ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས།

དང་པོ། ཏུན་ཧོང་གཏེར་ཡིག་ལས་བཙན་པོའི་གདུང་ཁུངས།

༄། །ཡུལ་དང་མཁར་དུ་བཅས་པཱ། སོ་སོ་ཡུལ་བདེ་བཞི་ལས། །སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་ཏེ། །ལ་ལ་འྀ་མཆྀད་ནས་ནྀ་རྒྱལ་ཕྲན། ། བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ། ། མྱྀ་གཏོག་ཤེས་ཀྱང་མཆྀ། །བཙན་པོ་འྀ་གདུང་རབ་ཀྱྀ་ཁུངས་སྨོས་པའ། ། གནམ་དགུང་གྀ་སྟེང་ན། ། ལྷ་ཀུ་སྤྱྀ་སེར་བཞྀས་བརྒྱ་བའ། མ་སངས་ཐམ་ཅད་གྀ་བདག་པོ། །སྲྀད་པ་ཀུན་ལ་མངའ་མཛད་པའ། །ཕྱྭའྀ་ཡང་ཕྱྭ་ལགས་ཤེས་ཀྱང་མཆྀ། །རྣམ་གཉྀས་སུ་ནྀ་གདོལ་པར་ཤ་ཟ་འྀ་རྀགས། ། རྒྱལ་པོ་གདོང་དམར་གྱྀ་རྀགས། ། གངས་རྀ་བྱུན་ཀོར་གྱྀ་ནྀ་བདག་པོ། །གནོད་སྤྱྀན་ཛ་ཞེས་བགྱྀ་བ་འྀ་རྀགས་ལགས་ཤེས་ཀྱང་མཆྀ། ། རྣམ་གསུམ་དུ་ནྀ་གནམ་རིམ་པ་བཅུ་གསུམ་གྱྀ་སྟེང་ན། ། ཁྲྀ་བར་ལ་བདུན་ཚྀག ། ཤེས་བགྱྀ། །གནམ་གྀ་ལྷ་ལས། ས་ག་དོག་དྲུག་དུ། ། འགྲེང་འགོ་ནག་གྀ་རྗེས་མྱེད་གྀ་རྗེ། །དུད་རྔོག་ཆག་བླ་མེད་ཀྱྀ་བླར། ། བློན་པོ་ལྷོ་རྔེགས། ཆེན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག ། མྱྀ་རྗེ་ལྷ་དང་བདུད། །དུ་བརྒྱྀས་ནས། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ། ། གང་ལགས་ཀྱང་མྱྀ་མངོན་སྟེ།གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། །

གཉིས་པ། ཏུན་ཧོང་གཏེར་ཡིག་ལས་རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་།

 

རྒྱལ་པྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གནསྟེ། རྒྱལ་པྲན་བགྱིད་པ་དང་། རྒྱལ་པྲན་གྱི་བློན་པོ་བགྱིད་པའི་རབ་ལ། །

ཞང་ཞུང་ངར་པའི་རྗོ་པོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་། སྟོང་ལམ་མ་ཙེ་གཉིས།

མྱང་རོའི་པྱེད་ཀར་ན།  རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུརུ་དང་གནང་གཉིས། །

ཡུལ་གནུབས་གྱྀ་གླིང་དགུའ་ན་རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། །

ཡུལ་མྱང་རོའི་ཤམ་པོ་ན། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། །

ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ། བློན་པོ་ཤེ་འུ་དང་སུག་གཉིས། །

ཡུལ་ངས་པོའི་ཁྲ་སུམ་ན།  རྗེ་དགུག་གྲིའི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས། །

ཡུལ་དབྱེ་རོ་ཡུལ་བཞྀ་ན། རྗེ་དབྱེ་རྗེའྀ་མཁར་བ། བློན་པོ་དབོ་དང་རྡུག་གཉིས། །

ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། །

ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོགས་རྗེའྀ་ལ་བྲང། བློན་པོ་སས་པ་དང་མྱང་ནད་གཉིས།།

ཡུལ་ཀླུང་རོ་འི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། །

ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན།  རྗེ་དྲང་རྗེའྀ་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། །

ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེའྀ་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས།།

ཡུལ་མྱང་ཡུལ་གྱྀ་རྟ་གསུམ་ན། རྗེ་མྱང་ཙུན་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས།

ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། །

ཡུལ་མཆྀམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེ་འྀ་ནེ་འུ། བློན་པོ་དང་དང་དིང་དིང་གཉིས། །

ཡུལ་སུམ་ཡུལ་གྱྀ་ཡ་སུམ་ནའ། རྗེ་འབལ་ལྗྀ་མང་རུ་ཏི།བློན་པོ་རླང་དང་ཀམ་གཉིས།།

ཡུལ་འབྲོག་མོ་སྣམ་གསུམ་ནའ། རྗེ་སེ་རེ་ཁྲྀ། བློན་པོ་སྐྱང་རེ་གནག ། །

རྒྱན་པྲན་བཅུ་གཉིས་ན། སེ་རེ་ཁྲི་དང་བཅུ་གསུམ། བློན་པོ་ཉི་ཤུ་རྩ་བཞི་ན། སྐྱང་རེ་གནག་དང་ཉི་ཤུ་རྩ་ལྔ།མཁར་བཅུ་གཉིས་ན།  དབུ་ལྡེ་དམ་པ་དང་བཅུ་གསུམ། ཡུལ་བཅུ་གཉྀས་ན། བྱང་ཀ་སྣམ་བརྒྱད་དང་བཅུ་གསུམ། རྒྱལ་དགུའ་སྔོ་བཅུ།བློན་དགུའ་མཆིམས་བཅུ་ཞེས་བྱ་སྟེ། དེ་ཡན་ཆད་ཡ་ཡོགས་ནི། གདོད་བྱིན་རུམ་གྱི་ནྀ་རྐྱེན་ཞེས་བྱ་སྟེ།

གནའ་ཡུལ་ཡུལ་ན་རྒྱལ་པྲན་དང་། བློན་པོ་འདྀ་ལྟར་བབ་སྟེ། མྱི་མང་གྀ་རྗེ། ཡུལ་ཆེ་འི་བདག་བྱེད་བྱེད་པ་ལས། རྒྱལ་པོ་བཙན་པ་དང་། བློན་པོ་འཛངས་པ་དཀུའ་འོ་ཆེ་རྣམས་ཀྱིས། གཆིག་ཤེས་གཆིག་བརླག་སྟེ།

འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱྀ་དབུ་རྨོག་མ་ཐོབ་སྟེ། ནར་ནྀ་ལྷ་ནར་གྱིས་མནརད་ཐུན་ནྀ་རྗེ་ཐུན་གྱིས་བཐུན་ཏེ། བཀུག་གོ ། །

 

གསུམ་པ། འོ་ལྡེ་སྤུ་རྒྱལ་པའི་གདུང་རབས་རིམ་བྱོན། 

 

ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན། །ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན།  ཁྲྀ་འི་བདུན་ཚྀགས་དང་བདུན། ཁྲི་འི་བདུན་ཚྀགས་ཀྱྀ་སྲས། ཁྲི་ཉག་ཁྲྀ་བཙན་པོ། ། ས་དོག་ལ་ཡུལ་ཡབ་ཀྱྀ་རྗེ། དོག་ཡབ་གྱི་ཆར་དུ་གཤེགས་སཱོ། །ལྷ་རྀ་གྱང་དོར་གཤེགས་ན། རྀ་རབ་ལྷུན་པོ་ཡང་དགུའ་དུད་དུད1.། ། ཤྀང་སྡོང་པོ་ཡང་བང་ཐང་ཐང་2། །ཆབ་ལུ་མ་ཡང་དངོ་སིལ་སིལ3.། གོར་ཕ་བང་ལ་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་4གིས་ཕྱག་འཚལ་ལོ། ། བོད་ཀ་གཡག་དྲུག་གྀ་རྗེར་གཤེགས་སོ། ། ཐོག་མ་ས་ལ་གཤེགས་པ་ཡང་། གནམ་མཐའ་འོག་གྀ་རྗེར་གཤེགས་པས། གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་དར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། །རི་མཐོས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བ་འྀ་གནསུ། ཚུལ་ཀྱིས་བདམས་སྟེ་གཤེགས་སོ། རྒྱལ་པོ་གཞན་དང་མྱྀ་མཚུངས་པ་འྀ་ཆོས། པྱག་གཉེད་ཁྲུང་ཁྲུང་གིས་འཚལ་ཞྀང་།  སླེ་བ་འོད་ཀྱིས་ལེན5.། མྱྀ་བཙུན་སོན་པ་འྀ་རྣམས། རྗེ་ས་འྀ་གོས་གྱོན་ཞིང་། སྐྱེས་པ་ཆེད་པོ་རྣམས་བཙུན་པ་འི་རྣམ་པ་ཡང་དེ་ནས་བྱུང་བ་ཡྀན་ནོ། ཤྀང་རབས་ཀྱྀ་ནང་ན་ནྀ་ཐང་ཤིང་རིང་པོ་རིང་། ཆུ་རབས་ཀྱི་ནང་ན་ནི་ཡར་ཅུ་སྔོན་པོ་ཆེ། ཡར་ལྷ་ཤམ་པོ་ནི་གཙུག་གྀ་ལྷ་འོ། །

གནམ་ལྷབ་ཀྱྀ་བླ་ན་ཡབ་བླ་བདག་དྲུག་བཞག་པ་འྀ་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲི་འི་བདུན་ཚྀགས་དང་བདུན། ཁྲྀ་འི་བདུན་ཚྀགས་ཀྱི་སྲས། ལྡེ་ཉག་ཁྲྀ་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ་དོག་ཡབ་ཀྱྀ་ཆར་དུ་གཤེགས་ནས། ལྷ་སྲས་མྱི་ཡུལ་གྱྀ་རྒྱལ་མཛད་ཅིང་བཞུགས་པ་ལས། མངོན་དུ་ཐལ་བྱུང་དགུང་དུ་གཤེགས་པ། །ལྡེ་ཉག་ཁྲི་བཙན་པོ་དང་། གནམ་མུག་མུག་དུ་བཤོས་པ་6འྀ་སྲས། ། མུ་ཁྲི་བཙན་པོ། མུག་ཁྲི་བཙན་པོ་དང་ས་དྀང་དྀང་དུ་བཤོས་པ་འྀ་སྲས། ། དྀང་ཁྲི་བཙན་པོ། དིང་ཁྲི་བཙན་པོ་དང་། སོ་ཐམ་ཐམ་དུ་བཤོས་པ་འྀ་སྲས། སོ་ཁྲི་བཙན་པོ། སོ་ཁྲི་བཙན་པོ་འི་སྲས། དེ་ཁྲི་བཙན་པོ། དེ་ཁྲི་བཙན་པོ་འི་སྲས། ཁྲི་སྤེ་བཙན་པོ། འདྀ་ཡན་ཆད་འདྲའ་སྟེ། སྲས་ཆྀབས་ཀ་ཐུབ་ན། ཡབ་དགུང་དུ་གཤེགས་སོ། ། ཁྲི་སྤེ་བཙན་པོ་འི་སྲས། དྲྀ་གུམ་བཙན་པོ། དྲི་གུམ་བཙན་པོ་འྀ་སྲས། སྤུ་དེ་གུང་རྒྱལ། གནམ་ལ་དྲི་བདུན། ས་ལེ་ལེགས་དྲུག་བཤོས་ན། སྤུ་དེ་གོང་རྒྱལ་གྲོངས་ན། གྲང་མོ་གནམ་གསེར་བརྩིག ། གསེར་བརྩིག་གྀ་སྲས། ཐོ་ལེག་བཙན་པོ། ཐོ་ལེག་བཙན་པོ་འི་སྲས། ཤོ་ལེགས་བཙན་པོ། ཤོ་ལེགས་བཙན་པོ་འི་སྲས། གོ་རུ་ལེགས་བཙན་པོ། གོ་རུ་ལེགས་བཙན་པོ་འི་སྲས། འབྲོང་ཞི་ལེགས་བཙན་པོ། འབྲོང་ཞི་ལེགས་བཙན་པོ་འི་སྲས། ཐི་ཤོ་ལེག་བཙན་པོའ། ཐྀ་ཤོག་ལེག་གི་སྲས། ཨྀ་ཤོ་ལེགས་བཙན་པོ། ། ཨི་ཤོ་ལེགསབཙན་པོ་སྲས།ཟྭ་གནམ་ཟྀན་ཏེ། །ཟྭ་གནམ་ཟྀན་ཏེ། །ཟྭ་གནམ་ཟྀན་ཏེ་འི་སྲས། ལྡེ་པྲུ་བོ་གནམ་གཞུང་བཙན། གནམ་གཞུང་བརྩན་གྱྀ་སྲས། ལྡེ་གོལ། ལྡེ་གོལ་གྱི་སྲས། གནམ་ལྡེ་རྣོལ་ནམ། གནམ་ལྡེ་རྣོལ་ནམ་གྱྀ་སྲས། བསེའ་རྣོལ་པོ། བསེ་རྣོལ་པོ་འི་སྲས། ལྡེ་རྒྱལ་པོ། ལྡེ་རྒྱལ་པོ་འི་སྲས། རྒྱལ་སྲྀན་བརྩན། རྒྱལ་སྲིན་བརྩན་གྱྀ་སྲས། རྒྱལ་ཏོ་རེ་ལོངས་བརྩན། རྒྱལ་ཏོ་རེ་ལོངས་བརྩན་གྱི་སྲས། ཁྲི་བརྩན་ནམ། ཁྲྀ་བརྩན་ནམ་གྱྀ་སྲས། ཁྲི་སྒྲ་སྤུང་བརྩན། ཁྲྀ་སྒྲ་སྤུང་བརྩན་གྱི་སྲས། ཁྲྀ་ཐོག་བརྩན། ཁྲི་ཐོག་བརྩན་དང་། རུ་ཡོང་ཟ་7.སྟོང་རྒྱལ་མཚོ་མར་བཤོས་པ་འྀ་སྲས། ལྷ་ཐོ་དོ་སྙ་བརྩན། ལྷ་ཐོ་དོ་སྙ་བརྩན་དང་། གནོའ་ཟ་མང་མོ་རྗེ་ཇི་དགོས་སུ་བཤོས་པ་འྀ་སྲས། ཁྲྀ་སྙ་ཟུང་བརྩན། ཁྲྀ་སྙ་ཟུང་བརྩན་དང་། འབྲོའ་ཟ་དུང་པྱང་བཞེར་དུ་བཤོས་པ་འྀ་སྲས། འབྲོ་མཉེན་ལྡེ་རུ། འབྲོའ་མཉེན་ལྡེ་རུ་དང་།མཆིམས་ཟ་ཀླུ་རྒྱལ་ངན་མོ་མཚོར་བཤོས་པ་འྀ་སྲས། སྟག་བུ་སྙ་གཟིགས། སྟག་བུ་སྙ་གཟིགས་དྔ། འོལ་གོད་ཟ་སྟོང་ཙུན་འབྲོ་གར་བཤོས་པ་འྀ་སྲས། སློན་བཙན་རླུང་ནམ། སློན་བཙན་རླུང་ནམ་དང་། ཚེས་པོང་ཟ་འབྲིང་མ་ཐོག་དགོས་སུ་བཤོས་པ་འྀ་སྲས།སྲོང་ལྡེ་བརྩན། སྲོང་ལྡེ་བརྩན་དང་། མོང་ཟ་ཁྲྀ་མོ་གཉེན་ལྡོང་སྟེང་དུ་བཤོས་པ་འྀ་སྲས།

