ཇ་ཆང་ལྷ་མོའི་བསྟན་བཅོས།

ཇ་ཆང་ལྷ་མོའི་བསྟན་བཅོས།

ཇ་ཆང་བསྟན་བཅོས་རྒད་མོའི་གླུ་དབྱངས་འདི་ན་ཞུགས།

 

ཡུལ་བག་ཆགས་སྔན་བའི་གྲོང་ཁྱེར་ཞེས་པར། རྗེ་རང་རིགས་རྒྱལ་པོ་འཁོར་བཅས་དཔལ་འབྱོར་ལྷུན་གྲུབ་ཁང་དུ་འཚོགས་ཏེ་བཟང་བཏུང་ལོངས་སྤྱོད་ཀྱིས་དགྱེས་སྟོན་རྒྱ་ཆེར་རོལ་བ་མངོན་པར་ཕྱོགས་པ་དེའི་ཚེ། རྗེ་ཉིད་ཀྱི་དགོངས་པར་ཆང་འདི་བཏུངས་ཆེས་ན་འཕྲལ་ཉམས་དགའ་ཡང་རྟིང་སོར་ཤེས་པ་ཉོག་ཅིང་ཁམས་མི་བདེ་བའི་ཆོས་ཅན་ཁོ་ན་ཡིན་གཤིས། རང་ཉིད་ནས་ཀྱང་གང་འཚམས་དང་གྲལ་བྱིངས་ལའང་འདོད་སྦྱར་ལས་ཨུ་ཚུགས་ཆེ་བ་རང་མི་འགབ་པས། དེ་རྩིས་ཀྱིས་གསོལ་ང་ལན་མང་ཙམ་གཏོང་བའི་བཀོད་པ་བྱས་ན་སྙམ་པ་ན། གྲལ་གྱི་དབུས་ན་ཆང་སིལ་མའི་ཟོམ་བུ་དང་རྫ་མ་འབོར་ཆེ་བསྒྲིགས་པའི་གྲལ་ནས་ཟོམ་ཆེ་་ཤོས་རྒྱབ་ཏུ་དེར་ལྕོག་ཅན་བརྗིད་ཅིང་ལྷན་ཆགས་པ་དེའི་ནང་ནས་ཆང་གི་ལྷ་མོ་སྐུ་མདོག་བཞིན་རས་མཛེས་ཤིང་འཛུམ་ལ་ཤ་མཆོར་ཅིང་བག་དྲོ་བ། དབུ་སྐྲ་ལྗང་སྔོན་གྱི་ཐོར་གཙུག་མེ་ཏོག་དམར་པོ་ཤས་ཆེ་བའི་དྲྭ་བས་བརྒྱན་པ་ཞིག་སྐེད་པ་ཡན་ཐོན་ཏེ། གཏིང་ནས་ཁྲོ་ཉམས་གཡོ་བཞིན་དུ་རྣམ་པར་གུས་པའི་ཚུལ་གྱིས་སོར་མོ་སྦྱར་ཏེ། གཏིང་ནས་ཁྲོ་ཉམས་གཡོ་བཞིན་དུ་རྣམ་པར་གུས་པའི་ཚུལ་གྱིས་སོར་མོར་སྦྱར་ཏེ་འདི་སྐད་དོ།།

ཀྱེ་ལགས།

རྗེ་རང་རིགས་རྒྱལ་པོ་གང་དུ་དགོངས།།

ཐུགས་གཞན་དུ་མ་ཡེངས་ཚུར་གསོན་དང་།།

ངེད་བཏུང་བའི་མཆོག་གྱུར་ཨ་མྲི་ཏ།།

དངོས་གནས་ཀྱི་བབ་རྐྱེན་འདི་སྐད་དོ།།

ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པའི་ནང་།།

བཅུད་སེམས་ཅན་སྣ་ཚོགས་ལས་ཀྱིས་སྐྱེས།།

དེ་སྐྱེས་པ་འཚོ་བར་བཟའ་བཏུང་བྱུང་།།

མ་དྲིན་ཅན་དཀར་མོའི་ནས་འབྲུ་དེ།།

སྤྱིར་སེམས་ཅན་ལེགས་བྱས་གཟུགས་ཟུ་གྲུབ།།

སྒོས་རྒྱལ་བའི་ཐུགས་བསྐྱེད་དྲོད་གཤེར་སོགས།།

ཐབས་རྟེན་འབྲེལ་དུ་མས་གྲུབ་པ་དང་། །

དམ་དེ་ལས་སྤུན་གཉིས་བྱུང་བ་ལ།།

ཁོང་ཕུ་བོར་རིན་ཆེན་རྩམ་པ་དང།།

ང་ནུ་མོར་བདེ་ལྡན་བདུད་རྩི་ཐོགས།།

ངེད་སྤུན་གཉིས་ཆེ་བའི་ལོ་རྒྱུས་རྣམས།།

ཡོངས་བརྗོད་ན་རྡོ་རྗེའི་ལྗགས་ཀྱང་འཛད།།

དེ་བས་ན་གནས་ཚུལ་ཆ་ཤས་ཙམ།།

འུ་ཐུག་གིས་མི་ཞུ་དབང་མེད་ལ།།

སྔོན་རྒྱ་གར་འཕགས་པའི་ཡུལ་ཕྱོགས་དང་།།

ལྗོངས་གངས་རིས་བསྐོར་བའི་ཞིང་མཆོག་འདིར།།

བླ་མ་དང་ཡི་དམ་མཁའ་འགྲོ་ཡིས།།

མཆོད་སྤྲིན་དུ་བདེ་ལྡན་ང་རོལ་བས།།

ཟག་མེད་ཀྱིས་ཐུགས་དམ་དབྱིངས་སུ་བསྐངས།།

བྱིན་རླབས་དང་དངོས་གྲུབ་ཆར་ལྟར་བསྟིལ།།

མཁན་སློབ་དང་གྲུབ་ཐོབ་རིག་སྔགས་འཆང་།།

སྐྱེམས་མཆོད་དུ་བདེ་ལྡན་ང་གསོལ་བས།།

ཉམས་རྟོགས་ལ་འབྲས་བུ་སྨིན་སྨིན་བྱུང་།།

རྒྱལ་བློན་དང་སྡེ་དཔོན་ཆེ་དགུའི་ཚོགས།།

མཉེས་ཆེད་ལ་བདེ་ལྡན་ང་གསོལ་བས།།

བློ་གྲོས་ལ་དབྱར་མཆོ་རྒྱས་རྒྱས་དང་།།

གཟི་བརྗིད་ལ་ཉི་གཞོན་འབར་འབར་བྱུང་།།

བཙུན་མོ་དང་ཡིད་འོང་མོ་གཞོན་ཀུན།།

བཏུང་བའི་མཆོག་བདེ་ལྡན་ང་རོལ་བས།།

དགའ་སྐྱིད་ཀྱི་དགྱེས་ཞལ་འཛུམ་མེར་མེར།།
གླུ་དབྱངས་སོགས་རྒྱ་གླིང་འགྱུར་འགྱུར་བྱུང་།།

དམག་དཔོན་དང་ཇག་དཔོན་དཔའ་བོའི་ཚོགས།།

དཔུང་གྲོགས་སུ་བདེ་ལྡན་ང་བསྟེན་པས།།

སྙིང་སྟོབས་ལ་མེ་ལྕེ་འབར་འབར་དང་།།

དགྲ་ཐོག་ཏུ་སེང་གེ་མཆོངས་མཆོངས་བྱུང་།།

མཇའ་འབངས་ཀྱི་ཕོ་མོ་རྒན་གཞོན་ཚོགས།།

ཁ་སྐོམ་དུ་གསེར་ཆང་ང་བཏུངས་པས།།

བདེ་སྐྱིད་ལ་ཉི་མ་ཤར་ཤར་དང་།།

ཨ་པོ་ལ་དབྱར་རྩྭ་སྐྱེས་སྐྱེས་བྱུང་།།

དུས་སྙིགས་མ་ཡང་མཐའི་འགོ་ཚུགས་ནས།།

ཤར་ཙི་ནའི་བཏུང་བ་འཁྱམས་པོ་ཞིག །

བྱུར་རིན་གྱི་ཉོས་ནས་ས་འདིར་སླེབས།།

ཁོས་སྡིག་ལྟུང་སྤེལ་བའི་ས་བོན་ལ།།

མིང་རྒྱ་ཇར་བསྙད་ནས་ཀུན་གྱིས་གསོལ།།

དེ་གསོལ་བས་ཉམས་རྟོགས་འཇའ་སྤྲིན་ཡལ།།

གྲུབ་ཐོབ་ཀྱི་མུ་གེས་ཐར་ལམ་ཕྲ།།

ནང་བློ་གྲོས་ཀྱི་མཚོ་མོ་ཁྱགས་ཀྱིས་བསྡམ།།

ཕྱི་གཟི་བྱིན་གྱི་འོད་སྣང་མོག་པོར་སོང་།།

རྩལ་དཔའ་མཛངས་ཀྱི་རྒྱ་སྟག་རི་ལ་ཤོར།།

དམུ་བསམ་ངན་གྱི་སྤྲུལ་དུག་ཕུག་ཏུ་འཛུལ།།

ཁོ་བཏུང་བ་ཕུང་བྱེད་སྣ་གཅིག་ལ།།

ཚྭ་མར་སོགས་སྡིག་ཟས་མང་པོ་ཞིག །

སྒྲུབ་རྩོལ་གྱིས་འཇིག་རྟེན་དབུལ་པོར་བཏང།།

ཚེ་ཕྱི་མ་དམྱལ་བའི་རོང་དུ་བསྒྲིལ།།

ལྟས་འདི་ཕྱི་གཉིས་མེད་འཁྱམས་པོ་འདིས།།

ངེད་བདེ་ལྡན་བདུ་རྩིའི་ལས་སྒོ་བཀག །

རྗེ་རང་རིགས་ཀྱི་རྒྱལ་པོ་རིན་པོ་ཆེ།།

བསྟན་བཤིག་གི་བཏུང་བ་ཁྲག་མདོག་འདི།།

རབ་བོད་ཁམས་ཡུལ་ནས་གནས་དབྱུང་མཛོད།།

དེ་མིན་ན་རྗེ་ཡི་མངའ་ཞབས་ནས།།

ཡུལ་དབུད་དང་མཐར་གྱི་བཞུགས་གྲལ་འདིར།།

ཁོ་དྲི་ཙམ་མེད་པའི་བཀའ་ཁྱབ་ཞུ།།

ཞེས་ཟེར་བའི་སྐབས་དེར་མ་བྱན་ནས་གསོལ་ཇ་བཏེགས་ཏེ་སྡོད་སྐབས་གསོལ་ལྟིར་གྱི་ཁ་གཅོད་རང་དབྱེའི་དབུས་ནས་ཇའི་ལྷ་མོ་སྐུ་མདོག་རྒྱ་མ་མཚར་ཞིང་མིག་རྩ་གྲུང་བ། མེ་ཏོག་གི་ཐོད་བཅིངས་དང་ཞག་གི་བཟོ་རིགས་ཀྱིས་བརྒྱན་པ་ཞིག་ཀྲོང་འོངས་འདི་སྐད་ཟེར་རོ། །

