ཇོ་ནང་ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་ཞུ་བ་མཁྱེན་ནམ།

ཇོ་ནང་ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་ཞུ་བ་མཁྱེན་ནམ།

 དེ་ཡང་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་གདམས་ངག་མཛོད་དུ་བཞུགས་པའི་དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ་ལས། དཀོན་མཆོག་བཟང་པོ་གཉིས་འཛིན་འཆིང་བ་བཅད། །ནམ་མཁའ་ཆོས་སྐྱོང་རྟོགས་པ་མཁའ་དང་མཉམ། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཞེས་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ཇོ་ནང་དཔལ་གྱི་རི་ཁྲོད་ནས་མཛད་པའི་སྦྱོར་དྲུག་གསོལ་འདེབས་ལས། ལུང་རྟོགས་བསྟན་པ་ཡོངས་རྫོགས་དཀོན་མཆོག་བཟང་། །རིག་འཛིན་གསལ་སྒྲོན་ནམ་མཁའ་ཆོས་སྐྱོང་མཚན། །ཞེས་བསྔགས་པའི་བླ་མ་རྣམ་གཉིས་ལས་ཆོས་རྗེ་འཇམ་དབྱངས་དཀོན་མཆོག་བཟང་པོའི་སློབ་མ་ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་ཞབས་ཀྱི་རྣམ་ཐར་མདོ་ཙམ་ཞུས་ན། ཁོང་ནི་འཇད་གཞུང་ངམ་བཞད་མཐོང་སྨོན་དུ་འཁྲུངས། དགུང་སྙིང་མེ་ཕོ་འབྲུག རྩ་བའི་གྲྭ་ས་བཞད་གྲྭ་ཚང་ཆེན་མོ་རུ་ཀུན་མཁྱེན་ནམ་བསོད་ཆེན་མོ་ལ་མཚན་ཉིད་ཀྱི་གཞུང་རྣམས་སྦྱངས།

 

སྐུ་གཞོན་ནུ་ནས་སྡེ་སྣོད་མཐའ་དག་ལ་སྦྱངས་པ་ཆེན་པོ་མཛད་དེ། ཤ་ཏུ་བའི་གྲྭ་ཚང་ཚལ་གུང་ཐང་བའི་སློབ་དཔོན་རྒྱུན་རིང་མཛད་པའི་ངང་ནས་བྱང་པའི་བདག་པོ་སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་བའི་སློབ་དཔོན་མཛད་ཅིང་། ཀ་ཆེན་བཅོ་བརྒྱད་ཀྱི་གྲྭ་སྐོར་ཡ་སྦྲེལ། ངམ་རིང་སོགས་འཆད་ཉན་འགའ་རེའི་སར་ཕེབས། ཕྱིས་སུ་ངམ་རིང་ཆོས་སྡེའི་མཁན་ཚབ་ཀྱང་ལོ་མང་པོའི་བར་དུ་མཛད། དེ་ནས་མྱང་གཞུང་ལ་ཕེབས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་རྩེ་ཆེན་ཆོས་སྡེ་བླ་མ་གཅིག་ཆོག་འཇམ་དབྱངས་དཀོན་མཆོག་བཟང་པོའི་ཞབས་ལ་གཏུགས། ཆོས་དང་གང་ཟག་ཐམས་ཅད་ལ་དད་མོས་འཁྲུངས། དཔལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་དང་བཅས་པ་དང་། ཀུན་མཁྱེན་ཆེན་པོའི་བཀའ་འབུམ། སེམས་འགྲེལ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་དུ་གསན། གཞན་སྟོང་གི་གྲུབ་མཐའ་ལ་ངེས་པ་གཏིང་ནས་འཁྲུངས། སྦྱོར་བ་ཡན་ལག་དྲུག་པ་བསྒོམས་པས་ཉམས་རྟོགས་ཀྱང་ཤིན་ཏུ་བཟང་།

