ཉི་ཧོང་གི་དགེ་སློང་ཞིག་དང་བོད་ཡུལ་དུ་བསྐྱོད་པའི་ཟིན་ཐོ་ཞེས་པ།

ཉི་ཧོང་གི་དགེ་སློང་ཁ་བ་རྒུ་ཆིས(かわぐち えかい, Kawaguchi Ekai, 1866-1945)ལགས་ནི། བོད་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ་ཡིན་ལ། ཉི་ཧོང་དུ་བོད་རིག་པ་དར་བའི་རུ་འདྲེན་ལྟ་བུ་ཡང་ཡིན། བོད་དུ་སྔ་ཕྱིར་ཐེངས་གསུམ་ལ་ཕེབས་ཡོད་དེ། སྤྱི་ལོ1899ལོ་དང་། 1904ལོ། 1913ལོ་བཅས་ཡིན། ཁོང་བོད་དུ་དང་པོར་ཕེབས་དུས་ནི་སྤྱི་ལོ1899ལོ་ཡིན་ཞིང་། སྐབས་དེ་ནི་རྒྱལ་དབང་བཅུ་གསུམ་པའི་སྐུ་ཚེ་སྟོད་དུ་འཁེལ་ཡོད་ལ། བོད་དུ་ཕྱི་སྒོ་བཀག་བཅད་ཀྱི་སྲིད་ལུགས་ཛ་དྲག་ཆེ་བའི་སྐབས་རེད། ཡིན་ན་ཡང་། ཁོང་གསང་བའི་སྒོ་ནས་བྱང་ཐང་མངའ་རིས་བརྒྱུད་ནས་གཙང་གཞིས་ཀ་རྩེར་སླེབས་ཤིང་། དེ་ནས་ལྷ་སར་འབྱོར་ཏེ་སེ་ར་དགོན་པར་གྲྭ་པ་བྱས། ལོ་གསུམ་ལ་བཞུགས།  ཁོང་གིས་ཞོར་དུ་སྨན་བསླབ་པས། མིང་ལ“སེ་རའི་ཨེམ་ཆི”ཞེས་ཐོགས་ཤིང་གྲགས་ཆེ་བ་བྱུང་།

ཁོང་བོད་དུ་བཞུགས་རིང་རྒྱལ་དབང་བཅུ་གསུམ་པའི་ནང་གྲོགས་གཙོ་བོ་ཞིག་ཡིན་པར་མ་ཟད། རྒྱལ་མཆོག་བཅུ་གསུམ་པའི་སྐུའི་བླ་སྨན་པ་ཡང་བྱས། བར་སྐབས་ཤིག་ལ་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དེས་ཀྱང་སྲིད་དོན་གྱི་བློ་འདྲི་ས་ཡང་བྱས་འདུག་པ་ངས་དྲན་གྱིན་འདུག ཁ་བ་རྒུ་ཆིས་ཕྱིར་ཉི་ཧོང་ལ་ལོག་རྗེས། མེ་ཏོག་གསོ་བར་དགའ་བའི་རྒྱལ་མཆོག་བཅུ་གསུམ་པར་ཉི་ཧོང་གི་མེ་ཏོག་མང་པོ་ཞིག་གི་ས་བོན་བསྐུར་ཅིང་། རྒྱལ་མཆོག་བཅུ་གསུམ་པས་དེ་དག་ནོར་བུ་གླིང་གའི་མེ་ཏོག་ར་བར་བཏབ་ཡོད་ཅེས་དེབ་ཅིག་ཏུ་འཁོད་ཡོད་པའང་སྐབས་འདིར་ངས་དྲན་བྱུང་། ང་རང་ནོར་བུ་གླིང་གར་བསྐྱོད་སྐབས་ཁ་བ་རྒུ་ཆིས་ཀྱིས་རྒྱལ་དབང་བཅུ་གསུམ་པར་བསྐུར་པའི་མེ་ཏོག་དེ་དག་ད་དུང་ཡང་ལམ་མེར་བཞད་དེ་ཡོད་དམ་སྙམ་ནས་མཉམ་པར་འཇོག་ཞོར་དུ་སོང་མོད། ལེགས་པར་བསམ་ན་དེ་ནི་རྨི་ལམ་ཞིག་དང་གཉིས་སུ་མ་མཆིས་སོ། །

ཁ་བ་རྒུ་ཆིས་དང་ཁོང་གི་སློབ་མ་རྣམས།

ངུར་སྨྲིག་འཆིང་བའི“སེ་རའི་ཨེམ་ཆི”དགེ་སློང་ཁ་བ་རྒུ་ཆིས། 1902ལོར་རྡོ་རྗེ་གླིང་དུ་བསྒྲོན།

