ཆོས་རྗེ་འདུལ་བ་འཛིན་པའི་རྣམ་ཐར་དང་། འཁྲུངས་ཁང་སོགས་ཀྱི་གནའ་ཤུལ།

ཆོས་རྗེ་འདུལ་བ་འཛིན་པའི་རྣམ་ཐར་དང་། འཁྲུངས་ཁང་སོགས་ཀྱི་གནའ་ཤུལ།

ཆོས་རྗེ་འདུལ་བ་འཛིན་པ་ནི། དབུ་སྟོད་སྦྲང་དུ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་ལ་སྐུ་འཁྲུངས། རྗེ་འཁྲུངས་ནས་ལོ་བཅོ་བརྒྱད་དང་། རྒྱལ་ཚབ་ཆོས་རྗེ་འཁྲུངས་ནས་བཅུ་གཅིག་སོང་བ་དེ་ཡིན། དང་པོར་འབྲི་ཁུང་ཉེར་གཉིས་རིན་པོ་ཆེ་བསྟེན་ནས་ཆོས་གསན། དེ་ནས་བྲག་ཚབ་ཏུ་འདུལ་བ་མཁས་པར་སྦྱངས་ཤིང་། གསང་སྔགས་ཀྱི་བླ་མ་ཡང་ཁ་ཡར་བསྟེན་པས། བུ་སྟོན་རིན་པོ་ཆེའི་སྔགས་གཞུང་མཐའ་དག་མི་མཁྱེན་པ་མེད་པ་ལྟ་བུ་ཡིན་སྣང་། ཕྱིས་རྗེ་ཐམས་ཅད་མཁྱེན་པའི་ཞབས་ལ་གཏུགས་པས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར་བའི་བདག་ཉིད་ཆེན་པོར་གྱུར་པ་སྟེ། བསླབ་བྱ་ཆེན་མོ་གསུང་དུས་ཤིག་འདུལ་འཛིན་འདི་ལྟ་བུ་རྒྱ་གར་ནའང་དཀོན་ཞེས་རྗེ་རིན་པོ་ཆེས་བསྔགས་པ་ཆེན་པོ་མཛད་པ་ཞིག་གོ །

 

སྲས་ཀྱི་དབང་དུ་བྱས་ན་རྗེ་ཉིད་དང་ཐུན་མོང་དུ་གྱུར་པས་བགྲང་བར་མི་ནུས་ལ། གསུང་རབ་ཀྱི་རྩོམ་པའི་གྲངས་ནི། དགེ་སློང་གི་བསླབ་བྱ་ཆེན་མོ། དགེ་ཚུལ་གྱི་བསླབ་བྱ། གཞི་གསུམ་ཆོ་ག གླེང་འབུམ་སྟེ་འདུལ་བའི་སྐོར་དང་། སྔགས་ལ་རྗེའི་སྒྲུབ་དཀྱིལ་རྣམས་ལ་ལྷན་ཐབས། རབ་གནས་ཀྱི་ཆོ་ག འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པ། གསང་འདུས་མི་བསྐྱོད་པའི་ཚོམ་བུ་ལ་བརྟེན་པའི་མདུན་བསྐྱེད་ཀྱི་མཆོད་ཐབས། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་ལོ་ཨེ་པའི་དཀྱིལ་ཆོག ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག སྤྱོད་རྒྱུད་ཀྱི་རྣམ་བཤད། བྱ་རྒྱུད་རིགས་གསུམ་ལ་བརྟེན་པའི་ཆོ་གའི་ལག་ལེན་སོགས་མཛད་ཅིང་། བཙུན་མོ་ཚལ་དུ་དགེ་འདུན་གྱི་སྡེ་བསྐྱངས་ཏེ། རེ་གཅིག་པ་ཤིང་སྟག་ལ་ཆོས་ཀྱི་དབྱིངས་སུ་གཤེགས། ལོ་འདི་ལ་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་ཡང་གཤེགས། མཁས་གྲུབ་ཆོས་རྗེའི་དགུང་ལོ་ལྔ་བཅུ་པ་ཡིན།

བཀའ་གདམས་ཆོས་འབྱུང་ལས་བཏུས།

 

རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་འདུལ་འཛིན་ཆོས་རྗེ་ནི་དབུས་སྟོད་སྦྲང་བཀྲ་ཤིས་སྒང་གྲོང་ཚོའི་སྡེ་པ་དཀྱིལ་མའི་ཁྱིམ་ཚང་དུ་སྐུ་འཁྲུངས། སྦྲང་མདའ་ནི་ལོ་ཤས་སྔོན་ནས་གཏེར་འདོན་ཁུལ་དུ་གྱུར་ཏེ། ཡུལ་མི་རྣམས་གནས་སྤོས་བྱེད་དགོས་བྱུང་སྟབས། ད་ཆ་གྲོང་ཚོ་དེ་བཞིན་གྱང་ཤུལ་ཙམ་དུ་གྱུར་པར་མ་ཟད། དམ་པ་གང་དེའི་འཁྲུངས་ཁང་ཡང་སྟོང་ཤོད་ཙམ་མ་གཏོགས་གྱང་རོར་གྱུར། ཐོག་སྟེང་དུ་ཐུག་ལྕགས་འཛུགས་སྟེགས་གཅིག་དང་། འོག་ཁང་གཅིག་ན་ཁོང་འཁྲུངས་ས་ཡིན་ངེས་ཀྱི་རྡོ་ཡི་གཟིམ་ཁྲི་གཅིག་དང་། དེའི་གྱང་ལྡེབས་སུ་སྒེའུ་ཁུང་གཅིག་འདུག་པ་དེར་སྔོན་ཆད་རྗེ་རིན་པོ་ཆེའི་ཞབས་ལྷམ་ཡིན་ཟེར་བ་གཅིག་ཡོད་ཟེར་ཡང་། ད་ཆ་བཞུགས་ཡོད་མེད་གསལ་རྟོགས་མ་བྱུང་ངོ་།།

སྐྱེས་ཆེན་གང་དེའི་འཁྲུངས་ཁང་གི་རྒྱབ་ངོས།

 

བརྒྱུད་སྐུལ།

མཆན་སྤེལ།