རྩེ་ཤར་ནུབ་དང་ཁྱད་པར་སེང་གེ་རྩེ་བས་ཡོན་བདག་ཞུས། ཚལ་གུང་ཐང་དང་རྩེ་ཆེན་གྱི་གདན་ས་ཡུན་རིང་མཛད་པར་མ་ཟད། དཔལ་གྱི་རི་ཁྲོད་ཆེན་མོ་ཇོ་མོ་ནང་ངམ་ཇོ་ནང་ཨེ་ཝཾ་ངེས་དོན་ཆོས་འཁོར་གླིང་གི་གདན་ས་ཡང་ཡུན་རིང་པོའི་བར་དུ་མཛད་དེའི་རིང་ལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་སོགས་ཟབ་རྒྱས་ཀྱི་འཁོར་ལོ་ཟླ་མེད་པར་བསྐོར། སྐུ་འབུམ་ཆེན་མོ་འཛམ་གླིང་རྒྱན་གྱི་ཆོས་འཁོར་རིམ་པ་བཅུ་གསུམ་གསེར་ཟངས་ཀྱི་བསྒྲོན་པར་མ་ཟད། བུམ་པའི་ཕྱི་ལ་ལོགས་རིས་ཁྱད་པར་དུ་འཕགས་པ་དང་། ཉི་གདན་གྱི་རྡོ་ལྷ་རྣམས་དང་གདུགས་བྲེ་བུམ་པའི་ཀ་བ་རྣམས་ལ་རས་ཕྲུག་གི་ཤུབ་ཁྱད་འཕགས་རྣམས་མཛད།
གཞན་ཡང་ཚོགས་ཁང་། བླ་བྲང་། ཀུན་མཁྱེན་དོལ་པོ་བའི་བཞུགས་གནས་གཟིམ་ཁང་བདེ་བ་ཅན། སྐྱིད་ཕུག མཁའ་སྤྱོད་བདེ་ལྡན་རྣམས་ཞིག་གསོས་སོགས་མཛད་ཅིང་། བརྒྱུད་པའི་བྲིས་སྐུ་བྱིན་རླབས་ཆར་འབེབས་ངོ་མཚར་ཅན་སུམ་ཅུ་ཐམ་པ་བཞེངས་ཏེ། ངེས་དོན་གྱི་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད།

མཐར་དགུང་ལོ་བདུན་ཅུ་དོན་གཉིས་པ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོར་ངོ་མཚར་བའི་ལྟས་དང་བཅས་བདེ་བར་གཤེགས། རྗེ་འདི་ལ་སློབ་མའི་ཚོགས་དཔག་ཏུ་མེད་ཀྱང་། དཔལ་དུས་ཀྱི་འཁོར་ལོའི་བཤད་བཀའ་འཛིན་པ། བྱང་ཆུབ་སེམས་དཔའ་དཔལ་ལྡན་རིན་ཆེན་དང་། པཎ་ཆེན་དུས་ཞབས་པ་ནམ་མཁའ་དཔལ་བཟང་པོ་བའམ་པན་ཆེན་ནམ་མཁའ་དཔལ་བཟང་། པཎྜི་ཏ་རྡོ་རྗེ་རྒྱལ་པོ་བ། འཇམ་དབྱངས་ཀུན་དགའ་ལེགས་པའི་བློ་གྲོས་པ་རྣམས་སོ། །ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་ཞབས་ནི་དཔལ་རྒྱལ་བ་ཇོ་ནང་པའི་དོན་བརྒྱུད་ཀྱི་བླ་རབས་རྩ་ཆེན་ཞིག་ཡིན་མོད་སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་སུ། འདྲེན་མཆོག་ནམ་མཁའི་མཚན་ཅན་ལ་གསོལ་བ་འདེབས། །ཞེས་དང་། མཇུག་གི་བླ་རྣམ་གསོལ་འདེབས་ལས། ནམ་མཁའི་མཐའ་ཁྱབ་ངེས་དོན་དམ་ཆོས་སྐྱོང་། །ཞེས་པ་ལས་མེད་པས་སྔ་དགོང་དག་ཏུ་ཞལ་འདོན་ཆག་མེད་མཛད་མཁན་མང་ཡང་ཁོང་གི་རྣམ་ཐར་ངོ་མ་ཤེས་མཁན་དཀོན་པར་མ་ཟད། ཇོ་ནང་ཆོས་འབྱུང་དག་ཏུ་ཡང་ཁོང་གི་རྣམ་ཐར་ཡིག་ཕྲེང་ཁ་ཤས་ལས་མི་གསལ་བས་འདིར་ཆེད་དུ་ས་སྐྱ་ཨ་མེས་ཞབས་ཀྱི་དུས་འཁོར་ཆོས་འབྱུང་དང་། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ཇོ་ནང་ཆོས་འབྱུང་རྣམ་གྲོལ་ལམ་བཟང་དག་ལས་བཏུས་ཏེ་སྤོས་ཁང་སྒྲོལ་བཟང་བདག་གིས་སྤེལ་བ་ཡིན་ནོ། ། 2020/4/14/
རྩོམ་ཁུངས།  ལུག་ཚང་དཔལ་ཡོན་འཕྲིན་སྟེགས།

 

བརྒྱུད་སྐུལ།

མཆན་སྤེལ།