 

ཁ་བ་རྒུ་ཆིས་ཕྱིར་ཉི་ཧོང་དུ་ལོག་རྗེས། ཅང་མ་འགོར་བར་སྐྱ་སར་བབས་འདུག་ཀྱང་། ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་ལམ་ལམ་འབར་བཞིན་པའི་མར་མེ་མཚན་ཐུབ་ཅིག་དང་འདྲ་བར། སངས་རྒྱས་ཀྱི་བསྟན་པ་ལ་སྨན་པའི་འཕྲིན་ལས་ཀྱི་ཁྲོད་དུ་གཟིམས་སོང་པ་ཡིན་ནོ། །

ཁ་བ་རྒུ་ཆིས་ལགས་རྒྱལ་མཆོག་བཅུ་གསུམ་པར་ཐོག་མར་མཇལ་པའི་དུས་ནི་སྤྱི་ལོ1901ལོའི་ཟླ7ཚེས20ཉིན་ཡིན་ལ། ཕྱིས་སུ་ཁ་བ་རྒུ་ཆིས་ལགས་ཀྱིས་རྒྱལ་མཆོག་བཅུ་གསུམ་པའི་བྱད་གཟུགས་ཞིབ་བརྗོད་བྱས་དོན། “གུས་ཕྲན་ཏཱ་ལའི་བླ་མ་དང་མཇལ་བའི་སྐབས། ཁོང་དགུང་ལོ26ལ་སོན་འདུག་ཅིང་། སྐུ་གཟུགས་རིང་ཚད་ལ1.7mཙམ་མཆིས། ཆོས་ཀྱི་རྒྱལ་པོའི་གསེར་ཞལ་ནི། འཇིག་རྟེན་ཕལ་བའི་སྐད་དུ་བརྗོད་ན། ཕམ་ཁར་ནམ་ཡང་མགོ་མི་སྒུར་བའི་བཞིན་མདངས་དང་། ཝ་སྐྱེས་ཀྱི་མིག་དང་འདྲ་བའི་སྤྱན་མདངས་ལས། བློ་ཐག་རྦད་ཆོད་དང་ཚོར་ཤེས་རྣོ་བའི་རང་གཤིས་ལྷང་ངེར་མངོན་ཡོད་པའི་སྐྱེས་བུ་ཞིག་འདུག་གོ །”ཞེས་བརྗོད་ཡོད། དེ་བཞིན། ཉེ་སྔོན་ང་རང་སེ་ར་དགོན་པར་མཆོད་མཇལ་དུ་བསྐྱོད་སྐབས། སེ་རའི་འདུ་ཁང་ཀ་བརྒྱ་མའི་སྦུག་གི་ལྷ་ཁང་ཞིག་གི་གཡས་ཟུར་དུ། ཁ་བ་རྒུ་ཆིས་ལགས་ཀྱི་གདུང་རྟེན་ཞིག་དང་འདྲ་པར་ཞིག་བཤམས་འདུག་ཅིང་། བཀའ་དྲིན་ཆེ་བ་ཡིན་ཚུལ་གྱི་ཡི་གེ་ཞིག་ཀྱང་ཟུར་དུ་བཀལ་འདུག་པས། མཇལ་མ་ཐག་མི་ལོ་བརྒྱའི་སྔོན་གྱི་དོན་དག་རེ་གཉིས་ཤིག་མགོ་རྔ་མེད་པར་དྲན་བྱུང་བས། མིག་ཀོང་བསིལ་བ་ཞིག་བྱུང་། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་འཕེལ་འགྱུར་ལ་དང་དོན་བྱེད་མཁན་ཞིག་ཡིན་ན། ཁ་བ་རྒུ་ཆིས་ལགས་ཀྱི་བརྩམས་ཆོས་ནི་མ་བཀླག་ཚད་མེད་ལྟ་བུ་ཡིན། ཁོང་གི་བརྩམས་ཆོས་ལ《བོད་ཀྱི་ལེགས་རྩོམ》དང་། 《སངས་རྒྱས་ཆོས་ལུགས་རྣམ་དག》《བོད་ཡུལ་དུ་བསྐྱོད་པའི་ཟིན་ཐོ》སོགས་དང་། འགྱུར་བའི་བསྟན་བཅོས་ལ《སྤྱོད་འཇུག》དང་། 《སྣར་ཐང་བཀའ་འགྱུར་དཀར་ཆག》སོགས་བསྡོམས་པས་བཅུ་གྲངས་ཤིག་འདུག་པ་ལས། བོད་འགྱུར་ནི་ཕལ་ཆེར་གཅིག་ཀྱང་མེད་པར་སྣང་། རྒྱ་འགྱུར་ལ་དེབ་འགའ་ཤས་ཤིག་ཡོད་པ་འདྲ།