ཧེ་ཧེ། གནས་མཚན་དཔེས་སྤྲས་པའི་ཁང་བཟང་ནས།།

རྗེ་རང་རིགས་ཡེ་ཤེས་ཉི་མ་དགོངས།།

བཅུད་རོ་ལྡན་རྒྱ་ཇའི་སྙིང་པོ་འདི།།

ཁུངས་རྒྱུད་པ་མི་ངན་རྒྱུད་པ་བཟང་།།

སྔོན་ཐུབ་ཆེན་གསང་ཆེན་མཚོ་རྒྱལ་གྱི།།

ཕྱག་མཉམ་བཞག་སྟེང་གི་གསོལ་ལྷུང་ནང་།།

ངེད་ལྗོན་པའི་ཡང་མེས་པད་སྡོང་ཆེ།།

རབ་འཁྲུངས་པ་བསྙོན་དུ་སུ་ཡིས་དགོངས།།

དེ་རྗེས་ཀྱི་མི་མཇེད་འཇིག་རྟེན་འདི།།

ཆུ་གཏེར་གྱི་ཕུང་པོས་ཁེངས་པའི་དབུས།།

ངེད་ལྗོན་པའི་མེས་པོ་དཔག་བསམ་འཕགས།།

མེ་ཏོག་ཁྲི་སྟོང་ཚར་དུ་དངར་བའི་དཔལ།།

ཁོང་ལྷ་གནས་གོང་མས་མཐོང་བའི་ཚེ།།

བསྐལ་ཆེན་འདིར་སངས་རྒྱས་སྟོང་འབྱོན་པའི།།

དགེ་མཚན་དང་རྟེན་འབྲེལ་བཟང་པོར་ངེས།།

བསྐལ་བཟང་ཞེས་རབ་ཏུ་མངགས་པ་ལ།།

རྒྱུད་དེ་ལས་ཆས་པ་སྤུན་གསུམ་གྱི།།

ཕུ་བོ་ཁོང་ཡོངས་འདུའི་འཁྲི་ཤིང་ཆེ།།

སྟོང་ཕྱོགས་ལྷ་ཡི་ཡུལ་དུ་བཞུགས།།

ལྷ་ལ་དགོས་འདོད་ཡིད་བཞིན་སྟེར།།

བར་པ་བྱང་ཆུབ་ལྗོན་ཤིང་ཆེ།།

འཕགས་ཡུལ་རྡོ་རྗེ་གདན་དུ་འཁྲུངས།།

སེམས་དཔའ་རྣམས་ཀྱི་སྐུ་རྟེན་དང་།།

རྫོགས་སངས་རྒྱས་པའི་གནས་མལ་ཡིན། །

གཞོན་མ་ཤེས་རབ་སྒྲོལ་མ་ང།།

འཇམ་དཔལ་གཞོན་ནུས་བྱིན་བརླབས་ནས།།

དཔྱིས་དགསུམ་ཕུད་ཀྱི་ལོ་མ།།

གོང་མ་མཆོད་ཡོན་ལ་སོགས་པའི།།

བླ་དཔོན་ཆེ་རྒུའི་སྤྱོད་ཡུལ་གྱུར།།

སྐུ་གཟི་བརྗིད་ཆེ་བ་དེ་ནས་བྱུང་།།

དབྱར་གསུམ་པོ་འདབ་རྒྱས་པ་དེ།།

ཁོང་སྐྱ་སེར་བྱིངས་ཀྱི་སྐྱེམས་མཆོག་ཡིན།།

རོ་བཅུད་ལྡན་པས་སྐྱིད་ཚོར་ཞིང་།།

ཞོད་འཇགས་དྲག་རྩུབ་འདོད་པ་ཆུང་།།

སྟོན་གསུམ་ལོ་མའི་རྩ་བ་དེ།།

འབྲེལ་མཚུངས་ཨ་རོག་ཁམས་པར་ཐོབ།།

མདོག་དཀར་རོ་བཅུད་ལྡན་པ་དང་།།

ངར་འཚུབ་ཆེ་བ་དེ་ལས་བྱུང་།།

ཁྱད་པར་བླ་མ་དགེ་འདུན་རྣམས།།

མཉེས་པའི་མཆོད་སྤྲིན་ང་ལས་མེད།།

ང་ཡི་སྐྱེམས་གསོལ་རིག་པ་དྭངས།།

ཤེས་རབ་འཕེལ་ཞིང་དགེ་སྦྱོར་བརྩོན།།

ང་ཆོས་མཛད་ཡོངས་ཀྱི་སྲོག་རྩ་ཡིན།།

གཏི་མུག་འཇོགས་པའི་ཐོ་བ་ཡིན།།

ལེ་ལོ་གཅོད་པའི་སྟ་གྲི་ཡིན།།

སྣུམ་བག་འདོན་པའི་ཞག་ཚི་ཡིན།།

བསྐལ་པར་བསོད་ནམས་མ་བསགས་ན།།

བཏུང་བ་དྲུག་དང་འཕྲད་པ་དཀའ།།

དཀའ་བ་ཙམ་གྱིས་དཀོན་པ་ཡིན།།

དཀོན་པས་རིན་ཐང་ལོས་ཀྱང་ཆེ།།

ནག་ཅན་སྐྱུར་གྱི་འགོང་མོ་འདིས།།

དང་པོ་ལྷ་ཡི་ཡུལ་དུ་ཕྱིན།།

ལྷ་ཕྲུག་ཕལ་ཆེར་དུག་གིས་མྱོས།།

དེ་ཚེ་ལྷ་མིན་དམག་ཚོགས་ལྷགས།།

ལྷ་དམག་ཕམ་ཞིང་ལྷ་མིན་རྒྱལ།།

རྒྱུ་དེས་ལྷ་དབང་ཐུགས་ཁྲོལ་ཏེ།།

ས་སྟེང་འདི་རུ་གནས་དབྱུང་མཛད།།

དེ་ནས་རྒྱ་གར་ཡུལ་དུ་འཁྱམས།།

མྱོས་བྱེད་འདི་རིལ་བུ་ཞིག །

སྟོན་པའི་ཉན་ཐོས་ཞལ་དུ་ཐལ།།

ཉན་ཐོས་མྱོས་ནས་རོ་ལྟར་འགྱེལ།།

ཕྱི་རོལ་རྗེས་འཇུག་རྣམས་ཀྱིས་བཏུངས།།

མཐང་ཤམ་ཤ་གོས་གྱེན་དུ་བརྫེས།།

འདོམས་མཐོང་ནོར་བུའི་ཞལ་མཇལ་བསྟན།།

མུ་སྟེགས་སྟོན་འཁོར་རྗེས་འཇུག་གིས།།

སྟོན་པའི་ཉན་ཐོས་འདི་ལྟར་ཞེས།།

ཀུན་ལ་དྲིལ་བསྒྲགས་དམའ་ཆེ་ཕབ།།

དེ་ལ་རྒྱལ་བ་དབྱིངས་ནས་ཁྲོས།།

མོ་ཡི་ཉེས་དམིགས་རྒྱས་པར་གསུངས།།

བླ་མ་དགེ་འདུན་ཉན་ཐོས་རིགས།།

བྱུང་དང་འབྱུང་འགྱུར་ཐམས་ཅད་ཀྱིས།།

རྩ་བཞི་གཙོ་སྟེ་ཆང་ལ་སོགས།།

སྤང་བྱར་གསུངས་ནས་གནས་དབྱུང་མཛད།།

དེ་ནས་བོད་ཁམས་ཡུལ་འདིར་གྱར།།

ཆོས་རྒྱལ་མངའ་བདག་ཁྲི་རལ་མཆོག །

འགོང་མོ་འདི་དང་བདུད་བློན་གྱིས།།

བསླུས་ནས་སྐུ་མཇིང་གཅུས་ཏེ་དཀྲོངས།།

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་།།

ཧྲིལ་གྱིས་བསྒྲིལ་ན་མོ་རང་ཡིན།།

རྗེ་ཁྱོད་བཏང་སྙོམས་མ་མཛད་པར།།

འགོང་མོ་བསྟན་བཤིག་དུག་རྩ་འདི།།

རབ་ཏུ་རྒྱ་མཚོའི་ཕ་མཐར་སྒྲོལ།།

འབྲོང་དུ་བོད་ཁམས་ཡུལ་ནས་ཕྱུངས།།

མཐའ་དམར་དབུས་གཙང་འདིར་མ་འཇོག །

བསྟན་པའི་གད་བདར་མཛད་དུ་གསོལ།།  ཞེས་ཟེར་བ་དང་བདེ་ལྡན་བདུད་རྩི་འགྲམ་ཤ་འཁྲིག་ཤིང་ཤེས་རབ་སྒྲོལ་མའི་ཕྱོགས་སུ་མིག་འབུར་ཚུགས་སུ་ལྟ་བཞིན་མཛུབ་མོ་བསྐོར་བ་དང་།། བརླག་གཞུག་སྤྲང་འཁྱམས་མ་འདིའི་ཧམ་པ་ལ། ཨ་ཙི་ཙི། མོ་རེ། སྤྱིར་ཐུབ་ཆེན་གངས་ཅན་མཚོའི་གསོལ་ལྷུང་དུ་བལྟམས་པའི་པད་མ་དེ་མེ་ཏོག་གི་རིགས་ཅན་མ་གཏོགས་ཤིང་གི་རིགས་ཅན་མིན། སྒོས་སུ་བསྐལ་ཆེན་འདི་མ་ཆགས་གོང་འཇིག་རྟེན་ཆུ་གཏེར་གྱི་དབུས་ན་འཁྲུངས་པའི་ལྗོན་ཤིང་དེ་དང་། སྟེང་ཕྱོགས་ལྷ་ཡི་ཡུལ་གྱི་དཔག་བསམ་ཤིང་གི་དབང་པོ། འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་བཅས་སྤྲང་མོ་ཁྱོད་ཀྱི་ཕ་མེས་ཡིན་ཟེར་བ་ཧམ་པ་ཤིན་ཏུ་ཆེ། སྲིན་བུ་མེ་ཁྱེར་གྱིས་ཉི་མར་འགྲན་པ་དང་། རྡུལ་ཕྲ་རབ་ཀྱིས་རི་རབ་ལ་བསྙེགས་པ་དང་། འོག་རླུང་གི་སྒྲས་དབྱར་གྱི་རྗ་བངས་ལ་ཕྲག་དོག་བྱེད་པ་ལྟ་བུའི་འཁྱམས་མོ་ཁྱོད་དཔག་བསམ་ལྗོན་ཤིང་དང་རྒྱུད་གཅིག་ཡིན་ཟེར་བ་འདི་ཐམས་ཅད་ལྟས་ངན་བརྒྱད་དྲུག་ཅུའི་ཁ་ལ་བཟློག ། ནད་རིམས་བཞི་བརྒྱ་ཡུལ་དུ་བཟློག་བཟློག་བཟློག་རྒྱ་འདྲེ་སྐྱེམས་སུ་བརྫུས་པ་ཁྱོད་ལ་བཟློག  མོ་རེ། འོ་ན་ལྗོན་ཤིང་མཆོག་ཏུ་གྱུར་པ་དེ་རྣམས་ཀྱི་རྒྱུད་བཅས་ཡིན་པ་རྒྱལ་བའི་བཀའ། འཕགས་པའི་ལུང་། ཚད་མའི་བསྟན་བཅོས། གཏན་ཁྲ་ཡིག་རིགས་སོགས་གང་དུ་གསལ། གང་དུ་ཡོད། མོ་ལ་ཁུངས་སྐྱེས་བྱེད་རྒྱུ་འདུག་ན་མ་གཏོགས། དེ་མིན་ཉེར་པ་ལུས་སྟེང་རང་ལ་ཐུགས་རྗེ་ཆེ་དགོས།

ཁྱི་ཁྱོད་ལ་ཁུངས་བརྒྱུད་པ་དང་། ཉེ་བ་བལྟོས་བཅས་ཤིག་ཡོད་མདོག་མ་བྱུང་། དེ་འདྲ་ཡོད་ན་གཞན་ཡུལ་དུ་ཁྱམས་བཅུག་མི་ཡོང་། གལ་ཏེ་ཁྱོད་ལ་ཉེ་བ་ཡོད་ངེས་ན་བསེ་ཤིང་ཟེར་བའི་རེག་དུག་གི་རྒྱུ་དེ་ཁྱོད་དང་སྐྱེ་ཡུལ་ཡང་གཅིག་པས་དེ་མིན་གཞཉ་གང་ཡོད། ང་བདེ་ལྡན་བདུད་རྩི་མ་དཀར་མོ་ནས་དང་། ངོ་ངོ་རིན་ཆེན་རྩམ་པ་ཡིན་པས། །འཐོམ་གྱེ་ཁྱོད་ཀྱིས་མ་ཤེས་ན་མ་གཏོགས་གཞན་དག་ཐམས་ཅད་ཀྱིས་མཁྱེན་སྤྱོད་དེ་དག་ཡིན། རྒྱལ་ཡུལ་སྒྲོལ་མའི་བསྟོད་པར། མཉམ་བཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། ཞེས་རྒྱལ་མཆོག་འོད་དཔག་མེད་ཀྱི་གཟིགས་པས་ཀྱང་བཙས་ཨེ་འདུག དེ་མཚུངས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་མཆོད་པ་ཨང་ཀི་དང་པོ་ཨ་མྲི་ཏ་ཞེས་གསལ་བ་བརྒྱ་གཞུང་གི་བཀའ་བསྟན་བཅོས་ལུང་མན་ངག་གང་ནས་ཁུངས་སྐྱེས་ཆོག་ཆོག་ཡིན། །བོད་ཀྱི་བསྟན་བཅོས་བར་དར་ཕྱི་དར་ནང་ཁྱོད་མཆོད་པ་གསལ་བ་དང་འདྲ་མི་ཡོང། སྔོན་བདུད་རྩིས་གང་བའི་བུམ་པ་ཞིག་ཉི་ཟླ་དང་ལྷན་ཅིག་རྒྱ་མཚོ་ནས་བྱོན་པས་ཚངས་པ་དང་བརྒྱ་བྱིན་གྱིས་ངའི་ཡོན་ཏན་མཁྱེན་ནས་ལྷ་ཡུལ་དུ་ཁྱེར་བ་མ་གཏོགས་ཁྱོད་བཞིན་དུ་འཁྱམས་ནས་ཕྱིན་པ་མིན། ང་ཐིགས་པ་གཅིག་ལྷ་ཁྱབ་འཇུག་གིས་རོ་མྱངས་པས།་ཁོང་ལ་མགོ་དང་མཇུག་མ་དོོད་པ་ངའི་དྲིན། དེ་ནས་རྒྱལ་བ་ཉིད་སྟོན་པ་ཕུན་སུམ་ཚོགས་པ་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུར་བཞེངས་པ་ནས་གནས་ཕུན་སུམ་ཚོགས་པའི་འོག་མིན་སྟུག་པོ་བདཀོད་དང་། རི་རབ་ཀྱི་རྩེ་དང་། འཕགས་ཡུལ་དཔལ་ལྡན་འབྲ་སྤུངས་ལ་སོགས་པར་འཁོར་ཕུན་སུམ་ཚོགས་པ་ལྷ་མིའི་རིག་པ་འཛིན་པ་རྣམས་ལ་བརྒྱུད་ཕུན་སུམ་ཚོགས་པ་མ་ཧཱ། ཨ་ནུ། ཨ་ཏི་ལ་སོགས་ཐེག་པ་གོང་མ་གསུམ་གྱིས་དཀྱིལ་འཁོར་བསྟན་པའི་ཚེ། རྫས་ཕུན་སུམ་ཚོགས་པ་ཤ་ལྔ། བདུད་རྩི་ལྷར་བྱིན་བྱིས་བསླབས་པའི་ལོ་རྒྱུས་བྱིན་ཅན་དེ་ཚོ་ང་ལ་མ་གཏོགས་ཁྱོད་ཚོགས་མ་བསགས་ལ་ག་ལ་ཡོང་། དེ་རྗེས་རྒྱལ་བས་གདུལ་བྱར་དམན་པ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྐུར་བཞིངས་ནས་ཐེག་པ་འོག་མའི་དོན་མཛད་སྐབས་ཉན་ཐོས་ཤིག་ང་ལ་བརྟེན་པའི་རིལ་བུས་མྱོས་འགྱེལ་བ་དེ་དང་། ང་བཅུད་ཆེ་བས་ཁོང་རྣམས་སྣོད་ཀྱིས་བཅུད་མི་འཇུ་བར་དགོངས་ནས་ཕྱིན་ཆད་ཉན་ཐོས་རྣམས་ཀྱི་སྤང་བྱར་དགོངས་པ་ཅན་གང་ལ་གང་འདུལ་གྱིས་གསུངས་པ་ཡིན་པས་དགོངས་དག དཔེ་ཆུང་ཞིག་ན།

རྨ་བྱས་སྨན་ཆེན་རྗེན་བཟས་བྱས།།

མདངས་མཚར་བའི་ཡོན་ཏན་གྱུར་པ་མཐོང་།།

འདབ་བྱ་གཞན་གྱིས་ཟོས་གྱུར་ན། །

དུག་གིས་འཆི་བ་ངེས་པར་འགྱུར།།

དེ་བཞིན་དེ་དང་ཁྱད་པར་ཅི།།

གཞན་ཡང་ངའི་སྔོན་གྱི་ལོ་རྒྱུས་སྔོན་བྱུང་ཆ་ཤས་ཤིག་མོལ་ན། གོང་དུ་རགྱལ་དབང་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་བརླབས་པའི་དགེ་མཚན་ལ་བརྟེན་ནས། རྒྱ་གར་ཤར་ནུབ་ཨོ་རྒྱན་གྱི་ཡུལ་ལ་སོགས་པར་གྲུབ་ཐོབ་བརྒྱད་ཅུ་དང་། རིག་འཛིན་བརྒྱད་ལ་སོགས་པ་ང་ལ་བརྟེན་ནས་ཉམས་རྟོགས་འབར་བ་དང་། ཉི་མ་སྟོད་ལ་མནན་པ་དང་། གྱང་ལ་ཐོགས་མེད་དུ་བྱོན་པ་དང། ནམ་མཁར་བྱ་ལྟར་ལྡིང་བ་སོགས་རྣམ་ཐར་དུ་གསལ་བ་དང་། བོད་འདིར་ཡང་ཐོག་མར་མཚོ་བྲིནས་ས་ལའི་ནགས་སྐྱེས་པའི་དབུས་སུ་འདྲེ་སྲིན་གྱིས་ཁེངས་པའི་སྐབས་དེར་ཤར་ཕྱོགས་རི་བོ་གྲུ་འཛིན་ནས་འཕགས་པ་འཇིག་རྟེན་མགོན་པོས་གདུལ་བྱའི་ཞིང་དུ་གཟིགས་ནས། ཕ་སྤྲེལ་རྒན་བྱང་སེམས་དཔས་བྱིན་གྱིས་བརླབས་ཏེ་བྲག་སྲིན་མོ་དང་འདུས་ནས་འགྲོ་བ་མིའི་ས་བོན་སྤེལ། བུ་ཕྲུག་རྣམས་འཚོ་བྱེད་བཟའ་བཏུང་གི་རྒྱུར་ང་དཀར་མོའི་ནས་དང་། ཞང་པོ་གྲོ། ཨ་ཁུ་སྲན་མ། སྲུ་མོ་རྒྱ་གྲོ། ཨ་ལྕེ་པད་ཁ་བཅས་རི་རབ་ཟོམ་གྱི་གཏེར་ནས་བཞེས་ཏེ་དགེ་བསྙེན་བྱང་ཆུབ་སེམས་དཔར་ལུང་དང་བཅས་བསྩལ་བས་དགེ་བསྙེན་གྱི་ཡར་ལུང་ཟོམ་ཐང་དུ་བཏབ་པ་སོགས་བོད་འདིའི་བཟའ་བཏུང་གི་རྒྱུར་འགྱུར་ཎེད་བལྟོས་བཅས་རྣམས་ཆེད་དུ་མངགས་ལས། དེ་སྐབས་ཁྱོད་ཀྱི་ལོ་རྒྱུས་ག་ལ་ཡོད། དེ་རྗེས་ཤཱཀྱའི་རིགས་ལས་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཕོ་བྲང་ཡུམ་བུར་མངའ་གསོས་བའི་སྐབས་དང་། གཞན་ཡང་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རིམ་བྱོན་ཚང་མས་ང་བདེ་ལྡན་བདུད་རྩིའི་སྐྱེམས་འདི་གཙིགས་ཆེར་མཛད་པའི་ལོ་རྒྱུས་མང་ཞིང་། ཁྱད་པར་མཚུངས་མེད་སྲོང་བཙན་རྗེའི་ཁྲུང་སྣོད་མིང་ཅན་ཡང་རྒྱལ་ཁབ་ཆེན་མོའི་ནང་རྟེན་དུ་བཞུགས་པ་དང་། གཞན་ཡང་འམ་དཔལ་སྤྲུལ་པ་ཁྲི་སྲོང་སྐུ་བཙས་སྐབས་བཙུན་མོ་གཞན་གྱི་གཡོ་སྒྱུ་སྲས་ཕྲོགས་པས་ཡུམ་གྱིམ་ཤིང་ཀོང་ཇོ་སྨྱོ་བས་བོད་ཀྱི་ས་དཔྱད་ལེགས་པ་མང་པོ་ཉམས་ཉེས་པ་དང་། ཁྲི་སོང་ཞལ་ནས་གསུང་དྲང་པོར་བྱོན་ཐུབ་མ་ཐག་མུ་མེན་གྱི་སྐྱོགས་ཆང་གིས་བསྐངས་པ་རྒྱའི་ཞང་པོར་སྤྲད་དེ་ཁྲི་སྲོང་ང་ནི་རྒྱ་ཚ་ཡིན་ཞེས་ངོས་འཛིན་མཛད་ཟེར་བ་ལས་ཇའི་སྐྱོགས་ཆུང་བསྣམས་ཟེར་གསལ་ཨེ་ཡོད། དེ་མཚུངས་བཀའ་བརྒྱུད་བསྟན་པ་རིན་པོ་ཆེའི་ཤིང་རྟ་ཆེན་པོ་རྗེ་མར་པས་མི་ལ་བཞད་པ་རྗོ་རྗེ་བྱོན་པ་མཁྱེན་ནས་རྟེན་འབྲེལ་ཧྱི་གནས་གལ་ཎེ་བསྒྲིགས་པ་དང་། བསུ་བ་ཟུང་འབྲེལ་དུ་ཁྲུ་རློགས་ཚུལ་གྱིས་ཕེབས་སྐབས་ཀྱང་ང་བདེ་ལྡན་བདུད་རྩིའི་བུམ་པ་བསྣམས་ནས་ཕེབས་ཚུལ་ལས་ཁྱོད་ཇ་རྦ་ལྟིར་གང་བསྣམས་ཟེར་བ་མེད། དེ་རྗེས་བཞད་པའི་རྡོ་རྗེའི་སྐུ་མདུན་དུ་མཚུངས་མེད་དྭགས་པོ་ལྷ་རྗེ་ཕེབས་སྐབས་ཀྱང་ཕྱག་འཚལ་མ་ཐག་ཆང་ཀ་པཱ་ལ་གང་གིས་དབང་བསྐུར་ནས་འཐུང་གསུངས་པར་བརྟེན་དགེ་སློང་དུ་སོང་གཤིས་ཡ་ང་བཞིན་པར་ལྷག་མེད་དུ་གསོལ་བས་རྟེན་འབྲེལ་འགྲིགས་གསུངས་ནས་རྗེས་སུ་བཟུང་ཚུལ་ལས་ཇ་ཕོར་པ་གང་གནང་བས་ཕོ་སྐྱེས་ཟེར་བ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པ་རིམ་བྱོན་བསམ་གྱིས་མི་ཁྱབ་ཕལ་ཆེར་ནས་སྤྱན་ལྟོས་ཡར་གཟིགས་ཀྱི་བླ་སློབ་རྟེན་འབྲེལ་སྒྲིག་སྐབས་ང་བདེ་ལྡན་བདུད་རྩི་ཁྱད་པར་གྱི་རྫས་དམ་པར་བརྟེན་པའི་ལོ་རྒྱུས་ལས། ཁྱོད་ཀྱི་སྐད་ཆ་ཧ་ཧ། ལར་ནས་མཐོ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་འཁོར་གྱི་རྫས་ལའང་ང་མཁོ་སྟེ། བར་རྒྱལ་པོ་དང་བཙུན་མོའི་མཐུན་སྦྱོར་གྱི་སྦྱོར་གྱི་སྦྱར་རྩི་ལའང་མཁོ་སྟེ། དམའ་དཔོན་འབངས་སོགས་འཇིག་རྟེན་ཆེ་པྲར་གནས་སྐབས་སུ་བདེ་སྐྱིད་སྟེར་བའི་སྨན་གཅིག་པུ་ལའང་ང་མཁོ་སྟེ། ཡིད་འོང་བུ་མོ་འགུགས་པའི་ཞགས་པ་ལའང་ང་མཁོ་སྟེ། གཞན་ཡང་དགའ་པོའི་གླུ་གཏོང་བའི་སྐད་ཆ་ཤེད། སྐྱིད་པོའི་བྲོ་རྒྱག་པའི་རྡིག་སྒྲ། སྡུག་པོའི་མཆི་མ་འདོན་པའི་སེམས་གསོ་ལྐུགས་པ་ཁ་འབྱེད་པའི་ལྡེ་མིག སྤྱང་པོ་མགོ་སྟོང་ཅན་གྱི་ཀླད་པ། དཔའ་བོ་དགྲ་འདུལ་བའི་ཞབས་བསྐུལ། སྙིང་མེད་ལ་འཕྲང་སྒྲོལ་བའི་སྐྱེལ་མ། ཟོག་པོའི་མཚང་འདོན་པའི་བཞུ་མར། མཁས་པ་ལེགས་བཤད་འཆད་པའི་ཞུ་རྟེན། འཇིག་རྟེན་འདིའི་དགེ་མཚན་ཐམས་ཅད་བདེ་ལྡན་བདུད་རྩི་ཁོ་ནས་བྱས་པ་མ་གཏོགས་སུས་བྱས་སུས་འཇོན། ཁྱོད་ཀྱི་ཡོན་ཏན་ལ་བཏུངས་པ་ཙམ་གྱིས་གཅིན་ཤོར་བ་རླུང་འཕར་བ་དེ་ཙམ་གྱིས་གཅིག་ཤོར་བ་རླུང་འཕར་བ་དེ་ཙམ་ལས་དྲིན་རྒྱུ་ཅི་ཡོད། ད་དུང་ཁྱོད་དཔོན་པོར་ཞུ་ལོག་ཕུལ་ནས་རྩོད་འདོན་བྱེད་པ་གད་མོ་ཤོར་ཡོང་། ཨེ་གོ་སོགས་ཟེར་བ་དང། ཤེས་རབ་སྒྲོལ་མས་ཀྱང་ཁྲོ་བ་མི་ཟད་པིའ་རྣམ་འགྱུར་ཅི་རིགས་སྟོན་བཞིན་དུ་འདི་སྐད་ཅེད་ཟེར་རོ།

