ཏུན་ཧོང་ཡིག་ཚངས་སུ་གསལ་བའི་ཕྱྭའི་ཡུལ་དེ་གང་ཡིན་ནམ།

ཏུན་ཧོང་ཡིག་ཚངས་སུ་གསལ་བའི་ཕྱྭའི་ཡུལ་དེ་གང་ཡིན་ནམ།
ཏུན་ཧོང་ཡིག་ཚགས་སུ་གསལ་བའི་ཕྱྭའི་ཡུལ་དེ་གང་ཡིན་ནམ།
ར་སེ་དཀོན་མཆོག་རྒྱ་མཚོ།
ཐོག་མར་ཆེས་གདོད་མའི་དུས་ཀྱི་ས་མིང་དང་འབྲེལ་བའི་ས་ཕྱོགས་ངོས་འཛིན་པ་ནི་ལས་སླ་པོ་ཅིག་རྩ་བ་ནས་མ་རེད། དུས་ཀྱི་ཆ་ནས་འགྱང་ཐག་ཅང་གིས་རིང་བ་དང་། ཁུངས་ཀྱི་ཆ་ནས་དེ་འབྲེལ་ལོ་རྒྱུས་ཡིག་ཆ་ཧ་ཅང་ཉུང་བའམ་དཀོན་པ་དང་། དུས་རབས་སོ་སོར་ས་མིང་འགྱུར་བ་ཐེབས་པའང་མང་བ་སོགས་ཀྱི་དབང་གིས་གསལ་པོར་རྟོགས་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་གནས་ཡོད། འདས་དོན་ནི་འདས་དོན་ཡིན་པས་ཤེས་རུང་མ་ཤེས་རུང་ཕན་མེད་པས་བསྐྱུར་ཞོགས་ཟེར་བར་མང་ན་ཡང་། འོན་ཏེ་བོད་ཀྱི་ལོ་རྒྱུས་རིག་གནས་ཆོས་ལུགས་སོགས་ལ་མི་རིགས་མང་པོས་འདི་དག་འདས་དོན་རེད་ཅེས་མི་འཇོག་པར། སོ་སོའི་སློབ་ཆེན་ཁག་ཏུ་གནད་དོན་དཔྱད་གླེང་དང་། མི་མཐུན་པ་ལ་ཞིབ་འཇུག་བྱེད་བཞིན་འདུག
འདིར་གླེན་པ་བདག་གིས་ཀྱང་ཡིག་རྙིང་དུ་འཁོད་པའི་ཕྱྭ་ཡི་ཡུལ་དེ་གང་ལ་ངོས་འཛིན་དགོས་པའི་ཐད་ལ་རང་གི་བསམ་ཚུལ་ཙམ་ཞིག་ཞིབ་འཇུག་པར་འབུལ་བར་འདོད་དེ། དེ་ལ་ད་ཡོད་བོད་ཡིག་ཐོག་གི་ལོ་རྒྱུས་ཡིག་ཆ་སྔ་ཤོས་སུ་གྱུར་པ་ཏུན་ཧོང་གི་ཡིག་ཆར་བཞུགས་པའི་ཕྱྭ་ཡིས་དམུ་རྗེ་བསྐོ་བར་ཕོ་ཉ་བཏང་བའི་སྐོར་ལས། ༄།།གནའ་དང་པོ། གཞི་ཐོག་མ། དམུ་དང་ཕྱྭ་གཉེན་བའི་འཚེ། ཕྱྭའི་ཕོ་ཉ་དམུའི་ཐད་དུ་མཆིས་པའ། ཞེས་སོགས་ལས་ཕྱྭའི་ཕོ་ཉ་དང་དམུ་རྗེའི་བར་མཆིད་མོལ་སྐོར་འཁོད་ཡོད།