གོང་གི་དེབ་དག་ལས།《བོད་ཡུལ་དུ་བསྐྱོད་པའི་ཟིན་ཐོ》ཞེས་པ་ནི། ཁོང་བོད་དུ་ཐེངས་དང་པོར་སླེབས་སྐབས་བྲིས་པའི་མཐོང་ཐོས་མྱོང་གསུམ་ཡིན་ཞིང་། ཁོང་བོད་དུ་ཐེངས་དང་པོར་དུས་བསྡོམས་པས་མི་ལོ་དྲུག་གི་དཀའ་སྡུག་བརྒྱུད་ཡོད། སྤྱི་ལོ1897ལོ་ནས་ལམ་ལ་ཆས་ཏེ། རྒྱ་གར་དང་བོད་ཀྱི་མཐའ་མཚམས་སུ་ཡོད་པའི་རྗེ་གླིང་དུ་ལོ་ཕྱེད་ཙམ་ལ་བོད་སྐད་སྦྱངས། 1899ལོར་བོད་དུ་འབྱོར། 1903ལོར་ཕྱིར་ལོག་པའོ། །ཁ་བ་རྒུ་ཆིས་ཀྱིས་མི་ལོ་དེ་དག་གི་རིང་ལ་བྲིས་པའི་ཡུལ་སྐོར་ཟིན་བྲིས་དེ། རྒྱ་མི་ལོ་ཙཱ་བ孙沉清ལགས་ཀྱིས། སྤྱི་ལོ1998ལོའི་ཟླ3ནང་ཉི་ཡིག་ལས་རྒྱ་འགྱུར་མཛད་པ་ལེགས་གྲུབ་བྱུང་ནས་ལོ་དེར་པར་སྐྲུན་གནང་འདུག ངས་ཀློག་བཞིན་པའང་ལོ་དེར་དཔར་པའི་དེབ་དེ་ཡིན་ལ། 《བོད་ཡུལ་དུ་བསྐྱོད་པའི་ཟིན་ཐོ》ཞེས་པའི་རྒྱ་འགྱུར་མ་དེའི་ནང་དུ་འཁོད་པའི་རང་རེ་བོད་ཀྱི་གནས་ཚུལ་འཁོད་ཡོད་པ་དཔེར་ན་འདི་ལྟ་སྟེ། ༼བོད་ཀྱི་རིགས་རུས༽ཞེས་པའི་ནང་། བོད་པས་རིགས་རུས་ལ་ཤིན་ཏུ་གཙུགས། རིགས་རུས་ལ་མཐོ་དམན་བར་མའི་རིམ་པ་དབྱེ་ཡོད། ཆེས་དམན་པའི་རིགས་ཟེར་བ་ཞིག་ཡོད་དེ། དེ་ནི་ཤན་པ་དང་ཉ་པ། མགར་པ་སོགས་ཡིན། འདུ་ཤེས་དེའི་ཁུངས་མཐར་དེད་ན་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ལ་ཐུག་ཡོད་ཚུལ་སོགས་གསུངས་འདུག

 

ཁ་བ་རྒུ་ཆིས་ཀྱིས་བོད་ནས་ཁྱེར་བའི་སྟོན་པའི་སྐུ་བརྙན།

 