གུང་སྲོང་གུང་རྩན། གུང་སྲོང་གུང་རྩན་དང་། ཁོན་ཅོ་མང་མོ་རྗེ་ཁྲྀ་སྐར་དུ་བཤོས་པ་འྀ་སྲས། མང་སློན་མང་རྩན། མང་སློན་མང་རྩན་དང་།འབྲོའ་ཟ་ཁྲི་མ་ལོད་ཁྲྀ་སྟེང་དུ་བཤོས་པ་འྀ་སྲས། འདུས་སྲོང་མང་པོ་རྗེ། འདུས་སྲོང་མང་པོ་རྗེ་དང་། མཆིམས་ཟ་བཙན་མ་ཐོག ། ཐོག་སྟེང་དུ་བཤོས་པ་འྀ་སྲས། །ཁྲྀ་ལྡེ་གཙུག་བརྩན། ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་ཟའ་མང་མོ་རྗེ་བཞྀ་སྟེང་དུ་བཤོས་པ་འྀ་སྲས། ཁྲི་སྲོང་ལྡེ་བརྩན། ཁྲི་སྲོང་ལྡེ་བརྩན་དང་། ཚེས་པོང་ཟའ་རྨ་རྒྱལ་ལྡོང་སྐར་དུ་བཤོས་པ་འི་སྲས། མུ་ནེ་བརྩན་དང་། ལྡེ་སྲོང་བརྩན། མུ་བརྩན་གདུང་ཆད་ནས། ལྡེ་སྲོང་བརྩན་དང་། འབྲོ་ཟ་ལྷ་རྒྱལ་མང་མོ་རྗེར་བཤོས་པ་འི་སྲས། ཁྲི་གཙུག་ལྡེ་བརྩན་དང་འུ་འྀ་དུམ་བརྟན……………..