ཕྱྭའི་ཡུལ་དེ་གང་དུ་ཡོད་ཅེ་ན། ཕྱྭ་དང་དམུའི་འབྲེལ་བ་བཤད་དུས། ས་ཕྱོགས་གང་ཡིན་མི་གསལ་ནའང་ཕྱྭའི་ཡུལ་གྱི་ཕོ་ཉ་སྲིན་ཡུལ་ལ་སླེབས་དུས་ཀྱང་དེའི་ཤར་ལྷོ་ན་དམུ་ཡི་ཡུལ་ཡོད་པར་བཤད་ཚུལ་འཁོད་ཡོད་ལ། བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་ཡིག་རྙིང་གཞིར་བཟུང་ནས། དམུ་ཡི་ཡུལ་དེ་ནི་ཀོང་པོ་དང་ལྷག་དོན་བཙན་པོ་གཉའ་ཁྲིའི་ཕ་ཡུལ་སྤོ་བོའི་ཡུལ་ཡིན་པར་བཤད་ཡོད་ལ། ཏུན་ཧོང་ཡིག་ཆར་དམུ་ཡུལ་ནི་ནགས་རོང་དང་ནགས་ཚལ་དང་སྟག་གཟིག་སོགས་གནས་ཡུལ་དུ་བཤད་པར་མཐུན་ཡོད་ཅིང་། སྲིན་ཡུལ་ནི་གནའ་བོའི་དུས་སུ་ཀོང་ཡུལ་ལ་ལར་ཀོང་སྲིན་གྱི་ཡུལ་དུ་བོས་པ་ལོ་རྒྱུས་འགར་གསལ་ཡོད་ལ། ད་ལྟའང་ཀོང་པོར་སྲིན་མོ་གཉན་ཁྲི་ཞེས་པའི་ས་ཆའང་ངོས་འཛིན་རྒྱུ་ཡོད།
ལ་ལས་ཕྱྭའི་ཡུལ་དེ་མངའ་རིས་གངས་ཏི་སེའི་མདུན་ལྟ་བུ་ཡིན་པར་འདོད་ཅིང་། ཡིག་རྙིང་ལ་ལར་མགོན་བཙུན་ཕྱྭའི་ཡུལ་ཞེས་བཤད་པར་འབྲེལ་ཆེ་བར་བཞེད་སྲིད་ནའང་། བོན་གྱི་ཡིག་རྙིང་དུ་མགོན་བཙུན་ཕྱྭའི་ཡུལ་དེ་ཉིད་ནི་སོ་སྐྱེའི་ཡུལ་མ་ཡིན་པའི་དག་ཞིང་དུ་གསུངས་ཡོད་པས་ན་སྐབས་དོན་མ་འདྲེས་པ་གལ་ཆེ་ལ། ཏུན་ཧོང་ཡིག་རྙིང་དུ་མི་ཡུལ་རང་དུ་ཡོད་པའི་ཕྱྭའི་ཡུལ་ཞེས་པ་དེ་བསྟན་ཡོད་པས་ན། ས་ཁོངས་ཀྱི་ཆ་ནས་བོད་ཀྱི་ས་ཆ་ཅིག་གི་གནའ་མིང་ཡིན་པ་དང་། ས་ཐག་གི་ཆ་ནས་དམུ་ཡུལ་གྱི་རྗེ་བོ་དང་གཉེན་འབྲེལ་ཡོད་པ་ཅིག་ཡིན་པ་ཡིད་ལ་ངེས་དགོས།
དེ་ལ་ཕྲན་གྱི་བསམ་ཚོད་ལ་དབུས་ཀྱི་འཕན་ཡུལ་གཙོ་བོའམ་ལྟེ་བར་བྱས་པའི་ཁུལ་གྱི་གནའ་མིང་ལ་ཕྱྭའི་ཡུལ་ཞེས་པ་དེ་ཡིན་པར་སྲིད་དོ་སྙམ། བཙན་པོ་གནམ་རི་སྲོང་བཙན་གྱིས་ཡུལ་ངས་པོ་ཞེས་པ་དེ་འཕན་པོར་བསྒྱུར་བས་མཚོན་ཏེ། ས་མིང་ལ་འགྱུར་བ་ཅི་རིགས་བྱུང་མྱོང་ངེས་འདུག་པས་སྔོན་གྱི་ལོ་རྒྱུས་གསལ་པོར་མི་ཤེས་པར་གྱུར་ཡོད་ན་ཡང་། ད་ལྟའང་སྔར་གྱི་གནའ་མིང་གི་ཤུལ་ཅི་རིགས་ལྷག་ཡོད་པས་ཕྱོགས་ཙམ་རྟོགས་ཐུབ་པར་ནུས་པ་ཡིན་ཏེ། དཔའ་བོའི་ཆོས་བྱུང་མཁས་དགའར་སྟོང་སྡེ་བཅོ་བརྒྱད་བཤད་དུས་ཀྱང་། འདམ་ཤོད་དཀར་མོ་ར་དང་ཕྱྭ་ཡི་ཡུལ། །ཞེས་ཀྱང་འབྱུང་བས་ན། འདམ་ཤོད་ནི་ད་ལྟའི་འདམ་གཞུང་ཁུལ་ཡིན་པས། དེ་ནི་འཕན་པོའི་ལུང་པ་དང་འདབས་འབྲེལ་ཡིན་ཞིང་། ཕྱྭའི་ཡུལ་ཁོངས་སུ་གཏོགས་པར་མངོན་འདུག་སྙམ།
དེ་བཞིན་དུ་འཕན་པོ་མདའ་དང་འདབས་འབྲེལ་བའི་ས་ཆ། ད་ལྟའི་དགའ་ལྡན་དགོན་པའི་ཤར་འདབས་ལ་ཕྱྭ་ཞེས་བོས་སྲོལ་མ་ཉམ་པར་གནས་ཤིང་། རང་རེའི་མཁས་པ་ཆེན་པོ་ཕྱྭ་པ་ཆོས་ཀྱི་སེང་གེའི་འཁྲུངས་ཡུལ་ཡིན་པས་ཀྱང་ཤེས་ཐུབ་ལ། ཁོང་གི་མཚན་འབྲི་དུས་ཆ་དང་ཕྱྭ་གཉིས་ཀ་འབྲི་སྲོལ་དར་ཡོད། འཕན་ཡུལ་གྱི་ལྷོ་བྱང་ལ་ཕྱྭ་ཡི་ལུང་པ་ཡོད་པས་འཕན་པོ་ཕྱྭ་ཡུལ་ཡིན་པར་གང་གིས་གྲུབ་ཟེར་ན། དགེ་བཤེས་པོ་ཏོ་བའི་དཔེ་ཆོས་ལ་གཟིགས་ན། ཕྱྭའི་གླང་བུ་ཞེས་པ་ནི། ཕྱྭ་རྗེ་སའི་མི་ཁྱིམ་ཞིག་ན། ཞེས་གླང་བུའི་སྐོར་བཤད་ཡོད་པས་ཀྱང་ཤེས་ལ། བེ་བུམ་སྔོན་པོར་ཡང་རྨའི་ཕྱྭ་མཁར་ཞེས་འཁོད་ཡོད་ལ། དེ་ནི་ད་ལྟའི་མཁར་རྩེ་རྫོང་གི་ཤུལ་འདི་ཀ་ཡིན་པར་ཁང་དཀར་ལགས་ཀྱིས་གསུངས་ཡོད།
གཞན་ཡང་བྱ་འཆད་ཁ་བའི་ལམ་རིམ་ལ་སོགས་པ་བཀའ་གདམས་པའི་གསུང་སྒྲོས་སུ་བཞུགས་པའི་དགེ་བཤེས་དམ་པ་པོ་ཏོ་བའི་གསུང་སྒྲོས་རྣམས་མཇལ་ན། ཕྱྭའི་ཡུལ་དང་། ཕྱྭའི་སྔགས་པ་དང་། ཕྱྭའི་ལུང་པ་ཞེས་པ་ལན་མང་དུ་ཐོན་པ་དེ་ལ་ལེགས་པར་གཞིགས་ན། དེ་ནི་ས་ཆ་གཞན་ཅིག་ལ་མ་ཡིན་པར། ཡུལ་དེ་ནི་འཕན་ཡུལ་དུ་ཡོད་པ་ཤེས་ཐུབ་ངེས་རེད། དེས་ཏུན་ཧོང་ཡིག་ཚངས་སོགས་སུ་གསལ་བའི་ཕྱྭའི་ཡུལ་ཞེས་པ་དེ་ནི་བོད་ཡུལ་དབུས་སུ་ཡོད་པར་རྟོགས་ཐུབ།
