར་འགྱུར། །གང་ཞིག་ངན་འགྲོ་སྲིད་པའི་སྡུག་བསྔལ་ཡོངས་སུ་བཅད་བྱས་ནས། །བདེ་འགྲོ་མཐོ་རིས་ཐོབ་པར་རྒྱལ་བས་གསུངས། །གང་ཞིག་འཇིག་རྟེན་བདེ་བར་འགྲོ་འདོད་ཅིང༌། །ཕྱག་འཚལ་མཆོད་པ་ཕུལ་ཞིང་གསོལ་བཏབ་ན། །ཡིད་ལ་ཇི་ལྟར་བསམ་བཞིན་འབྱུང་འགྱུར་རོ། །མི་མཐུན་གནོད་པ་མ་ལུས་ཞི་བར་འགྱུར། །གང་ཞིག་འདི་ལ་དད་པས་ཕྱག་འཚལ་ལམ། །ཤིན་ཏུ་གུས་པས་མཆོད་པར་བྱེད་པ་དང༌། །ལྟ་ཞིང་སྐོར་བར་བྱེད་པ་ཐམས་ཅད་ཀུན། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་དད་དང་གུས་པས་ཕྱག་འཚལ་ལོ། །དེ་ལྟར་ཡོན་ཏན་ཁྱད་པར་ཅན་ལྡན་པ། །བདག་གི་མཆོད་གནས་སྙིང་དང་འདྲ་བ་ཡང༌། །བུ་མོ་ཁྱོད་ལ་བརྩེ་བས་བདག་གིས་བརྫང༌། །རིན་ཆེན་བང་མཛོད་མང་པོ་དབྱིག་གི་གཏེར། །བདག་གི་གཅེས་པའི་རིན་ཆེན་གཏེར་ཆེན་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །འཕྲ་མེན་འཕྲུལ་ཞལ་ཉི་ཟླས་བརྒྱན་པ་ཡང༌། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །གསེར་གཡུ་བརྩེགས་པའི་ཡི་གེ་ཆེན་པོ་ཡང༌། །གཙུག་ལག་རྩིས་ཀྱི་ཡིག་ཆ་སུམ་བརྒྱ་དྲུག་ཅུ་ཡང༌། །ལོངས་སྤྱོད་རྫས་ཀྱི་གསེར་སྤྱད་དངུལ་སྤྱད་ཀྱང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །ཟས་ཀྱི་སྦྱོར་ཁ་སུམ་བརྒྱ་དྲུག་ཅུ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །བཏུང་བ་ཆང་གི་སྦྱོར་ཐབས་མང་པ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །སྲ་བ་གོ་ཆའི་གོན་པ་སུམ་བརྒྱ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །རྣོ་བ་མཚོན་གྱི་བརྡུང་ཐབས་སུམ་བརྒྱ་རྣམས། །རྒྱལ་པོ་སྲོག་སྲིད་བསྲུང་ཕྱིར་བུ་མོ་ཁྱོད་ལ་བརྫང༌། །གདགས་པ་རྒྱན་གྱི་རྣམ་པ་སུམ་བརྒྱ་དང༌། །གསེར་སྒ་གཡུ་སྒ་འཁོར་ཅན་ལ་སོགས་པ། །རྒྱལ་པོ་རྒྱལ་སྲིད་མཛེས་པར་བྱ་བའི་ཕྱིར། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །ཟ་འོག་སྟན་ཐུལ་སེང་གེ་བྱ་བརྒྱད་མ། །ཉི་ཟླ་འཇའ་མཚོན་རི་དྭགས་བཀྲ་བ་དང༌། །ལྗོན་ཤིང་ཤིང་ལོ་ནོར་བུའི་རིས་སུ་བྲིས། །རྒྱལ་པོ་ངོ་མཚར་བསྐྱེད་ཕྱིར་བུ་མོ་ཁྱོད་ལ་བརྫང༌། །དེ་ལྟར་ངོ་མཚར་ཆེ་བའི་འཕྲུལ་ཆ་སྣ་ཚོགས་དང༌། །གཙུག་ལག་ཁང་ཁྲིམས་བཅུ་བཞི་བཅད་པའི་ཐབས། །ཚིག་གི་མཛོད་དང་ཡི་གེའི་གཏེར་ཚོགས་དང༌། །ཚིག་གི་ཕུལ་དང་ཙམ་ཀ་ལ་སོགས་དང༌། །ལུགས་ཀྱི་བསྟན་བཅོས་མང་པོ་ཁྱོད་ལ་བརྫང༌། །སོ་ཚིགས་ས་ཡི་འདུལ་ཐབས་ཡི་གེའི་ཚོགས། །ལེགས་སྦྱོར་སྤྱོད་པ་ལ་སོགས་མང་པོ་དང༌། །བཞོན་ཤེ་རྫིའུ་སྐྱོང་ཕྱུགས་ཀྱི་སྤེལ་ཐབས་དང༌། །གྲངས་དང་རྩིས་དང་ཡི་གེའི་ཚོགས་རྣམས་དང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །རྒྱའི་གབ་རྩེ་སུམ་བརྒྱ་དྲུག་ཅུ་པོ། །ལེགས་ཉེས་སྟོན་པའི་ལས་ཀྱི་མེ་ལོང་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །སོ་ནམ་སྣ་བཞི་འཕྲུལ་གྱི་བྱ་ཐབས་སུམ་བརྒྱ་དང༌། །ཤིང་འཐག་ཆུ་འཐག་འཕྲུལ་གྱི་སྐོར་ཐབས་དང༌། །ཐགས་རན་སྒྲིམ་ཐབས་འཕྲུལ་འཁོར་མང་པོ་དང༌། །འཁར་འཕར་ཆེན་བྱ་བརྒྱ་རི་མོ་མེ་ཏོག་དང༌། །བྱ་རིས་སྤྲིན་གྱིས་བརྒྱན་པའི་ལྡུམ་རིས་དང༌། །ཐགས་ཀྱི་བརྣམས་སྣམ་པ་གཡུ་དྲུང་འཁོར་ལོ་རིས། །པད་མ་སྟོང་ལྡན་གསང་ཆེན་རིན་ཆེན་འཇའ་བ་རིས། །ཐགས་སྐས་ལེན་ཐབས་ཁྱུང་དང་གཡུ་འབྲུག་དང༌། །འཕྲུལ་ཆ་རྣམ་པ་སྣ་ཚོགས་ཀྱང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །བཟོའི་བཙེམ་ཐབས་ཁྱད་པར་སུམ་བརྒྱ་དང༌། །བཀོད་པའི་ཁྱད་པར་དྲུག་བུ་ཐམ་པ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །ནད་རྣམས་བཞི་བརྒྱ་རྩ་བཞི་ཞི་བའི་སྨན། །བརྟག་པ་བརྒྱད་དང་སྤྱད་ལྔ་སྦྱོང་དྲུག་དང༌། །སྦྱོར་སྡེ་བཞི་དང་སྦྱར་ཐབས་སུམ་བརྒྱ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཞི་བྱེད་ཅིང༌། །ཡོན་ཏན་རྒྱ་མཚོ་མ་ལུས་རྒྱས་བྱེད་པའི། །མདོ་སྡེ་རྒྱུད་སྡེ་མང་པོའི་གསུང་རབ་དང༌། །མི་དགེ་བཅུ་སྤངས་དགེ་བཅུ་སྤྱོད་པ་ཡི། །བསྟན་བཅོས་རིག་པའི་ཚོགས་རྣམས་མང་པོ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །རོལ་མོ་རྩེད་འཇོ་ཐག་རྒྱུག་གར་མཁན་དང༌། །སིལ་ཁྲོལ་སིལ་སྙན་དྲིལ་བུ་ཅོང་རྣམས་དང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །པི་ཝང་རྒྱུད་མང་ཧར་ཆུང་སྙན་པའི་སྒྲ། །རྩེད་འཇོ་རོལ་མོ་མང་པོ་སྣ་ཚོགས་དང༌། །དེར་གཏིང་མར་མེའི་སྤར་ཐབས་དང༌། །ཆོས་ཡང་རེང་བུ་སྤོས་ཀྱི་སྦྱོར་ཐབས་དང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བརྫང༌། །དེ་ནས་སང་ནངས་པར་ཀོང་ཇོས་གཡོག་མོ་དམ་པ་བཞི་ཁྲིད་ནས་ཕོ་བྲང་དུ་རྒྱལ་པོ་ལ་ཕྱག་བྱས་སོ། །བློན་པོ་རྣམས་ཀྱིས་ལྷ་གཅིག་ཀོང་ཇོ་ལ་ཕྱག་བྱས་ཏེ་གཤེགས་པར་ཞུ་འཚལ་བྱས་པས། ལྷ་གཅིག་ཀོང་ཇོའི་ཞལ་ནས་བློན་པོ་རྣམས་ལ་གསུངས་པ། བློན་པོ་རྣམས་ལ་ང་བོད་དུ་འགྲོ་བ་ལ་ཤིང་སེ་བ་ཡོད་དམ། རྩ་གྲེས་མ་ཡོད་དམ། ས་ཁམ་པ་ཡོད་དམ། སྔོ་ལོ་མ་ཡོད་དམ། རྡོ་བཟོ་ཉན་ཡོད་དམ། ཡོན་ཏན་སློབ་པ་ཡོད་དམ་གསུངས་པས། བློན་པོས་དེ་རྣམས་འདུག་ཞུས་པས། འོ་ན་སོ་ནམ་བྱར་རུང་གསུངས་ཏེ་དགེས་སོ། །མེ་ཏོག་དང་རྒྱ་སྤོས་དང་ཉུང་མའི་གཞི་དང༌། ཙོང་སྒོག་རྣམས་གཞི་བསྣམས་ནས་བྱོན།  ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟའི་སྟེང་དུ་བཞུགས་སུ་གསོལ།  དེའི་ཕྱི་ཚུར་ལྷ་གཅིག་གཡོག་མོ་དམ་པ་རྣམས་དང་བྱོན་ནོ།   །དེའི་ཟེབས་སྒའི་སྣ་དྲེའུ་དཀར་མོ་གཉིས་ཀྱིས་འཐེན། དེའི་ཕྱི་ན་གཡོག་མོ་རྣམས་དང་རོལ་མོ་པི་ཝང་དང་བཀོད་པ་མང་པལོ་གླུ་ལེན་རོལ་མོ་བྱེད། བོད་ཀྱི་བློན་པོས་མཐའ་བསྐོར་ནས་ཤིང་རྟ་དང༌།  རྟ་དང༌། དྲེའུ་དང༌། རྔ་མོང་དང༌། བོང་བུ་དང༌། གླང་གིས་འཐེན་ཏེ་རྫོངས་དང་བཅས་ནས་བྱོན་ནོ། །ལྷ་གཅིག་གི་འཁོར་ན་གྱད་པ་དཔའ་བོ་ལོ་ཉི་ཤུ་རྩ་ལྔ་ལོན་པ་ལྔ་བརྒྱ་དང༌། རིགས་བཟང་གི་བུ་མོ་ལོ་བཅུ་དྲུག་ལོན་པ་ལྔ་བརྒྱ་སྟེ་ཚོ་དང་བཅས་པ་བཏང་ངོ༌། །དེ་ཡང་སྐར་མ་ནབས་སོ་ཤར་བའི་དུས་ལ་བབས་པ་ན། མཁར་གྱི་ཕྱིར་ཆས་ནས་བྱོན། ཉི་མ་ཤར་བ་ཙམ་ལ་གར་སླེབས་སར་བསྡད་དེ་ཐང་བདེ་བ་དང༌། ཤིང་དང་མེ་ཏོག་གི་ཤིང་རྩའི་བསིལ་གྲིབ་ལ་ཟ་འོག་གི་ལྡིང་ཕུབ། རིན་པོ་ཆེའི་ཁྲི་བརྩིགས་པའི་སྟེང་དུ་ཇོ་བོ་ཤཱཀྱ་བཞུགས། དེའི་དྲུང་དུ་ལྷ་གཅིག་གིས་གཡོག་མོ་དམ་པ་བཞི་དང༌། ལྷ་རོལ་དང་བཅས་ནས་ཇོ་བོ་ལ་བསང་བུ་འདྲེན། ལྷ་གཅིག་ཀྱང་བསང་བུ་གསོལ། སེ་ཏོག་དང་མེ་ཏོག་མང་པོས་མཆོད་པ་འབུལ། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཞེས་བསྟོད་པ་བྱེད། དེ་ཚར་ནས་བསང་བུའི་ལྷག་མ་རྣམས་གཡོག་ཕོ་མོ་དང་བློན་པོ་རྣམས་ཟ། བོད་ཀྱི་བློན་པལོ་རྣམས་ཟས་སྣ་ཚོགས་ཟོས་ཏེ། གླུ་གར་ལ་སོགས་ལོངས་སྤྱོད་བྱེད། ལ་ལ་ནི་མདུན་མ་བྱེད། ལ་ལ་ནི་གྱད་སྟོབས་འགྲན། ལ་ལ་ནི་ཤོ་རྩེ། ལ་ལ་ནི་ཁྲན་རྩེ། ལ་ལ་ནི་བོད་དུ་འདི་ཚོད་ཙམ་ན་སླེབས་རེ་དགའ་ཟེར་ཞིང་ཡོང་ངོ༌། །སློན་པོ་མགར་ནི་བོད་བློན་གྱི་མི་ཚབ་ཏུ་བཞག དེར་རྒྱལ་པོ་རིག་པ་ཆེ་བས་མགར་མི་གཅིག་ཕུང་ཟེར་བ་བྱུང་ངོ༌། །རྒྱལ་པོས་མི་སྐྱིན་དུ་བཞག་ནས། བློན་པོ་རིག་པ་ཅན་འདིའི་རྒྱུད་འདྲ་འཕེལ་ལམ་ཟེར་ནས་རྒྱ་མོ་རིགས་བཟང་མ་གཅིག་གྲོགས་ཀྱི་དམ་པར་གནང་ངོ༌། །དེ་ལྟར་བྱས་ཀྱང་བློན་པོ་ཆེན་པོ་རིགས་རྒྱུད་འཕེལ་གྱིས་དོགས་ནས་འབྲེལ་བར་མ་གྱུར་ཏོ། །དེ་ནས་བློན་པོས་ཐབས་བྱས་ཏེ་ཟས་ཅི་བྱིན་པ་མ་ཟོས་པར་ཤིན་ཏུ་ལུས་ངན་པར་གྱུར། ཉི་མ་ལ་རྟག་ཏུ་བསྡད་པས་ཤ་སྔོ་བར་གྱུར། འཁུར་བ་གཡས་དང་གཡོན་དུ་མཚལ་དང་རམས་བཅུག་ཏེ་བསྲེས་ནས་ལུད་པ་བོར་བས་ལུད་པ་སྔོན་དམར་དུ་བྱུང་ངོ༌། །མལ་འོག་སའི་འོག་ཀོ་རློན་བཏིང་པའི་ཁར་གདན་བཏིང་པ་ལ་ཉལ་བས་དྲི་མ་རྒྱ་མོས་ཚོར་བར་གྱུར། བློན་པོ་ཆེན་པོ་སྐུ་ལུས་དྲི་མི་ཞིམ་པ་བྲོ་བ་ཅི་ཡིན་ཟེར། བློན་པོ་ན་རེ། ང་ལ་རྒྱའི་ཚད་པའི་ནད་བྱུང་བ་མ་ཚོར་རམ་ཟེར། དེར་ཉིན་གཅིག་ཙམ་ན་རྒྱལ་པོ་བྱོན་ནས་བློན་པོ་ཆེན་པོ་ལ་ནད་བྱུང་ངམ། ཅུ་ཞིག་བདེར་སོང་ན་འོ་སྐོལ་འདུན་མ་བྱ་རྒྱུ་མང་པོ་ཡོད་གསུངས། རྗེ་ལགས་ཞེ་ས་ཞུ་འཚལ། བྲོ་འཚལ་ཞིང་གདའ་བྱས་པས། རྒྱལ་པོས་བློན་པོ་དེ་མི་ཐུབ་གཟིགས་ནས། དེར་ལུད་པ་བསྐྱུར་བ་ཡང་རྣག་ཁྲག་ཏུ་བྱུང༌། དྲི་མི་ཞིམ་པར་སོང༌། ཐོ་ཕྱི་ན་ཡང་རྣག་ཅན་གྱི་ལུད་པ་བསྐྱུར་བ་སྐམ་པོ་མང་པ་གཟིགས། རྒྱལ་པོ་དེ་བློན་པོ་ཞི་དོགས་ནས། སང་ནངས་པར་རྒྱ་ནག་ན་མཁས་པའི་སྨན་པ་གསུམ་པོས་ནས་རྩ་བསྟན་པ་ལ།  བློན་པོའི་ཞལ་ནས་རྒྱ་མོ་ཁྱོད་དོ་ནུབ་ཁྱིམ་གཞན་དུ་ཉོལ།  འོ་ཅག་ལྷན་ཅིག་ཏུ་ཉལ་ན་བུད་མེད་བྱ་བ་དྲི་མ་ཆེ་བས།  སང་ནངས་པར་ལྷ་རྗེ་རྩ་ལྟ་བ་མི་མངོན། དེ་ལྟར་བྱུང་ན། སྨན་པས་དཔྱད་ལོག་བྱས་ནས་ང་ཤི་ན་ཁྱོད་ལ་ཡུག་ཟ་ཡོང་ཟེར་ནས་སྒོར་བཏོན།  གཅན་ལྤགས་ལ་མལ་ཟླུམ་ལཔོ་མཐོན་པོ་བྱས་ནས་ནང་ལོགས་ཐམས་ཅད་སྲིན་བལ་གྱིས་བཀབ་སྟེ་མཚན་མོ་དེར་ཚུགས་ཚད་ཉལ་བ་སྐྱིལ་ཀྲུང་བྱས་ཤིང་ཉལ་ལོ།  །དེས་རྩ་ཐམས་ཅད་འཁྲུགས་ནས་ནངས་པར་སྨན་པ་གསུམ་གྱིས་བལྟས་ཙ་ན།  རྒྱལ་པོ་ལ་རྩ་བལྟས་པའི་ལུང་བྱིན་པ། བློན་པོ་ཆེན་པོའི་སྙུང་ནད་འདི་རླུང་ལས་གྱུར་བའི་ནད་བརྒྱ་རྩ་གཅིག་ཀྱ་མ་ཡིན།  དེ་བཞིན་མཁྲིས་པ་ལས་གྱུར་པ་ཡང་མ་ཡིན།  བན་ཀན་ཡང་མ་ཡིན།  འདུས་ལཔ་ལས་གྱུར་པ་བརྒྱ་རྩ་གཅིག་ཀྱང་མ་ཡིན།   