འགོང་མོ་བསྟན་བཤིག་ཚབས་ཆེན་མོ་རེ། ཧམ་པ་ཆེ་ན་ཁྱོད་ཆེ། ངས་ལབ་ཚད་ཐམས་ཅད་མི་བདེན་ཤག་ཤག་ཀྱོད་ཀྱིས་བཤད་ཚད་ཐམས་ཅད་བདེན་བདེན་འཆོལ་འཆོལ། ཟེར་བ་རང་འདོད་རི་ལས་ཆེ་བ། སྐྱག་རྫུན་རླུང་ལས་ཚ་བ། སྐྱག་རོ་ཆུ་ལས་སླ་བ། བཏང་བཏང་འཇོན་འཇོན་ཟེར་བ་བྱིངས་མི་བདེན་རྫུན་སྒྲིག་ཤ་སྟག་ཡིན། ཁྱོད་ཀྱིས་བྱས་ཏག་ཎོད་དང་འཇོན་ཐག་ཆོད་ཀྱི་ལོ་རྒྱུས་ངས་བཤད་ཀྱིས། ཁྱོད་ལྷ་ཡུལ་ཕྱིན་ནས་འཇོན་པོ་རྒོད་པོ་བཏང་ལུགས་ལྷ་རྣམས་ལྷ་མིན་གྱིས་བཅོམ་པ་དང་། གཟའ་ཁྱབ་འཇུག་སྐུ་ལུས་ཐོར་བ། ཚངས་པའི་མཁུར་ཚོས་ལ་རྨ་བཟོས་པ་སོགས་ད་དུང་ངེམས་ཤིག དེ་ནས་རྒྱ་གར་དུ་ཕྱིན་ཏེ་སངས་རྒྱས་ཀྱི་བསྟན་པར་དམའ་ཕབ། མུ་སྟེགས་པ་རྣམས་ང་རྒྱལ་དུ་བཅུག་བཅོམ་ལྡན་འདས་ཀྱིས། ཆང་དེ་ཉེར་པ་ཀུན་གྱི་རྩ་བ་ཡིན། རྩྭ་མཆོག་ཟིལ་པ་ཟམ་ཡང་སྤང་བར་བྱ། ཞེས་སྤང་བྱར་གསུངས་པ་དེ་ཡང་ཁྱོད་ཀྱི་ཡོན་ཏན་ཡིན་འགྲོ། ཡང་ཨོ་རྒྱན་ཡུལ་དུ་གྲུབ་ཆེན་བིརྺ་པ་དབུ་བསྐོར། ཁྱོད་ཀྱི་རིན་མ་འཁྱོངས་བས་ཉི་མ་ཞག་བདུན་བར་སྟོད་ལ་མནན་པས་ཡུལ་འདིའི་ལོ་ཏོག་རྩི་ཤིང་རྣམས་བསྐམས། སེམས་ཅན་སྲོག་ཆགས་མང་པོ་འཚིགས་པའི་ཉེས་ལྟུང་དང་། མཻཏྲཱི་པ་ཆེན་པོ་ཁྱོད་བཟོས་པར་བརྟན་ནས་དགེ་འདུན་གྱི་ཀུན་དགའ་རྭ་བ་ནས་ཨ་ཏི་ཤས་གནས་དབྱུང་མཛད་དགོས་བྱུང་བ་དང་ཡང་བི་རྺ་པས་འདུལ་ཁྲིམས་གཙང་བའི་ལུང་པའི་ཕུར་ཁྱོད་བརྟེན། བག་མེད་མཛད་ཚུལ་གྱིས་ཡུལ་གྱི་རྒྱལ་པོ་ཤེས་པ་འབར་ཏེ་ཕོ་ཉ་བ་འགུགས་སུ་བཤམས་པ་ཙམ་གྱིས་རྒྱལ་པོའི་བསོད་ནམས་དང་། གྲུབ་ཐོབ་ཀྱི་ཆེ་བར་གནོད་པ་སོགས་དེ་ཐམས་ཅད་བྱས་པ་ཆེན་པ་ཨེ་ཡིན་ནམ། དེ་མཚུངས་བོད་འདིར་ཡོང་ནས་ཀྱང་ཁྱོད་ཀྱིས་ཟེར་བ་བཞིན་ཐོག་མར་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་ཕྲུ་གུ་ལས་བརྒྱུད་པའི་མི་རབས་རིམ་པར་འཕེལ་བ་རྣམས་ཁྱོད་བལྟོས་པར་བཅས་པ་བཟའ་བཏུང་གསོལ་བ་ཙམ་གྱིས་ཉོན་མོངས་དུག་གསུམ་མེ་ལྟར་འབར་བས་རྒྱ་གར་གྱི་མི་ལས་གཤིས་ཀ་ཉེས་པས་བོད་སྲིན་བུ་གདོང་དམར་དུ་གྲགས་པ་འདི་ཡང་ཁྱོད་ཀྱི་ཐུགས་རྗེ་ལོས་ཡིན། བོད་རྗེ་སྲོང་བཙན་གྱི་བློན་པོ་མགར་བ་སྟོང་བཙན་རྒྱ་ནག་ནས་བོད་ལྷ་གསོལ་ཚུལ་ལ་ཕེབས་སྐབས་རྒྱབ་རྫི་དཔོན་འགོ་དམངས་རྣམས་ཁྱོད་ཅན་གྱི་བཏུང་བས་རོ་ལྟར་འགྱེལ་བས་འཕྲལ་སྒང་བློན་པོ་བྱོན་པོ་བྱོན་བདེ་བ་ལ་ཕན་ཀྱང་རྟིང་ཞེ་འགྲས་སུ་སོང་ནས་དུ་རུ་ཀའི་དམག་ལྷགས་པས་བོད་ལ་ཟན་རྒྱག་ཆེར་བྱུང་བའི་རྩ་རྐྱེན་དེའང་ཁྱོད་ཀྱི་བྱས་རྗེས་ཡིན་སྐད་འདུག དེ་མཚུངས་ཆོས་རྒྱལ་མེས་ཨག་ཚོམ་གྱི་སྲས་ དང་ཆོས་རྒྱལ་ཚངས་པ་ལྷ་མའི་མེ་ཏོག་སོགས་ཀྱང་ཆིབས་བརྡབས་ཤོར་བའི་ལན་རྐྱེན་སུ་ཡིན་གསལ་པོ་ཞུ་ཨེ་དགོས། ལྷག་པར་ཕྱག་ན་རྡོ་རྗེ་མིའི་གཟུགས་ཅན་མངའ་བདག་ཁྲི་རལ་ཆེན་པོ་སྐུ་ར་ཆེས་ཆེར་བད་བསྟུན་བདུད་བློན་སྟག་སྣ་ཅན་གྱིས་སྐུ་མཇིང་གཅུས་ཟེར་་བ་དེ་བཞིན་ཤེས་རབ་སྒྲོལ་མས་སྐུ་ར་བད་པ་ཡིན་ཤས་ཁ། ཡང་མི་ལ་བཞད་པ་རྗེ་རྗེ་སྐུ་གཞོན་ནུའི་དུས་ཡབ་གུང་དུ་གཤེགས་རྗེ་ཨ་ཁུ་དང་། ཨ་ནེའི་ཉེ་བ་དགྲར་ལངས་ནས་ཡུམ་ཐུགསམུག་སྟེ་སྙིང་རུས་ཚེ་བའི་སྲས་ཀློག་སློབ་པར་བརྫངས་སྐབས་རྗེ་བཙུན་གྱིས་སློབ་དཔོན་དང་ལྷན་ཅིག་ཆང་གསོལ་རྗེས་གླུ་དབྱངས་ལེན་བཞིན་དུ་ལོག་ཕེབས་པས། ཡུམ་གྱིས་མི་ལ་ཤེས་རབ་རྒྱལ་མཚན་ལ་བུ་འདི་འདྲ་ཞིག་ཡོང་བ་ཞེས་སྨྲེ་ངག་དང་བཅས་རྡུང་འཚོག་ཚབས་ཆེན་གནང་བ་དེ་ཡང་ཁྱོད་ཀྱི་བྱས་པ། རྗེ་མར་པའི་སྲས་མཆོག་དར་མ་མདོ་སྡེ་དགྱེས་སྟོན་གྲོལ་ནས་སྨྱོ་འདྲེ་ཁྱོད་ཀྱིས་ཐུགས་སྒུལ་རྟ་རྒྱུགས་གནང་བས་དབུ་ཀླད་ཐོར་བ་དེ་ཡང་ཁྱོད་ཀྱི་བྱས་རྗེས། གེ་སར་རྒྱལ་པོར་མེ་བཟའ་འབུམ་སྐྱིས་ཀྱིས་ཁྱོད་ལ་བརྟེན་ནས་བརྗེད་དུག་ཞུས་ཏེ་ལོ་དགུ་བར་དབུ་བསྐོར་རིང་གླིང་འཇག་སྐྱ་ཕྱུར་རེ་བ་དེ་ཡང་ཁྱོད་ཀྱི་ཡོན་ཏན་ཁྱོད་ཀྱི་བྱས་པ། རྒྱལ་རྩེ་ཆོས་རྒྱལ་བཟི་ནས་རླུང་བསྒོམས་པས་འཁྱགས་རྐྱེན་གྲོངས་ཚུལ་དེ་རྒྱལ་པོ་དང་ཟབ་ཆོས་གཉིས་ཀའི་ཞབས་འདྲེན་དུ་འགྲོ་བའི་གཏམ་ངན་འདི་ཡང་ཁྱོད་ཀྱི་ཡོན་ཏན་ཁྱོད་ཀྱི་བྱས་པ་ཡིན། འོ། དེ་དག་སྔོན་བྱུང་ཁྱོད་ཀྱི་བྱས་རྗེས་སྐྱུག་པའི་རྒྱུ་མཚོ་ཆེན་པོ་ནས་སྐྲའི་ཉག་མ་གཅིག་གི་རྩེ་མོ་ཙམམ་བརྗོད་པ་ཡིན། ད་ལྟའི་དུས་སུ་ཡང་དཀོན་མཆོག་འདུས་པའི་བདག་ཉིད། འགྲོ་བ་བསོད་ནམས་ཀྱི་ཞིང་མཆོག འཕགས་པའི་དགེ་འདུན་བྱིངས་ནས་སྟོན་པ་རིན་པོ་ཆེས་སྤང་ལེན་ཕྲ་ཞིབ་ཏུ་མཛད་པའི་དགེ་སྐྱོན་ཐུགས་ལ་བཅངས་པས། སྨྱོ་འདྲེ་ཁྱོད་ལ་ཐུགས་ཞེ་གཏིང་ནས་ཁྲེལ་བས་ཉེ་བའི་སར་འཁོར་རྒྱུ་མེད་ཅེས་ཁྱོད་ནས་བར་གཅོད་ཀྱང་གཏོང་ནུས་བྲས་མོད། དེ་ལྟར་མ་ཡིན་པར་བསོད་ནམས་ལ་བ་ཡོད་ཀྱང་དབང་ཐང་ལ་བཞོན་བསྐམས་པས། དགེ་འདུན་ཐོར་བུའི་སར་ཕུང་མོ་ཁྱོད་ཀྱིས་གླགས་འཚོལ་དུ་ཕྱིན་པས་དང་པོ་ནི་སྐོམ་ཚད་ལངས། སྤྱི་ནས་རོ་མངར་ལ་མདོག་མཛེས་པའི་འཁྲུལ་བསྟན་པས། རྒྱབ་ནས་ཆག་སྒོས་དེད་པར་ཇི་མི་སྙམ་པའི་བློ་ཤེད་བསྐྱེད་དེ་རླུང་ལངས་ཚུལ་སོགས་ལ་ཁ་གཡར། དད་ལྡན་ནས་ཚོགས་གསོག་ཕྱིར་ཕུལ་བའི་དངུལ་འགྱེད་དེ་ནི་བྱུར་ཉོ་བའི་རིན་དུ་འཇལ། གང་བཏུངས་པས་ཉོན་མོང་པའི་རྩ་བ་ལངས་པའི་རྟགས་སུ་གྲི་མགོ་ཕུར་ཞིང་ཅི་ལབ་འདི་ལབ་མེད། དོ་བཏུངས་པས་དྲན་ཤེས་བག་ཡོད་ཀྱི་སེམས་དོར། གཡོ་སྒྱུའི་རྟོག་པ་མི་རུང་བ་སྣ་ཚོགས་རྙེད། གསུམ་བཏུངས་པས་ཉེས་ལྟུང་གཏིང་བརྗེད་དུ་སོང་ནས་གནས་མོར་སྤྲ་ལག་སྤྲེའུ་བཞིན་དུ་འཁྲབ། བཞི་བཏུངས་ས་སེམས་ཤོར་བས་སྒེར་གཡོག་དང་། ཚོང་པ། ལྷ་མོ་བག་མེད་ཕྱགས་སུ་བསྐྱོད། ཡང་ཡང་བཏུངས་པས་འཇུག་པའི་ལས་མི་དགེ་བ་བཅུ་སོགས་སྐྱེ་བོ་མི་ནག་དམན་པ་མགར་བཤན་བཟི་བའི་སྤྱོད་པ་ལས་ཀྱང་བརྒྱ་འགྱུར་གྱིས་ལོད་པ་སྟོན། དེར་བརྟེན་རྒྱལ་ཁམས་སྤྱི་ནས་འབའ་ཧྲང་དང། དམ་ཉམས་དང་དམ་སྲི་སོགས་ཀྱི་མཚན་གསོལ་བས་དགེ་འདུན་གྱི་རྐང་འདྲེན་ཞིང་། བྱེད་པའི་ཚེ་འདིའི་མདུན་མ་གཏན་ཉེས། ཕྱི་མ་མནར་མེད་དུ་སྐྱེ་དགོས་པ་དང་སྐུར་བ་འདེབས་པོ་བསོད་ནམས་བྲི་བ་སོགས་ཚབས་ཆེན་མིག་མཐོང་གཟུགས་གྲུབ་བྱེད་པ་འདི་དག་ཀྱང་ཁྱོད་ཀྱི་ཡོན་ཏན་ཁྱོད་ཀྱི་བྱས་རྗེས། དེ་མཚུངས་རྗེ་དཔོན་ཆེ་བའི་ཡོན་ཏན་བཅུ་གསུམ་གྱིས་འབྱོར་པས་རྒྱགས་པ། སྟན་མཐོང་མངོན་པར་འགྱིངས་ཤིང་། སྤྱན་གྱི་གཟིགས་པ་ས་ལ་མི་འབེབས་པ། ཐུགས་སྒམ་ལ་འཁོར་དཔའ་ཞིང་ཕྱུག་པ་བརྒྱ་བྱིན་ཉེ་དབང་གིས་བསྐོར་བ་ལྟ་བུ་བརྗེད་ཆགས་ལ་བག་དྲོ་བའི་བཞུགས་གྲལ་ཆེན་པོའི་དབུས་ཡང་། ཕུང་མོ་ཁྱོད་དང་ཁྱོད་འདེབས་ཞུའི་བྱེད་པོ་གཡོ་ཅན་མ་ཚོགས་བསླུ་ཆོས་ལ་བྱང་ཆུབ་ནས་ཐུགས་བསླུད་པས་རྗེ་བོ་རྣམ་དཔྱོད་ཅན་དེ་ནི་ནམ་ཞིག་ཞལ་རས་ཀྱི་མདངསའགྱུར། གསུང་སྒྲོས་ལ་ཅི་ལབ་མེད་པས་མཇུག་མ་འཁྱོལ་བའི་གླུ་དང། གྲི་མ་འགྲིགས་པའི་ཞབས་བྲོ་ཁོ་ན་རྒྱག སྔར་སྤྱན་ས་ལ་མི་འབེབས་པའི་འདི་ནི་ལུས་ཕྲ་མའི་གོད་ང་ལ་འབུར་ཚུགས་སུ་གཟིགས། ཕྱག་བཞུགས་མི་ཚུགས་པ་རེ་འགའ་གཡོ་ཅན་མའི་སྐེ་ལ་འཁྱུད་ཅིང་། རེས་ནི་འགབ་མི་གཙང་ཕྱོགས་སུ་རྐྱོང་། འཁོར་དཔའ་ཞིང་ཁེངས་པ་ཡིན་བསམ་པ་དེ་དག་ཀྱང་ ལ་ལ་ནི་ལག་ངར་བསྒྲེངས་ཤིང་གྲི་མགོ་གནོན། ལ་ལ་ནི་ཁ་ནས་ཐོན་གསུམ་བཅོ་བརྒྱད་ལབ་སྟེ་བྱབ་སྐྱེལ་བ་སོགས་དཔན་གཡོག་རྣམ་དཔྱོད་དང་ལྡན་པ་དེ་དག་སྨྱོན་པ་ཁྱུ་གཅིག་ཏུ་གཏོང་བ་དེ་ཡང་ཁྱོད་ཀྱི་ཡོན་ཏན་ཁྱོད་ཀྱི་བྱས་པ། ཡང་ཏིང་འཛིན་རྣམ་གསུམ་དང་ལྡན་ཞིང་། འཁྱེར་སོ་གསུམ་ལ་དུས་འདའ་བའི་གསང་སྔགས་ཟབ་མོའི་ཉམས་ལེན་ཅན་གྱི་སྔགས་པའི་ཚོགས་ནས་ཚེས་བཅུ་མཆོད་པ་རྣམས་དང་དངོས་སྦྱོར་ཕྱི་ནང་གི་མཆོད་རྫས་གད་གཙང་བྱིན་ཆགས་པ་སྟ་གོན་དང་བཅས་ཀུན་ཏུ་བཟང་པའི་མཆོད་པ་རྣམས་ཀྱི་དངོས་སྦྱོར་སྤྲིན་བཟང་དཔག་མེད་དུ་འབུལ་ཞིང་། ཆོ་ག་ཚད་མཐུན་དུ་བརྗོད་པ་རྣམས་ལ་ཅི་ཞུ། སྔར་བན་རལ་སྤྱོད་ཅན་རྣམས་ནས་དང་པོ་ཚེས་བཅུ་་མཆོད་པའི་རྫས་ཆ་ལག་ཆང་མིན་སྣ་ཚོགས་སླ་བཅོས་ཀྱིས་བསྒྲིགས། དེ་མཇུག་ཆང་འཁྱོག་ཟེར་ནས་གཟུངས་ཚིག་ཤོ་ལོ་ཀ་རེ་ཙམ་སོང་མིན་མཚམས་སུ་སྨྱོ་འདྲེ་ཤ་སྟག་འཚོགས་ནས་དངཔོ་ར་སྐད་ལུགས་སྐད་ལྟོགས་སྐད་འདོན་པ་དང་། ཁ་མིག་དབང་པོས་རྣམ་འགྱུར་ཅི་རིགས་སུ་སྟོན་པ་ལ་སོགས་པའི་མངོན་མཚན་ཇེ་ཆེར་འགྲོ་བ། དེ་ནས་རྔ་དང་རོལ་མོ་མི་འགྲིགས། དྲིལ་བུ་དང་ཌ་རུ་མི་འགྲིགས། རེ་རེ་ནས་འཇོག་ནིང་རྐང་གླིང་མི་འབུད། དེའི་མཚམས་ནས་འཛིང་ཅིང་རྐང་གླིང་མི་འབུད། དེའི་མཚམས་ནས་འཛིང་རེས་ཤོད། རྔ་དབྲལ་རོལ་ཆ་བཅག ཌ་དྲིལ་རྡོག་རྒྱག་ལ་འཕེན་པ་སོགས་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཆོམ་རྐུན་གྱིས་འདི་འདྲ་བྱེད་པའི་རྒྱུ་རྐྱེན་ཡང་ཁྱོད་ཀྱི་ཡོན་ཏན་ཁྱོད་ཀྱི་སྐུ་དྲིན། གཞན་ཡང་གྲོང་ཁྱེར་ཆེན་པོ་རྣམས་ཀྱི་སྲང་མདོར་གྲུབ་གཟུགས་ཀྱི་རལ་ལྕོག་གྱི་མདུད་པ་ཞིག་ནས་གྲོལ་ཁད་བྱེད་ཀྱིན་མགོ་ཀྱོག་ཀྱོག་དཔུང་པ་རོང་རོང་། ལྕེ་བསྣར་བསྣར། གཞུངདུ་གོམ་པ་གང་འགྲོ་བ་དང་ཕྲེད་དུ་གོམ་པ་གསུམ་འཁྱོར་བ། སྐྱུག་པ་དང་འགོ་རླུང་སུ་མགྱོགས་གཏོང་བ་སོགས་སྔོ་ལོའི་དར་འཕྱར། ཞབས་གང་འདྲེན་བྱེད་པ་དེ་དག་ཀྱང་ཁྱོད་ཀྱི་མཐུ་ནུས། མཆེད་ལྕམ་དང་དམན་ཤར་ཡིད་དུ་འོང་ཞིང་སྤམ་མཛེས་དང་ལྡན་པ་ལྷ་ཀླུ་དྲི་བཟའི་བུ་མོ་འདྲ་བ་རྣམས་ནས་སྨྱོ་འདྲེ་ཁྱོད་བཏུངས་པས་བཞིན་རས་ཀྱི་མདངས་ཉམས། ལབ་མི་དགོས་པར་ལབ། འགྲོ་མི་དགོས་པར་འགྲོ། རང་གི་བདག་པོ་བཞག་ནས་གཞན་དང་འགོལ་སར་འོ་བྱེད་ཤག་ཤག་དང་། འདོད་པ་སྟེར་ཤག་ཤག་བྱེད། ལ་ལ་ནི་ཁྱོ་བོ་ལ་འཛིང་ཞིང་ངུ་ཤར་བྱེད་པ། ལ་ལ་ནི་དགའ་ཚོད་མི་ཟིན་པའི་སྨྱོ་སྤྱོད་སྣ་ཚོགས་འདི་འདྲ་བསྟན་པ་ཡང་ཁྱོད་ཀྱི་མཐུ་ནུས། མདོར་ན་རིག་པ་འཛིན་པའི་དམ་ཚིག བྱང་ཆུབ་སེམས་དཔའི་བསླབ་པ། སོ་སོ་ཐར་པའི་སྡོམ་པ། དཔོན་གཡོག་བར་གྱི་སྒྲིག་ལམ། འཇིག་རྟེན་པའི་ཡུལ་ཁྲིམ། ཕ་མ་བུ་ཕྲུག་གི་བརྩེ་དུང་། བཟའ་མི་བཟའ་ཚང་གི་མཛའ་བ་སོགས་ཉམས་ཆག་རལ་རྡོལ་གྱི་སྐྱོན་ཡོང་རྐྱེན་ཚང་མ་ཁྱོད་ཅག་མིན་ན་སུ་ཡིན། ང་ཤེས་རབ་སྒྲོལ་མའི་ལོ་རྒྱུས་གོང་དུ་ཞུས་པ་ལྟར་གྱི་ཐོག་འཕགས་པ༷འཇམ་དཔལ་གཞནོན་ནུའི་ལུང་གིས་བསྔགས་པ་ལྟར་ཙི་ནའི་ཡུལ་དུ་སྐྱེས་ནས། དང་པོར་རྒྱའི་རྒྱལ་པོ་ཆེན་པོཟུང་ཧེན་ཐན་ཀོན་ནད་ཀྱིས་གཙེས་པར་ཐབས་གང་གིས་ཀྱང་མ་ཕན་པའི་སྐབས་འཇམ་དཔལ་སྤྲུལ་པའི་འདབ་ཆགས་ཡིད་དུ་འོང་བ་ནས་ངའི་ལོ་མ་གཅིག་ཁྱེར་ཏེ་རྒྱལ་པོའི་པང་དུ་བསྐྱུར་ནས་ལོ་མ་འདིའི་ཁུ་བ་གསོལ་ན་ཁྱེད་ནད་ལས་གྲོལ་ཚུལ་སོགས་ལུང་བསྟན་པས་དེ་དོན་རྒྱལ་པོས་གསོལ་མ་ཐག་སྙུན་ལས་གྲོལ། རྔ་བོ་ཆེ་དང་ཅོང་ཆེན་པོ་བརྡུངས། དར་ཆེན་པོ་འཕྱར་བས་མངའ་འབངས་དེར་འདུས་པ་རྣམས་ལ་ལོ་མའི་ཆེ་བ་དང་ལོ་རྒྱུས་རྣམས་གསུངས་ནས་ཡོན་ཏན་དེ་ལྟར་ལྡན་པའི་འདབ་ལྡན་གྱི་ལྗོན་ཤིང་སུ་ཡིས་རྙེད་པ་ལ་བྱ་དགའ་སྟེར་ཞེས་སོགས་བཀའ་བསྒོས། དེ་དོན་འཚོལ་བར་ཕྱིན་པས་སྐལ་ལྡན་ལས་འཕྲོ་ཅན་ལ་རྙེད་པས་གཙིགས་ཆེར་མཛད། མང་ཇ་མ་རེད། ཉུང་ཇ་རེད། རྒྱ་ནག་རྒྱལ་པོའི་གསོལ་ཇ་རེད། །ཅེས་པའི་གཏམ་རྒྱུད་ཀྱང་སྐབས་དེར་བྱུང་། དེ་རྗེས་བོད་འདིར་རྒྱལ་པོའི་སྐྱེམས་སུ་བསྐུར་ནས་ད་ལྟའི་བར་མཆོད་སྦྱིན་གྱི་འགྲོ་དོན་རྒྱ་ཆེ་དཔག་མེད་དུ་བྱས་པ་སོགས་རེ་རེ་ནས་ཞུས་པས་མི་ལངས་ཀྱང་རེད་གཉིས་ཞུས་ན། རྒྱལ་བའི་གཉིས་པ་དཔལ་ལྡན་མར་མེ་མཛད་ཆེན་པོས་བོད་ཀྱི་བཏུང་བ་ཁྱད་པར་ཅན་སོག་སབསྔགས་བརྗོད་ཞིབ་པར་མཛད་པ་དང་། དཔལ་ཕག་གྲུས་རྗེ་ཟླ་འོད་གཞོན་ནུ་ཐོག་མར་མཇལ་སྐབས་ཇ་སིག་དུམ་གཅིག་ཕུལ་ནས་ཐུགས་བསྐྱེད་པས་ཚོག་རྫོགས་པ་དང་། ཞི་བྱེད་དམ་པ་སྒོམ་སྨོན་གྱིས་མ་སྐལ་ཇ་སིག་དུམ་གཅིག་ཕུལ་ནས་ཐུགས་བསྐྱེད་པས་ཚོགས་རྫོགས་པ་དང་། ཞི་བྱེད་དམ་པ་སྒོམ་སྨོན་གྱིས་མ་སྐལ་བ་ཅན་ལ་ཇ་ཕོར་པ་གང་གནང་བས་དབང་བསྐུར་བ་དང་པོ་ཡིན་གསུངས་དོན་བཞིན་བཏུངས་པས་བླ་མ་དང་རྟོགས་པ་མཉམ་པ་དང་། མདོ་སྔགས་བསྟན་པའི་བདག་པོ་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་འཁོར་བཅས་ཀྱིས་སྐུ་འཚོ་བའི་སྐྱེམས་མཆོད་དམ་པར་བརྟེན་པའི་ལོ་རྒྱུས་མང་མ་ཟད། བླ་མ་དགེ་འདུན་གྲུབ་ཐོབ་རྒྱལ་བློན་སོགས་བསྟན་པ་རིན་པོ་ཆེན་འཛིན་སྐྱོང་སྤེལ་གསུམ་ལ་རང་དབང་འབྱོར་པ་དང་། གཞན་ཡང་ཚོས་བཞིན་སྤྱོད་པ་སྤྱི་སྒོས་ཆེ་ཕྲ་ཚང་མའི་སྐུ་སྟོབས་དང་སྐུ་ཚེ་འཕེལ་བ་དང་། བསྙེན་བསྐུར་ལོངས་སྤྱོད་སོགས་ཀྱི་གཙོ་བོར་ང་ཤེས་རབ་སྒྲོལ་མ་མེད་ན་མེད་ཐབས་ཨེ་འདུག གོང་ཞུས་དཔན་པོ་ས་དགོངས་དང་། རྒྱལ་ཁམས་མི་ལ་དྲིས་དང་། རྒྱལ་འགོང་གནོད་འཚེའི་སྣ་ཁྲིད་ཁྱོད་མེད་ན་འཇིག་རྟེན་འདིར་བཀྲ་ཤིས་ལུགས་ལེགས་ཀྱི་འཇར་དར་ཡུག་གཅིག་ཏུ་འགྲོ་བ་ལས་ཉེས་སྐྱན་གཅིག་ཀྱང་ཡོང་དོན་མེད། ཨེ་གོ་སོགས་ཟེར་བ་དང་། ཡང་བསྐྱར་བདེ་ལྡན་བདུད་རྩིས་དེ་ལན་ཞུ་རྩིས་བྱེད་པར། ཁྱོད་གཉིས་ནས་ངོ་ཚ་ཁྲེལ་གཞུང་བྲས་བའི་དམུ་རྒོད་ཕྲག་དོག་གི་ལབ་རྙོག་སྣང་བར་གང་དྲན་ཟེར་ཚད་དེ་ད་བར་ཉན་པས་དོན་བློར་ངེས། ད་ཆ་ཕན་ཚུན་གཉིས་ཐད་ནས་ཧམ་རྩོད་ཀྱིས་ཞུ་བ་ཕུལ་མི་ཆོག་པར་རེ་ཞིག་སོ་སོའི་གནས་སུ་སོང་ནས་བག་ཡོད་པ་བྱོས་ཤིག་ཅེས་བཀའ་ཚ་ནན་ཕབ་པས། བདེ་ལྡན་བདུད་རྩིས་ལར་མོས་སྣང་བར་གང་དྲན་ཞུས་སོང་གཤིས། ཕྲན་ནས་ཀྱང་དེ་ལན་དེ་འཇལ་གྱི་ལན་འདེབས་མི་ཞུ་ཐབས་མེད་ཀྱང་སྔ་འཕྲོས་བཀའ་བཞིན་འཐེན་རྒྱུ་དང་། སྔོན་ཞུས་ངའི་ཞུ་བ་ཁུངས་སྐྱེལ་ར་འཕྲོད་ཞུས་ཆོག་ཆོག མོའི་ཞུ་བ་ཧམ་རེ་དང་། བདེན་པ་གཡག་གི་དཔེ་ལྟར་འོལ་ཚོད་ཀྱི་སྨྱོ་ལབ་རྣམས་ཉ་ཉུང་མ་མཉམ་བསྲེས་སུ་མ་སོང་བར་བཀའ་རལ་གྲི་གནམ་ལྷུང་དུ་ཡོད་པ་མཁྱེན་མཁྱེན་ཞེས་ཟེར་ནས་ཀྱང་སྔ་འཕྲོས་བཀའ་གནང་བ་ལྟར་ཞུས་ཆོག་པ་དང་། ཡང་མོས་ད་དུང་བསམ་བཏང་དྲན་སྐྱེས་ཀྱི་ཞུས་ཀྱི་ཞུ་བ་བདེན་པ་སུ་ཆེ། དཔོན་བཟང་དགོངས་པའི་དབྱིངས་ཆོད་ལྟར་བདེན་པ་བདེན་ཐོག་ཏུ་འགྲོ་བའི་བཀའ་གསལ་འགྱངས་མེད་ཐུགས་རྗེ་ཆེ་བ་མཁྱེན་མཁྱེན་ཞེས་ཕྱག་འབུལ་ཞིག་ཞུས་ནས་ཇའི་རྦ་ལྟིར་ནང་འཛུལ་སོང་།