གཞན་ཡང་འཕན་པོ་འཇོག་པོ་དང་ཉེ་བར་ཕྱྭའི་ནང་ཞེས་པའི་ལུང་ཚན་ཅིག་ཡོད་ལ། ད་ལྟ་ཡུལ་སྐད་ལ་ཁྱལ་ནང་ཟེར་གིན་ཡོད་ལ། ཤར་ངོས་སུའང་ཕྱྭ་ལ་ཞེས་པའི་ལ་ཞིག་ཀྱང་ཡོད་པས་ན། གནའ་བོའི་ཡིག་རྙིང་དུ་གསལ་བའི་ཕྱྭའི་ཡུལ་ཞེས་པ་དེ་ནི། འཕན་ཡུལ་གྱི་ཆེས་གནའ་བོའི་མིང་ཡིན་པར་སེམས་ལ། འདི་ནི་རང་ཉིད་ཀྱི་བློ་ཡི་ནུས་ཚོད་ཀྱིས་ཇི་སྤོབས་ཙམ་ཡིན་ལ། ད་ལྟ་ཏུན་ཧོང་ཡིག་རྙིང་ནང་གི་ས་མིང་མང་པོ་ཅིག་དངོས་ར་མ་༢འཕྲོད་པ་དང་། མཁས་པ་ཚང་མས་ཁས་ལེན་ཐུབ་པ་ཅིག་མེད་པའང་ཡོད་འདུག་ན། བདག་བྱིས་བློའི་བསམ་འཆར་འདི་ལ་མཁས་མཆོག་དག་གིས་ཁྲེལ་དགོད་ཅི་དགར་མཛོད།
གཞན་ཡང་ཏུན་ཧོང་ཡིག་ཚང་ནང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས། ཡུལ་ཁ་ལ་རྩང་སྟོད་རྩང་གྱི་དངོའ་མཁར་གྱི་ནང་ནའ། རྗེ་རྩང་རྗེའི་ཕྱྭའ། ཞེས་འཁོད་པ་ནི་མིང་དུ་མངོན་ཡང་དཔྱད་རུང་ལ། ཕྱིས་སུ་བྲིས་པའི་བྲག་གཡབ་ཀྱི་ལོ་རྒྱུས་ཐོར་བུ་ལས། བྲག་གཡབ་རིང་འོག་ལ་སྒྲུབ་པ་བྱེད།།ཡུལ་འདི་ལ་བྲག་གཡབ་མིང་དུ་ཆགས།།ཕྱྭ་དཔོན་ཉི་མ་རྒྱལ་མཚན་གྱིས།།ཕྱྭ་སྡེ་ཉི་ཁྲི་དགུ་འབུམ་དང་།།རང་གི་བུ་རྟ་འཁོར་དང་བཅས།།ཞེས་འཁོད་པ་འང་དཔྱད་ཞིབ་ཀྱི་རིན་ཐང་ཡོད་ལ། གཞན་ཡང་གནའ་བོའི་ཆོས་ལུགས་ཀྱི་ཐ་སྙད་ཕྱྭ་ཞེས་པའི་དོན་ལ་དཔྱད་ཞིབ་ཀྱིས་ཕྱྭ་ཡིས་བྱས། ཕྱྭ་དང་གཡང་། མོ་ཕྱྭ། ཕྱྭ་རྩ་སོགས་ཀྱི་རྒྱབ་ལྗོངས་ཐད་ཕན་ཚུན་འབྲེལ་བ་ངེས་པ་ཅན་ཡོད་སྲིད་པས། ཤེས་རིག་གི་ལོ་རྒྱུས་ཞིབ་མོར་རྟོགས་པར་འདོད་ན་དཔྱད་ཞིབ་ལ་འབད་དགོས་སོ།།འདིར་རང་གི་བསམ་ཚུལ་རགས་རིམ་ཞིག་བཀོད་པ་ལགས་སོ།།།
༢༠༡༨/༨/༡ལའོ།།

བརྒྱུད་སྐུལ།

མཆན་སྤེལ།