བགེགས་རིགས་སྟོག་ཕྲག་བརྒྱད་ཅུ་དང་བྱིས་པའི་གདོན་ཆེན་བཅོ་ལྔ་ཡང་མི་གནོད།  དེ་མ་ཡིན་པའི་ནད་ཚབས་ཆེན་པོ་ཞིག་འདུག་སྟེ་ངེད་རྣམས་ཀྱིས་བཅོས་མི་ཤེས་ཟེར་རོ། །དེར་བློན་པོ་རིག་པ་ཙན་གྱིས་ཤེས་ཏེ་འོང་སྙམ་ནས། རྒྱལ་པོའི་ཞལ་ནས། བློན་པོ་ཆེན་པོ་ཁྱོད་རིག་པ་ཅན་ཡིན་ན་ཁྱོད་ཀྱི་ནད་འདི་རང་ཅི་ཡིན་པར་འདུག་ཅེས་དྲིས་པས། འདི་གཞན་མ་ཡིན། བོད་ཀྱི་ལྷ་གཉན་མ་དགའ་བ་ཡིན་ནོ་ཟེར། འོ་ན་ཅིས་ཕན་དྲིས་པས་གཏོ་བྱས་ན་ཕན་ཟེར་བས། དེ་ལ་ཡས་ཐབས་ཅི་དགོས་བྱས་པས། རྟ་མོག་རོ་མགོ་དམར་གཅིག་དང༌། ཟ་འོག་གི་ཐལ་བ་སྒྲོ་བ་གང༌། ལུག་གི་མཚེར་ཁྲག་གྲོད་པལ་གང༌། སོལ་པའི་མདུང་སིང་གང་ཆག་མེད་པ་འདོམ་གསུམ། མདའ་གསུམ། ཁྲུ་གསུམ་བྱས་པ་ཞིག་དགོས་ཟེར་ནས་དེར་ནགས་རི་ཐམས་ཅད་བསྲེགས་ཏེ་སོལ་བར་བཏང་ཡང་སོལ་བའི་མདུང་ཤིང་སེར་ཀ་མེད་པ་མ་བྱུང༌། དར་ཟབ་ཐམས་ཅད་བསྲེགས་ཀྱང་ཐལ་བ་སྒྲོ་བ་གང་མ་བྱུང༌། ལུག་ཐམས་ཅད་བསད་ཀྱང་མཚེར་ཁྲག་གྲོད་པ་གང་མ་བྱུང༌། ལུག་ཐམས་ཅད་བསད་ཀྱང་མཚེར་ཁྲག་གྲོད་པ་གང་མ་བྱུང༌། དེ་རྣམས་གང་ཏེ་རྙེད་པ་བྱུང་ན་ཡང་རྟ་མོག་རོ་མགོ་དམར་མ་རྙེད་པས། དེར་བློན་པོ་ན་རེ། ལར་ང་འཆི་ཟེར་རོ། ནད་འདྲིར་བྱུང་བ་ལ། ཁྱེད་རང་སྙིང་ན་སར་སྐྱོལ་ཅིག ང་ཞག་བདུན་ནས་འཆི་ཡི། འཆི་སར་ལྟས་ངན་སྣ་ཚོགས་འབྱུང་བར་འགྱུར་རོ། །དེའི་མཐུས་རྒྱལ་ཁམས་སུ་མི་ཕྱུགས་ཐམས་ཅད་ཉེས་པར་འགྱུར་རོ་བྱས་པས། དེར་རྒྱལ་པོས་བློན་པོ་ཤི་དོགས་ནས་འདི་སྐད་གསུངས་སོ། །བློན་པོ་ཆེན་པོ་ཁྱེད་རིག་པ་ཆེ་བ་ཡིན་པས་ནད་འདིར་ཕན་པའི་ཐབས་ཅི་ཡོད་གསུངས་སོ། །བློན་པོ་ན་རེ། ལྷ་ནད་ཡིན་པས་བོད་ཀྱི་རི་མཐོང་སར་ལྷ་གསོལ་ན་ཞེས་ཞུས་པས། དེར་རྒྱལ་པོ་བློན་པོ་ཤི་དོགས་ནས་རྟ་མཚལ་བུ་རྔོ་ནག་ལ་བསྐྱོན་ནས་མདོ་སྨད་ཙོང་ཁར་ལྷ་གསོལ་དུ་བཏང་ངོ༌། །བློན་པོ་བོད་དུ་ཤོར་གྱིས་དོགས་ནས་གྱད་མི་བཞི་སྐུ་སྲུང་ལ་བཏང༌། ཡར་འགྲོ་ཁར་རྒྱལ་པོས་བློན་པོ་ལ་ཁྱེད་རིག་པ་ཅན་ཡིན་པས། སོ་ནམ་གྱི་ལུགས་ཇི་ལྟར་བྱས་ན་བཟང་གསུངས་པས། ས་བོན་སྤུ་སེར་ཙམ་གྱིས་ལ་ཐོབ་དང་སྙེ་མ་གྲུང་ལ་ལེགས་པ་སྨིན་སླ་བ་འོང་བྱས་པས། ཁྲིམས་ཀྱི་རྔ་བརྡུངས་ནས་ཞིང་ལ་ས་བོན་ཐམས་ཅད་སྤུ་སེར་ཙམ་བྱས་ནས་བཏབ་པས་འོང༌། དེ་བཞིན་མི་བྱེད་ན་ཆད་པ་གཅོད་དོ་བྱས་པས། རྒྱའི་རྒྱལ་ཁམས་ཐམས་ཅད་ཀྱིས་བློན་པོ་རིག་ཅན་གྱི་ཁ་ཏ་བྱས་པ་བདེན་ནམ་བསམ་པ་དང༌། རྒྱལ་ཁྲིམས་བཙན་པས་ཐམས་ཅད་ཀྱིས་ས་བོན་བརྔོས་ནས་བཏབ། དེ་ནས་རྒྱ་ནག་གིས་བོད་ཀྱི་བློན་པོ་ཡར་བཏང་ལམ་དུ་ཞུགས་ནས། གྱད་མི་བཞི་པོ་ལ་ཟས་ཅུང་ཟད་ཙམ་ལས་མ་བྱིན་པར་ཁྲིད་དེ་རྒྱ་མོ་ཚ་བའི་རོང་དུ་སླེབས་པ་དང༌། དེའི་ཚེ་རྒྱ་ཡི་སྟོབས་ཅན་བཞི་པོ་ལ་ཆང་མང་པོ་མྱོས་མྱོས་བླུད་ནས་རི་ལ་ཕྱིན་ཙ་ན་རྟ་རྣམས་ཀྱི་རྨིག་པ་ལ་སྐྱོན་བྱས་སོ། །རྟ་མོག་རོ་མགོ་དམར་དེ་གཞན་གྱི་རྟ་བང་གིས་མི་སླེབས་པ་ཡིན་པས། དེ་བཞོན་ནས་ཁོང་བཞི་ལ་ཆུ་གཏོར་དགྲ་བྱུང་ལོངས་བྱས་པས། ཁོང་བཞིས་ཐོ་མེ་ཐོ་མེ་ལངས་ཙ་ན་ལྕག་བརྒྱབ་ཤད་ཀྱིས་སོང་བ་དང༌། ཁོང་བཞི་པོ་ན་རེ། བོད་ཀྱི་བློན་པོ་ཆེན་པོ་དེ་འདྲ་བྱེད་པ་སྔར་ནས་དོགས་དོགས་པ་དེར་བྱས་སོ། །འོ་སྐོལ་རྣམས་ལོག་ན་ནི་རྒྱལ་པོས་ཆད་པ་གཅོད་པས་བློནཔོ་དེ་རང་གི་ཕྱིར་འབྲངས་ཟེར་ནས་སོང༌། བློན་པོས་ཀྱང་མི་ཉེ་མི་རིང་བར་ཁྲིད་ནས་ཕྱིན་ཙ་ན། ལྷ་གཅིག་གི་འཁོར་དང་བློན་པོ་མགར་གྱི་སྲུང་མ་ལས་བོད་ཀྱི་མིའི་རུས་རྒྱ་ཡིན་ཚད་དེ་རྣམས་ལས་གྱེས་པ་ཡིན་ནོ། །དེར་ཤུལ་དུ་རྒྱ་ནག་གི་ལྗང་པ་སྐྱེས་པ་ན་ཤིན་ཏུ་བཟང་བར་བྱུང་བ་ལ། སྟོན་དུ་སོང་ཙ་ན་སྙེ་མ་ལོང་བར་སོང་ནས། གཅིག་ན་རེ། བོད་ཀྱི་བློན་པོས་གདུག་པ་བྱས་པ་འདྲ། སྙེ་མ་ཐམས་ཅན་ལོང་བར་སོང་འདུག་ཟེར། དེར་རྒྱ་ཐམས་ཅད་ཀྱིས་དར་ཟབ་ཀྱང་རབས་བཅད། ཤིང་ཐམས་ཅད་ཀྱང་བསྲེགས།  ལུག་ཐམས་ཅད་ཀྱང་བསད། ཤཱཀྱ་མུ་ནེ་ཡང་ལྷ་གཅིག་གིས་ཁྱེར་བས་བོད་ཀྱི་བློན་པོས་རྒྱའི་ཡུལ་ཁམས་ཐམས་ཅད་ཕུང་བར་བྱས་སོ། །ཞེས་གླེང་བས་གཅིག་གིས་གཅིག་ཏུ་བརྒྱུད་ནས་རྒྱལ་པོའི་སྙན་སོང་ངོ༌། །རྒྱལ་པོའི་བསམ་པ་ལ་བདེན་ནམ་སྙམ་ནས། ངན་པ་དེ་བོད་སོང་བ་ཡིན་དེད་ཅིག་གསུངས་པས། རྟ་པ་མང་པོ་འདེད་དུ་བཏང་ངོ༌། །བློན་པོས་ཉིན་གཅིག་མཚེར་རྙིང་པ་ཞིག་ནས་གྱད་པ་མི་བཞི་སྦངས་སྐམ་པོ་འཐུ་རུ་བཅུག་ནས་གཙང་པོ་ལ་བསྐྱུར་བས་རྒྱའི་དེད་མིས་ཆུའི་ནང་ནས་སྦངས་བྱུང་བ་མཐོང་བས། དེར་སླེབས་ཀྱང་ཕན་མེད་ཁོ་ལ་བསུ་བའི་དམག་མང་པོ་བྱུང་བས་རབ་ལ་བརྒལ་བའི་སར་རྟའི་སྦངས་བཏང་བ་ཡང་འདི་ཙམ་བྱུང་ཟེར་རོ། །གཅིག་ན་རེ། ད་དུང་དེད་ཅིག་ཟེར་ནས་བདས་ཙ་ན། ཡང་བློན་པོས་རྟ་ལྕག་གི་རྒྱུའི་སྤ་ནགས་དང་འཕྲད་ནས་སྤ་མང་པོ་བཅད་དེ་ལྕགས་མང་པ་བྱས་ནས་ཆུ་ལ་བསྐུར་བས། རྒྱའི་དེད་མིས་མཐོང་ནས་འོ་སྐོལ་རྣམས་ཀྱིས་ཁོའི་རྗེས་སླེབས་ཀྱང་ཕན་མེད། རྟ་ལྕག་ཆུ་ལ་ལྷུང་བ་ཡང་འདི་ཙམ་འདུག་པ་ལ་འོ་སྐོལ་ཐམས་ཅད་ཐབས་ཀྱིས་ཁྲིད་འགྲོ། ལོག་པ་ལེགས་ཟེར་ནས་མར་ལོག་གོ། །དེ་ནས་བློན་པོ་ཡང་བྱོན་ཙ་ན། ཀོང་ཇོ་དཔོན་གཡོག་ནམ་ཟླ་དབྱར་ཁའི་ཉི་མ་དྲོས་པའི་དུས་སུ་སྤང་ཐང་བདེ་མོ་མེ་ཏོག་ཁྲ་ཡལ་ལེ་བ་ལ། དར་དཀར་གྱི་གུར་ཕུབ། རིན་པོ་ཆེའི་ཁྲི་བཤམས། ཟ་འོག་གི་འབོལ་བཏིང༌། ལྷ་ཤཱཀྱ་མུ་ནེ་གསེར་ཁྲི་ལ་བཞུགས། དེའི་དྲུང་དུ་ཀོང་ཇོས་འབྲས་ཆང་ལྷུང་བཟེད་བཀང་ནས། མཆོད་པ་མང་པ་འབུལ་ཞིང་མེ་ཏོག་དང༌། བདུག་སྤོས་ཀྱིས་མཆོས་ནས་དངུལ་གྱི་པི་ཝང་གི་རྒྱུད་ལ་བརྟེན་ནས་བསྟོད་པ། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་རི་བོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཁྱོད་ལ་ནི་གུས་ཕྱག་འཚལ། །ཅེས་བསྟོད་པ་ཕུལ། དེ་ནས་ལྷ་གཅིག་ལ་བསང་བུ་འདྲེན། དེའི་ལྷག་མ་རྣམས་གཡོག་མོ་རྣམས་ཕམ་ཕམ་བྱེད་དོ། །དེ་ནས་སྒང་བུ་ཤིན་ཏུ་མཐོ་ས་ནས་བལྟས་ཙ་ན། གྱད་ཁལ་དང་བཅས་པ་སླེབས་ཏེ། ལ་ལ་ནི་ཕྱག་བྱེད། ལ་ལ་ནི་བསྟོད་པ་བྱེད། ལ་ལ་ནི་རྩེད་དགའ་སྟེ་འདོད་པའི་ལོངས་སྤྱོད་ལ་ལོངས་སྤྱོད། ཚུལ་དེ་ལྟ་བུས་སྔ་དྲོ་རེ་ལ་ཉིན་ལམ་བཅུ་དྲུག་རེ་གཅོད་ཅིང་འོངས་སོ། །དེར་བློན་པོ་མགར་གྱིས་ནག་ཤོད་དུ་ཀོང་ཇོ་ཆས་པའི་རྗེས་སླེབས་ཏེ། དགའ་སྟོན་ཆེན་པོ་ཡང་བྱས་སོ། །ཀོང་ཇོ་ལ་བློན་པོ་མགར་གྱི་བུ་ཆགས་པས་རྒྱལ་མོ་འཕྲང་ལམ་འཆོས་ཤིང་དུས་འགོར་ཟེར་བ་སོགས་སུ་གྱུར་བྱ་བ་དང༌། ཤ་བ་ལ་ཞིང་རྨོད་པ་དང༌། གླང་བུ་ངུ་ཐང་དུ་དུས་འགོར་བར་ཡང་གྱུར་ཏོ། །ཤཱཀྱ་མུ་ནེས་བོད་ཀྱི་ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས་སོ། །དེ་ནས་རྒྱལ་པོ་ལ་ཕོ་ཉ་བསྲིངས་ནས་རྒྱ་མོ་ཀོང་ཇོ་ཡང་གདན་འདྲོངས་ནས་ཡོད། གསེར་གྱི་ལྷ་ཤཱཀྱ་མུ་ནེ་ཡང་གདན་འདྲོངས་ནས་ཡོད་དོ། གྱད་མི་བརྒྱད་ཀྱང་ཡོད་བྱ་བའི་ཕོ་ཉ་བ་བསྲིངས་ནས། བསུ་བའི་བཀོད་པ་དང་ལམ་འཕྲང་ཡང་ལེགས་པར་འཆོས་ཤིག་བྱས་པས། གྲོང་ཁྱེར་བ་རྣམས་ཀྱིས་ཤར་ཕྱོགས་མགར་སྣའི་གདོང་དུ་ལམ་འཆོས་ཤིག་པར་བཀའ་བསྩལ་ཏོ། །ཡང་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་ལྷོ་ཕྱོགས་ནས་འོང་བས། གྲོང་ཁྱེར་བ་ཀུན་གྱིས་ལྷོ་བསེ་སྒྲོམ་གྱི་ལམ་འཆོས་ཤིག་པར་བཀའ་བསྩལ་ཏོ། །ཡང་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་ནུབ་ཕྱོགས་ནས་འོང་བས། གྲོང་ཁྱེར་བ་ཀུན་གྱིས་ནུབ་ཕྱོགས་དན་འབག་ནས་ལམ་འཆོས་ཤིག་ཅེས་བཀའ་བསྩལ་ཏོ། །ཡང་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་བྱང་ཕྱོགས་ནས་འོང་བས། གྲོང་ཁྱེར་བ་ཀུན་གྱིས་བྱང་ཕྱོགས་སྒོ་ཕུག་ནས་ལམ་འཆོས་ཤིག་པར་བཀའ་བསྩལ་ཏོ། །དེ་ནས་ཡང་ཕྱོགས་བཞི་ཀ་ནས་ཀོང་ཇོ་དང་ལྷ་ཤཱཀྱ་མུ་ནེ་བྱོན་པར་གྱུར་ཏོ། །ཤར་ཕྱོགས་རྒྱ་མོ་རབ་ཁ་བྱ་བར་ཐོགས། ལྷོ་ཕྱོགས་བསེ་སྒྲོམ་གྱི་ཕུ་ན་འཁྱགས་པ་ཡོད་པས་དེ་ལ་ཀོང་ཇོ་ན་རེ། འདི་དུང་དཀར་གཡས་སུ་འཁྱིལ་བ་འདྲ་ཟེར། ནུབ་ཕྱོགས་ཕག་སྣའི་གདོང་དུ་ས་སྒོ་བྱེ་བ་དང༌། གནམ་སྒོ་བྱེ་བ་ལ་མགོན་པོ་མཆེད་ལྕམ་དྲལ་རྡོ་ལ་འབུར་དུ་དོད་པ་ཡོད་ཟེར་རོ། །བྱང་ལྷ་བསུ་གདོང་ན་བུས་བ་བྱེད་པ་ཡང་གནང༌། ལྷ་སའི་ནགས་ཀྱི་གསེབ་ནེ་ཆུང་གི་སྟོད་ན་ཆུ་མིག་གི་འདམ་དུ་ཤིང་རྟ་བྱིང་བ་དང༌། གྱད་ལྷ་དགས་སྐུ་བཏེགས། ཀླུ་དགས་ཤིང་རྟ་བཏེགས་ཏེ་འདམ་ནས་བཏོན་པས། ཤིང་རྟ་འགུལ་བར་མ་ནུས་སོ། །བསྐྱོད་པར་ག་ལ་ནུས། གྱད་གཉིས་ངལ་སོས་ནས་གྱད་ལྷ་དགས་སྐུ་བཏེགས་པས་འགུལ་བར་མ་ནུས་བསྐྱོད་པར་ག་ལ་ནུས་སོ། །གྱད་ལྷ་དགའ་དང་ཀླུ་དགའ་གཉིས་ཀ་ལོག་ནས་བཏེགས་པས་ཀྱང་སྐུ་དེ་ཤིན་ཏུ་ལྕི་བར་གྱུར་ནས་དེར་བཞུགས་ཏེ་ས་ལས་བྲལ་མ་ནུས་སོ། །ཀོང་ཇོས་སྙམ་ན་འདི་ཇི་ལྟར་ཡིན། ཅིའི་རྟགས་ཡིན་སྙམ་ཏེ། སྤོར་ཐང་སུམ་བརྒྱའི་གབ་རྩེ་བཏིང་ནས་ཇུ་ཞག་བརྩིས་པས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ས་གཞི་སྲིན་མོ་གན་རྐྱལ་ལ་འགྱེལ་བ་འདྲ་བར་མཁྱེན། ལྷ་སའི་འོ་ཐང་གི་མཚོ་སྲིན་མོའི་སྙིང་ཁྲག་ཏུ་མཁྱེན། ས་ཡུལ་དེ་ནི་སྙིང་ཁར་མཁྱེན། ཐང་འདིའི་དཀྱིལ་ན་རི་བོག་ཆད་དེ་གཉིས་སྙིང་གི་རུས་པ་སེམས་ཅན་ཐམས་ཅད་ཀྱི་སྲོག་ཟ་བའི་གནོད་སེམས་སུ་མཁྱེན། ཤར་གྱི་རི་སྣ་ནུབ་ཏུ་ཟུག་ནུབ་ཀྱི་རི་སྣ་ཤར་དུ་ཟུག ལྷོའི་རི་སྣ་བྱང་དུ་ཟུག བྱང་གི་རི་སྣ་ལྷོར་ཟུག་པ་དེ། མི་སྤྱོད་ངན་པ། ས་གཞི་ཐམས་ཅད་ཇག་པའི་སྐྱེ་བོས་གང་བར་མཁྱེན། དེ་བས་རྒྱ་ཆེར་བརྩིས་ཏེ་གཟིགས་པས། ཡུལ་དེའི་ཤར་ན་རི་པད་མ་ར་ག་སྤུངས་པ་འདྲ་བ་ཡོད། ལྷོ་ན་རི་རིན་པོ་ཆེ་སྤུངས་པ་འདྲ་བ་ཡོད། ནུབ་ན་རི་མཆོད་སྡོང་བཙུགས་པ་འདྲ་བ་ཡོད། བྱང་ན་རི་མན་ཇིའི་ཁར་དུང་ཆོས་ཆབ་ཀྱིས་བཀང་བ་བཞག་པ་འདྲ་བ་ཡོད། དེ་རྣམས་ནི་ས་ཕྱོགས་དེར་དད་པ་ཅན་གྱི་སྐྱེ་བོ་མང་པོ་འབྱུང་ཞིང་འདུ་བར་རང་རང་གི་ཡོན་ཏན་འབྱུངབའི་ལུང་དུ་མཁྱེན། དེར་དད་པ་ཅན་གྱི་སྐྱེ་བོ་མང་པོ་འབྱུང་བས་ངང་གིས་དད་པ་ཆེ་བ་དང༌། ཆོས་བྱར་རུང་བ་རང་བཞིན་གྱིས་ཡོན་ཏན་འབྱུང་བའི་གཞི་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར། གཙུག་ལག་ཁང་ཞིག་བཞེངས་དགོངས་པར་མཁྱེན། དེ་ལ་དེའི་དཔྱད་མཛད་པས་སའི་དབྱེ་བ་སུམ་བརྒྱད་དང་དྲུག་ཅུ། སའི་དཔྱད་ནོར་རེ་རེ་བདུན་ཅུ་རྩ་གསུམ། དེའི་ངོས་བཟུང་བ་དགུ་བཅུ་ཐམ་པ། ངོས་བཟུང་པའི་སྐྱོན་ཟློག་པ། དེའི་འབྲས་བུ་ཆུད་མི་ཟ་བར་བྱེད་པ། དེ་ཐམས་ཅད་ཀྱང་བསྡུས་ན་བཞིར་འདུས་ཏེ། སྐྱེ་བོ་མང་པོ་འདུ་བའི་ས། རྒྱལ་པོའི་ས་གཏན་ལ་དབབ་པ་དང༌། འཕགས་པ་རབ་ཏུ་བྱུང་བའི་ས། གཙུག་ལག་ཁང་གི་ས་གཏན་ལ་དབབ་པ་དང་དྲང་སྲོང་མང་པོ་འབྱུང་བའི་གནས། དགོན་པའི་ས་གཏན་ལ་དབབ་པ་དང༌། རེ་ཞིག་བདེ་བར་སྤྱོད་པའི་ས། སྐྱེ་བོ་ཕལ་པོ་ཆེའི་ས་གཏན་ལ་དབབ་པའོ། །དེ་དག་ལས་ཀྱང་ད་རེས་དང་པོ་གཉིས་ཀྱི་ས་གཏན་ལ་འབེབས་ཏེ། དེ་ཡང་ཡོན་ཏན་རྣམ་པ་བརྒྱད་ཡོད་པ་ཞིག་དགོས། ཡོན་ཏན་བརྒྱད་ཡོད་པ་ལ་སྐྱོན་ལྔ་ཙམ་ཡང་ཡོང༌། ཡོན་ཏན་བརྒྱད་ཡོད་པ་ནི། གནམ་འཁོར་ལོ་རྩིམས་བརྒྱད་དུ་ཡོད་པ། ས་པད་མ་འདབ་བརྒྱད་དུ་ཡོད། བར་བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི་ས། ཇུ་ཡག་གི་ལྷ་ཁང་ཚངས་པ། རིན་པོ་ཆེ་སྣ་ལྔ་ཡོད་པའ། དེའི་ནུས་པ་འདོན་པ་ལ་སྐྱོན་ལྔ་སེལ་དགོས་པར་མཁྱེན། སྐྱོན་ལྔ་ནི་ཀླུའི་ཕོ་བྲང་དང༌། འདྲེའི་འདུན་ཕུང་དང༌། མ་མོའི་ཉལ་ས་དང༌། བཙན་གྱི་རྒྱུ་སྲང་དང༌། འབྱུང་བའི་ས་དགྲ་དེ་རྣམས་རིམ་གྱིས་བཟློག་པ་ལ། ཀླུའི་ཕོ་བྲང་གི་ཁར་ཇོ་བོ་ཤཱཀྱ་མུ་ནེས་མནན་པར་མཁྱེན། སྐུའི་ཕྱོགས་བཞིར་ཀ་བ་བཞི་བཙུགས། དེ་ལ་དར་གྱི་ཡོལ་བ་བྲེས་ནས་གྱད་པ་མི་གཉིས་སྲུང་དུ་བཅུག་སྟེ། ཀོང་ཇོ་དཔོན་གཡོག་རྣམས་རྒྱལ་པོའི་ཕོ་བྲང་གི་ཤར་སྒོར་བྱོན་ནས། སྙེ་བོ་རྟ་པ་བརྒྱ་ཐམ་པས་སྒོ་བ་གཉིས་ལ་བརྡ་སྦྱར་ཏེ། ཁྱེད་རྒྱལ་པོའི་སྤྱཧ་སྔར་སོང་ལས། ཀོང་ཇོ་ཡང་སྤྱན་དྲོངས་ནས་ཡོད། གསེར་གྱི་ལྷ་ཤཱཀྱ་མུ་ནེ་ཡང་སྤྱན་དྲོངས་ནས་ཡོད། དགའ་སྟོན་ཆེན་པོ་ཡང་གྱིས་ཤིག རྒྱལ་པོ་ཡང་དགའ་སྟོན་གྱི་སར་སྤྱན་འདྲོངས་བྱ་བའི་ཞུ་འཕྲིན་བཏང་ངོ༌། །དེར་སྒོ་བས་དགའ་སྟོན་གྱི་རྔ་བརྡུངས་པས། སྐྱེ་བོ་ཐམས་ཅད་ཅི་བྱེད་ན་ཟེར་ཞིང་ལྟ། དགའ་སྟོན་གྱི་རྔ་རེ་བརྡུངས་པས་ཨ་རེ་དགའ། ཀོང་ཇོ་ཡང་བྱོན། གསེར་གྱི་ལྷ་ཤཱཀྱ་མུ་ནེ་སྤྱན་དྲངས་ཟེར་ནས། གྲོང་ཁྱེར་གྱི་མི་རྣམས་རྒྱན་ཐམས་ཅད་ཀྱི་བརྒྱན་ནས། སྲང་ཀ་ན་ཕར་ཚུར་འུར་རྒྱངས་དང་ཆས་ནས་འོངས་བས། ལྷ་གཅིག་ཁྲི་བཙུན་ཕོ་བྲང་ན་བཞུགས་པའི་ཐུགས་དགོངས་ལ། འུར་སྒྲ་དེ་ཙམ་ཅི་ཡིན་སྙམ་སྟེ་གོང་ཁར་བྱོན་ཏེ་བལྟས་པས། ཀོང་ཇོ་དཔོན་གཡོག་རྣམས་ཤར་སྒོ་ན་འདུག་པ་གཟིགས། ལྷ་ས་བྱེ་མའི་གླིང་ཆུ་མིག་ཁ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བཞུགས་པ་མཐོང་བ་དང༌། འདི་སྙམ་དུ་བསམས་ཏེ། ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པའི་ས་ཡ་ཀིར་ལྷ་ཁང་བྱ་བསམ་པར་འདུག་སྟེ་ངས་ལྷ་ཁང་མ་བརྩིགས་པར་མོ་ལྷ་ཁང་རྩིག་མི་གཞུག་དགོས་སྙམ་ན། ཀོང་ཇོ་བོས་ཏེ། ཡེ་ཀོང་ཇོ་ཁྱོད་ལ་ལྷ་དང་དུག་སྟེ། ལྷ་ང་ལ་ཡང་ཡོད། ཆེན་མ་ཡང་ང་ཡིན། ཕོ་བྲང་ཆེན་པོ་འདི་ཙམ་པ་ངས་བརྩིགས། བྱས་པ་ཡང་ང་ཆེ། ངས་ལྷ་ཁང་མ་བརྩིགས་པར་ཁྱོད་ཀྱིས་ལྷ་ཁང་མ་རྩིགས་ཤིག།  ཅེས་ཨ་ནན་གྱིས་བོས།   ཀྱེ་མ་ཀོང་ཇོ་ཁྱོད་གཡོག་འཁོར་མང་པོ་བྱས་ནས་བྱོན། །དཀའ་ལས་བྱས་ནས་སྙེ་བོས་བཀུག །ཚེགས་མེད་བོད་ཀྱི་ཡུལ་དུ་བྱོན། །ང་ནི་ཐེམ་པ་སྔ་བརྒལ་ཡིན། །ཆེན་མ་ཆེ་བ་ཆེ་རྒྱུ་ཡིན། །ཆེན་མ་བཙུན་པ་བཙུན་རྒྱུ་ཡིན། །ཆེན་མ་གཉན་རེ་གཉན་རྒྱུ་ཡིན། སྔ་མ་མི་ཆེ་མི་བཙུན་ན། །སྔ་མ་མི་དགེ་མི་གཉན་ན། །འཇིག་རྟེན་ཆོས་ལུགས་སྨད་པར་འགྱུར། །དེ་ལས་ཐབ་ཀ་ང་སྔ་ཞིང༌། །རྗེའི་སྐུ་མཐོང་བ་ང་སྔ་བས། །ང་ལ་སྔོན་དུ་གུས་པར་གྱིས། །ལར་ནི་འཇིག་རྟེན་ལུགས་ལྟར་ན། །སློང་བར་བྱེད་ན་སུ་ཞིག་བཙུན། །བྲན་མོ་བྱེད་ན་སུ་ཞིག་བཙུན། །དགེ་བར་མི་བྱེད་སུ་ཞིག་འཁུར། །དམ་ཆོས་བྱེད་པ་སུ་ཞིག་སྡུག །དཀོན་མཆོག་མཆོད་པ་སུ་ཞིག་འབུལ། །ཁྲུངས་མ་འཐུང་བར་ཞིག་ཞིམ། །བཙུན་མོ་ཡོང་བ་སུ་ཞིག་བཟང༌། །འོན་ཀྱང་རྗེ་ལ་བསྟོད་པ་ལ། བསྟོད་པ་ཐམས་ཅད་འགྲན་པ་ཡིན། །ཁྱོད་དང་ང་གཉིས་འགྲན་པ་ཡིན། །དཀོན་མཆོག་དབུ་འཕངས་བསྟོད་པ་འགྲན། །ཆོས་གཞི་དཀོན་མཆོག་གསུམ་གྱི་གཞི། །གཙུག་ལག་ཁང་རྣམས་བཞེངས་པ་འགྲན། །དེའི་ས་དགྲ་བསུབ་པར་འགྲན། །མཆོད་གནས་གཉིས་ལ་མཆོད་པ་འགྲན། །མར་གྱི་བུ་འབངས་སྐྱོང་བ་འགྲན། །ལོང་སྤྲང་སྦྱིན་པ་གཏོང་བ་འགྲན། །ཐད་ཀར་དཀོན་ནོར་གསོག་པ་འགྲན། །ཞིང་བཅུའི་སོ་ནམ་བྱ་བ་འགྲན། །ཁ་ཐོས་ཙིག་ཐོས་ཕན་པ་མེད། །དེ་བས་དམ་ཆོས་སྤྱོད་པ་དང༌། །སྡིག་པ་ཐམས་ཅད་བཤགས་པ་ནི། དམ་པས་དམ་ཆོས་སྤྱད་པ་དང༌། སྡིག་པ་རྒྱབ་ཏུ་དོར་བ་དང༌། དེ་ལྟར་འགྲན་པར་མ་ནུས་ན། །ཁྱོད་ཀྱང་རྗེ་ལ་རེ་མ་ཆེ། །དེ་ལྟར་འགྲན་ལ་ཆོས་སྐོར་བཞེངས། །ང་ནི་ཆེན་མ་ཡིན་པས་ན། །ལྷ་ཁང་སྔོན་ལ་ང་རྩིག་གོ། །ཞེས་སྨྲས་པ་དང༌། ཀོང་ཇོ་ན་རེ། ཁྱོད་ཆེན་མ་ཡང་ཡིན། བྱས་པ་ཡང་ཆེ། གྲུབ་ཅོག་ཀྱང་ཆེ། ལག་རིས་ཀྱང་ཆེ་བར་གདའ་ཡིས་ཟེར་ནས། དངུལ་དཀར་གྱི་ལྕག་འོ་ཐང་གི་མཚོ་ལ་གཏད་ནས། ཁྱོད་འདི་བསུབ་ནས་དེའི་སྟེང་དུ་ལྷ་ཁང་རྩིགས་ཤིག ཡང་ཀོང་ཇོས་སྨྲས་པ།   ཀྱེ་མ་ཁྲི་བཙུན་ཁྱོད་གསོན་དང༌། །འཁོར་བར་སྐྱེས་པའི་སེམས་ཅན་རྣམས། །ནད་ཀྱི་མ་གདུངས་སུ་ཞིག་ཡོད། །འཕོངས་པ་གང་གིས་མཐོང་མ་གྱུར། །འབྱོར་པ་རྟག་ཏུ་ས་ལ་ཡོད། །ས་སྟེང་ནོར་སྐད་སུ་ཞིག་གྲགས། །གྲགས་དང་བྲལ་ན་སུ་ཞིག་ཡོང༌། །སུ་ཞིག་ཁྱིམ་ཐབ་ཀྱིས་མ་སྨྲས། །རྟག་ཏུ་རྒྱལ་པོ་ཡོད་དུ་འོང༌། །ཤིང་རྟའི་ཡུལ་དུ་གང་མ་གྱུར། །སྐྱེས་ནས་བྱུང་དུས་སུ་མ་གྱུར། །སྐྱེས་བུ་བདེར་བསམ་མཐར་ཕྱིན་སུ། །ཆེན་ཆུན་འགྲན་པ་སུ་ཞིག་ཡིན། །དེ་ལྟར་ཡིན་ན་ཁྱོད་མད་དེ། །ཁྱོད་ཀྱི་ཆེ་རྒྱུ་བཙུན་རྒྱུ་དེ། །ཁྱོད་ལ་ཉན་པར་ངས་ལྟ་ཡི། །ཁྱོད་ཀྱིས་ཆེ་བར་ཤེས་པར་གྱིས། །ཁྱེད་ལ་གུས་པར་ངས་འདུད་དོ། །འགྲན་པའི་འགྲན་སེམས་མེད་མོད་ཀྱི། །ཁྱོད་ཀྱིས་འགྲན་ནོ་ཞེས་སྨྲས་པ། །ཐེམ་པ་སྔ་བརྒལ་ཆེན་མ་ཁྱོད། །ཆོས་སྐོར་ལྷ་ཁང་ཁྱོད་ཀྱིས་བཞེངས། །ང་ནི་ཁད་མཉམ་ས་ལ་བཞེངས། །ཆེན་མས་དཀའ་བ་བྱེད་པས་ན། །ཁྱེད་ལ་དེ་སྐད་བཀུར་བར་བྱ། །ཁྱེད་ཀྱིས་འགྲན་རྒྱུ་དེ་རྣམས་ལ། །རང་ལས་རང་ཉིད་བྱེད་པ་ལ། །དེ་ལ་འགྲན་རྒྱུ་ངས་མི་མཐོང༌། །ཞེས་གསུངས་སོ། །དངུལ་གྱིས་ལྕག་མཚོ་ལ་བཙུགས་ནས། ཁྱོད་ཀྱིས་ལྷ་ཁ་འདིར་རྩིགས་ཤིག་ཟེར་རོ། །ཁྲི་བཙུན་གྱིས་ཀྱང་ལྕག་ཇོ་བོ་ཤཱཀྱ་ལ་གཏད་ནས། ས་ཐང་ཁད་མཉམ་པོ་ཡ་གི་འདྲ་བ་ལ་ངས་ཀྱང་འབྱོངས་མཆི་ཟེར་ནས་ཁྲི་བཙུན་སྐྱེངས་ཏེ། ཀོང་ཇོ་དང་རྒྱལ་པོ་མཇལ་བའི་སྐབས་མ་སྟེར་རོ། །དེ་ནས་བློན་པོ་རྣམས་ཀྱིས་ཐབས་བྱས་ནས་རྒྱལ་པོ་དང་ཀོང་ཇོ་ཞལ་མཇལ་བས། འདི་ལ་སྣང་བ་གསུམ་དུ་བྱུང་བ་ནི། སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་འབོལ་བརྩིགས་པ་དང༌། བོན་པོ་མང་པོས་སྣ་མིན་སྣ་ཚོགས་བྱེད་པ་དང༌། སྣ་སྒྲོན་པ་དང༌། འགལ་བ་བརྒྱབ་པ་དང༌། གདན་གཅིག་ལ་བཞུགས་ནས་དབུ་སྐྲ་སྦྲེལ་བ་དང༌། མར་ཁུའི་སྐྱུ་བརྗེ་བ་ལ་སོགས་པའི་སྣང་བ་མང་པ་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྣང་བ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། རྗེ་བཙུན་མ་སྒྲོལ་མ་ཞལ་མཇལ་ཏེ། འགྲོ་བ་སེམས་ཅན་གྱི་དོན་ཆེན་པོ་བྱེད་པར་གཟིགས་སོ། །དེ་ནས་ཁྲི་བཙུན་གྱིས་དངུལ་ཟམ་ལ་བྱོན། རྒྱལ་པོ་རྩེ་མཁར་ལ་བཞུགས་པ་ལ་བཀའ་བགྲོས་སོ། །ཁོ་མོ་ལྷ་ཁང་གཅིག་བརྩིག་པར་འདོད་ན། རྒྱལ་པོ་ས་ལ་དབང་བ་ཡིན་པས། ལྷ་ཁང་གི་ས་གཅིག་ཞུ་བྱས་པས། རྒྱལ་པོའི་ཞལ་ལས། ཁྱོད་རང་ལ་ལེགས་པ་གཅིག་ཏུ་བརྩིག་པས་ཆོག་གི་རྩིགས་ཤིག་ཅེས་གསུངས་སོ། །ཁྲི་བཙུན་གྱིས་རྟ་པ་མང་པོའི་འཁོར་འཁྲིད། གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར་ནས། དོལ་དང༌། ཡར་ལུངས་སོག་ཁ་ལ་སོགས་པའི་ཡུལ་དགའ་བ་ཐམས་ཅད་དུ་ལྷ་ཁང་གི་རྨང་བཏིང་བས། ཉིན་མི་བརྩིགས་པ་ནུབ་མོ་ཞིག ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་པ་རྣམས་ཞིག་པར་གྱུར་ཏེ། ད་རེས་ནི་ལྷ་གཅིག་ཀོང་ཇོ་ལ་གྲོས་གཅི་གའདྲི་དགོས། མོ་རྒྱ་ནག་པལ་བརྟག་པ་དང༌། རྩིས་ལ་མཁ་པ་ཡིན་སྙམ་ནས། གཡོག་མོ་དམ་པ་ཞིག་ལ་གསེར་སེལ་མ་བྲེ་གང་བསྐུར་ནས། ཁྱོད་སོང་ལ་ལྷ་ས་བྱེ་མའི་གླིང་ནེའུ་ཆུང་ཆུ་མིག་ཁ་ན། དར་དཀར་ཡོལ་བའི་ནང་ན། ཇོ་བོ་ཤ྄ཱཀྱ་མུ་ནེའི་དྲུང་དུ་རྒྱ་མོ་ཀོང་ཇོ་མཆོད་པ་འབུལ་ཞིང་ཡོད་ཀྱི། དེར་སོང་ནས་གསེར་འདི་ཕུལ་ལ། ཁ་ནིང་གི་དེ་འདྲ་མ་ཟེར་བར། ད་རེས་ལྷ་ཁང་བརྩིག་པའི་ས་ལེགས་པ་ཞིག་སྟོན་ཅིག ངའི་ལྷ་ཁང་འབྱོངས་ཙ་ན་ཁྱོད་ཀྱང་ལྷ་ཁང་རྩིག་ཏུ་གཞུག་གི་བྱ་བ་བསྲིངས་སོ། །གཡོག་མོས་ཀྱང་དེ་སྐད་ཞུས་པས།  ཀོང་ཇོས་ཀྱང་ས་ལེགས་པར་བསྟན་ནོ།  །དེ་ཡང་སྐྱེ་བོ་མང་པོ་འདུ་བའི་གནས་འདིར་ཡོན་ཏན་བརྒྱད་ཡོད་དོ། །འདིའི་ཕན་ཡོན་འབྱིན་པ་ལ་སྐྱོན་ལྔ་བཟློག་དགོས་ཏེ། ཡོན་ཏན་བརྒྱད་པོ་འདི་ནི། བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་བརྒྱན་པ་ཡོད་དེ། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག ས་པད་མ་འདབ་བརྒྱད་ཀྱི་སྟེང་ན། འཕན་དཀར་གྱི་རི་ལ་གདུགས་འདྲ་བ་ཡོད། ར་ཀའི་བྲག་ལ་སྤྱན་གསུམ་ཉ་འདྲ་བ་ཡོད། རྫོང་བཙན་གྱི་བྲག་ལ་བུམ་པ་འདྲ་བ་ཡོད། གྲིབ་བསེ་སྒྲོམ་གྱི་ཕུར་དུང་དཀར་གཡས་སུ་འཁྱིལ་བ་འདྲ་བས་ཁྱབ་པ་ཡོད། གྲིབ་མདའ་ཡུག་མའི་ཟུར་ན་ཐུགས་རིན་པོ་ཆེ་དཔལ་བེའུ་འདྲ་བ་ཡོད། ཤུན་གྱི་བྲག་ལ་སྐུ་རྒྱལ་མཚན་འདྲ་བ་ཡོད། ཤར་རྩིབས་ཀྱི་རི་ལ་ལྗགས་པད་མ་ཁ་ཕྱེ་བའི་རི་ཡོད། དེའི་སྐྱོན་ལྔ་ནི། ལྷོ་ཕྱོགས་གླ་བའི་ཚལ་ན་འདྲེའྀ་ངན་ཕུང་ཡོད་པ་དེ་གཏོར། ལྷོ་ནུབ་མཚམས་སུ་བཙན་གྱི་རྒྱུ་སྲང་ཡོད་པ་དེ་ཁོག ནུབ་བྱང་མཚམས་ཀྱི་བྲག་ཕུག་ཁ་ལྷོ་ལྟ་ན་མ་མོའི་ཉལ་ས་ཡོད་པ་དེ་ཕྲོགས། བྱང་ཕྱོགས་བྱེ་མའི་གླིང་དུ་ཀླུའི་ཕོ་བྲང་ཡོད་པས། དེ་ཇོ་བོ་ཤཱཀྱ་མུ་ནེས་མནན་ཡོད་ཀྱི། གཞན་ཡང་འབྱུང་བའི་དགྲ་ཡོད་དེ། ཤར་ཕྱོགས་བྱེ་མའི་ལུང་སྟོང་དུ་སྲིན་མོ་འདོམས་བཟེད་པ་འདྲ་བའི་ས་དགྲ་ཡོད། དེར་དབང་ཕྱུག་ཆེན་པོའི་ལིང་ག་ཚུགས། ལྷོ་ཕྱོགས་ཡུག་མའི་རི་ལ་རུས་སྦལ་ནག་པོ་གཟན་ལ་གཞུངས་པ་འདྲ་བ་ཡོད། དེ་ལ་བྱ་ཁྱུང་ག་རུ་ཌ་ཁ་སྟོན། ནུབ་ཕྱོགས་ཤུན་གྱི་བྲག་བདུན་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། དེའི་ཕྱོགས་སུ་མཆོད་རྟེན་བསེ་རུ་རྩིགས། བྱང་ཕྱོགས་ཉ་རན་ནང་བྲན་གྱི་རི་ལ་གླང་པོ་སྟོབས་ཅན་གཡུལ་ལ་ཞུགས་པ་འདྲ་བ་ཡོད་དེ། དེ་ལ་རྡོའི་སེང་གེ་དཀར་མོ་ཚུགས། དེ་ལྟར་བྱས་ནས་དབུས་འོ་ཐང་གི་མཚོ་ལ། ར་སྐྱེས་ལས་ས་བསྐྱལ་ནས། མཚོ་བསྲུབས་ཏེ་ལྷ་ཁང་བྱས་ན། ལྷོའི་གཡུ་འབྲུག་སྔོན་མོ་དང༌། བྱང་ནུབ་བྱ་ཕུའི་བྱ་དམར་པོ་དང༌། བྱང་རྡོ་རྗེའི་རུས་སྦལ་ནག་པོ་དང༌། ཤར་བྱེ་མ་རིའི་སྟག་སྐྱ་བོ་རྣམས་ལ་ནུས་པ་གདོད་བྱུང༌། སྒོ་ཕུའི་ལྕགས་དང༌། ར་གའི་ཟངས་དང༌། ལ་རྟོག་གི་དངུལ་དང༌། ལྕགས་ཀ་རིའི་གསེར་ཀྱང་འདོད་འབྱུང༌། ཁྱོད་ཀྱི་ལྷ་ཁང་ཡང་གདོད་རྩིག་ཏུ་བཏུབ། ཁ་བ་ཅན་གྱི་རྒྱལ་ཁམས་སུ་ལེགས་དགུ་ཅོག་ཀྱང་གདོད་འབྱུུང༌། ཉེས་སོ་ཅོག་གི་སྐྱོན་ནི་འགྲིབ་པར་འགྱུར་གྱི་བྱ་བའི་ལན་བསྐུར་རོ། །གཡོག་མོས་མགོ་མཇུག་ནོར་ནས། འཕན་ཡུལ་ནས་ར་ལ་ས་བསྐྱལ་ནས་མཚོ་སྲུབ་བྱ་བ་རྣམ་ལ་ཐོས་ཏེ། དེ་ལྟར་བྱས་པས་མཚོ་རྙོག་མ་ལངས་སོང་བས། ཀོང་ཇོས་ང་ལ་ཕྲག་དོག་བྱས་འདུག་སྙམ་སྟེ། ད་རེས་རྒྱལ་པོར་ཞུའོ་སྙམ་ནས། རྩེ་མཁར་དུ་ཕྱིན་ཏེ། རྒྱལ་པོ་ཆེན་པོ་ལགས། ངས་ལྷ་ཁང་གི་རྨང་བརྒྱ་རྩ་བརྒྱད་བཏིང་བས་ནུབ་མོ་ཞིག་ནས་གྲུབ་པར་མ་གྱུར་ན་ཇི་ལྟར་བགྱི་ཞུས་པས། རྒྱལ་པོའི་ཞལ་ནས། ང་ལ་དྲི་ས་ཡོད་ཀྱི་གསུངས་སོ། །རྒྱལ་པོས་ཀྱང་བུ་མོ་བཅུ་དྲུག་པོ་མཆོད་པ་འབུལ་དུ་བསྒོ་བ་རྣམས། ལྷ་ཐུགས་རྗེ་ཆེན་པོ་ལ་མཆོད་པ་འབུལ་དུ་བཅུག་ནས། གསོལ་བ་བཏབ་པའི་རྗེས་ལ། ཙན་དན་གྱི་སྐུ་ཞབས་གཡས་པ་ལས། འོད་ཟེར་ཞིག་བྱུང་ནས། འོ་ཐང་གི་མཚོ་ལ་ཕོག་གོ། སང་ནངས་པར་ན་མ་རེ་ལ། རྒྱལ་པོའི་ཆིབས་འཆག་པའི་ཤར་ཕྱོགས་གྲུ་དོའི་བར་ལ་ཆིབས་དཀྱུས་ས་ཡོད་པས། རྟ་གཅིག་རྒྱུགས་པ་འུར་ཏིང་ཁྲོལ་ཞེས་པས། རྟ་དྲུག་ཅུ་རྒྱུགས་པའི་སྒྲ་བྱུང༌། ལན་དྲུག་རྒྱུགས་པ་དང༌། གྲོང་ཁྱེར་བ་རྣམས་རྟ་འཆག་ཅིང་ལྟད་མོ་བྱེད་པ་དང༌། རྒྱལ་པོ་ཐོད་དམར་འཕྱུར་རེ་ཕོ་བྲང་དུ་གཤེགས་པ་མི་ལྟས་མཐོང༌། དེའི་ནངས་པར་རྒྱལ་པོའི་ཞལ་ནས། ལྷ་གཅིག་ཁྲི་བཙུན་ལ་ཆིབས་འཆགས་ཞེས་གསུངས་ཏེ། ཕོ་བྲང་ལྷོ་ཕྱོགས་ཀྱི་སྒོ་ནས། འོ་ཐང་གི་མཚོའི་འགྲམ་ན་མར་ཞེང་འདོམ་གསུམ། དཀྱུས་སུ་འདོམ་སུམ་བརྒྱ་ཡོད་པ། ཟབས་སུ་འདོམ་དོ། སོ་ཕག་དང་སྤང་ལེབ་ལ་སོགས་པ་དང༌། རྒྱལ་པོའི་ཆིབས་དཀྱུས་ས་འདྲ་བ་ཞིག་ཡོད་པ། ཁྲི་བཙུན་གྱིས་སྣེ་དྲངས་ཏེ། རྟ་འདུར་ཆེན་ལ་བཏང་ནས་བྱོན་པ་དང༌། འོ་ཐང་གི་མཚོ་འགྲམ་དུ་རྟོལ་བ་ལས་རྒྱལ་པོ་ན་རེ། ངའི་སོར་གདུབ་འདི་གར་སོང་སར་ཁྱོད་ལྷ་ཁང་རྩིགས་ཤིག་གསུངས་ནས་སོར་གདུབ་འཕངས་པས། ནམ་མཁའ་རུ་སོང་སྟེ་ཁྲི་བཙུན་གྱི་རྟ་སྒའི་ཕྱི་རུ་ལ་བབས། དེ་ཡར་ནས་འོ་ཐང་གི་མཚོ་ལ་སོང་སྟེ། ཁྲི་བཙུན་གྱི་སྙམ་ན། རྒྱལ་པོས་ཀྱང་ཀོང་ཇོ་ལ་གྲོས་དྲིས་འདུག་སྙམ་ནས། མིག་མཆི་མས་གང་ངོ༌། །རྒྱལ་པོས་ཁྲི་བཙུན་ལ་འོད་འདི་ཁྱོད་ཀྱིས་མཐོང་ངམ་བྱས་པས། ངས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་ཡང་ཞིག་ད་ཡང་མཚོ་འདི་ལ་ལྷ་ཁང་མི་བཏུབ་ལཔས་མིག་མཆི་མས་གང་ནས་མ་མཐོང་ངོ༌། །ཡང་རྒྱལ་པོ་ན་རེ། ངས་ཁྱོད་ལྷ་ཁང་རྩིག་པའི་གྲོགས་བྱའོ་ཞེས་གསུངས་པས། དེར་ཁྲི་བཙུན་རབ་ཏུ་དགའ་ནས་བསྒོ་བ་བཞིན་མཉན་ཏེ། དེར་རྒྱལ་པོ་ན་རེ། ངའི་ཕོ་བྲང་ཞིག་འོ་ཐང་དུ་རྩིགས་ཤིག་ཅེས་གསུངས་སོ། །འོ་ཐང་དུ་ཕོ་བྲང་གསུམ་ཐོག་མ་ཞིག་བརྩིགས་པའི་ནང་དུ་མཆོད་གནས་བཅུ་སྤྱན་དྲངས་ཏེ། ཁྲི་བཙུན་གྱིས་ཀློང་རྡོལ་དང༌། རྒྱུན་འདུལ་ལ་སོགས་པ་ཟུལ་ཕུག་དབུས་རྐྱང་བུ་ཚལ་གྱི་ཀླུ་དེ་རྣམས་ལ་ཆོས་སྐྱོང་བཅོལ། ཆུ་དཀར་ཆུང་སྦུ་བ་གདོང་དུ་བསྒྱུར་ནས་མཚོ་ཤིང་གླ་བས་ཕུབ་པས། དཀྱིལ་དུ་ཤིང་གིས་མ་སླེབས། ཡང་རྒྱལ་པོ་ལ་གྲོས་དྲིས་པས། ང་ལ་འདྲི་ས་ཞིག་ཡོད་ཀྱི་གསུངས་ནས། ཡང་ལྷ་ལ་མཆོད་པ་ཕུལ་བས་རྩ་བའི་ཞལ་འོད་ཟེར་ཞིག་བྱུང་སྟེ། འོ་ཐང་གི་མཚོའི་ཐད་ཀར་འོད་ཟེར་ལས་སྤྲིན་འཁྲིགས་པས། འོད་ཆར་ལྟ་བུར་བབས་སོ། །དེ་ལ་ཁྲི་བཙུན་གྱིས་བལྟས་པས། མཚོ་ནང་དུ་དཀར་པོ་རིམ་པ་གསུམ་མཐོང་ངོ༌། དེ་ལ་བལ་པོ་རྡོ་མཁན་གྱིས་རྡོ་གསང་ཕུ་ནས་དྲངས་ཏེ། བཟོ་བྱས་ནས་འོད་ཟེར་ལ་བརྒྱབ་པས་འོད་ཟེར་དང་རྡོ་མཉམ་དུ་ཟད་ཙ་ན། མཚོའི་དཀྱིལ་དུ་མཁར་བུ་ཞིག་བྱུང༌། དེ་ལ་ཤིང་རྣམས་གཏད་དེ་མཚོ་ཕུབས་སོ། །དེ་ལ་ཤིང་ཀླུའི་ཡུལ་ནས་རྡོ་རྗེའི་འདག་པ་བྱེ་མའི་མེས་མི་ཚིག་པ། ཆུས་ཀྱང་མི་འདྲུལ་བ། བརྐོས་ཀྱང་མི་ཕེད་པ། རྡོ་རྗེ་ཕ་ལམ་ལྟ་བུས་བྱུགས། དེའི་སྟེང་དུ་ཁྲོ་ཆུའི་ཕ་གུས་བསྒྲིགས། སྲུབས་གསོས་འཁན་པས་བྱུགས། དེའི་སྟེང་དུ་སོ་ཕག་དང༌། སྤང་ལེབ་དང༌། རྡོ་ལེབ་དང༌། ས་བཟང་དང༌། བྱེ་མ་རྡོ་ཧྲུག་རྣམས་རིམ་པས་བཏིང་བའི་ཁར། སྐྱེ་བོ་དང་བསྟུན་ནས་གྲུབ་བཞིར་རྨང་བཏིང༌། བཙུན་པ་དང་བསྟུན་ནས་རེའུ་མིག་ཏུ་བྲིས་ཏེ་རྨང་བཏིང༌། བོན་པོ་དང་བསྟུན་ནས་གཡུང་དྲུང་རིས་སུ་བྱས། རྒྱའི་རྟེན་དཔེ་ཧར་ལ་དཔེ་བླངས་ཏེ་གཟིངས་འབྲིང་པོ་དང་ཚད་མཉམ་ནས་རྨང་བཏིང་བས་ཞིག་གོ། །ཡང་རྒྱལ་པོ་ན་རེ། བལ་པོའི་ལྷ་བཟོ་སྤྲུལ་པ་དེ་ལ། ཁྱོད་ཀྱིས་ངའི་འབག་ཅིག་གྱིས་དང་བསྒོ་བ་ལས། བལ་པོའི་ལྷ་བཟོས་ཀྱང་བྱང་ཆུབ་ཤིང་གི་སྲོག་ཤིང༌། ཙན་དན་གོཤིརྵའི་རུས་ཤིང་དང༌། རྨེ་རུ་ལྕགས་གཟེར་དང༌། གནས་བརྒྱད་ཀྱི་ས་དང༌། ཆུ་བོ་ནཻརཉ྄ཛ་ནའི་བྱེ་བ་དང༌། ཙན་དན་སྦྲུལ་གྱི་སྙིང་པོའི་ལྡེ་གུ་དང༌། བ་སྤོས་ཟན་མའི་འོ་མ་དང༌། རྒྱ་མཚོ་གླེའི་འཇག་མ་དང༌། རིན་པོ་ཆེའི་སྤྱན་འབྲས་དང༌། ཤིང་བལ་གྱི་ཐི་གུ་དང༌། ལྡེ་མེན་ལ་སོགས་སྟ་གོན་བྱས་ནས་རྒྱལ་པོའི་དབུ་སྔས་སུ་བཞག་གོ། །སང་ནངས་པར་དགའ་སྟོན་ཆེན་པོ་ཡང་བྱས། ལྷ་བཞེངས་པར་ཡང་ཆས་པས། དེའི་ཐོ་རངས་རྒྱལ་པོའི་ཕོ་བྲང་དུ་མཐོངས་ན་མར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀྲ་ལམ་གྱིས་ཤར་བྱོན་ཏེ་ལྷའི་རྒྱུ་ལ་ཐིམ་པས། རྒྱལ་པོའི་ཐུགས་ལ། ངའི་ལྷ་འདི་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདྲ་བ་ཞིག་ཡོང་བར་འདུག་ན། ཕྱག་སྟོང་སྤྱན་སྟོང་ཞིག་བྱའམ། ཞལ་བཅུ་གཅིག་པ་ཞིག་བྱའམ། ཡི་གེ་དྲུག་མ་ཞིག་བྱའམ། ཧ་ཡ་གྷ྄རིབ་ཞི་བྱའམ། ལོ་ཀི་ཤྭ་ར་ཞིག་བྱའམ། ཁ་སརྤ་ཎི་ཞིག་བྱའམ། ཆུ་སྲིན་འཛིན་ཁྲི་ཞིག་བྱའམ། ཀྲོ་ཏ་མགྲིན་སྔོན་ཞིག་བྱའམ་སྙམ་པ་དང༌། དགུང་ལངས་ཙ་ན། རྒྱལ་པོའི་དབུ་སྔས་ན། སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་བཞེངས་པ། རྩ་བའི་ཞལ་གསུམ་སྤྱན་གསུམ་པ། དའེི་སྟེང་དུ་བཞད་པའི་ཞལ་གཉིས། དེའི་སྟེང་གཙིགས་པའི་ཞལ་དམར་པོ་གཉིས། དའེི་སྟེང་ན་འཛུམ་པའི་ཞལ་མཐིང་ག་གཉིས། དེའི་སྟེང་ན་ཨ་མི་དེ་བའི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། ཕྱག་བཅུ་པ། དང་པོ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་པད་མ་དཀར་པོའི་སྟེང་ན་སྤྲུལ་པའི་སྐུ་འོད་དཔག་ཏུ་མེད་པ། གསུམ་པ་རུ་མདའ། བཞི་པོ་ན་འཁོར་ལོ། ལྔ་པ་ས་གནོན་མཛད་པའོ། །གཡོན་གྱི་གཉིས་པ་ན་འཕྲེང་བ། གསུམ་པ་ན་ནོར་བུ་རིན་པོ་ཆེ། བཞི་པར་གཞུ། ལྔ་པ་ན་བུམ་པ་སྤྱི་བླུགས་བསྣམས་པ། རི་དྭགས་ཨེ་ན་ཡའི་སྟོད་གཡོགས་དཀྲིས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་བསྣམས་པར་གཟིགས་སོ། །དེ་ནས་བལ་པོའི་ལྷ་བཟོ་བ་ལ། སྐུ་ནི་ཤིན་ཏུ་ལེགས་ན་འདིའི་ཐུགས་ཀར་མཆོད་སྡོང་འདི་གསུམ་དང༌།   ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རང་བྱོན་འདི་བཞུགས་པ་ཡིན་པ་ལ་ཞེས་བཀའ་བསྩལ་བས།   ལྷ་བཟོ་བ་ན་རེ།  སྐུ་འདི་ཁོ་བོས་མ་བགྱིས་ཏེ་དགུང་ལངས་ཙ་ན་རྒྱལ་པོས་དགའ་སྟོན་མཛད་པ་དང་རྒྱལ་པོ་ཉིད་ལ་དྲིས་ལ་འབག་བྱའོ་སྙམ་པ་མཆིས་ཟེར་རོ། །སྐུ་དེ་ཤིན་ཏུ་གཡོ་བར་གྱུར་པ་དང༌།  ཕྱག་དང་པོ་གཅིག་གིས། ཞབས་གཡོན་མའི་ཤམ་ཐབས་པུས་མོའི་གོང་དུ་བརྫེས་ཏེ།  