ཡང་། ༼བོད་ཀྱི་སློབ་གསོ༽ཞེས་པའི་ནང་། བོད་དུ་སློབ་གསོ་དར་ཁྱབ་མི་ཆེ། སློབ་གསོའི་སྡེ་ཁག་གཙོ་བོ་ནི་དགོན་པ་རྣམས་ཡིན། རིགས་རུས་མཐོན་པོའི་བུ་ཕྲུག་དག་ནི་གཞུང་བཙུགས་སློབ་གྲྭར་ཞུགས་ཐུབ་ཅིང་། དེར་བསླབ་པར་བྱ་བ་ནི་བློར་འཛིན་པ་དང་། བྲིས་ཁྲིད་པ། རྩིས་སྦྱང་པ་བཅས་གསུམ་ཡིན། བྲིས་ཀྱི་སྟེང་དུས་ཚོད་བཀོལ་བ་ཆེས་རིང་། ལོ15ཡས་མས་ཀྱི་བོད་ཀྱི་བྱིས་པ་ཚོས་ལོ་གཅིག་གི་རིང་ལ་། དཔེ་ཆ་ཤོག་གྲངས300-500བར་བློར་འཛིན་དགོས་ལ། ལོ18-26བར་དུ་གནས་པ་རྣམས་ཀྱིས་ལོ་རེར་ཤོག་གྲངས500-800བར་དང་། ཐ་ན་ཤོག་གྲངས1000རེ་བློར་འཛིན་མཁན་ཡང་ཡོད། བོད་མི་ཚོའི་བློར་འཛིན་གྱི་ནུས་པ་དེ་ལ་ང་རང་ཧ་ལས་ཧང་སང་སོང་། བོད་པ་ཚོས་སློབ་མས་སློབ་སྦྱོང་ཡག་པོ་མ་བྱས་ཚེ། དེར་སློབ་གསོའི་ཐབས་ལམ་ཡག་ཤོས་ནི། གཅར་རྡུང་བྱེད་རྒྱུ་དེ་ཡིན་པར་འདོད། བོད་པ་རྣམས་ཀྱིས་བརྡ་སྤྲོད་ལས་ཚིག་རྒྱན་གལ་ཆེན་བྱེད། ཁོ་ཚོས་ཚིག་གི་སྤྲོས་པ་སྣ་ཚོགས་སྤྱད་དེ་རྗོད་པ་སྙན་པོར་བཟོ་ཞིང་། སྒོས་སུ་དཔེ་དེབ་ཀྱི་ནང་ནས་མཐོང་མི་ཐུབ་པ་དང་། རྒྱུན་སྤྱོད་མ་ཡིན་པའི་མིང་བརྡ་མང་པོ་ཆེད་དུ་བསྒྲིགས་ནས། མི་གཞན་གྱིས་དོན་གོ་དཀའ་བའི་སྙན་རྩོམ་འབྲི་རྒྱུར་དང་དོད་ཆེན་པོ་བྱེད་ཅེས་བྲིས་འདུག  ༼བོད་ཀྱི་ཐོན་རྫས་དང་ཉོ་ཚོང༽ཞེས་པར། བོད་ཀྱི་ཚོང་འབྲེལ་རྒྱལ་ཁབ་གཙོ་བོ་རྒྱ་གར་ཡིན། དེ་ནས་རྒྱ་ནག་ཡིན། དེ་ནས་བལ་ཡུལ་དང་འབྲུག་ཡུལ་སོགས་ཡིན། ཨུ་རུ་སུར་ཕལ་ཆེར་ཚོང་འབྲེལ་མེད་ཚོད་འདུག བོད་ཀྱི་ཕྱིར་ཚོང་ཐོན་རྫས་ལ། ལུག་བལ་དང་། གླ་རྩི། ནོར་གནག་གི་རྔ་མ་དང་ཀོ་བ། རི་དྭགས་གཅན་གཟན་གྱི་ཀོ་བ། ཚྭ། ཟེ་ཚྭ། བལ་གདན། ཤྭ་རྭ་སོགས་ཡིན། ལུག་བལ་ནི་དྲེལ་ཁལ་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་ཅིང་། རྒྱ་གར་རྡོ་རྗེ་གླིང་གི་ཤར་རྒྱུད་དུ་ཆགས་པའི་ཀ་ལིམ་པོང་དུ་ལུག་བལ་དྲེལ་ཁལ6000སྐྱེལ་འདྲེན་བྱེད་ཀྱིན་ཡོད་ལ། འབྲུག་ཡུལ་དུ་དྲེལ་ཁལ1500ཡན་ཆོད་དང་། བལ་ཡུལ་དུ་དྲེལ་ཁལ2500སྐྱེལ་འདྲེན་བྱེད་ཀྱིན་ཡོད། རྒྱ་ནག་དུ་གྲངས་ཀ་ག་ཚོད་སྐྱེལ་གྱིན་ཡོད་མེད་གསལ་བོར་མ་ངེས་ཞེས་སོགས་གནད་གང་ཆེ་ཆེ་དག་ཚིག་གསུམ་བསྡུས་མར་བྲིས་འདུག་གོ །དེབ་ཀྱི་ནང་དོན་གནད་བསྡུས་ཤིག་ནི་འདི་ལྟར་ཡིན་ལ་ཞིབ་པར་ནི་དེབ་དངོས་ལ་མཇལ་རོགས་ཞུ་བ་ལགས།

ཁ་བ་རྒུ་ཆིས་བོད་དུ་ཐེངས་གཉིས་པར་ཕེབས་སྐབས་ཕྱིར་ཉི་ཧོང་དུ་ཁྱེར་བའི་བོད་དཔེའི་བཀའ་བསྟན།

 

བརྒྱུད་སྐུལ།

མཆན་སྤེལ།