དེའི་ཚེ་རྗེ་རང་རིགས་ཀྱི་རྒྱལ་པོའི་དགོངས་པར། ཁོ་པ་ཇ་ཆང་འདོད་ཡོན་འཐབ་རྩོད་སྔར་མི་གྲགས་པ་འདི་ལྟ་བུ་ཡོང་བའི་རྒྱུ་བདག་མེད་བདག་གིར་འཛིན་བློ་ངན་གྱི་སྡོང་པའི་རྩ་བ་ཚུགས། དེ་དག་སྲིད་པ་འདིར་ཟག་བཅས་ངར་འཛིན་གྱི་རྩ་བས་གཉིས་མེད་གཉིས་སྣང་གི་ཡལ་ག་རྒྱས། དེས་ཆགས་སྡང་མདོག་ངན་སྣ་ཚོགས་ཀྱི་འདབ་མ་མེ་ཏོག་ཕང་ཕུང་དུ་འཁྲིགས། དེ་སྔོན་ཏོག་མ་མེད་པ་ནས་ད་ལྟའི་བར་འོར་བ་ངན་སོང་གི་འབྲས་བུ་རོ་སྐྱུར་ལ་མདོག་གནག་པ་དེ་ཡིན་པ་ནི་གོར་མ་ཆག དེ་ལྟ་བས་ན་ཉེས་ཚོགས་ངར་འཛིན་བྱི་རྩ་བ་རིག་པ་ཡེ་ཤེས་ཀྱི་སྟ་གྲིས་བཅད། རང་གཞན་གཉིས་འཛིན་གྱི་ཡལ་ཟུང་འཇུག་རོག་གཅིག་སོག་ལེས་བྲེག་ཆགས་སྡང་ཀུན་རྟོག་གི་ལོ་འདབ་མེ་ཏོག་ཡེ་ཤེས་ཀྱི་ཉི་མས་བསྐམས། འཁོར་བ་ངན་སོང་གི་མྱོང་འབྲས་བདེན་མེད་རང་ཡལ་དུ་འགྲོ་བ་ཞིག་བྱུང་ན། ཉོན་མོངས་དུག་གསུམ་གྱི་དཔུང་ཚོགས་བརྒྱད་ཁྲིད་བཞི་སྟོང་གི་གཡུལ་ལས་རྣམ་པར་རྒྱལ་ཏེ་བདེ་ཆེན་ཆོས་སྐུ་ཉག་ཅིག་གི་རྒྱལ་ཁབ་ཆེན་པར་རིང་བོང་ཚང་ལོག་ཐོག་ཐུགས་རྗེ་ཡེ་ཤེས་ཀྱི་སྐྱུ་འཕྲུལ་སྣ་ཚོགས་པས། གཞན་དོན་ཁོར་ཡུག་ཏུ་བྱེད་པ་ཞིག་ཚང་མས་དགོས་རྒྱུའི་སྙིང་པོར་སྣང་ཡང་། དེ་ལྟའི་སྨོན་འཇུག་གི་ལམ་ཟབ་དམ་པར་སྒྲོལ་བར་ཁོ་བོ་ཅག་བརྩོན་པ་ཤིན་ཏུ་དམན་པར་སོང་གཤིས། ཇ་ཆང་གི་ལྟ་མོ་གཟུགས་ཆགས་སྣང་བ་འཁྲུལ་བ་གཉིས་ཐུག་པས་གློ་བུར་དུ་སློང་བའི་ཐབས་དང་། བྱིན་རླབས་ཀྱི་འབྱོར་པ་ནི་རང་ཉིད་ཕོངས་ཀྱང་འཇིག་རྟེན་འདི་སྣང་གི་མཐུན་གཤིབ་འགྲོགས་མཁས་སོགས་བྱ་ལུགས་སྤྱོད་འགྲོས་ཀྱི་དགེ་སྐྱོན་ཇི་སྙེད་ཅིག་ལབ་རུང་། ད་དུང་རྨི་ལམ་ལའང་རྨི་ལམ་བཏང་བ་ལྟ་བུ་འཁྲུལ་པ་ཡང་འཁྲུལ་ཉིང་འཁྲུལ་དུ་བསྐྱེད་པས་ཐར་པ་ཆེན་པོའི་ས་ལས་ཡུན་གྱིས་བསྐལ་དགོས་པ་སོགས་སྐད་ཅིག་མ་དང་པོར་བློ་འཕྱང་མོ་ཉུག་ཏུ་གྱུར་ཀྱང། སྐད་ཅིག་གཉིས་པར་དེ་ལྟར་ཡིད་ཅན་ཉོན་མོངས་དུག་ལྔའི་ནད་ཀྱིས་ཟིན་པ་དེ་དག་ལ་རིག་པ་ཡེ་ཤེས་ཀྱི་སྨན་བྱིན་ནས། ད་ལྟ་ཉིད་དུ་ཟག་མེད་བདེ་བ་ཆེན་པོའི་དཔལ་འབྱོར་ཏོབ་ན་ཅི་མ་རུང་སྙམ་པ་འདི་ཡང་ཧ་ཅང་བློ་སྣ་ཐུང་ཞིང་རང་འདོན་ཆེ་བའི་སྐྱོན་ཁོ་ནར་ཟད་མོད། དེ་བས་ཀུན་རྫོབ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཟབ་མོས་བསླུ་བ་མེད་པ་འདི་རང་ལ་བརྟེན་པ་ལེགས་ལམ་དུ་མའི་གཞི་དང་། ཁྱད་པར་ལྟ་བ་ཡས་ནས་ཕུག་སྤྱོད་པ་མས་ནས་འཛེགས་པ་འདི་ག་ས་ལམ་བགྲོད་པ་ལ་བརྟན་ཞིང་ཆོད་ཆེ་བར་གསུངས་པ་བཞིན་ད་ལམ་ཇ་ཆང་གི་ལྷ་མོ་ཟུང་ཟློས་རྩོད་ཐུག་པ་འདི་དག་ལའང་སྔོན་བྱས་ལ་བདེན་རྫུན་གྱི་དབྱེ་བ་ཞིབ་པར་ཕྱེ་སྟེ་བྱ་དགའ་དང་རྩ་འཛིན་བབ་ཐོག་གང་ཡོད་ཀྱིས་གསལ་བཏང་། ཕྱིན་ཆད་སྤྱོད་པའི་སྤང་ལེན་ཉེ་སྙོམས་བབ་འབྲེལ་དང་བསྟུན་པས་འདི་བྱ་དེ་གྱིས་ཀྱི་དཔྱད་མཚམས་ཤིག་རང་གཏོང་སྐབས་སུ་བབས་འདུག་སྙམ་ནས་ཁྲ་མ་འདི་ལྟར་བཏང་སྐད། བདེ་ལྡན་བདུད་རྩི་དང་། ཤེས་རབ་སྒྲོལ་མ་གཉིས་ལ་ཚངས་འདྲ་གཉིས་སུ་བཏང་དོན། གནམ་ཀ་བ་མེད་པའི་འོག་རོལ་དུ་རྒྱུ་ཞིང་། ནོར་འཛིན་ཡངས་པའི་དཔལ་ལ་བདག་གིར་སྤྱོད་པའི་བརྟན་གཡོ་ཡིད་ཅན་མཐའ་དག་གི་བློ་གྲོས་པད་མའི་སྣིང་པོ་རྒྱལ་བ་བུ་རམ་ཤིང་པའི་ཐུག་གི་བདེ་སྡུག་ཚང་མ་བྱེད་པོརང་རང་གི་ལག་རྩེར་ཡོད་པའི་རྒྱུ་འབྲས་ཟབ་མོའི་དོན་ཤེས་ནས་སྒོ་གསུམ་གྱི་འཇུག་པ་དཀར་པོ་དགེ་བའི་ཕྱོགས་སུ་བསྒྲིལ། འཁོན་མེད་མཛའ་ཞིང་བཀྲ་ཤིས་པའི་དཔལ་ལ་ལོངས་སུ་སྤྱོད་པ་རྫོགས་ལྡན་གྱི་བསྐལ་པ་བཟང་པོ་དང་གཉིས་སུ་མི་སྣང་བའི་སྐབས་འདིར། ཁྱོད་གཉིས་ཆ་ནས་ཀྱང་རྒྱུ་འབྲས་བསླུ་བ་མེད་པའི་དགེ་སྐྱོན་ཡིད་དང་འགྲོགས་ཏེ་མཐུན་གཤིབ་ལེགས་ལམ་མཛེས་པར་ཛུགས་ཀྱིས་སྤྱོད་པ་ཞིག་མ་བྱུང་ཡང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་བས་མི་བསྲུན་བརླང་པོར་སྤྱོད་པའི་གཉའ་བ་མནན་ནས་ང་རྒྱལ་གྱི་གདོང་པ་ས་ལ་ཕབ་སྟེ་འགྱོད་སེམས་དྲག་པོའི་འཁུན་སྒྲ་འབྱོན་པ་ལ་སོགས་ཀྱི་འཇུགས་ཟིལ་དང་མྱོང་བྱར་བསམ་བཞིན་དུ་རྣམ་ཀུན་མཛའ་མཐུན་ལུགས་བཟང་དུ་སྤྱོད་པ་ཞིག་དགོས་ངེས་པ་སོགས་བསྙོན་དུ་མེད་པ་དེ་ལྟར་ཡང་བཟང་པོའི་ངང་ཚུལ་དེ་དག་ལས་འགོངས་པའི་ཉེ་ཆར་ཇ་ཆང་འདོད་ཡོན་ནང་འཐབ་ཀྱི་རྩོད་གཞིར་གྱུར་པས་བདེ་སྐྱིད་ཀྱི་རྩ་བ་རྒྱལ་ཁྲིམས་རིན་པོ་ཆེ་དགུང་དུ་འདེགས་པའི་མཚོན་བྱེད་དུ་ཕྱོགས་སོ་སོ་ནས་ནང་མཛོད་ལས་བཞིའི་མདངས་ལྡན་དྲི་མེ་འདོམ་འཁོར་རེའི་རབ་དཀར་ལྷ་རེག་བཏེགས་བཅས། བཟང་ཇ་སྦག་བཅས་ཡོད་པའི་སྒམ་སྟག་གཟིག་གྲུམ་གསུམ་གྱི་པགས་པ་སྡེར་ཆགས་རེ་བཅས་འབའ་སྗུག་གི་བརྩིས་པས་མཉམ་སྒྲུབ་ངོས། དོན་རྩའི་ཞུ་བ་གོང་དུ་གསལ་སྟབས་འདིར་བསྐྱར་ལྡབ་སྨོས་མ་དགོས་ཤིང་། ལར་ཁྱོད་གཉིས་ཕྱོགས་ནས་རང་རྒྱལ་གཞཉ་ཕམ་དུ་རེ་བའི་ཚིག་བསྙད་སྣ་ཚོགས་ཤིག་ལབ་པས་མདའ་ཤེད་གཞུ་ཉེས་སུ་སོང་གཤིས། ཚིག་དོན་རེ་རེ་བཞིན་རྩ་བཅད་དེ་དཀར་ས་ནག་འདེད་ཀྱིས་རྩ་འཛིན་སྒོག་པ་སིལ་རྡུང་ཞིག་རང་དགོས་ངེས་སུ་ཆེ་རུང་ཁྱོད་གཉིས་སྔར་ཕན་འདོད་ཡོན་ལ་གཡེང་བས་ལུགས་ཟུང་ཁྲིམས་དོན་གྱི་ལུགས་སྲོལ་ཇི་བཞིན་མ་ཤེས་པའི་དབང་གིས་སླད་ནས་ལམ་ནོར་ལྡོག་ཤེས་བྱུང་རྗེས་ཚིག་དོན་འགལ་འཛོལ་རྩ་བ་ཆེར་མེད་པའི་རིགས་གང་ཡིན། ད་ལམ་རིང་ཉེས་པ་ཡང་བ་བྱེད་རྒྱུ་ད་ང། ཡང་ང་མཐོང་ང་བཙན་ངས་བྱས་གོས་རང་མཐོང་ཁེངས་དྲེགས་ཁོ་ནའི་ཞུ་བ་ཧེ་བག་ཆེ་བའི་རིགས་གནས་ལུགས་ཀྱི་སྲང་ལ་གཞལ་ཏེ་ཤིག་སེན་ར་སྤྲོད་སེམས་ངོ་འཕྲོད་ངེས་ཤིག་མ་བྱུང་ཚེ་སླར་ཚེ་སླར་ཡང་ཆུས་ཁྱེར་བ་ཕ་རྒྱལ་དུ་རློམས་པའི་སྦུགས་ཟབ་སྤོམ་ཡོར་ལ་མི་ཆེ་འདའ་བ་ཞིག་འབྱུང་རིགས་ཡིན་འདུག་པ། དེས་ན་བདེ་ལྡན་བདུད་རྩིའི་ཞུ་བར། དང་པོ་ཚིགས་སུ་བཅད་པར་མ་དྲིན་ཅན་དཀར་མོའི་ནས་འབྲུ་དེ་སྤྱིར་སེམས་ཅན་གྱི་ལེགས་བྱས་གཟུགས་སུ་གྲུབ་ཚུལ་ཞུ་བ་སོགས་བདེན་འབྲེལ་ཆགས་ཀྱང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་། གྲུབ་ཐོབ། རྗེ་བློན། དམག་དཔན་དང་མཆེད་ལྕམ། འཇིག་རྟེན་འི་ཕ་མ་རྒན་གཞོན་ལ་སོགས་པས་ཁྱོད་བཏུང་བ་རན་ཙམ་བརྟན་ན་ཉམས་རྟོགས་བློ་གྲོས་དཔའ་མཛངས་དང་། བདེ་འགྲོགནས་སྐབས་ཀྱི་དགའ་སྟོན་ལ་སོགས་པའི་མཐུན་འགྱུར་གྲོགས་ཕན་དུ་འགྲོ་བ་སྲིད་མོད། འོན་ཀྱང་འཐུང་ཆེས་ན་ཉེས་སྐྱོན་སློང་རྐྱེན་དུ་འགྱུར་བ་ཤེས་བཞིན་དུ་བདེན་པ་སྒྲུབ་ཕྱིར་དཔའ་དང་ཡོན་ཏན་ཁོ་ནའི་རྒྱུ་མཚན་ཞུས་པར་ཉེས་པ་ཐོབ་རུང་སླད་ནས་ཁྱོད་རང་དང་འཐུང་མི་བཅས་པས་དྲན་ཤེས་བརྟན་པོས་ཞབས་འདྲེན་མངོན་མངོན་ཆེར་འགྲོ་རིགས་མ་བྱས་ཕྱིན། ད་ལམ་སྐྱོན་ཡོན་ཤེས་འདོམས་དབང་གིས་མགོ་ཐུག་མཉམ་འཇགས་སུ་བཞག ཡང་མོ་བཏུང་བ་སྣ་གཅིག་ལ་ཇ་མར་ཚྭ་སོགས་སྒྲུབ་རྩོལ་བྱེད་དགོས་སྟབས་འཇིག་རྟེན་ཧྲུལ་ཚུལ་ཞུ་བ་འདི་བཞིན་གཅིག་ཏུ་དགའ་མིན་གྱི་གཏམ་དུ་ཟད་ཀྱང་སྟོན་པའི་བཅད་པ་འཛིན་པའི་མི་དང་། བུ་བུ་མོ་ཆུང་ཆུང་སོགས་ལ་ལས་རྣམ་ཀུན་ཇ་ཕོར་བཅས་ལྐོག་ཉོས་ལྐོག་འཐུང་ལ་དུས་འདའ་བས་དབྱར་རྒྱགས་དགུན་ནས་འཛད་པ་སོགས་གྲགས་ངན་ཆེ་བས་ཤེས་རབ་སྒྲོལ་མ་ནས་གླེང་སེལ་ཉེས་པ་སྒོར་ཞོ་གང་སྒྲུབ་ངོས་ཕྱིན་ཆད་ལྐོག་འགྱུར་རིགས་ལ་དང་ལེན་བྱས་ཆོག་རྒྱུ་མིན། ཤེས་རབ་སྒྲོལ་མའི་ཞུ་བ་དང་པོ་ཚིགས་སུ་བཅད་པར་ཐུབ་ཆེན་གངས་ཆེན་མཚོའི་ཕྱག་མཉམ་བཞག་གི་གསོལ་ལྷུང་སྟེང་ལ་ཆགས་པ་པད་མའི་སྡོང་པོ་དང་མི་མཇེད་འཇིག་རྟེན་གྱི་དབུས་སུ་ཐོག་མར་འཁྲུངས་པའི་དཔག་བསམ་དབང་པོ། ལྷའི་ཡོངས་འདུ་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་བཅས་ཕ་ཚན་གཅིག་ཡིན་ཚཱུལ་ཞུ་བར་ད་ལམ་བཀའ་གཏན་སོགས་ཀྱི་ཁུངས་སྐྱེལ་ར་སྤྲོད་གང་ཡང་བྱ་རྒྱུ་མི་འདུག་པ་མ་ཟད། རིགས་རྒྱུད་དེ་དག་དང་རྒྱུད་གཅིག་པ་ཡིན་ཚེ་རྒྱ་གར་འཕགས་པའི་ཡུལ་དང་སྟེང་ཕྱོགས་སུམ་རྩེན་གྱི་གནས་བཅས་པར་ལོ་མ་ཁུ་བའི་བཏུང་བ་ཁྱོད་བཞིན་དུ་དར་རིགས་ཀྱང་དེ་ལྟའི་ལོ་རྒྱུས་རྒྱལ་བའི་བཀའ་དང་། ཚད་མའི་ལུང་གང་ལས་ཀྱང་གོ་ཐོས་རིགས་མ་བྱུང་ཞིང་། འབྱུང་བར་མི་འགྱུར་ན་མཐོ་བསྙེགས་དཔའ་ཐལ་གྱི་ཞུ་བ་མཚང་ཆེ་བར་ཉེས་པ་གསེར་སྲང་གང་སྒྲུབ། ཡང་འཕགས་པ་འཇམ་དཔལ་གཞོན་ནུས་བྱིན་གྱིས་བརླབས་ཏེ་མཧཱཙི་ནའི་རོལ་དུ་འཁྲུངས་ཚུལ་སྐོར་ཡང་ཡིག་སོགས་ཀྱི་ར་སྤྲོད་མ་བྱུང་རུང་། དོན་དུ་སེམས་ཅན་ལ་ཕན་ཐོགས་པའི་རིགས་ཚང་མར་རྒྱལ་བ་སྲས་བཅས་ཀྱི་སྣ་ཚོགས་སྤྲུལ་སྐུའི་གྲས་སུ་ཞལ་གྱིས་བཞེས་དོན་ཇ་ཤིང་འདི་ཡང་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པའི་སྤྲུལ་སྐུར་ཁས་བླངས་སུ་རུང་བ་དང་། སྐྱེ་ཡུལ་ཙི་ནའི་ཡུལ་སོགས་ཞུ་བར་ར་འཕྲོད་ཅིང་། འོན་ཀྱང་དཔྱིད་གསུམ་ཕུད་ཀྱི་ལོ་མ་ཞེས་རྩེ་མོ་ཇ་འབྲུ་དང་། དབྱར་གསུམ་ལོ་འདབ་རྒྱས་པ་ཞེས་ཀོ་རྩེ་དང་། སྟོན་གསུམ་ལོ་མའི་རྩ་བ་ཞེས་ཤིང་ཇ་ཡིན་ཁུལ་འདི་བཞིན་ཇ་རིགས་གསུམ་ལོ་མ་འཐུ་སྔ་ཕྱི་ལས་བྱུང་བ་ལྟ་གུ་ཞིག་ཞུ་བར་ད་ལམ་ཞིབ་སྐབས་མདོང་མོ་སོགས་རྒྱུས་ཅན་ལ་དྲི་བ་བྱས་པར་ཇ་རིགས་རེ་ལ་ཤིང་རེ་ཡོད་པ་ལས་ཤིང་གཅིག་ལས་ལོ་མ་འཐུ་སྔ་ཕྱིས་ཇ་རིགས་མི་གཅིག་པ་བྱུང་བ་ཞིག་མིན་ཚུལ་ཟེར་བ་དེས་ན་རང་ཉིད་འབྱུང་ཁངུས་ཀྱི་ལོ་རྒྱུས་ཀྱང་ཇི་བཞིན་བརྗོད་རྒྱུ་མེད་པའི་ལྕེ་བདེ་མདོག་འདི་བཞིན་སྤྱང་པོའི་འཁུར་བླངས་ནས་ལྐུགས་པའི་རྒྱུགས་སྤྲད་པ་དང་ཚུལ་མཐུན་པའི་ཡལ་གའི་གནས་གྱུར་ན་ཡང་འཐུང་པས་ཤེས་རབ་འཕེལ་བ་དང་གཏི་མུག་འཇོགས་ཚུལ། ཆོས་མཛད་ཡོངས་ཀྱི་སྲོག་རྩ་ཡིན་ཚུལ་སོགས་པར་ཞིབ་ན། འཇིག་རྟེན་ལས་འདས་པའི་ཤེས་རབ་ལ་ཕན་གནོད་མེད་ཀྱང་འཇུག་རྟེན་པའི་ཤེས་རབ་མཆོག་རིག་པ་དྭངས་བ་དང་གཏིག་མུག་གི་ཡན་ལག་གཉིད་ཆུང་བ་དང་བཅས་པ་དངོས་གནས་ཀྱི་ཡོན་ཏན་དང་ཆོས་མཛད་ཡོངས་ཀྱི་བཏུང་བའི་མཆོག་ཙམ་ལ་སྲོག་རྩ་ཡིན་ཞེས་དམ་པ་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་ཡུལ་བཅས་པའི་ཆོས་མཛད་འགྱུར་རྣམས་ལ་སྲོག་རྩ་མེད་པ་ལྟ་བུ་ཧམ་རྫུན་གྱི་སྨྱོན་གཏམ་གཉིས་མགོཐོག་བལ་འདབ་རྡོ་གནོན་དུ་བཞག དེ་མཚུངས་བདེ་ལྡན་བདུད་རྩི་ནས་དང་པོ་ལྷ་ཡུལ་དུ་ཕྱིན་ལྷ་ཕྲུག་རྣམས་མྱོས་པས་ལྷ་མིན་གྱི་གཡུལ་ལས་ཕམ་ཚུལ་དང་། རྒྱ་གར་སྟོན་འི་ཉ་ཐོས་ཤིག་མྱོས་ནས་བསྟན་པ་རིན་པོ་ཆེར་དམའ་ཕབ་རྐྱེན་གྱིས་རྩ་བཟི་ཆང་སྤང་བྱར་གསུངས་པ། བོད་དུ་ཆོས་རྒྱལ་ཁྲི་རལ་སྐུ་རོ་བའི་སྐབས་བདུད་བློན་ནས་དཀྲོངས་ཚུལ་ལ་སོགས་པའི་སྐོར་ཞིབ་སྐབས་བཀའ་བསྟན་བཅོས་ཀྱི་ར་སྤྲོད་བྱུང་གཤིས་ལན་རྐྱེན་ཆེ་ངེས་ཡིནའདུག་ཀྱང་། ལྷ་ཕྲུག་རྣམས་ལྷ་མིན་ལས་ཕམ་པའི་རྐྱེན་གྱིས་བརྒྱ་བྱིན་ནས་མོའི་སྣོད་འཇུག་རྟེན་ཁམས་སུ་བོར་བ་དང་། རྒྱ་གར་དུ་ཉན་ཐོས་མྱོས་སྐོར། སྟོན་པ་རིན་པོ་ཆེས་མོའི་ཉེས་དམིགས་དང་བཅས་ཕྱིན་ཆད་བསྟན་པ་རིན་པོ་ཆེའི་སྒོར་བཞུགས་པའི་འདུལ་འཛིན་གྱི་རིགས་ཆེ་ཕྲ་ཚང་མས་སྤང་བྱར་གསུང་པ་དེ་ག་ནེས་པའི་རྩ་བ་ཡིན་སྟབས་ད་ཆ་གློག་ལ་མུན་པའི་གསལ་འདེབས་ཀྱི་བརྗོད་གླེང་མི་དགོས་ཤིང་། ཆོས་རྒྱལ་ཁྲི་རལ་དཀྲོངས་རྐྱེན་དེ་རིགས་ཚབས་ཤིན་ཏུ་ནས་ཆེ་བར་སྔར་ཕན་རྩ་འཛིན་གཅོད་རྒྱ་སོགས་བྱུང་ཚོད་མི་འདུག་སྟབས་རྒྱུ་འདྲེར་རུལ་སུངས་མེད་པའི་དཔེ་བཞིན་ད་ལམ་ཉེས་པ་བབ་ལྕི་ཞིག་ཏོབ་རུང་། རྒྱལ་ཐོག་དུ་མ་འདབས་པའི་སྔོན་རོལ་གྱི་ལབ་གཞི་རྙིང་པར་སོང་གཤིས་བདག་སྤྲོད་མི་བདེ་བས་གླེང་སེལ་ཉེས་པ་གསེར་སྲང་གསུམ་བདེ་ལྡན་ནས་བསྒྲུབས་རྗེས་འཐུས་པ་བྱས། ཡང་བདེ་ལྡན་བདུད་རྩི་ནས་ཞུ་བ་གཉིས་པར་ལྷུག་ཚིག་ཏུ་ལྔོན་བཟང་རྩ་ཆེ་གོང་གསལ་ཤེས་རབ་སྒྲོལ་མའི་ཕ་མེས་ཡིན་ཚུལ་དེ་བཞིན་ལྟས་ངན། ནད་རིགས་ཡེ་འབྲོག་བཅས་པ་བཟློག་ཚུལ་གྱིས་རྒྱལ་ཁབ་ཁྲིམས་གཉིས་མདུན་སར་བཟློག་པ་བརྒྱབ་པར་ཉེས་པ་སྒོར་མོ་གསུམ་དང་། ཤེས་རབ་སྒྲོལ་མ་མི་རབས་དྲག་ཞན་ཚང་མའི་སྐྱེམས་བཏུང་བ་གལ་ཆེའི་འབྱུང་གནས་ཀྱི་ཡོན་ཏན་ལྗོན་ཤིང་སྣ་ཚོགས་སྤྲུལ་སྐུར་གཏོང་བ་ཞིག་ལ་བསེ་ཤིང་དང་རྒྱུད་གཅིག་ཚུལ་ཞུ་བ་འོས་མིན་ལ་ཉེས་པ་སྒོར་མོད་དོ་བཅས་བདེ་ལྡན་ནས་སྒྲུབ། ཡང་མ་དཀར་མོའི་ནས་དང་ཕུ་བོ་རིན་ཆེན་རྩམ་པ་ཡིན་པ་དང་། བླ་མ་ཡི་དམ་མཁའ་འགྲོ་བཅས་པའི་མཆོད་པ་ཨ་མྲི་ཏར་གསལ་བ་རྒྱ་གཞུང་གི་བཀའ་བསྟན་བཅོས་སོགས་ལ་གསལ་ཚུལ་བཅས་ཞུ་བ་ར་འཕྲོད་ཀྱང་མཉམ་བཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམ་ཞེས་སོགས་རྒྱལ་མཆོག་འོད་དཔག་མེད་པའི་གསོལ་ལྷུང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོས་གང་བར་ཁྱོད་ཟག་བཅས་མྱོས་བྱེད་ཀྱིས་གང་བ་ཡིན་ཚུལ་དང་། དེ་མཚུངས་ལྷ་མིན་ཁྱབ་འཇུག་ནས་ལྷ་འི་བདུད་རྩི་མྱངས་པས་མགོ་མཇུག་ཏུ་ཁྱབ་པས་ཚངས་པ་བརྒྱ་བྱིན་ལ་སོགས་པའི་ཕྱག་མཆཚན་གྱིས་གླགས་མ་རྙེད་པར་ལྷའི་བདུད་རྩི་དང་ཁྱོད་མྱོས་བྱེད་གཉིས་དོན་གཅིག་པ་ལྟ་བུར་ཞུས་འདུག་ཀྱང་ལྷའི་བདུད་རྩི་ཁ་ལ་སོང་ནས་མཐུ་ཆེན་གཞན་གྱི་མཚོན་ཆས་མི་ཕུག་པས་ཡོན་ཏན་དེ་ལྟ་བུ་དང་ལྡན་ཞིང་། ཁྱོད་བཏུངས་པས་གཞན་གྱི་མཚོན་ཆ་སྲུང་རྒྱུ་ལྟ་བཞག ལུས་འཚོ་མ་ཟིན་པར་རྩིག་པ་ལ་མགོ་བརྡབས་པ་དང་གཡང་ལ་ལྷུང་བ་སོགས་ཀྱི་ཚབས་ཆེའི་རྨས་སྐྱོན་བྱུང་དང་འབྱུར་བཞྀབ་པར་ལྷའི་བུད་རྩིའི་ཡོན་ཏན་ལ་བསྙེགས་པ་འོས་མིན་བཅས་ལ་དྲན་རྟེན་གསེར་ཞོ་ལྔ་སྒྲུབ། ཡང་སྟོན་པ་ཕུན་སུམ་ཚོགས་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་རྒྱུད་ཕུན་སུམ་ཚོགས་པ་ཐེག་གོང་མ་གསུམ་སྟོན་སྐབས་རྫས་ཕུན་སུམ་ཚོགས་པ་ཤ་ལྔ་དང་། བདུད་རྩི་ལྔས་བྱིན་གྱིས་བརླབས་ཚུལ་ར་འཕྲོད་པ་མ་ཟད། དེའི་རྗེས་སུ་དཔལ་ཤོ་ཌི་ཡ་སོགས་རིག་པ་འཛིན་པའི་མཆོག་དམ་རྣམས་ནས་དེ་ལྟར་ཤ་ལྔ་བདུད་རྩི་ལྔ་དངོས་སུ་བཤམས་ཚེ་ཕྱི་རབས་ཀྱི་གདུལ་བྱའི་བློར་མི་ཆུད་པར་དགོངས་ནས་གོང་བུའི་རྫས་རྣམས་ཤ་གཙང་མར་བྱིན་གྱིས་བརླབས་པ་དང་ཁུ་བའི་རྫས་ལྔ་ཆང་གཙང་མར་བྱིན་གྱིས་བརླབས་པར་བརྟེན་ནས་ཤ་ཆང་ཞེས་གསང་སྔགས་པའི་དམ་ཚིག་རྗས་སུ་བག་ཡོད་དུ་བརྟེན་བྱར་གསུངས་ན། ཁྱོད་ཤེས་རབ་སྒྲོལ་མ་ནས་ཀྱང་ནག་ཅན་སྐྱུར་གྱི་འགོང་མོ་ཞེས་དམའ་འབེབས་གང་ཐུབ་བྱེད་པ་འོས་མིན་ཆེ་བར་ཉེས་པ་བབ་ལྕི་ཙམ་ཐོབ་ཏུང་ཕྱིན་ཆད་དྲན་ཤེས་བརྟན་ཕྱིན་ད་ལམ་ཡང་པ་བྱས། ཡང་རྒྱ་གར་ཤར་ནུབ་ནས་ཨོ་རྒྱན་ཡུལ་བཅས་པར་གྲུབ་ཐོབ་བརྒྱད་ཅུ་དང་རིག་འཛིན་བརྒྱད་སོགས་པ་རྣམས་ནས་གྲུབ་རྟགས་རྫ་འཕྲུལ་རྒྱ་ཆེ་ཁྱད་མཚར་སྟོན་པ་རྣམས་ནས་གྲུབ་རྟགས་རྫུ་འཕྲུལ་རྒྱ་ཆེ་ཁད་མཚར་སྟོན་པ་རྣམས་ཚོགས་གཉིས་བསམ་གྱིས་མི་ཁྱབ་པའི་དགེ་མཚན་དང་། ཇི་ལྟར་རྟོགས་པའི་ཡེ་ཤེས་ཆེན་པོའི་རང་མདང་འགགས་པ་མེད་པའི་མཐུ་དཔལ་བཟང་པོ་སླལ་ལྡན་དང་འདྲེན་གྱི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་ཁྱོད་གསོལ་བའི་ནུས་མཐུ་་ཡིན་ཚུལ་ཞུ་བ་ཧམ་པ་ཤིན་ཏུ་ཆེ་བ་ཤིན་ཏུ་ཆེ་བས་ཉེ་པ་གསེར་སྲང་གང་སྒྲུབ།  ཡང་བོད་འིར་ཐོག་མེད་འགྲོ་བ་མི་ཆགས་པ་རྣམས་འཚོ་བའི་ཐབས་སུ་འཕགས་པ་འཇིག་རྟེན་མགོན་པོ་ནས་འབྲུ་སྣ་དགེ་བསྙེན་བྱང་ཆུབ་སེམས་དཔར་ལུང་དང་བཅས་བསྩལ་བས་བོད་ཀྱི་བཟའ་བཏུང་ལ་ཁྱོད་རང་བལྟོས་བཅས་རྣམས་ཆེད་དུ་མངས་ཚུལ་ཞུ་བ་ར་འཕྲོད་ཅིང་། འོན་ཀྱང་ཤེས་རབ་སྒྲོལ་མ་སོགས་གཞན་གྱི་བཟའ་བཏུང་རྒྱལ་བའི་འཕྲིན་ལས་དང་། འགྲོ་བའི་ལེགས་བྱས་ཀྱི་བྱིན་མཐུས་བཀུག་པ་རྣམས་ལ་ཁྱོད་ནས་རྩོད་བརྙས་བྱེད་པའང་མི་འགབ་གཞན་ཡང་སྤྲུལ་པའི་ཆོས་རྒྱལ་རིམ་བྱོན་རྣམས་ནས་ཁྱོད་ལ་ཐུགས་གཙིགས་རིམ་པར་མཛད་ཚུལ་དང་། རྗེ་མར་པ་དང་། མི་ལ། དྭགས་པོ་ལྟ་རྗེ་བཅས་བླ་སློབ་རྟེན་འབྲེལ་སྒྲིག་སྐབས་ཁྱོད་མ་གཏོགས་ཤེས་རབ་སྒྲོལ་བོད་དུ་མ་འགྱོར་སྟབས་ཁྱོད་ལ་གཟིགས་པས་བཙའ་ལས་ཕ་བསྐྱེས་བྱས་པ་མེད་ཟེར་ཚུལ་སྔ་ཐོག་སྤྲུལ་པའི་ཆོས་རྒྱལ་རྣམས་འབྱོན་སྐབས་ཤེས་རབ་སྒྲོལ་མ་འབྱོར་བཞིན་དུ་ཁྱོད་ཐུགས་རྗེས་སྒེར་དུ་བསྐྱངས་པ་ཞིག་མིན་འདུག་ཅིང་། དེ་རྗེས་རྗེ་མར་པ་དང་། མི་ལ། ཟླ་འོད་སོགས་བླ་སློབ་མཇལ་སྐབས་ཁྱོད་གསང་སྔགས་ཀྱི་དམ་དམར་ཚིག་རྫས་སུ་སོང་གཤིས། རྟེན་འབྲེལ་གྱི་དགོས་པ་དང་བཅས་བརྟེན་གནང་ཞུ་བར་འཕྲོད། ཤེས་རབ་སྒྲོལ་མའི་ཞུ་བ་གཉིས་པ་ལྟུག་ཚིག་མར་བདེ་ལྡན་བདུད་རྩིས་ལྷ་ཡུལ་དུ་ཕྱིན་ནས་ལྷ་རྣམས་ལྷ་མིན་གྱིས་བཅོམ་པ་དང་། ཁྱབ་འཇུག་གི་སྐུ་ལུས་ཐོར་བ། ཚངས་པའི་མཁུར་ཚོས་ལ་རྨ་བཟོས་པ་སོགས་ཀྱི་ངན་བྱས་ངོ་སོར་ཁྱེར་ཚུལ། ལྷ་རྣམས་ལྷ་མིན་ལས་ཕམ་ཚུལ་ལ་ལན་འདོམས་གོང་དུ་སོང་ཟིན་པ་དང་། ཁྱབ་འཇུག་ལྷ་འི་བདུད་རྩིས་མྱོས་པས་མགོ་མཇུག་དོད་པ་དང་། ཚངས་པའི་མཁུར་ཚོས་རྨས་པའི་རྐྱེན་གྱིས་ཨ་ཐ་ཞེས་པའི་སྒྲ་བྱུང་སྟེ་གསོ་བ་རིག་པ་དར་ཚུལ་སོགས་དེ་དག་ལྷའི་བདུད་རྩིའི་དགེ་མཚན་ལས་བྱུང་ན་བདེ་ལྡན་བདུད་རྩིར་ངོས་འཛིན་གྱི་ཆེ་གཏམ་སྨྲས་འདྲ་བས་བསྟོད་བསྟོད་ཆེན་པོ་སོང་བ་ཞིག་འདུག་ཀྱང་། གྲུབ་ཐོབ་བིརྺ་པ་ཆེན་པོས་ཆང་ཁལ་ལྷ་བརྒྱ་གསོལ་བས་རིན་མ་འཁྱོངས་པའི་ཚུལ་བཞེས་ཏེ་ཞག་བདུན་བར་ཉི་མ་སྟོད་དུ་མནན་པས་ལོ་ཏོག་རྩི་ཤིང་སྲོག་ཆགས་བཅས་འཚིག་པ་དང་། མིཏྲཱི་པ་དགེ་འདུན་གྱི་ཀུན་དགའ་རྭ་བ་ནས་ཨ་ཏི་ཤས་གནས་དབྱུང་བར་མཛད་དགོས་སོགས་ཀྱི་ལན་རྐྱེན་དུ་སོང་ཚུལ་ཐད་བིརྺ་པ་ཆེན་པོས་ཆང་ཁལ་ལྔ་བརྒྱ་གསོལ་བས་རིན་མ་འཁྱོངས་པའི་ཚུལ་བཞེས་ཏེ་ཞག་བདུན་བར་ཉི་མ་བཙོན་དུ་བཟུང་བས་གྲུབ་ཐོབ་ཆེན་པོ་འི་རྫུ་འཕྲུལ་གྱི་རྒྱན་དུ་གྱུར་པ་དང་། སེམས་ཅན་སྲོག་ཆགས་འཚིགས་པ་རྣམས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པས་འགྲོ་དོན་ཚད་མེད་པས་མཻཏྲཱིས་ཆང་གསོལ་བའི་རྒྱུ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨ་ཏི་ཤ་བོད་དུ་གདན་དྲངས་པ་སོགས་ཀྱི་རྐྱེན་དུ་བཏགས་པ་ནི་སིན་ཏུ་མ་འོངས་པས། ཉེས་པ་གསེར་ཞོ་གསུམ་སྒྲུབ། དེ་མཚུངས་འབྲུ་སྣ་ལྔའི་འཚོ་བ་བརྟེན་པ་ཙམ་གྱིས་བོད་པ་རྣམས་རྒྱ་གར་མི་ལས་གཤིས་ཉེས་ཚུལ་ཟེར་བའང་མགོན་པོ་སྤྱན་རས་གཟིགས་ཀྱིས་འབྲུ་སྣ་ལྔའི་ས་བོན་བསྩལ་བས་ལན་པ་ལྟ་བུ་དང་། ལྷ་པར་བོད་མི་རྣམས་གཤིས་ཉེས་ཚུལ་སྡོད་ས་དཔྱད་བར་བྱསད་ནས་མིག་ལ་ཐལ་བ་འདེབས་པ་དང་དོན་མཚུངས་ལོག་ལྟ་ཚབས་ཆེན་ཡིན་འདུག་པ་དང་། ཆོས་བློན་མགར་བ་སྟོང་བཙན་ཆེན་པོ་རྒྱ་ཡུལ་སྐོར་སྐབས་བདེ་ལྡན་བདུད་རྩི་ནས་དཔོན་དམག་ཡོང་རྐྱེན་བྱས་ཚུལ་སོགས་གོ་བ་ལོག་སྒྲུབ་ཤ་སྟག་གི་ཞུ་བ་འབྱོར་བར་ཉེས་པ་ལུས་སྟེང་དུ་བབ་ལྕི་ཐོབ་རུང་སླད་ནས་སྔོན་བྱས་ལ་འགྱོད་སེམས་ཐོག་བྱས་པ་དྲིན་དུ་གཟོ་བ་བྱུང་རྗེས། ད་ལམ་ཡང་ཟོས་ཀྱིས་ཉེས་པ་གསེར་སྲང་དོན་སྒྲུབ། ཆོས་རྒྱལ་མེས་ཨག་ཚོམ་གྱི་སྲས་དང་། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་སོགས་ཆིབས་བརྡབས་ཤོར་རྐྱེན་བདེ་ལྡན་བདུད་རྩི་ནས་བྱས་པའི་ཁུངས་སྐྱེལ་ར་སྤྱོད་རིགས་མེད་བཞིན་དུ་འོལ་ཚོད་གྱ་ཚོམ་གྱི་ཞུ་བ་འདི་རིགས་སླད་ནས་ཕུལ་མི་ཆོག་པ་དང་། མི་ལ་བཞད་པ་རྡོ་རྗེ་སྐུ་གཞོན་ནུའི་དུས་སུ་ཆང་གསོལ་བར་ཡུམ་ནས་སྨྲེ་ངག་རྡུང་འཚོག་གནང་བ་ར་འཕྲོད་པའི་ཉེས་པ་དང་། སྲས་དར་མ་མདོ་སྡེ་རྟ་བརྡབས་ཀྱིས་གཤེགས་ཚུལ་ལས་བདེ་ལྡན་ནས། བད་རྐྱེན་གྱིས་བསྐྱུར་བའི་སྤར་བཀབ་མི་འདུག་རུང་སྒོག་པ་དད་དྲི་ཟའི་དཔེ་བཞིན་གླེང་སེལ་དང་བཅས་ཉེས་པ་གསེར་སྲང་ལྔ་བདེ་ལྡན་ནས་སྒྲུབ། ཡང་དཔལ་སྒམ་པོའི་ཆོས་གྲྭ་ཆེན་པོ་བདེ་གཤེགས་ཁམས་གསུམ་ནས་ཚོགས་མཆོད་ཀྱི་ཞོར་དུ་བདེ་ལྡན་གསོལ་ཏེ་གླུ་གཞས་གནང་བས་ཆོས་སྲུང་འཕྲེང་བཞིན་དབྱུང་བར་ཉེས་ཚུལ་ར་འཕྲོད་ཀྱང་། གྲུབ་ཐོབ་རྣམས་གསུམ་གྱི་ཆེ་བར་ཕན་པ་ལས་གནོད་པ་མི་འདུག གེ་སར་རྒྱལ་པོར་མེ་བཟའ་འབུམ་སྐྱིད་ནས་བརྗེད་དུ་ཞུས་ཚུལ་ལོ་རྒྱུས་ཁ་གསལ་གྱི་ར་འཕྲོད་མ་བྱུང་བ་དང་། ཁྱད་པར་གེ་སར་ནས་དགྲ་བོ་ཧོར་ངན་འཇོམས་པའི་མཐུན་རྐྱེན་དུའང་སོང་འདུག་གཤིས། སླད་ནས་དུག་རིགས་ཀྱི་ཕུང་བྱས་གླེང་ཕྲ་མོ་ཙམ་མ་བྱུང་རྗེས་ད་ལམ་ཉེས་པ་ཡང་བ་བྱས། རྒྱལ་རྩེ་ས་སྤྱོད་ར་བཟི་ནས་རླུང་བསྒོམས་པས་འཁྱགས་རྐྱེན་གྱིས་གྲོངས་ཚུལ་འདི་བཞིན་མཁས་པ་ནང་ཚགས་མཐོ་གནོན་ཕྲག་དོག་གིས་གསུངས་དགོས་མེད་ལས་ཚད་མར་འཛིན་འོས་ཤིག་མི་འདུག གཞན་ཡང་དགེ་འདུགན་རལ་སྤྱོད་ཅན་དང་རྗེ་བློན་སྔགས་བན་གྲུབ་གཟུགས་མཆེད་ལྕམ་དམན་ཤར་སོགས་ནས་བདེ་ལྡན་བདུད་རྩི་འཛུང་རྐྱེན་གྱིས་སྨྱོད་སྟོན་ལགུས་ཞིབ་ཆ་ཞུས་པ་གོང་དུ་གསལ་ནས་ཆ་གཅིག་དམའ་འབྱིན་དམའ་འབེབས་ཀྱི་གཏམ་དུ་འདུག་ཀྱང་ཆ་གཉིས་ཙམ་དངོས་གནས་བདེན་འབྲེལ་ཞིག་ཡིན་འདུག་པར་དག་བཤད་སྡིག་བཀྲོལ་དང་བཅས་སྤང་ལེན་གྱིས་བབ་བཀོད་གཤམ་དུ་གསལ། རྒྱའི་རྒྱལ་པོ་ཟུང་ཧེན་ཐན་ཀོན་སྙུན་གྱིས་གཙེས་པར་འཇམ་དཔལ་སྤྲུལཔའི་འདབ་ཆགས་ནས་ལུང་དང་བཅས་ཇའི་ལོ་མ་བསྩལ་ཚུལ་དང་ཁུ་བ་གསོལ་བས་སྙུན་ལས་གྲོལ་ཚུལ་སོགས་ཞུ་བ་ར་འཕྲོད་ཅིང་། མང་ཇ་རེད་ཉུང་ཇ་རེད། །རྒྱ་ནག་རྒྱལ་པོའི་གསོལ་ཇ་རེད། །ཅེས་པའི་ལོ་རྒྱུས་དེ་སྐབས་བྱུང་བ་ཡིག་ཆའི་ར་འཕྲོད་མི་འདུག་རུང་ཡོང་བབ་ལ་གཞིགས་ན་དེ་སྐབས་ཀྱི་དཔེ་གཏམ་རྙིང་པ་ཡིན་ཚོད་དུ་འདུག དེ་རྗེས་བོད་དུ་དར་ནས་ད་བར་མཆོད་སྤྲིན་གྱི་དོན་རྒྱ་ཆེ་བ་དང་ཁྱད་པར་ཨ་ཏི་ཤས་བསྔགས་བརྗོད་མཛད་པདང་། དཔལ་ཕག་གུས་རྗེ་ཟླ་འོད་ཀྱི་མཇལ་རྟེན་ཕུལ་བ། བསྟན་པའི་བདག་པོ་རྗེ་ཡབ་སྲས་འཁོར་བཅས་ཀྱིས་སྐྱེམས་མཆོག་དམ་པར་བརྟེན་པ་སོགས་དངོས་ཤུགས་ནས་ར་འཕྲོད་ཅིང་། སྒོམ་སྨོན་པས་མལ་ཀ་བ་ཅན་ལ་ཇ་ཕོར་པ་གང་གནང་བས་བླ་མ་དང་རྟོགས་པ་མཉམ་པ་ར་འཕྲོད་པ་དང་། གོང་དུ་རྗེ་མར་པས་ལས་བསྒམ་པར་ཆང་ཀ་པཱ་ལ་གང་གིས་དབང་བསྐུར་མཛད་ཟེར་བའང་ར་འཕྲོད་པས་མགོ་ཐུག་མཉམ་ཆགས་སུ་འཇོག