ཞབས་མཐིལ་ནས་འོད་བྱུང་སྟེ་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་དང་མཆོད་སྡོང་ལ་ཕོག་པས།  དེ་དག་ཞབས་གཡས་པའི་འོག་ཏུ་ནུབ་ནས། ཐུགས་ཁར་སོང་སྟེ་དེར་ཆགས་པ་དང་ས་གཡོས་པར་གྱུར་རོ། །ལྷ་རྣམས་ཀྱིས་ནམ་མཁའ་དང་མར་སྣང་ལ་མཆོད་པ་བྱེད་དོ། །ཤམ་ཐབས་ཀྱང་དེ་ཉིད་དུ་ཆགས་ལ་སྐུ་དེ་ཉིད་ཤིན་ཏུ་སྦྲམ་པ་ཡིན་ནོ། །ཤིན་ཏུ་གཡོ་བ་ཡིན། ཨ་མི་དེ་བ་དེ་གཡོན་དུ་ཡོ་བ་ཡིན། རྒྱལ་པོ་ཐུགས་དགྱེས་ཏེ་ངོ་མཚར་བར་གྱུར་ཏོ། །ཁ་བ་ཅན་དུ་སྐུ་བཞེངས་པ་ལ་དེ་སྔ་བ་ཡིན་ནོ། །རྒྱལ་པོས་འབྱུང་བ་སའི་དགྲ་བཟློག་པའི་ཕྱིར་དབང་ཕྱུག་ཆེན་པོའི་ལིང་ག་དང༌། བྱ་ཁྱུང་ག་རུ་ཌའི་རྟེན་དང༌། གཟའ་རྣམས་ཀྱི་མཆོད་རྟེན་སེར་རུ་དང༌། རྡོའི་སེང་གེ་དཀར་མོ་ཡང་མཛད་དོ། །དེ་ནས་ཇོ་མོ་རུ་ཡོང་བཟས་བྲག་ཕུག་མ་མོ་ཉལ་སར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་བཞེངས་སུ་གསོལ་ལོ། །ཀླུའི་ཕོ་བྲང་ཇོ་བོ་ཤཱཀྱས་མནན་ཟིན། ཕོ་བྲང་གི་ལྷོ་ནུབ་ཏུ་བཙན་གྱི་རྒྱུ་སྲང་གཅད་པར་བྱ་བའི་ཕྱིར་མཚམས་བཅད་ཀྱི་མཆོད་རྟེན་ཀེ་རུ་བཞེངས། དེ་མ་བཞེངས་ན་ཁ་བ་ཅན་གྱི་སྒྲུབ་པ་པོ་རྣམས་ཀྱི་སྲོག་བཙན་གྱིས་འཕྲོག་པས། མཆོད་རྟེན་དེ་བཞེངས་པས་རབ་ཏུ་བྱུང་བ་ལ་བཙན་གྱི་གནོད་པ་མི་འབྱུང་ངོ་གསུངས་སོ། །དེ་ནས་གནམ་སྟོང་གི་སྲོད་ལ་རྒྱལ་པོ་འོ་ཐང་གི་མཚོ་འགྲམ་དུ་བྱོན་པ་དང༌། ལྷོ་ཕྱོགས་གླ་བའི་ཚལ་ན་ལྷ་འདྲེ་རྣམས་འཚོགས་ནས་གྲོས་བྱེད་པ། ཁ་བ་ཅན་འདི་ངེད་ལྷ་སྲིན་འདྲེ་སྲིན་མི་མ་ཡིན་རྣམས་ཀྱིས་དབང་བ་ཡིན་པ་ལ། རྒྱལ་པོ་སྲོང་བཙན་སྒམ་པོ་ཆོས་བྱེད་ཟེར་ཏེ། སངས་རྒྱས་ཟེར་བ་དང༌། ཆོས་ཟེར་བ་ལ། མི་ནད་དང༌། ཕྱུགས་ནད་དང༌། ལོ་ཏོག་ལ་བཙའ་དང༌། ཐན་པ་དང༌། སད་དང༌། སེར་བ་དང༌། ལོ་ཉེས་གཏོང༌། འཇིག་རྟེན་དུ་ཉེས་དགུ་ཐམས་ཅད་གཏོང༌། བཙད་པོའི་ལྷ་ཁང་ཡང་སྔར་བཤིག་པ་དེ་ལེགས་སོ། །ད་ཡང་བཤིག་པར་བྱའོ། །དེ་ལ་ཡང་རྡོའི་ཆར་དབབ་པར་བྱའོ། །ཞེས་ཟེར་ཏེ་གྱེས་ནས་སོང་ངོ༌། །དེ་ནས་རྒྱལ་པོས་འདྲེའི་འདུན་ཕུང་བཤིག་པའི་ཕྱིར་དུ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་ཇོ་བོ་བཞད་པའི་ཞལ་གཉིས་ནས་འོད་ཟེར་བྱུང་ནས་རྣམ་པ་གཉིས་སུ་སོང་བས།  འོད་ཟེར་གཅིག་གི་སྣ་ལ་དཔལ་རྟ་མགྲིན་བྱུང༌།  གཅིག་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་བྱུང༌།  དེ་གཉིས་ཀྱི་ཐུགས་ཁ་ནས་མེ་དཔུང་བསྐལ་བའི་ལེ་ལྟ་བུ་འཕྲོས་པས།  ཤིང་སྡོང་གི་རྩ་བར་འདྲེའི་འདུན་ཕུང་ཡོད་པ།  འདྲེ་ཐམས་ཅད་བརྒྱལ་པར་གྱུར་པ་ལ།  རྒྱལ་པོའི་ཕྱག་སོང་བས་ལྷོ་ཕྱོགས་གླ་བའི་ཚལ་ན་དུག་གི་སྡོང་པོ་ཡོད་པ་ལ་ཕོག་པས།  དུག་ཐོར་ཕྱག་རྒྱས་བཅིངས་ཏེ།  དུས་མཐའི་རླུང་ངམ། བསྐལ་པ་བསྲེགས་པའི་མེ་བཏང་བས་འདྲེ་རྣམས་ཕྱིའི་རྒྱ་མཚོའི་གླེ་ལ་བསྐྱལ་བས། འདྲེ་རྣམས་བརྒྱལ་པ་ལས་སངས་ཏེ་ཉི་ཟེར་ལ་ལག་པས་མིག་སྐྱོར་ནས་ཁ་བ་ཅན་དུ་ལྟའོ།  །ཁྲོ་བོ་གཉིས་ཀྱི་མེ་ཕུང་གི་གླ་བའི་ཚལ་གྱི་བྲག་ལ་བཅོམ་ལྡན་འདས་ཁ་སརྤ་ཎི།  དཔལ་རྟ་མགྲིན་དང༌།  ཨ་མི་དེ་བའི་གཟུགས་སུ་ཆགས།  དེ་ལ་རྒྱལ་པོ་དགེས་ཏེ་ཐུགས་ངོ་མཚར་བར་གྱུར་ཏོ།  །སང་ནངས་པར་བལ་པོ་ལྷ་བཟོས་འོད་ཟེར་ཇི་ལྟ་བ་བཞིན་དུ་རྡོ་ལ་བརྐོས་ཏེ་འབུར་ཏུ་བཏོན་ནས་བཞག་གོ། །རྒྱལ་པོའི་ཞལ་ནས་བལ་པོའི་ལྷ་བཟོ་བ་ལ་ཁྱོད་ཀྱི་མདང་གི་ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་གྱི་སྣའི་ལྷ་དེ་གཉིས་མཐོང་ངམ།  གསོལ་བ། མཐོང་ལགས། བཀའ་བསྩལ་པ།  འོ་ན་ལྷ་དེ་གཉིས་ཀྱི་གཟུགས་གྱིས་དང་ཅེས་བསྒོ་བ་དང༌།  བལ་པོ་ལྷ་བཟོ་བས་རྟ་མགྲིན་དང༌།   ཁྲོ་བོ་བདུད་རྩི་འཁྱིལ་བའི་འོད་ཟེར་ལྟར་བཟོ་བྱས་སོ།  །ད་རུང་གྱིས་དང་གསུངས་པས།   ཁ་སརྤ་ནི་དང་འཇིག་རྟེན་དབང་ཕྱུག་བྱས་སོ།  །ཐུགས་རྗེ་ཆེན་པོའི་འཁོར་ཉུངས་སོ། །ད་རུང་གྱིས་དང་བྱས་པས།  དོན་ཡོད་ཞགས་པ་དང༌།  ཡིད་བཞིན་འཁོར་ལོ་དང༌། ཨ་ཡུ་ཏ་ར་དང༌།  ལྷ་མོ་འོད་ཟེར་ཅན་ཏེ་གཙོ་འཁོར་དགུ་ཕོ་བྲང་དེ་ཉིད་དུ། རྒྱལ་པོའི་དབུ་སྔས་སུ་བཞུགས་སོ། །དེ་ལྟར་ས་དགྲ་བཟློག་ནས་ད་ལྷ་ཁང་བརྩིག་ཏུ་བཏུབ་པར་མཁྱེན་ཏེ། རྒྱའི་དབེན་ཁང་དཔེ་ཧར་ལ་དཔེ་བྱས། གཟིངས་འབྲིང་པོ་ལ་ཚད་བྱས་ནས་ཁ་བ་ཅན་དུ་དམ་པའི་ཆོས་ལ་སོགས་ལེགས་དགུ་ཅོག་དར་བར་བྱ་བ་དང༌། ཉེས་དགུ་ཅོག་ནུབ་པར་བྱ་བའི་ཕྱིར། སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་གོར་ཕྱེད་དུ་བཏང་ནས། ལ་ལས་ས་སྐྱས། ལ་ལས་རྡོ་སྐྱས། ལ་ལས་ཤིང་བཅད། ལ་ལས་རྩིག་པ་བརྩིགས་ནས་གོར་ཕྱེད་ཤིང་ཕྱེད་དུ་བཏང་ངོ༌། །སྐྱེ་བོ་ཕལ་པས་མི་མཐོང་བར་བྱ་བའི་ཆེད་དུ་ན་བུན་གྱིས་སྒྲིབ་པར་བྱས་པའི་གསེབ་ཏུ་ཕ་ཡ་དི་རི་རི་བརྩིགས་པས་ཉི་མ་གཅིག་ལ་རྩིག་པ་རྣམས་འབྱོངས་པར་བྱས་སོ། །ཡང་འཕྲོ་རྩིག་ཏུ་མ་བཏུབ་ནས་སྤྲུལ་པ་མཛད་དེ། བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དཔུང་མགོ་དང༌། དཔྱི་མགོ་མནན་པར་བྱ་བའི་ཆེད་དུ་རུ་བཞིའི་གཙུག་ལག་ཁང་ཆེན་བཞི་བཞེངས་སུ་གསོལ་བ་ནི། དཔུང་པ་གཡོན་པ་ལ་གཡུང་དྲུང་གཡོ་རུ་ཁྲ་འབྲུག་བཞེངས་སོ། །དཔུང་མགོ་གཡས་པར་དབུ་རུ་ཀ་ཚལ་བཞེངས་སོ། །དཔྱི་གཡས་པ་ལ་གཙང་འགྲམ་བཞེངས་སོ། །དཔྱི་གཡོན་པ་ལ་རུ་ལག་གྲོམ་པ་རྒྱང་བཞེངས་སོ། །ཡང་རྩིག་ཏུ་མ་བཏུབ་ནས་བར་ཚིགས་རྣམས་གནོན་པའི་ཕྱིར་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བཞེངས་ཏེ། གྲུ་མོ་གཡོན་པ་ལ་ལྷོ་བྲག་ཁོ་འཐིང་བཞེངས་སོ། །གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ་ཐར་ལེགས་བཞེངས་སོ། །པུས་མོ་གཡས་པ་ལ་དྲེའི་ཀ་བྲག པུས་མོ་གཡོན་པ་ལ་སྤྲ་དུན་ཙེ་བཞེངས་སོ། །ཡང་རྩིག་ཏུ་མ་བཏུབ་པས་ཉིང་ལག་རྣམས་གནོན་པའི་ཕྱིར། ལག་མཐིལ་གཡོན་པ་ལ་ཁམས་ཀྱི་ཀློང་ཐང་སྒྲོན་མའི་ལྷ་ཁང་བཞེངས་སོ། །ལག་མཐིལ་གཡས་པ་ལ་བྱང་ཚ་སྤེ་དཔལ་ཚད་་་་་་་རླུང་གནོན་་་་་་གྱི་ལྷ་ཁང་བཞེངས་སོ། །དེའི་རྐང་པ་གཡས་པའི་མཐིལ་ལ་མང་ཡུལ་བྱམས་སྤྲིན་གྱི་ལྷ་ཁང་བཞེངས་སོ། །རྐང་པ་གཡོན་པ་ལ་མོན་སྐྱེར་ཆུའི་ལྷ་ཁང་བཞེངས་སོ། །ཡང་ཉིན་མོ་བརྩིགས་པལ་ནུབ་པོ་ཞིག་སྟེ། བྱང་ཆུབ་ཚལ་གྱི་ཀ་བ་བཞི་ལ་མདོ་ཁམས་སུ་ཀློང་ཐང་དཔལ་འབྱུང༌།  ལྷོ་ཕྱོགས་སུ་རྒྱ་ཆུ་ཐོག་རྔམ། ནུབ་འ་ཞའི་ཡུལ་དུ་ཀེའུ་རི་གཟིགས། སྒྲོ་སྐྱེར་དུ། ་་་་་་་་་་་་་་་་་་་་་་་ལི་ཡུུལ་དུ་འདག་ཤ་ཨིནཏྲ། མཐའ་འདུལ་བརྒྱད་ལ། ཁ་ཆེ་རུ་སྣང་སྦལ་ཆེན་བརྩིགས་པ། ཀོང་ཡུལ་དུ་བུ་ཆུ་ཐར་ལེགས། སྦ་གྲོ་སྐྱེར་ཆུར་དཔལ་བེའུ་རྒྱས་པ། ་་་་་་་་་་་ཡང་འདུལ་བརྒྱད་ལ། ཤར་སེང་གེ་དཀར་མོའི་མཆེ་བའི་སྟེང་དུ་རྡོ་མི་འགྱུར་བ། དེའི་འཆོང་དུ། མྱང་པོར་མྱང་པོ་ཀ་ཆུང༌། ལྷོ་གཡུ་འབྲུག་གི་གཤོག་སྟེང་དུ་སྤ་གྲོ་སྐྱེར་ཆུ། དེའི་མཆོང་དུ་སྨ་ཤ། མེ་ལྷའི་ནུབ་བྱ་དམར་པོའི་མཆུ་སྟེང་དུ་མང་ཡུལ་བྱམས་སྤྲིན། དེའི་འཆོང་དུ་བྱང་ཅན་གྱི་ལྷ་ཁང༌། བྱང་རུས་སྦལ་ནག་པོའི་རྒྱབ་སྟེང་དུ་སྤྲ་དུན་ཙེ།  དེའི་འཆོང་དུ་གཤེན་གསལ་གྱི་ལྷ་ཁང་བཞེངས་སོ།  །རུ་མཚམས་གནོན་པ་ལ་བྱང་ཤར་དུ་ལི་ཏི་བརྒྱ་རྩ་བརྒྱད།  ཤར་ལྷོར་ཀོང་བུ་ཆུ།  ལྷོ་ནུབ་ཏུ་ལྷོ་བྲག་ཁོ་འཐིང༌།  ནུབ་བྱང་དུ་པད་མ་གཡུང་དྲུང༌།  དེ་ནས་ཡང་འདུལ་ལ།  གླིང་ཆུ་སྐྱེར་ཆུ།  ཤར་ཉི་ཟླ་གནོན་པའི་ཕྱིར་དུ་བུམ་ཐང་དང༌།  གླིང་ཆུ་སྐྱེར་ཆུ། ཤར་ཉི་ཟླ་གནོན་པའི་ཕྱིར་དུ་བུམ་ཐང་དང༌།  གློང་རྩེ་གཉིས།  མེ་ལྷ་གནོན་པའི་ཕྱིར་དུ་གྱེ་རེ་གྱེར་ཆུང་གཉིས། གནོད་སྦྱིན་གནོན་པའི་ཆེད་དུ།  གུ་ལངས་ལ་དཔེ་བླངས་པའི་རྡོ་ཤན་ལྷ་ཁང་དང༌། ཤིང་ཀུན་ལ་དཔེ་བླངས་པའི་ཧབ་ཤ་གཉིས།  མཚོ་མ་ཕམ་གྱི་ཁ་གནོན་ལ་གངས་བར་བཞེངས་སོ།  །གངས་ཏི་སིའི་ཁ་གནོན་ལ་འཕྲང་དུམ་བཞེངས་སོ།  །སངས་རྒྱས་འདས་པའི་རྟེན་དུ་ནུབ་རིའི་གནམ་ས་གྲ་ཟུར་གནོན་པའི་ཆེད་དུ་ཁྱུང་ལུང་དངུལ་དཀར་བཞེངས་སོ།  །དབང་ཕྱུག་ཆེན་པོ་སྒྲུབ་པའི་གནས་སུ་མང་ཡུལ་ཤིང་ས།  སངས་རྒྱས་ཀྱིས་རྟག་ཏུ་མི་ཡུལ་་་་ཀྱི་རྟགས་སུ་ལི་ཡུལ་་་་་་སླངས་ལཔའི་ལྷ་ཁང་ལ་སོགས་བཞེངས་སོ།  །དེ་ནས་ར་ས་དང་རྒྱ་སྟག་བཞེངས་སུ་གསོལ་ལོ།  །བལ་ཡུལ་དུ་བྷ་ག་བྷེ་བ་རི།  ཕུ་ཏྲོ་དྷེ་བ་རི།  ཤིང་ཀུན་ལྷ་ཁང༌།  ཧབ་ཤང་ལྷ་ཁང་བཞེངས་སོ།  །དེ་ལྟར་མཐའ་འདུལ་ཡང་འདུལ་བཅོ་བརྒྱད་བཞེངས་སོ།  །འཆོང་དང་བཅས་པའི་ལྷ་ཁང་རྣམས་སོ།  །བལ་ཡུལ་དུ་ལོ་བཞི་བཅུ་རྩ་གཉིས་རྒྱལ་ས་མཛད་དོ། །དེ་ནས་ལྷ་ཁང་རྩིག་ཏུ་བཏུབ་པར་མཁྱེན་ནས། རྒྱའི་དཔེ་ཁང་ཧ་ར་ལ་དཔེ་བླངས་ནས་གཟིངས་འབྲིང་པོའི་ཚད་དུ་བྱས་ཏེ། བལ་པོའི་རྒྱལ་པོ་དང་ཆད་བཙན་པར་བྱས་སོ། །ཉེས་དགུ་ཅོག་ནུབ་པར་བྱ་བའི་ཕྱིར། སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་གོར་ཕྱེད་ཤིང་ཕྱེད་དུ་བཏང༌། ལ་ལས་ས་སྐྱས། ལ་ལས་རྡོ་སྐྱས། ལ་ལས་ཤིང་བཅད། ལ་ལས་རྩིག་པ་བྱས། གོར་ཕྱེད་ཤིང་ཕྱེད་དུ་བཏང་ངོ༌། །སྐྱེ་བོ་ཕལ་པས་མི་མཐོང་བའི་ཆེད་དུ། ན་བུན་གྱིས་བསྒྲིབས་པའི་གསེབ་ཏུ་ཡོ་ཡཱ་ཡོ་ཡཱ་དི་རི་རི་བརྩིགས་སོ། །ཉི་མ་གཅིག་ལ་འབྱོངས་པར་བྱས་སོ། །བཙུན་མོ་རྣམས་ཀྱིས་མཛད་པའི་ཡི་གེ་དར་དཀར་གསལ་བའི་མེ་ལོང་དང༌། བློན་པོ་རྣམས་ཀྱིས་བྱས་པའི་ཡི་གེ་ཟླ་བའི་འདོད་འཇོ་ན་ཡང་ཚུལ་འདི་ཅུང་ཟད་བྲིས་འདུག་སྟེ། ཇི་ལྟ་བཞེངས་པའི་ཚུལ་རྒྱས་པར་མ་བྲིས་སོ། །དེ་ནས་ར་སའི་གཙུག་ལག་ཁང་གི་ཐོག་ཕུབ་པར་འདོད་ནས། རྒྱལ་པོས་སྐུའི་བཀོད་པལ་ལྔ་སྟོང་དུ་སྤྲུལ་ནས་བཞེངས་པ་ལ། ལ་ལས་ཤིང་བཅད། ལ་ལས་ཤིང་འདྲེན། ལ་ལས་ཤིང་བཟོ་བྱེད་པ་ལས། ལྷ་གཅིག་ཁྲི་བཙུན་བསང་བུ་འདྲེན་དུ་འོངས་པ་ལས། ན་མ་གཅིག་ལྷ་གཅིག་ཁྲི་བཙུན་དབུ་སྐྲུ་འཁྲུ་བས་མ་ཁོམ་སྟེ་གཡོག་མོ་ལ། དངུལ་གཞོང་ཆེན་པོར་ཤ་གསར་པ་དང་མར་གསར་པ་དང་སྤོད་ཀྱིས་སྦྲན་པ་ལ་སོགས་གཡོས་སྣ་བཅུ་གཉིས་འབྲས་ཆང་དང་བཅས་པ་རྒྱལ་པོ་ལ་འདྲེན་དུ་བཏང་བས། སྤྲུལ་པའི་བཟོ་བོ་སུམ་བརྒྱ་བཟོ་བྱེད་ཀྱི་འདུག་པས་དེའི་ནང་ནས་རྒྱལ་པོ་ངོ་མ་ཤེས་ཏེ། ཕོ་བྲང་དུ་ཕྱིར་ལོག་གོ། །དེ་ནས་ལྷ་གཅིག་རང་བསང་བུ་འདྲེན་དུ་སོང་བ་ལས། རྒྱལ་པོ་དབུས་ཀྱི་དེ་ཡིན། བེར་ནག་པོ་གསོལ་བ་ལ་ཐོད་དམར་པོ་ཅན་དེ་ཡིན་ནོ་ཟེར་བས། དེ་ནས་ཕྱིར་གཡོག་མོས་བལྟར་ཕྱིན་ཙ་ན། ལྷ་གཅིག་ར་སའི་ནང་སོང་ནས་དབུས་ཀྱི་དེ་དཀྱིལ་འཁོར་གྱི་ཁ་ན་ཐིག་གུ་ནག་པོའི་སྣ་ལ་བཟུང་བའི་ཟེར་ནག་པོ་གསོལ། ལ་ཐོད་དམར་པོ་དབུ་ལ་བཅིངས་པ་དེ་ལ་བསང་བུ་འདྲེན་པ་དང༌། རྒྱལ་པོས་བསང་བུ་བླངས་པས་ཏིག་གུ་ལྷོད་སོང་བ་དང་ཤིང་བཟོ་བ་ཐམས་ཅད་འགྱེལ་ནས་འོག་ན་འཇག་མ་ལྷག་གེ་འདུག་པ་བུ་མོས་སྒོ་བར་ནས་མཐོང་བས། འོ་ན་ལགས་ཐམས་ཅད་འཕྲུལ་དུ་སྣང་བྱས་པས། རྒྱལ་པོ་དེ་ལ་ཡེངས་བཞིན་དུ་སྟེའུའི་ཁ་ཐལ་བས་སེང་གེ་གཅིག་གི་སྣ་བཅད་པས། བཟོ་བོ་བརྒྱས་སེང་གེ་རེའི་སྣ་བཅད། རྒྱལ་པོས་སྤང་ལེབ་གཅིག་ལ་གཟོང་ཁ་ཐལ་ནས། བུ་གུ་གཅིག་ཕུག་པས་བུ་གུ་བརྒྱ་ཕུག རྒྱལ་པོས་ལོག་ལེ་ཁ་ཐལ་བས། ཀ་བ་གཅིག་ཟུར་ཉམས་པས། ཀ་བ་བརྒྱའི་ཟུར་ཉམས་པར་གྱུར་ཏོ། །དེར་རྒྱལ་པོའི་ཞལ་ནས། ངའི་འཕྲུལ་པ་འབངས་མི་ཚུན་ཆད་ཀྱིས་ཤེས་སོ་གསུངས་ནས། འཕྲུལ་པ་ཞིག་པས་སྣང་བ་གསུམ་དུ་བྱུང་ངོ༌། །སྐྱེ་བོ་ཕལ་བའི་སྣང་བ་ལ། ཤིང་དང་འདག་པའི་མི་ལ་སྟེའུ་ལྟག་རེ་བརྒྱབ་པས་ཞིག་པར་མཐོང་ངོ༌། །བློན་པོ་ཆེན་པོ་རྣམས་ཀྱི་སྣང་བ་ལ་སྤྲུལ་པའི་ཤིང་བཟོ་བ་རྣམས་རྩིག་པའི་གསེབ་ན་ཕར་རྐང་པ་གཞུག་ཉུག་གེ་སོང་བར་མཐོང་ངོ༌། །རྒྱལ་པོ་ཡབ་ཡུམ་ཤིང་བཟོའི་དབུར་ཆག་དང་ཙོན་རྩི་ལ་སོགས་ཚར་བར་གཟིགས་སོ། །དེ་ནས་ཤིང་རྣམས་སྔར་གདུང་ཆེར་དུ་བཅེར་བ་དང༌། ས་སྲོད། བློན་པོ་དག་ན་རེ། ད་ས་ཡང་སྲོད། སྤྲིན་ཡང་འཐིབས། གློག་ཀྱང་བྱུང༌། ཆར་འབབ་པ་འདྲ་ན། རྒྱལ་པོའི་ཤིང་གི་རྩི་འཇིག་པ་སྲུང་བའི་ཕྱིར་གྲོང་ཁྱེར་བ་རྣམས་ཀྱི་རེ་བ་དང་ཕྱར་སླེ་རྣམས་བསྡུས་ལ་ཤིང་ལ་གཡོགས་དགོས་པ།  ལས་ཀྱི་རྔ་བརྡུངས་པས།  གྲོང་ཁྱེར་བ་ན་རེ།  སྔར་རྒྱལ་པོ་གཙུག་ལག་ཁང་གརྩིགས་པ་ལ་ལས་ཀྱི་རྔ་མ་བརྡུངས་པས།  ངལ་གསོ་ན་ཅི་བྱེད་ཟེར། སྒོ་བ་ན་རེ། ཤིང་གི་ཆར་སྐྱིབས་རེ་བ་རྣམས་ཀྱིས་ཤིང་ལ་བཀབ་དགོས་པས་བྱེ་མའི་གླིང་དུ་འཁྱེར་ལ་ཤོག་ཅེས་བསྒོ་འོ། །གྲོང་ཁྱེར་བ་ཐམས་ཅད་ཕྱར་བ་ལ་སོགས་པ་ཐམས་ཅད་ཁྱེར་ནས་ར་སའི་འགྲམ་དུ་ཕྱིན་ཙ་ན། སྲོད་ལ་རྒྱལ་པོས་སྤྲུལ་པ་བྱས་པས། ར་སའི་ཐོག་ཕུག་ཟིན་ནས། སྟེང་ནས་སྤྲུལ་པའི་མི་ཕ་ཚེ་ཐོགས་པ་ཡུད་ཡུད་འདུག་པ་བློན་པོ་རྣམས་ཀྱིས་མཐོང་ངོ༌།  །བློན་པོ་རྣམས་ངོ་མཚར་དུ་གྱུར་རོ། །རེ་བ་རྣམས་ཀྱིས་ར་སའི་རྒྱ་མཐོངས་བཀབ་པོ། །དེ་ནས་སང་ནངས་པར་རྒྱལ་པོས་དེ་ན་གང་ལེགས་པ་ཞིག་ལ་ངའི་ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོའི་བཞུགས་ས་བྱ་དགོས་སྙམ་ནས་གཙང་ཁང་ལྟར་བྱོན་པས། དབུས་ཀྱི་གཙང་ཁང་སྒོ་ཕྱེ་བ་དང༌། དེ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ་གཙོ་འཁོར་དགུ་ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་བ་མཛད་ཅིང་བཞུགས་ནས་འདུག གཙང་ཁང་གཡས་པ་སྒོ་ཕྱེ་ཙ་ན། དེ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་གཙོ་འཁོར་དགུ་དང་བཅས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་བ་མཛད་ཀྱིན་བཞུགས་འདུག ཡང་གཙང་ཁང་གཡོན་པ་སྒོ་ཕྱེ་ཙ་ན། དེ་ན་དེ་བཞིན་གཤེགས་པ་བྱམས་པ་ཆོས་ཀྱི་འཁོར་ལོ་གཙོ་འཁོར་དགུ་པོ་ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་བ་མཛད་ཀྱིན་བཞུགས་འདུག གཙང་ཁང་ལྷོ་ངོས་སྒོ་ཕྱེ་ཙ་ན། དེ་ན་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེས་འཁོར་གནོད་སྦྱིན་ཕོ་མོ་རྣམས་ལ་བོད་ཁ་བ་ཅན་གྱི་འདྲེ་སྲིན་འདུལ་པའི་ཐབས་སྟོན། དེ་ནས་ཨརྱ་ཛམ་བྷ་ལ་གཏེར་གྱི་བུམ་པ་གཏོད་ཀྱིན་བཞུགས། གཙང་ཁང་བྱང་ངོས་སྒོ་ཕྱེ་ཙ་ན། དེ་ཉམས་དགའ་བ་ས་གཞི་གུ་ཡངས་པ་བྱ་བྱེད་ཀྱིས་མཐོ་བ། ཤིང་གི་བཟོ་ལེགས་པར་གཟིགས་པ་ན་ངའི་ལྷའི་བཞུགས་ཁང་འདི་ལ་བྱའོ་སྙམ་སྟེ་ཕྱིར་བྱོན་ཙ་ན། སྒོའི་ཐེམ་པའི་རྩར། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་སྤྱན་དམར་པོ་གསུམ་སྦྲུལ་མགོ་ཉི་ཤུ་རྩ་གཙིག་པས་རྒྱལ་པོའི་ཞབས་ལ་གཏུགས་ཏེ་ཕྱག་བྱས་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་གཙུག་ལག་ཁང་འདི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སུ་རྒྱས་པར་བསྐྱང་གི། ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་འབེན་ཚད་གང་ཙམ་ཕྱིར་བྱོན་ཙ་ན། ཀླུའི་རྒྱལ་པོ་དགའ་བོ་སྦྲུལ་མགོ་བདུན་པ་གཅིག་བྱས་ཏེ། རྒྱལ་པོ་ཁྱོད་ཀྱི་གཙུག་ལག་ཁང་འདི་སྟོང་བར་མའི་འཇིག་རྟེན་གྱི་ཁམས་སུ་རྒྱས་པར་བསྐྱང་གི་ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བྱོན་པ་དང་ཀླུ་ཉེ་དགའ་བོས་རྒྱལ་པོ་ལ་ཕྱག་བྱས་ནས་ཁྱེད་ཀྱི་གཙུག་ལག་ཁང་འདི་སྟོང་གསུམ་གྱི་སྟོང་ཆེན་པོ་འདིར་ངས་རྒྱས་པར་བསྐྱང་གི། ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བྱོན་པའི་མདུན་དུ་གནོད་སྦྱིན་གྱི་རྒྱལ་པོ་ན་ག་ཀུ་བྷེ་ར་མགོ་གསུམ་པ་ཞིག་གིས་ཕྱག་བྱས་ཏེ། རྒྱལ་པོ་ཁྱོད་ཀྱི་གཙུག་ལག་ཁང་འདི་མིའི་འཇིགས་པ་ལས་ངས་བསྲུང་གི། ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བྱིན་པའི་མདུན་དུ་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་མགོ་དགུ་པ་གཅིག་གིས་རྒྱལ་པོ་ལ་ཕྱག་བྱ་ཏེ། རྒྱལ་པོ་ཁྱོད་ཀྱི་གཙུག་ལག་ཁང་འདི་ལ་མེའི་འཇིགས་པལ་བྱུང་ན་ངས་བསྲུང་གི། ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བྱོན་པ་དང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་རྒྱལ་པོ་ལ་ཕྱག་བྱས་ཏེ། ཁྱོད་ཀྱི་གཙུག་ལག་ཁང་འདི་ལ་མི་མ་ཡིན་གྱི་གནོད་པ་བྱུང་ན་ངས་བསྲུང་གི། ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་སོང་ངོ༌། །དེ་ནས་ཞལ་ལྷོར་གཟིགས་པས་དཔལ་ལྷ་མོས་ལྕགས་ཀྱི་བྲེ་བ་སོ་གཅུ་གཉིས་པ་གཅིག་ཐོགས་ནས་རྒྱལ་པོ་ལ་ཕྱག་བྱས་ཏེ། ཁྱོད་ཀྱི་གཙུག་ལག་ཁང་འདི་ལ་ཆུའི་འཇིགས་པ་བྱུང་ན་ངས་བསྲུང་གི། ངའི་གཟུགས་གཅིག་ཀྱང་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར་ཏོ། །གཙུག་ལག་ཁང་མི་མ་ཡིན་པ་རྣམས་ཀྱིས་བསྲུང་བར་ཁས་བླངས། དེ་ནས་རྒྱལ་པོས་ཀྱང་ནངས་པར་ཉི་མ་ཤར་ཙམ་ལ་དགའ་སྟོན་གྱི་རྔ་བརྡུངས། ལྷ་གཅིག་ཁྲི་མཙུན་གྱིས་དགའ་སྟོན་གྱིས་ཤིག བློན་པ་རྣམས་ཀྱིས་ལུས་རྒྱན་དང་ཆོས་ལས་མཆོད་པ་རྒྱུན་མི་ཆད་པ་སྤེལ་ཞིང༌། ར་སའི་གཙུག་ལག་ཁང་དུ་ལྷ་འདྲེན་དུ་ཤོག་ཅིག་ཅེས་བཀའ་བསྩལ་པས། འབྲེང་ཞགས་དང་ཤིང་རྟ་ལ་སོགས་པ་སྟ་གོན་དུ་བྱས་སོ། །སང་ནངས་པ་དགུང་སངས་པ་དང༌། མཆོད་པའི་བུ་མོ་བཅུ་དྲུག་དང༌། བློན་པོ་ཆེན་པོ་རྣམས་ཕྱག་འཚལ་དུ་ཡོང་ཙ་ན་ལྷ་གཅིག་ཀྱང་མི་བཞུགས་པར། རྒྱལ་པོའི་དབུ་སྔས་ན་སྤོས་དང་མེ་ཏོག་སྔར་མེད་པའི་ཐོར་བ་རེ་སྣང་བས་བྲེད་པས་རྟབ་དི་རི་བྱས་པས། ཁང་ཐོག་གི་ནེ་ཙོ་སྨྲ་མཁན་གཅིག་ན་རེ། ཁྱེད་རྣམས་ཅིའི་ཕྱིར་ཐུགས་རྟབ་པོར་བྱེད་ཟེར་རོ། །མཆོད་གཡོག་གི་བུ་མོ་རྣམས་ན་རེ། ལྷ་རྣམས་གཙང་ཁང་དུ་སྤྱན་འདྲེན་བསམས་ཙ་ན་ལྷ་རྣམས་གཅིག་ཀྱང་མེད་ཟེར། ནེ་ཙོ་ན་རེ། མདང་ནམ་ཕྱེད་ཙམ་ན་ལྷ་རྣམས་གཅིག་གིས་གཅིག་ལ་ཕྱག་བྱས་ནས། མེ་ཏོག་གཏོར་ནས་ཕོ་བྲང་གི་མཐོངས་ནས་ཡར་སོང་བས།  བྱང་ཕྱོགས་བྱེ་མའི་གླིང་ན་ཕར་བལྟས་ཏེ་སོང་ཟེར་རོ།  །དེ་བདེན་ནམ་མི་བདེན་སྙམ་སྟེ་བློན་པོ་དེ་དག་གིས་བྱང་ཕྱོགས་བྱེ་མའི་གླིང་དུ་ཕྱིན་ཙ་ན། བྱེ་མའི་གླིང་ལ་ཞབས་རྗེས་པད་མོ་འདུག་པ་མཐོང༌།  དེར་རླུང་འཚུབ་ལངས་པས་བྱེ་མའི་གླེའི་པད་མོ་ཟུམ་པས།  བློན་པོ་དག་གིས་མིག་རིག་རིག་ཕར་ཙབ་ཚུར་ཙབ་བྱེད་དོ། །ར་སའི་གཙུག་ལག་ཁང་དུ་དྲེའུ་དཀར་མོ་སྐད་འདོན་ཞིང་སྣ་ཤུད་ནས་སོང་བ་དང༌།  དེའི་ཕྱི་ལ་ཕྱིན་ཙ་ན། ལྷ་ཁང་སྒོ་ལྷོར་ལྟ་བ་བྱང་མ་དེ་ན་ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་གདན་མེད་པར་གྲལ་བྱས་ནས་འདུག་པ་གྲོང་ཁྱེར་བའི་མི་ཐམས་ཅད་ཀྱིས་མཐོང་ངོ༌། །རྒྱལ་པོ་ཡང་དེ་ལ་ཐུགས་དགྱེས་ཏེ་ངོ་མཚར་ཆེ་ཟེར་ནས་ཐལ་མོ་སྦྱར་རོ། །དེ་ནས་རྒྱལ་པོས་བལ་པོ་ལྷ་བཟོ་བ་ལ། ཁྱོད་ཀྱིས་གཙང་ཁང་གི་ལྷོ་ཕྱོགས་འདི་ལ་ལྷ་གཅིག་བྲིས་དང་ཞེས་བཀའ་བསྒོ་བ་དང༌། ལྷ་བཟོ་བས་ཀྱང་ཀ་བ་ཤིང་ལོ་ཅན་གྱི་རྩར་ཀོང་བུ་དང་པིར་དང་ཚོན་རྩི་ལ་སོགས་པ་སྟ་གོན་བྱས་ཏེ་སང་ནངས་པར་འབྲི་བར་བརྩམ་མོ། །ནངས་པར་ལྷ་བཟོ་བས་རྒྱལ་པོ་ལ་ཕྱག་བྱས་ཏེ། ལྷ་ཇི་ལྟ་བུ་བྲི་ཞུས་པས། རྒྱལ་པོ་དང་ལྷ་བཟོ་དང་བློན་པོ་ཆེན་པོ་རྣམས་འགྲོགས་ཏེ་ར་སའི་གཙུག་ལག་ཁང་དུ་བྱོན་པ་དང༌། ལྷོ་ཕྱོགས་ཀྱི་རྩིག་ལོགས་ལ་བཅོམ་ལྡན་འདས་ཁ་སརྤ་ཎི་འཇིགས་པ་བརྒྱད་སྐྱོབ་བྲིས་ནས་འདུག་གོ། །དེ་ལ་ངོ་མཚར་རོ་ཞེས་སྨྲས་པ་དང༌། དེའི་འཕྲོ་ལ་གང་ལ་ཅི་འདུལ་དེ་ལ་དེར་སྟོན་གླིང་ལ་འཕེལ་བར་གྱུར་ཏོ། །དེ་ནས་སྤྲུལ་ལཔའི་ལྷ་བཟོ་དེས་ཀྱང་དེའི་འོག་གི་རྟ་མགྲོན་དཀར་པོ་དང༌། ལྷ་མོ་སྒྲོལ་མ་ལ་སོགས་པལ་ལྷ་ལྔ་བྲིས་སོ། །རྒྱལ་པོས་གདུང་མ་རྣམས་ཀྱི་བར་བཀག་ལ་ཆོས་མངོན་པའི་སྡེ་སྣོད་ཀྱི་རྒྱུད་རིས་བཀོད། གདུང་ཚར་རྣམས་ལ་ཕྱི་རབས་དཔོན་སྲས་བླ་བློན་རྣམས་ཀྱི་དོན་དུ་དམ་ཆོས་འདུལ་པའི་རྒྱུད་རིས་རྣམས་བཀོད་དོ། །ཕྱི་རབས་ཀྱིས་རིགས་པའི་ཆོས་གོ་བར་བྱ་བའི་དོན་དུ་གློ་འབུར་ནུབ་བྱང་མཚམས་སུ་ལྡེའུ་བྲིས། ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་དུ་སྒྲུང་རྒྱུད་མང་པོ་ཡང་བྲིས་སོ། །བསླབ་པ་གསུམ་ལ་འགོད་པའི་ཕྱིར་བོན་ཤ་བ་ནམ་མཁའ་ལ་འགྲོ་ཤེས་པ་ཡང་ཡོད་དོ། །དེ་ནས་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་བཀའ་བསྩལ་པ།  ཁྱོད་ཀྱི་ཡབ་རྒྱལ་པོའི་ཐུགས་དགོངས་སྐོང་བ་དང་ཆད་བཙན་པར་བྱ་བའི་ཕྱིར་དང༌། ་་བ་ཅན་གྱི་སེམས་ཅན་གྱི་ཕྱག་དང་མཆོད་པ་བྱེད་པའི་རྟེན་འཛུགས་པ་དང༌།   ནག་པོའི་ཕྱོགས་ཐམས་ཅད་འགྲིབ་ལ་ལེགས་སོ་ཅོག་དར་བར་བྱ་བའི་ཕྱིར་ལྷ་ཁང་འདི་ཚང་བར་གྱིས་ཤིག་ཅེས་བཀའ་བསྩལ་བ་དང༌། དེ་ལ་ལྷ་གཅིག་ཁྲི་བཙུན་སྤྲོ་བས།  རྒྱལ་པོ་ལ་ཇི་ལྟར་བགྱི་ཞུས་པས།  རྒྱལ་པོས་བཀའ་བསྩལ་བ།  ཡབ་རྒྱལ་པོ་དང་ངའི་བང་ཆེན་བློན་པོ་རྣམས་ཆད་བྱས་ཁས་བླངས་པའི་དུས་སུ།    མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ལ་སྒོ་ཐམས་ཅད་ནུབ་ཕྱོགས་བལ་པོའི་ཡུལ་དུ་ཁ་བསྟན།  གཙང་ཁང་དབུས་མར་བཅོམ་ལྡན་འདས་ཨ་མི་དེ་བ་གཙོ་འཁོར་དགུ་བཞེངས་སུ་གསོལ་ཅིག  དེའི་གཡོན་གཙང་ཁང་ལྷོ་མར་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེས་གཙོ་བྱས་ཆོས་སྐྱོང་བའི་གནོད་སྦྱིན་ཆེན་ཀཔོ་གཏེར་གྱི་བུམ་པ་ཐོགས་པ་བཞེངས་ཤིག  གཙང་ཁང་གི་སྒོ་ལྔ་ཚར་ནས་ཁ་བ་ཅན་སྐྱེས་པའི་སེམས་ཅན་དེ་དག་བདེ་བར་གཤེགས་པའི་བཀའ་ལ་ཡིད་མི་ཆེས་པ།  ཆོས་ཀྱི་བདུད་རྩི་ལ་འཐུང་དུ་མི་བཏུབ་པ།  ཐར་པའི་བཀར་བསླབ་པ་གསུམ་ལ་མི་སློབ་པ།  རིགས་པའི་ཆོས་ལ་བློ་མི་འགྲོ་བ།  དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་པ་རྣམས་ངས་འདུལ་བ་ཡིན་པས།  ངའི་ཁྲིམས་བཙན་དུ་བྱས་པས།  ཆོས་ཀྱི་བདུན་རྩི་འཐུང་བ་ཡིན།  ངའི་རྒྱལ་ཁསམ་སུ་ཆོས་བདུད་རྩིར་བྱ་བའི་ཕྱིར་ཀ་བ་ཤིང་ལོ་ཙན་དང་ཉེ་བར་ཆོས་ཀྱི་གཏེར་སྦ་བར་བྱའོ།  །དེ་བསྲུང་བའི་ཕྱིར་ཀ་བ་སྦྲུལ་མགོ་ཅན་དུ་མཐུའི་གཏེར་སྦ་བར་བྱའོ།  །དེ་ནས་མཐའི་ངན་སྔགས་དང་ཕྲ་མེན་གྱིས་མི་ཚུགས་པར་བྱ་བའི་ཕྱིར་ཀ་བ་སེང་གེ་ལག་ཟན་མ་ལ་ཕྱིར་བཟློག་སྦ་བར་བྱའོ།  །དེ་ཐམས་ཅད་ཀྱི་རྐྱེན་འབྱུང་ཞིང་ཁ་བ་ཅན་དུ་ཆར་ཆུ་དུས་སུ་འབབ་པ་དང༌། ལོ་ཕྱུགས་དུས་སུ་སྨིན་པར་བྱ་བ་དང༌། སད་དང་སེར་བ་མི་འབྱུང་བར་བྱ་བའི་ཕྱིར་ཀ་བ་བུམ་པ་ཅན་དང་མི་རིང་བར་རིན་པོ་ཆེའི་གཏེར་སྦ་བར་བྱའོ།  །ར་སའི་ཞིག་རལ་གསོ་བ་དང་མཆོད་པ་རྒྱུན་མི་ཆད་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་འོག་ཏུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་གསེར་དངུལ་ལ་སོགས་པའི་ཁྲམ་ཐོབ་ཅིག གཞན་ཡང་མི་ལ་ནད་མི་འོང་བ་དང༌།  ཕ་སྤུན་རྨེ་མི་འཆོར་བ་དང༌། ཡ་རབས་ནང་འཁྲུག་མི་འཆོར་བ་དང༌། སྤྱིར་རྒྱལ་ཁམས་གཞན་གྱི་དམག་མི་ཡོང་བ་དང༌། ཕྱི་རོལ་མུ་སྟེགས་བྱེད་ཀྱི་ཆོས་མི་དར་བ་དང༌། སྒྲུབ་པ་པོ་ལ་བར་ཆད་མི་ཡོང་བ་ལ་སོགས་ཉེས་པ་ཐམས་ཅད་མི་འགྱུར་བ་དང༌། ལེགས་དགུ་ཅོག་དར་བའི་ཕྱིར་དུ་ཐབས་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་ཡང་ཇི་ལྟར་བྱས་ལུགས་དང༌། གར་སྦས་པ་དང༌། ཕྱུང་ནས་ཇི་ལྟར་ལོངས་སྤྱོད་པ་དང༌། དེ་ལ་སོགས་པ་མང་དུ་བཀའ་ཆེམས་ཀྱི་ཤོག་རིལ་བྲིས་འདུག་སྟེ།  ངན་འཕེལ་གྱིས་དོགས་ནས་བཞག་གོ། །དེ་ཐམས་ཅད་ཀྱང་སྤྲུལ་པས་སྲུང་བ་སྒོ་ཁང་དུ་ཀླུའི་རྟེན་ཚུགས་ཤིག གནོད་སྦྱིན་གྱི་རྟེན་ཚུགས་ཤིག དཔལ་ལྷ་མོའི་རྟེན་བྱ་བ་ལ་སོགས་པ་མང་དུ་བཀའ་བསྩལ་ནས། རྒྱལ་པོ་དང་བློན་པོ་བཅུ་དྲུག་དང་ཆས་ནས་རྒྱ་ནག་འཕྲུལ་གྱི་རྒྱལ་པོའི་ཆད་བཙན་པར་བྱ་བའི་ཕྱིར།  རྒྱའི་སོ་ཁ་ཕྱིར་འབུལ་བ་དང༌། བོད་འབངས་བདེ་ལ་འགོད་པལ་དང༌། ཐུགས་དམ་གཙུག་ལག་ཁང་བཞེངས་པའི་ཕྱིར། མདོ་སྨད་ཤར་ཕྱོགས་སུ་གཤེགས་སོ། །ལྷ་གཅིག་ཁྲི་བཙུན་གྱིས་བལ་པོའི་ལྷ་བཟོ་སྤྱན་དྲངས་ལྷ་ཁང་གསུམ་ཐོག་མ་གཅིག་བགྱི་བར་འདོད་པས་ཉིས་ཐོག་བཟོ་བྱས། འོག་ཁང་དུ་རྒྱལ་པོས་བཀའ་བསྒོ་བ་ལྟར་ལྷ་ལ་སོགས་པ་བཀའ་བཞིན་བསྒྲུབས་སོ། །ར་མོ་ཆེར་ལྷ་ཁང་རྩིག་དབང་མེད། སིང་དང་ལ་མའི་ར་བ་བགྱིད་པལ་ལ་ཀ་བའི་བར་སོ་ཕག་གིས་བཅད་པས་སྒོ་ཁྱུད་ཤར་དུ་ཕྱེ་བས། ལྷའི་ཞལ་དང་པོ་ནུབ་ཏུ་གཟིགས་པ་དེ། ཤར་དུ་རང་བསྒྱུར་འགྱུར་བར་གྲགས་སོ། །ཇོ་མོ་གཅུང་མོ་མོང་བཟའ་ཁྲི་ལྕམ་གྱིས་ལྷ་ས་མཁར་བྲག་ཐུགས་དམ་དུ་བཞེངས་སོ། །ཞང་ཞུང་གི་རྒྱལ་པོ་ལིང་བཀྲའི་སྲས་མོ་ལྷ་གཅིག་མིག་སྨན་གྱིས་ལྐོག་པའི་ཐུགས་དམ་བཞེངས། ༼དེའི་ཚེ་སུམ་པ་ཀི་ཀང་རྡོས་ངན་སྔགས་ཀྱིས་ཤིག་ལིང༌། ༽ ཕྱ་ར་ཙམ་བཏང་ནས་ཤིག་ཕུག་རོན་ཙམ་བྱུང་མཆིས། དེ་ནས་དགུང་ལོ་བཅུ་གཉིས་ན་རྒྱལ་པོའི་ཐུགས་དམ་གཙུག་ལག་ཁང་གྲངས་ཐིམ་ཁར་ཡོངས་རྫོགས་རབ་དགའི་ལྷ་ཁང་བཞེངས།  མཛད་པ་རྒྱ་ཆེན་པོ་ཡང་ཚར་ནས་དབུས་སུ་གཤེགས།  ཇོ་མོ་རྒྱལ་བཙུན་གྱིས་བྲག་ལྷ་མགོན་པོ་ཀུན་ཏུ་ཞལ་བརྐོ་བ་ལ་རྡོ་རྗེ་ཕྱེ་བྲེ་རེ་ཕེད་ན་ཚ་བྲེ་རེ་བྱ་དགར་གནང་བས་ཚར་རོ། །གཅུང་ཁྲི་ལྕམ་དང་ཞང་ཞུང་བཟའི་ཐུགས་དམ་ཡང་ཚར། གཅེན་ཁྲི་བཙུན་གྱི་ར་ས་བྲེ་ཁ་སྤུབ་པ་འདྲ་བ་ཞིག་ཚར་བའི་སླད་རོལ་དུ། རྒྱལ་པོ་བློན་པོ་བཅུ་དྲུག་དང་བཅས་པ་བྱོན།  སྣ་ཆཻན་པོས་རྗེའི་གདན་ཁྱེར་ནས་ཐེམ་སྐས་ལ་བྱོན་པ་དང༌། ར་སའི་ནང་ཆུས་གང་བར་སྣང་སྙམ་སྟེ་ནང་དུ་མཆི་ངར་རྔོ་མ་ཐོགས། དེར་རྒྱལ་པོའི་ཆིབས་ལྕག་བོར་བས། ཆུ་ནང་ན་ལྡིང་བ་ལྟར་གདའ་སྟེ།  སླར་ཆབ་ཀྱི་ནང་དུ་བབས་སོ། །ཡང་རྒྱལ་པོས་ཕྱག་སོར་གདུ་བུ་བསྐྱུར་བས་སིལ་ཁྲོལ་ཏེ་དཀྱིལ་འཁོར་གྱི་རྩར་སོང་བས་དེར་ཡིད་ཆེས་ཏེ་རྒྱལ་པོའི་ཁྲི་དཀྱིལ་འཁོར་གྱི་སྟེང་དུ་བརྩིགས་ཏེ་བཞུགས།  ཁྱེད་བློན་པོ་བཅུ་དྲུག་པོ་མི་བཞིས་གྲོང་ཁྱེར་ནས་མགྲོན་པོས།  མི་བཞིས་ཤ་ཚོས། མི་བཞིས་ཆང་ལོངས། མི་བཞིས་འདྲེན་པ་གྱིས་ཤིག་ཅེས་བཀའ་བསྩལ་ཏོ། །བློན་པོ་རྣམས་ཀྱིས་བཀའ་བཞིན་བགྱིས་པ་དང༌། ཇོ་མོ་ཁྲི་བཙུན་གསེར་སེལ་མ་བྲེ་གང་བསྣམས་ཏེ་རྒྱལ་པོ་ལ་ཕུལ་སྙུན་རྨེད། ལྷ་གཅིག་ཀོང་ཇོས་ཀྱང་གསེར་སིལ་མ་བྲེ་གང་བསྣམས་ཏེ། རྒྱལ་པོ་ལ་ཕྱག་བྱས་གསེར་ཕུལ་ནས་སྙུན་རྨེད་དོ། །མོང་བཟའ་ཁྲི་ལྕམ་ཡང་གསེར་སེལ་མ་བྲེ་གང་བསྣམས་ཏེ་རྒྱལ་པོ་ལ་ཕྱག་བྱས་གསེར་ཕུལ་ནས་སྙུན་རྨེད་དོ། །དེ་ནས་རྒྱལ་པོའི་ཞལ། ལྷ་གཅིག་ཁྲི་བཙུན་ན་རེ། ཁོང་གི་ཤིང་བཟོ་ལེགས་འདྲ་སྟེ་ངའི་འཕྲུལ་བཟོ་ལེགས་འདྲ་སྟེ་འཕྲུལ་དུ་སྣང་ཞེས་པས་ལྷ་ཁང་སྟེང་ཁང་འཕྲུལ་སྣང་བྱ་བར་གྲགས་སོ། །དེ་ནས་རྒྱལ་པོས་བཞེངས་ཏེ། ངའི་ལྷ་ཐུགས་རྗེ་ཆཻན་པོ་ལ་ཕྱག་བྱའོ་གསུངས་ནས་ཐུགས་རྗེ་ཆེན་པོའི་གཙང་ཁང་དུ་གཤེགས་སོ། །ཇོ་བོ་ཐུགས་རྗེ་ཆེན་པོའི་ན་བཞེངས། གཡས་ན་ལྷ་གཅིག་ཁྲི་བཙུན་བཞེངས། གཡོན་ན་ལྷ་གཅིག་ཀོང་ཇོ་བཞེངས། རྒྱབ་ཐེམ་པའི་ནང་ལ་སོགས་པ་ན་མོང་བཟའ་ཁྲི་ལྕམ་བཞེངས། སྣ་ཆེན་པོའི་ལག་པ་སྒོ་སྐེད་ལ་འཇུས། རྐང་པ་ཕྱིར་བཞག་མགོ་བོ་ནང་དུ་བཅུག་ནས་འདུག་པ་ལ། རྒྱལ་པོས་ཞལ་ཕྱིར་ལོག་བྱས་ནས་བོད་འབངས་རྣམས་ལ་ལུང་བསྟན་པ། འདི་ལ་ཁ་བ་ཅན་གྱི་རྒྱལ་ཁམས་འདི། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན། །ཁྱད་པར་ཅན་གྱིས་གནས་སུ་ལུང་བསྟན་ཏེ། །བྱང་ཆུབ་སེམས་དཔའ་མང་པོ་འབྱུང་བར་འགྱུར། །དེ་ནས་གདུང་རབས་བཞི་ན་རྒྱལ་པོ་ནི། །སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔའ་འབྱུང༌། །དེ་ནས་དེ་སྲང་བྱང་ཆུབ་སེམས་དཔའ་ཡི། །འཕགས་པའི་གང་ཟག་རྒྱལ་པོ་ཆེན་པོ་འབྱུང༌། །ཆོས་བཞིན་གཙུག་ལག་ཁང་ཆེན་མང་པོ་བཞེངས། །མཐའ་འཁོབ་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུ། །ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་དཔྱ་ཁྲལ་སྡུད། །རྒྱ་གར་གསང་མཛོད་དམ་ཆོས་མང་པོ་བསྒྱུར། །སྤྲུལ་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་ནི། །ལོ་པཎ་མང་པོས་དམ་ཆོས་རྒྱས་པར་བྱེད། །ཡངས་པ་ཅན་གྱི་དམ་ཆོས་མང་པོ་ཡིས། །རབ་ཏུ་བྱུང་ནས་དགེ་འདུན་སྡེ་ཡང་འཛུགས། །བརྩོན་འགྲུས་ཅན་གྱི་སྔགས་པ་མང་པོ་འབྱུང༌། །ཐུན་མོང་དངོས་གྲུབ་ཐོབ་ནས་མགོ་འཚམས་མང་པ་སྟོན། །དེ་ལྟར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་དེས། །བོད་འབངས་བདེ་སྐྱིད་དགའ་བའི་ཆོས་ལ་སྦྱོར། །རྒྱལ་པོའི་མཛད་སྤྱོད་ཕུན་སུམ་ཚོགས་པ་ཡིན། །འབངས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང༌། །དེས་ཀྱང་སྐུ་གཟུགས་འདི་ལ་ཞབས་ཐོག་བྱེད། །དེ་སྲས་བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང༌། །སངས་རྒྱས་བྱང་ཆུབ་སེམས་དཔའི་བསྟོད་བསྔགས་བརྗོངས། །སངས་རྒྱས་བསྟན་བསྲུང་ཞིང་རྒྱས་པར་སྐྱོང༌། །སྐུ་གཟུགས་འདི་ལ་ཞབས་ཐོག་བྱེད་པར་འགྱུར། །དེའི་སྲས་སུ་བྱུང་བ་བྱང་ཆུབ་སེམས་དཔའ་གཉིས། །གཅིག་ནི་བདུད་རིགས་རྒྱལ་པོ་ནག་པོར་འགྱུར། །དེ་ལྟར་བདུད་རིགས་ནག་པོའི་རྒྱལ་པོ་དེས། །བོད་འབངས་ཡོངས་ཀྱི་བསོད་ནམས་ཟད་པ་དང༌། །སངས་རྒྱས་བསྟན་པ་ཉམས་པར་གྱུར་པས་ན། །ནག་པོ་བདུད་ཀྱི་ལྷ་འདྲེ་དར་གྱུར་ནས། གནམ་ཐེ་དཀར་པོའི་སྤྲུལ་པ་བློན་པོ་འབྱུང༌། །དེའི་འཁོར་གྱིས་འགོང་པོ་དགུར་སྤྲུལ་ནས། །བོད་ལ་གནོད་པ་བྱེད་པ་འབྱུང་བར་འགྱུར། །དེ་ནས་གནམ་ཐེ་དཀར་པོའི་སྤྲུལ་པའི་བློན་པོ་དེས་འདྲེའི་སྤྲུལ་པས་སྔགས་པ་གསོད་པར་འགྱུར། །དེ་ཡིས་དཀར་པོའི་ཕྱོགས་ཀྱི་ལྷ་འདྲེ་འཁྲུགས། །ནག་པོའི་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས། །རྒྱལ་པོ་བདུད་ཀྱི་ཕྱོགས་ཀྱི་དཔུང་བྱས་ནས། །བྱང་ཆུབ་སེམས་དཔའི་རྒྱལ་པོ་གཉིས་པོ་ཡང༌། །གཅིག་ནི་སྤྱུགས་ལ་གཅིག་ནི་གསོད་པར་འགྱུར། །དེ་ནས་ནག་པོའི་ཕྱོགས་ནས་དར་གྱུར་ནས། །སངས་རྒྱས་བསྟན་པ་ཤིན་ཏུ་ནུབ་པར་འགྱུར། །གཙུག་ལག་ཁང་བཤིག་ཕན་ཚུན་ཆད་པ་གཅོད། །དགེ་བ་སྤྱོད་ལ་ལོག་པའི་བཀའ་བཀྱོན་ཐེབས། །སྡིག་པ་སྤྱོད་ལ་ལེགས་པའི་བྱ་དགའ་སྟེར། །དགོན་པ་ཐམས་ཅད་རི་དྭགས་དགོན་པར་འགྱུར། །གཙུག་ལག་ཁང་ཀུན་ཕྱུགས་ར་དག་ཏུ་འགྱུར། །སྟོན་པ་རྣམས་ནི་ལས་བྱེད་ལས་ཁུར་བྱེད། །བན་དེ་རྣམས་ནི་ལིངས་བྱེད་རྔོན་པ་བྱེད། །ཀྱི་ཧུད་ནག་པོའི་ཕྱོགས་རྣམས་དར་བར་འགྱུར། །སངས་རྒྱས་བསྟན་པ་ཉམས་སྨད་གྱུར་པ་ན། །ནག་པོའི་ཕྱོགས་རྒྱས་མུན་པར་འགྱུར་དུ་ཉེ། །དེ་དག་དུས་སུ་སྐུ་གཟུགས་འདི་རྣམས་ཀུན། །རེ་ཞིག་ཟབ་མོའི་གཏེར་དུ་གསེར་ལྟར་སྦོས། །རྒྱལ་པོ་དེ་ཉིད་ཐ་མ་གྲི་རུ་འགུམ། །དེ་སྲས་རིང་ནས་བཀའ་ཆད་དབུ་ཡོགས་ཀྱིས། །རྗེའུ་རྣམས་ལ་འབངས་ཀྱིས་ཁེང་ལོག་བྱེད། །དེ་དུས་ངན་སོང་འགྲོ་བ་མང་པོ་འབྱུང༌། །བཅུད་རྣམས་སས་འཐུང་སྨན་རྣམས་ནུས་པ་ཆུང༌། །རོ་རྣམས་མི་ཞིམ་ལོ་ཏོག་སད་སེར་མང༌། །འབྲུ་རྣམས་སྐྱེད་ཁུངས་ཞན་ཞིང་ཕྱུགས་རྣམས་བཞོན་ཤེ་ཆུང༌། །གངས་དང་སྟོབས་དང་ཚེར་དུམ་རྩུབ་པ་འདྲ། །གཡང་ས་གྲོག་རལ་མ་རུངས་པ་རྣམས་འབྱུང༌། །གཅོང་རོང་ས་རལ་ཤིན་ཏུ་མི་བདེ་ཞིང༌། །རྩི་ཤིང་སྐམ་ཞིང་ས་རྡོ་རི་བོ་ཉིལ། །གཟའ་སྐར་ལོག་གྱུར་ཆར་ཆུ་མི་སྙོམ་ཞིང༌། །ནད་མང་ཚེ་ཐུང་མུ་གེ་མང་པོ་འབྱུང༌། །འདྲེ་གནོད་མང་ཞིང་འདྲེ་ཆོས་མང་དུ་འབྱུང༌། །འགོང་པོ་སྤུན་དགུ་མི་ཡུལ་བཅས་པ་ཡིས། །ཕྱུགས་ཀྱི་གཡང་ཉམས་འབྲུ་བཅུད་མི་བཟང་སྟེ། འཐབ་རྩོད་མང་ཞིང་ཞེ་འགྲས་མང་དུ་འབྱུང༌། །མཙོན་ཆ་དར་བས་རྒྱན་ཆ་མཚོན་ལ་རེ། །དགྲ་ཇག་མང་ཞིང་རྐུ་འཕྲོག་སྲོག་གཅོད་བྱེད། །དེ་ལྟར་རྒྱལ་ཁྲིམས་ཉམས་ཞིང་ཆོས་ཁྲིམས་ཞིག་པས་ན། །བོད་འབངས་རྣམས་ལ་མི་བདེ་སྣ་ཚོགས་འབྱུང༌། །དེ་ནས་བྱང་ཆུབ་སེམས་དཔས་བསྟན་པའི་མེ་རོ་སློང༌། །སྡེ་པ་དགེ་འདུན་མང་པོ་འབྱུང་བར་འགྱུར། །དེ་ལ་བྱང་ཆུབ་སེམས་དཔའ་མང་པོ་ཡིས། །སྐུ་གཟུགས་འདི་ལ་བསྙེན་བཀུར་མཆོད་པ་བྱེད། །ཕྱོགས་བཅུ་ཀུན་ཏུ་གཙུག་ལག་ཁང་སྐྱོང་ཞིང༌། །དམ་པའི་སྤྱོད་པ་ཚུལ་བཞིན་བྱེད་པར་འགྱུར། །དེ་ནས་བདུད་རིགས་སྤྲུལ་པའི་བན་དེ་ཡིས། །སྡེ་རྩོད་བྱས་ནས་དམ་ཆོས་ཉམས་སྨད་དེ། །གནས་ལ་འཐབ་རས་བསྐོར་ནས་དགེ་འདུན་དཀོར་ལ་སྤྱོད། །གཙུག་ལག་ཁང་ལ་འཐབ་ར་བྱེད་པ་དང༌། །དགོན་པའི་གནས་ལ་འཕྲོག་འཇོམ་བྱེད་པ་འབྱུང༌། །མཚོན་ཆ་ལྷ་རྟེན་རྣམས་ལ་ཐོབ་ཤ་བྱེད། །དཀོན་མཆོག་གསུམ་གྱི་རྟེན་ལ་ཡང་ཟོར་བྱེད། །ཀྱེ་ཧུད་བསྟན་པ་ཐལ་བ་བཞིན་དུ་བརླག་པར་འགྱུར། །དེ་ཡིས་བདུད་ཀྱི་ཕྱོགས་རྣམས་རྒྱས་པ་ཡིས། །གང་ཟག་རྣམས་ཀྱི་ཤེས་པ་བསྒྱུར་བྱས་ནས། །མི་འཚམས་སྤྱོད་པ་སྣ་ཚོགས་བྱེད་པར་འགྱུུར། །ཆོས་པ་ཐམས་ཅད་འདྲེ་དང་ཐུན་མོང་བྱེད། །ས་གཞི་འདི་ཡང་ཤིན་ཏུ་རྩུབ་པར་འགྱུར། །ཆོམ་རྐུན་མི་རྒོད་མང་པོ་འབྱུང་བར་འགྱུར། །འདྲེ་དང་འདྲ་བའི་མི་རྒོད་མང་པོ་འབྱུང༌། །འདི་ལ་ཆོས་བྱེད་རྣམ་པར་འཚེ་བར་འགྱུར། །དེ་དུས་ནུབ་ཀྱི་ཕྱོགས་སུ་སྐུ་འཁྲུངས་པའི། །དགེ་སློང་བྱ་ཡི་གདོང་པ་ཅན་གཅིག་འབྱུང༌། །བྱ་ཆུབ་སེམས་དཔའི་བློ་གྲོས་སྒྲུབ་པར་ལྡན། །རིན་ཆེན་བཟང་པོ་ཞེས་སུ་གྲགས་པ་དེས། །འདི་ལ་མཆོད་པ་བསྙེན་བཀུར་རྒྱ་ཆེར་མཛད། །སྐོར་བ་ཕུ་དུད་རིམ་གྲོ་བྱེད་པར་འགྱུར། །དེ་དུས་རྒྱལ་པོ་འོད་ཀྱི་མཐའ་ཅན་ནི། །བྱང་ཆུབ་སེམས་དཔའ་བློ་གྲོས་བསྟན་པ་འབྱུང༌། །དེ་ཡིས་བྱང་ཆུབ་སེམས་དཔའ་པཎྜི་ཏ། །བསླབ་པ་གསུམ་ལྡན་སྡོམ་གསུམ་དག་པ་ཡི། །མཁས་པར་སྒྲུབ་པ་མངོན་པར་བརྩོན་པ་ཡིས། །རིགས་བཙུན་ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །སྐུ་གཟུགས་འདི་ལ་མཆོད་བྱེད་ཕྱག་ཀྱང་འཚལ། །བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་པར་འགྱུར། །དེ་ཡིས་བསྟན་པ་ཤིན་ཏུ་རྒྱས་པར་མཛད། །དེའི་སློབ་མ་ཚུལ་བཟིན་བཞུགས་པ་ཡི། །དགེ་བསྙེན་དམ་པ་བསྟན་པའི་མངའ་དག་ནི། །འདི་ལ་བསྙེན་བཀུར་བྱེད་ཅིང་མཆོད་པར་འགྱུར། །བསྟན་པའི་མངའ་བདག་དགེ་བསྙེན་བཀུར་བྱེད་ཅིང་མཆོད་པར་འགྱུར། །བསྟན་པའི་མངའ་བདག་དགེ་བསྙེན་དམ་པ་ཞིག །བྱང་ཆུབ་སེམས་དཔའ་འཛམ་གླིང་རྒྱན་གྲགས་པ། །འཁོར་གྱི་ནི་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ལྡན། །བྱོན་ནས་འདི་ལ་བསྙེན་བཀུར་བྱེད་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་ལྡན་སྟོན་པ་མང་པོ་སྐྱོང༌། །དེ་ནས་རིགས་པ་སྨྲ་ཞིང་སྣང་བ་སྨྲ་བ་ཡི། །སྟོན་པ་རྣམས་ནི་ནམ་མཁའི་སྐར་མ་འདྲ། །དེ་ནས་དཀར་པོའི་ཕྱོགས་རྣམས་མཐུ་ཆུང་ཞིང༌། །བདུད་ཀྱི་རིགས་རྣམས་རབ་ཏུ་རྒྱས་པ་ཡིས། །བདུད་ཀྱིས་བྱིན་རླབས་གང་ཟག་མང་པ་འབྱུང༌། །གཟི་བརྗིད་ཆེ་ཞིང་སྟོབས་ཀྱང་ཆེ་བ་དང༌། ནུས་པ་ཆེ་ཞིང་མཐུ་ཡང་ཆེ་བ་དང༌། །མངོན་ཤེས་ཕྲ་མོ་ལྡན་ཞིང་བདེན་པའི་ངག་ཙམ་འགྲུབ། །དེ་ནས་རྟོག་ཆོས་མང་པོ་བྱེད་པར་འགྱུར། །སངས་རྒྱས་བསྟན་པ་འདྲེ་ཆོས་མང་པོས་དཀྲུག །འདྲ་མིན་ཆོས་ལུགས་མང་པོ་སྟོན་པར་བྱེད། །བློ་གྲོས་ཕྱིན་ཅི་ལོག་ཏུ་འགྱུར་བར་བྱེད། །མེད་པར་ལྟ་བ་དངོས་པོའི་ཕྱོགས་བཟུང་ནས། །ཀུན་རྫོབ་བདེན་པ་ཁྱད་དུ་བསད་ནས་ནི། །ལུས་ངག་དཀའ་ཐུབ་འགོག་པར་བྱེད་པ་འབྱུང༌། །ཕྱོགས་མེད་རིགས་མེད་བྱར་མེད་ཟེར་བ་དང༌། །རྒྱུད་ཟད་རྐྱེན་ཟད་ལྷུན་གྲུབ་ཟེར་བ་དང༌། །ལུང་མ་བསྟན་པའི་ལྷ་ཡང་མང་པོ་འབྱུང༌། །རྒྱལ་བས་མ་གསུངས་མཁས་པས་མ་མཛད་པའི། །ལོ་པཎ་མ་བསྒྱུར་ཆོས་ལྟར་བཅོས་པ་འབྱུང༌། །མེད་པར་ལྟ་བའི་ཕུང་ཀྲོལ་གཞི་ཡང་ཡིན། །དེ་ལྟར་སྟོན་པའི་འདྲེ་ཆོས་མང་པོ་འབྱུང༌། །དེ་རྣམས་འགོང་པ་སྤུན་དགུ་ཆས་དགུ་གོན། །ར་སློག་ཁྱི་སློག་རེ་བ་ཁྲེ་ཚེ་མོན་གོས་གོན། །རྩེ་ཞུ་འབེན་ལྡོག་ཁྱི་ཞུ་གོན་པ་འབྱུང༌། །བེར་ཀ་དབྱུག་པ་མང་པོ་ཐོགས་པ་ཡི། །བསོད་སྙོམས་པ་ཞེས་གྲོང་སྒོ་འགྲིམ་པ་འབྱུང༌། །ཀ་ཅིག་ལྟོ་རྒྱག་ཆེད་དུ་དཀའ་ཐུབ་དྲག་པོ་ཡིས། །རང་གི་ལུས་ལ་གནོད་པ་བྱེད་པ་འབྱུང༌། །མངོན་མཚན་གྲགས་པ་སྒྲོག་པར་བྱེད་པ་ཡིས། །གསང་སྔགས་གླུ་རུ་ལེན་ཅིང་སྒྲོག་པ་འབྱུང༌། །དགེ་སློང་གླུ་དང་བྲོ་སོགས་བྱེད་པ་འབྱུང༌། །བསམ་གཏན་དྲན་པ་ཉམས་པར་བྱེད་པ་འབྱུང༌། །མེད་པར་ལྟ་ལ་ལྟ་བ་རྟོག་པར་བྱེད། །སྨྱོ་ཐབས་ཅན་ལ་སྤྱོད་པ་བྱེད་པ་འབྱུང༌། །སྨྲ་ཁམ་ཅན་ལ་གདམས་ངག་ཅན་དུ་བྱེད། །རྨོངས་པ་རྣམས་ལ་ཟིག་པོ་ཟེར་ཞིང་འདུ། །སྤྱོད་ལོག་ཅན་ལ་རྣལ་འབྱོར་པ་ཞེས་སྒྲོག །ལུང་མ་བསྟན་པའི་ཆོས་ཀྱི་གཏམ་ཟེར་ཞིང༌། །གྲགས་པ་མྱོས་འཆོལ་ཆོས་བཤད་མཁན་དུ་བྱེད། །འདྲེ་རྒྱུད་རྣམས་ལ་རྗེ་བཙུན་ཟེར་ཞིང་འཁུར། །ཆོས་འདུལ་ཟེར་ཞིང་བབ་ཅོལ་མང་པོ་སྨྲ། །འདྲེ་ལབ་ཅན་ལ་ཡེ་ཤེས་འབབ་ཅེས་ཟེར། །བདུད་ཀྱི་སྤྲོ་སྐྱིད་བྱིན་བརླབས་ཟེར་བ་འབྱུང༌། །གདམས་ངག་ཟེར་ཞིང་ལོག་ཆོས་མང་པོ་སྨྲ། །གདམས་ངག་ཟེར་ནས་མུ་སྟེགས་གསང་ཚིག་སྟོན། །དེ་ལྟར་ལོག་པའི་རྒྱུན་ལ་ཞུགས་པ་ཡིས། །བུད་མེད་ཕོ་སྤྱོད་ཐོ་ཅོ་བྱེད་པ་འབྱུང༌། །རང་ལུགས་ཉམས་ཤིང་འཇིག་པས་ཆོས་ལུགས་སྨད། །དེ་ཡིས་ངན་སོང་འགྲོ་བ་མང་པོར་འགྱུར། །སྒྲོད་ལུགས་མི་ཤེས་ངོ་ཚ་མེད་པར་སྤྱོད། །རྒྱུ་འབྲས་བདེན་པར་མི་དགེ་སྣ་ཚོགས་སྤྱོད། །དེ་ལྟར་སྤྱོད་ལོག་རྣམས་ལ་དད་པར་འགྱུར། །བྱས་པའི་ཆོས་ཀྱིས་སངས་རྒྱས་མི་རྒྱ་ཞེས་ཟེར། །མ་བྱས་ལྷུན་གྲུབ་རང་བྱུང་དགོས་སོ་ཟེར། །བྱེད་པར་མ་ནུས་ཚེ་ན་དེ་ལ་དད་པ་མང༌། དད་པས་བསླུས་ནས་ཕུངས་པས་སྣང་ཞེས་བསད་ནས་བསླུས། །དགེ་བཤེས་དང་ལྟར་སྣང་བའི་ཡིད་འགྲོགས་ཁྲིད། །ལོག་པའི་ལམ་ཞུགས་ངན་འགྲོར་ཁྲིད། །སྔགས་པ་ཁ་ཅིག་སྔགས་ལ་རྩིངས་ཆོས་བྱེད། །དམ་ཆོས་ཡོན་ལ་བླངས་ནས་གསང་བ་སྒྲོག །གསེར་ཆོས་ཟེར་ཞིང་ཆོས་ལ་རིན་ཐང་གཅོད། །ལ་ལས་མ་ཐོས་རྒྱུད་ལ་བཤདང་པ་བྱེད། །ལ་ལ་དབང་མ་ཐོབ་པར་དབང་བསྐུར་བྱེད། །བསྙེན་བཀུར་ཆགས་ཤིང་འདོད་ལ་ཞེན་པ་ཡིན། །རླུང་བཅུད་མ་འདུས་སེམས་དབང་མ་འདུས་པ། །དེ་དག་མཆོད་རྟེན་བཤིག་དང་ཁྱད་པར་མེད། །ལ་ལ་དགེ་སློང་ཤེས་རབ་ཡེ་ཤེས་ནི། །བུད་མེད་དག་ལ་ལེན་བྱེད་ཅིང་བསྐུར། །སྡོམ་བརྩོན་བཤིག་ནས་དམྱལ་བར་འཕེན་པར་འགྱུར། །དེ་ནི་ལོག་པའི་ཆོས་ལ་སྤྱོད་པ་ཡིན། །བསྙེན་བཀུར་གྲགས་འདོད་དམ་ཆོས་བྱེད་པ་དང༌། །ཉན་ཐོས་བསམ་པ་བྱེད་དང་སྒོམ་པ་དང༌། །ཆོས་བཀའ་ཉམས་པས་ངན་འགྲོར་འགྲོ་བར་འགྱུར། །ཚུལ་ཁྲིམས་ཉམས་དང་དམ་ཚིག་ཉམས་པར་འགྱུར། །ཆོས་བཀའ་ཉམས་དང་སྤྱོད་པ་ཉམས་པ་ཡིས། །བཤེས་གཉེན་བསྟེན་པ་ཐམས་ཅད་ངན་འགྲོར་འགྲོ། །བཙུན་པའི་ཆོས་གོས་གོན་ཞིང་བསླབ་པ་བྲལ། །དེ་འདྲའི་ཚུལ་འཆོས་བྱེད་པའི་མི། །དད་རྫས་ལོངས་སྤྱོད་བྱེད་ཅིང་ད