དེ་ལྟར་ཁྱོད་ཕན་ཚུན་གྱི་ཞུ་བར་གཞིགས་པས་ཡིན་ལུགས་དྲང་པའི་བབས་གསལ་དང་། དོན་གྱི་སྙིང་པོར་ཁྱོད་བདེ་ལྡན་ནས་ཤེས་རབ་སྒྲོལ་མ་གནས་དབྱུང་དགོས་ཚུལ་དང་། ཤེས་རབ་སྒྲོལ་མ་ནས་བདེ་ལྡན་གནས་དབྱུང་དགོས་ཚུལ་སོགས་གཞན་མི་བཟོད་པའི་བསམ་ངན་སྤྲལ་དུག་ལས་ཀྱང་ཆེས་ཆེར་གནང་པའི་ཞུ་བར་གཞིགས་ཚེ་ཁྱོད་རང་ཕན་ཚུན་མགོ་སྤྱོད་ཀྱིས་ལུས་སྟེང་དུ་རྩ་ར་དྲག་པོ་ཕྱི་ལམ་འདོམས་ངེས་ཤིག་ཐོབ་རུང་། མ་བསླབས་སུས་ཀྱང་མ་ཤེས་ལེགས་པར་སློབ། ཅེས་པ་ལྟར་སླན་ཆད་ལམ་ནོར་ལྡོག་ཤེས་ཀྱི་བཀོད་དོན་དང་ལེན་ཡོང་རེས་སྔ་འཕྲོས་འཐེན། ད་སྒོས་དོན་རྩ་ཉམས་ལེན་རྒྱུན་འཁྱོངས་སུ་བྱ་བར་འདོམས་པ་ནིའཕགས་མཆོག་ཕྱག་ན་པད་དཀར་འཆང་བའི་གདུལ་ཞིང་བདོད་ལྗོངས་འབིས་མཆོན་པས་འཇིག་རྟེན་གྱི་ཁམས་སུ་གནས་རྒྱུའི་མི་ལུས་རིན་པོ་ཆེ་འཚོ་བའི་བཏུང་བ་དམ་པར་ཁྱོད་གཉིས་ཀ་རྒྱལ་སྲས་བཅས་ཀྱི་མཐུ་བྱིན་དང་སྐྱེས་བུ་སོསོའི་ལེགས་བྱས་ལས་གྲུབ་པའི་དགོས་གལ་ཆེ་མཉམ་དང་། མགོན་པོ་སྤྱན་རས་གཟིགས་ནས་བོད་ཀྱི་སྐྱེ་རྒུ་ཆེ་ཕྲའི་བཟའ་བཏུང་གི་རྒྱུ་ཁྱོད་ཀྱི་མཀར་མོའི་ནས་སོགས་ཆེད་དུ་བསྩལ་བ་དེ་ལྟར་ནའང་སྟོན་པ་སྤྲུལ་པའི་སྐུ་མཆོག་ནས་འདུལ་འཛིན་སོ་ཐོར་དགེ་ཚུལ་ལ་སོགས་པའི་བླ་གྲྭ་མཁན་སློབ་རྣམས་ནས་སྤང་བྱར་གསུངས་གཤིས། ཀེ་ལ་ཤའི་ལྗོངས་འདིར་བསྟན་པའི་གཞི་མ་དགེ་འདུགན་གྱི་སྡེ་རྒྱ་ཆེར་འཕེལ་བ་རྣམས་སྐྱེམས་མཆོད་གཙོ་བོར་བཟང་བར་སྐྱ་སེར་བསོད་ནམས་ཀྱི་གོ་སྐལ་དུ་གྱུར་པ་དག་གི་བཏུང་བར་འཇམ་དཔལ་གཞནོན་ནུས་བྱིས་གྱིས་བརླབས་ཤིང་། རྒྱུ་མཚན་དེའི་ཕྱིར་སླད་ནས་ཆོས་ཀྱི་རྒྱལ་པོ་དང་། བསྟན་པའི་རྩ་བ་ཐར་པའི་སྡེ་འཛིན་གྱི་གྲྭ་མཁན་སློབ་དང་བཅས་པའི་སྐྱེམས་མཆོད་ཁྱོད་རང་ཤེས་རབ་སྒྲོལ་མ་ཀེ་གཙང་ནས་འགན་ལེན་བྱེད་དགོས་རྒྱུ་དང་། གལ་ཏེ་ལྕོགས་མིན་གྱིས་ལས་གཡོར་དགོས་པ་བྱུང་ཚེ་ཞལ་ངོར་ཀ་ར་བུ་རམ་གྱི་ཁུ་བ་ར་མདར་འདྲེན་པ་མ་གཏོགས་བདེ་ལྡན་བདུད་རྩི་དྲི་ཙམ་ཉེ་བའི་སར་འཁུར་ཆོག་རྒྱུ་མིན། དེ་མཚུངས་སོ་སོར་ཐར་པའི་སྒོར་བཞུགས་པའི་བླ་མ་རིག་སྔགས་འཆངས་བའི་གྲུབ་ཐོབ་རྟོགས་ལྡན་རྒྱལ་བློན། འཇིག་རྟེན་པ་སྒེར་དམངས་ཕོ་མོ་སྐྱ་སེར་གྱི་ཚོགས་སྤྱི་ནས་ཀྱང་ཤེས་རབ་སྒྲོལ་མ་ལོངས་སུ་སྤྱོད་འདོད་ཡོད་ཕྱིན་འདོད་སྦྱར་འཐུས་ལ་དེ་ལྡན་ནས་བཀག་བརྙས་རིགས་བྱས་མི་ཆོག འོན་ཀྱང་གོང་དུ་སྨོས་པ་བཞིན་འཇུག་རྟེན་པ་སོགས་ཁྱེར་ཞན་གྱི་སར་ཁྱོད་འགྲོ་ཁྱབ་ཆེས་ན་མི་དགེ་བ་སྒྲུབ་འི་སློབ་གཉེར་དུ་འགྲོ་པས་ད་ལམ་འཕྲང་ཆུང་ལ་དཔག་པས་འགྲོ་ལུགས་དང་། ཕྱི་རྐྱལ་སྤོམ་ལ་གཞིགས་པས་བཟང་ལུགས་ཀྱི་དཔེ་དོན་ཡིད་དང་འགྲོགས་པ་གལ་ཆེ། བདེ་ལྡན་བདུད་རྩི་ནས་མཚུངས་མེད་སྟོན་པ་ཤཱཀྱའི་རྒྱལ་པོའི་བཀའ་དང་དམ་ལས་མ་འདའ་བར་ཉན་ཐོས་འདུལ་འཛིན་གྱི་བླ་གྲྭའི་ཉེ་བའི་ས་ལ་ཡང་ཕྱིན་མི་ཆོག་ཅིང་། གཞན་བླ་མ་ཡིན་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་ནང་མཆོད་རིག་མཛིན་སྔགས་འཆང་སྐྱོང་དང་བཅས་པའི་ནང་མཆོད་རིག་འཛིན་སྔགས་འཆང་གྲུབ་ཐོབ་རྟོགས་ལྡན་ལ་སོག་སཔའི་བསངས་མཆོད། རྒྱལ་བློན་སྡེ་དཔོན་མཆེད་ལྕམ་བཅས་ཀྱི་ཕྱི་མཆོད། ཁྱད་པར་སྲིད་འཛིན་ལས་ཀྱི་འཁོར་ལོར་འཕྱན་པའི་ཕོ་མོ་དྲག་ཞན་ཚང་མའི་རྒྱུན་མཆོད་ཁ་སྐོམ་མེད་དུ་མེད་རུང་བའི་སྙིང་པོར་ཁྱོད་རང་དབང་བསྐུར་ཅིང་ཤེས་སུ་བཅུག་པ་ཡིན། བདེ་སྡུག་ཚང་མའི་འགྲོ་དོན་སྔར་རྒྱུན་བཞིན་བྱེད་པར་ཤེས་རབ་སྒྲོལ་མ་ནས་བཀག་ཆའི་རིགས་མི་འགབ་པས།ཡང་ཕྱིས་སུ་ཁྱོད་བདེ་ལྡན་བདུད་རྩིའི་ཞང་པོ་མལ་པ་གྲོ་ཐུག་ཟེར་བ་ཞིག་ནས་རྣམས་བཀྲ་གཡོ་ཕྱོགས་ཀྱིས་དགེ་འདུན་ཁོ་ན་དབུ་བསྐོར་བའི་གླེང་ལྷག་ཆེ་ཙམ་འདུག་པས། དེ་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་བས་ཞབས་འབྲིང་འཁོར་ཚོགས་རྣམས་སྲིད་ཞི་ཟུང་འབྲེལ་དུ་སྤྱོད་དགོས་ཀྱི་ཁ་སྐོམ་དུ་མལ་པ་གྲོ་ཐུག་ཆེད་དུ་མངགས་པ་ཡིན་ཚོད་ལྟར་སོ་སོའི་བབ་ཐོབ་སྔོན་ཆུང་གི་འགྲོ་དོན་བྱེད་པ་ལས། དགེ་འདུན་སྒྲིག་ཁྲིམས་བཤིག་པའི་ཕྱོགས་སུ་འགྲོ་ཁྱབ་གང་ནས་བྱས་ཆོག་རྒྱུ་མིན། ཡང་ཁྱོད་གཉིས་ཀྱི་སྐྱོན་ཡོན་ལ་གཟུ་བོའི་བློས་བརྟགས་ཤིང་དཔྱད་ན་ཤེས་རབ་སྒྲོམ་མ་འདི་བཞིན་འཕྲལ་མཛེས་ཤིང་ཞོད་འཇགས་པའི་ཡོན་ཏན་འདུག་ཀྱང་ཇ་མར་་ཚྭ་ཤིང་ལ་སོགས་སྒྲུབ་རྩོལ་དགོས་གསལ་ཕུགས་སྡིག་སྟུང་འབའ་ཞིག་གི་རྒྱུར་འདུག་པས་སྐྱོན་ཤིན་ཏུ་ཆེ་ཞིང་། བདེན་ལྡན་བདུ་རྩིར་དགའ་སྐྱིད་དང་དྲག་ཤུལ་ཅ་ཟིལ་ཟོགས་འཕྲལ་སྐྱོན་ཡོན་འདྲེས་མར་འདུག་ཀྱང་། སོ་ཐར་ཅན་ནས་ཕ་རོལ་ཕྱིན་དྲུང་གི་སྡིག་ལྟུང་ཐད་ཤེས་རབ་སྒྲོལ་མ་ཅུང་ཚད་མར་ལྡན་པས་ཤེས་རབ་སྒྲོལ་མ་ཡང་ས་ཡང་དུ་ཕྱིན་ཏེ་དགོངས་པར་གང་བབས་དང་ལྔགས་ཐོག་གང་སྨིན་ཞུས་ཚེ་ཚོགས་རྫོགས་པའི་རང་བཞིན་དང་། དེ་བཞིན་སྐྱ་སེར་སྡིག་ལྟུང་ཤན་འབྱེད་ཇེ་བཞིན་མི་འཇོན་བཞིན་མི་ནུས་པའི་སེར་ཉིན་རེ་ཚར་གསུམ་བཞིན་ལྟག་ཕྱིན་རུང་དགེ་མཚན་མི་མངོན། དེ་མཚུངས་བདེ་ལྡན་བདུད་རྩི་ནས་ཀྱང་བླ་མ་གྲུབ་ཐོབ་རྟོགས་ལྡན་སྔགས་འཆང་ལ་སོགས་པའི་སྐུ་མདུན་དུ་འགྲོ་དགོས་བྱུང་ན། ཆུ་ཚོད་སྤྲེལ་ཚུན་ཐེངས་གནིས་གསུམ་དང་། རྒྱལ་བློན་རྗེ་འབངས་དང་བཅས་པའི་སར་རྒྱུན་དུ་ཆུ་ཚོད་ཐེངས་ཁ་ཤས་ལས་ཁོར་ཡུག་ཏུ་ཕྱིན་མི་ཆོག འོན་ཀྱང་སྲིད་པ་རྩ་དགའ་ཐུགས་སྤྲོ་དགྱེས་སྟོན་སོགས་ཀྱི་ཆོ་གར་བཞུགས་ཚེ་ཁྱོད་མེད་ན་ལག་རྡུམ་བྲག་འཛེགས་ཡིན་གཤིས། རྒྱལ་འགོང་གི་གནོད་འཚེའི་བཞོན་རྟ་མ་བྱས་ཕྱིན། ཡོང་གང་ཚར་དང་ཆུད་གང་ཐུབ་བྱེད་པ་བབའབྲེལ་ལ་སུས་ཀྱང་བཀག་སྡོམ་མ་བྱེད། དེ་ལྟར་ལྷག་བསམ་གྱིས་དྲང་པའི་དཔྱད་མཚམས་དྲང་ཐིག་འདིས་བཅད་རྗེ་ཁྱོད་རང་སོ་སོས་འདོར་ལེན་གོང་དུ་བརྗོད་པ་རྣམས་ཀུན་ཡིད་ཡུལ་དུ་ལྷམ་མེད་འགྲོགས་ངེས། བཀྲ་ཤིས་ལུགས་ལེགས་གཡས་རམ་གཡོན་འདེགས་སོགས་མཛའ་མཐུན་གྱི་དཔལ་རྟག་ཏུ་སྤྱོད་པ་ཞིག་དགོས་རྒྱུ་དང་། གལ་ཏེ་ཁྲ་དོན་ལས་འགལ་རིགས་ཆ་ཤས་ཙམ་སྲིད་ཚེ་ལུས་སྟེང་དུ་རྒྱལ་ཁྲིམས་ཀྱི་རྩ་ར་དཔྱིས་ཕྱིན་པ་བབ་ཐོབ་ཐོག་སླར་ཡང་ཉམས་ལེན་འདི་དོན་ལ་གནས་འཇགས་དགོས་རྒྱུར་ཁྱོད་རང་ཕན་ཚུན་དྲང་པོའི་ལམ་འདིར་འཇུག་པར་མོས་ན། འབུལ་སྒྲུབ་ཆོད་ཡིག་ཟླ་ཚེས་ཚུན་ལ་སྒྲུབ་ཐུབ་པ་དགོས་རྒྱུར་ཁེ་ཉེན་སྤང་བླང་འཛོལ་མེད་དུ་སྤྱོད་པ་གྱིས། ཤིང་ཁྱི་ཟླ་ཚེས་དགེ་བར་ཞེས་པའི་ཁྲ་མ་འདྲ་གཉིས་ལ་འགྱུར་མེད་ཕྱག་རྒྱའི་རེ་ཁ་གསལ་བར་ཕབ་སྟེ་ང་ཆང་གི་ལྷ་མོ་སོ་སོར་སྤྲད་པ་དང་། ཞག་དྲུག་སོང་ཉིན་དོ་བདག་ཟུང་འབྱོར་ཏེ་མིག་ཕར་ཅེར་ཚུར་ཅེར་གྱིས་མཏར་བདེ་ལྡན་བདུད་རྩི་ནས་ཕྲན་སོསོའི་འདོད་ཐོག་བཀའ་རིམ་པ་དང་། གཞན་ཡང་དཔོན་པོའི་བཀའ་བརྩི་འཁུར་གྱིས་བཀའ་ཁྲ་འདི་དོན་སོར་གནས་ཐོག་མཐུན་གཤིབ་འགྲོགས་མཁས་ཞུས་ཆོག་པ་ཞུས་ན་ཨེ་ཡོང་ཟེར་བས། ཤེས་རབ་སྒྲོལ་མ་ནས་དེ་ག་རང་། བདག་ཉིད་དཔོན་དུ་བསྐོས་གྱུར་ན། དེ་ཡི་བྱ་བ་ཤེས་པ་དཀའ། །ཞེས་པ་ལྟར་འདི་ལས་ལྷག་པའི་བཀའ་གསལ་འདོད་ཁ་རྫོགས་པ་ཞིག་གནང་དཀར་ལོས་བསྡད། ད་ཆ་འདི་དོན་ལྟར་ཇི་སྲིད་བར་གནས་པ་ཞུས་ཐོག་ཆོད་ཡིག་ཕུལ་ནས་ཕན་ཚུན་གཉས་ཀའི་འབུལ་སྒྲུབ་རྣམས་སྒྲུབ་འཕྲལ་དེར་ཆོད་ཡིག་ལ་རྟགས་ཐེལ་ཀྱང་བཞག་པ་དང་། རྗེ་རང་རིགས་ནས་ཁྱོད་གཉིས་འདོད་ཡོན་ནང་འཁྲུག་སྔོན་བྱས་ལ་འགྱོད་སེམས་དང་། ཕྱིན་ཆད་ཁྲ་དོན་སོར་གནས་བྱེད་ཅེས་གོ་བ་དང་ལེན་བྱས་པ་འདི་ཤིན་ཏུ་ལེགས་སོ། ལེགས་སོ། ཞེས་སོགས་བཀའ་སློབ་མཐར་ཕྱིན་དང་བསོད་ནམས་ཁ་བཏགས་རེའི་དཔའ་དར་ཡང་གནང་ངོ་། །དེའི་ཚེ་བདེ་ལྡན་བདུད་རྩི་རིན་པོ་ཆེའི་ཡོལ་གོ་གང་བཏེགས་པར་མགྲིན་པ་གཟིགས་སུ་བསྟོད་ནས་ཁྲུང་གླུ་འདི་སྐད་ཕུལ་ལོ། །

ཨོཾ་སྭ་སྟི།

བློ་བཟང་ལྷ་ཡི་ལམ་ལ། །

སྐལ་བཟང་བུ་འཁྲིད་ཟུང་འབྲེལ། །

བདེ་སྐྱིད་འདོད་དགུའི་ཉི་མ། །

འཛམ་བུ་གླིང་ལ་ཤར་སོང་། །

ཞབས་བྲོ།

སྐལ་བཟང་གསེར་ཁྲིའི་སྟེང་གི །

མཆོད་ཡོན་ཉི་ཟླ་ཟུང་འབྲེལ། །

རྣམ་རྒྱན་བུམ་པའི་ནང་ནས། །

མཆོད་པ་བཞེས་གྲོགས་གནང་ཞུ། །

ཞབས་བྲོ།

རྫོགས་སོ། །

 

 

བརྒྱུད་སྐུལ།

མཆན་སྤེལ།