བཞི་པ། གྲི་གུམ་བཙན་པོའི་ལོ་རྒྱུས།  

( 1287 P.T. )

༄།།དྲི་གུམ་བཙན་པོ་སྐུ་ཆུང་བའི་ཚེ་མཚན་ཇིར་གདགས་ཤེས་(84)། །མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མ་མ་འི་མཆིད་ནས། སྐྱྀ་བྲག་མར་བ་ནི་རྙིལ་ཏམ་མ་རྙིལ། དན་མ་འབྲི་སྤངས་ནི་མྱེས་ཚིག་གམ་མ་ཚིག། མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམས་ཤེས་མཆི། བྲག་མ་རྙིལ། མཚོ་ཡང་མ་སྐམས་སྤང་ཡང་མྱེས་མ་ཚིག་ཅེས་བགྱིསྣ། མ་མ་གྲོ་ཞ་མ། རྒས་ནས་རྣ་ལོག་པར་ཐོས་སྟེ། བྲག་ཀྱང་རྙིལ། སྤང་ཡང་མྱེས་ཚིག མཚོ་ཡང་སྐམས་ཤེས་ཐོས་ནས། འོན་ཏང་ཆུ་དགུམ་སྲི་དགུམ(85)གྱིས། དྲི་གུམ་བཙན་པོར་མཚན་ཐོག་ཤིག་ཆེས་མཆི་ནས། །དྲྀ་གུམ་བཙན་པོར་མཚན་བཏགས་ནས། མཚན་བཏགས་ནོང་སྟེ། ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱྀ་འི་མྱི་ཚུལ་ཏེ། མངོན་བར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱྀན་ཆེད་པོ(86)མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། །བཙན་འདྲན་བདའ་(87)ནས། ཡབ་འབངས་ཕ་དགུའ་དང་། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ་(88)གཡག(གཡོག)()དུ་དྲུང་ཕོད་དམ་ཞེས་བཀའ་སྩལ་ན། སོ་སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་གསོལ་ཏོ། །ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་ཅེས་གསོལ་པ་ལས་མ་གནས་སྟེ། འུང་ནས་ལོ་ངམ་གྱྀས་གསོལ་པ། དེ་ལྟར་མྱྀ་གནང་ན། །ལྷ་འི་དཀོར་མདུང་རང་འདེབས་དང་། །རལ་གྱྀ་རང་གཅོད་དང་། ཁྲབ་རང་གྱོན་(གྱོད)དང་། ཕུབ་རང་བཛུང་ལ་སྩོགས་པ། འཕྲུལ་གྱི་དཀོར་ཆེད་པོ་མངའ་བའྀ་རྣམས་མདག་ལ་སྩོལ་ན་ཕོད་ཅེས་གསོལ་ཏོ། དེ་ནས་ལྷའྀ་དཀོར་ཐམ་ཤད་སྩལ་ཏོ། །འུང་ནས་ལོ་ངམ་རྟ་རྫྀ་ཡང་། མཁར་མྱང་རོ་ཤམ་པོར་སྔར་མཆིས་སོ། །བཙན་པོ་ཡང་མྱང་རོ་ཤམ་པོར་གཤེགས་ནས། མྱང་རོ་ཐལ་བ་ཚལ་དུ་གཡུལ་བྲེས་ནས། །འུང་ནས་རྟ་རྫྀའི་མཆིད་ནས། །དབུའ་འབྲེས་(89)ཟང་ཡག་ཀྱང་གཆད་དུ་གསོལ། །དབུའ་སྐས་(90)སྟེན་དགུའ་ཡང་ཁ་ཐུར་དུ་བསྟན་དུ་གསོལ་ནས། དེ་རྣམ་གཉྀས་ཀྱང་དེ་བཞིན་གནང་ངོ་། ། འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་གྱྀ་མདུང་རྩེ་ཉིས་བརྒྱའ་རྦལ་བཏགས་(91)ཏེ། རྒྱབ་དུ་ཐལ་བ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེའྀ་ནང་དུ་ལོ་ངམ་གྱྀས་བརྒལ་ཏོ། །བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནས་དུ་དྲངས་ན། ལོ་ངམ་གྱྀས་མཆན་ནས་སྟེའུ་བྱུང་བས། །ལྡེ་བླ་གུང་རྒྱལ་(92)ནི་ཏི་ཙེ་གངས་རུམ་(93)དུ་འཕང་སྟེ་གཤེགས་སོ། །བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་བརྒྱའ་(94)ཁ་སྤྲོད་གྱི་ནང་དུ་བཅུག་སྟེ་རྩང་ཆུའི་གཞུང་ལ་བཏང་ངོ་། །ཆབ་གཞུག་སེར་ཚངསུ་ཀླུ་འོད་དེ་བེད་དེ་རིང་མོའི་ལྟོར་གཤེགསོ། །སྲས་གཉིས་ཀྱང་ཤ་ཁྱི་དང་ཉ་ཁྱི་བཏགསྟེ་རྐོང་ཡུལ་དུ་སྤྱུགསྟེ་བཀྱེའོ། །འུང་གི་རྗེས་ལ་རྷྱ་མོ་རྷུལ་གཞི་ཁུགས་དང་། སྣ་ནམ་བཙན་བཞོང་རྒྱལ་གཉིས། །སྲིད་ཀྱི་ཁྱི་བོ་ཆེ་འོན་ཟུགས་ཡར་གྲགས་དང་། འཞང་གི་ཟུ་ལེ་མ་འཇང་དང་འོན་རྐུ་གཉིས་ཀྱི་སྤུ་ལ་དྲུག(དུག)བསྐུསྟེ། འཕྲང་པོའི་བྲག་གཡའ་པོ་འདའ་ནས། ཕོ་ལ་ལྟསུ་བལྟས་ན་ལྟས་བཟང་སྟེ། ཡུལ་མྱང་རོ་ཤམ་པོ་དྲང་དུ་ལྷགས་ནས། །ཐབས་ཀྱིས་བསྒྱུད་དེ། ཁྱིའི་སྤུ་ལ་དུག་ཡོད་པ་ད་ངའི་རྟ་རྫིས་ཁྲིད་ནས། ཁྱི་བཟང་པོ་ལོ་ངམ་གྱི་ལགིས་བྱུགས་པ་དང་། ངའི་རྟ་རྫིས་ཁྱིའི་སྤུ་ལ་དུག་བསྐུས་པས་ལག་པ་བྱུག་སྟེ་བསད་དོ། ། ཤ་བླན་ནོ། །འུང་གི་འོག་དུ་བཀྲགས་ཀྱི་བུ་ལྷ་བུ་རུ་ལ་སྐྱེས་ཕ་ཚན་དང་། ། རྷྱ་ཕ་ཚན་དུ་འཐབས་སོ། །རྷྱས་བཀྲགས་རབས་བཆད། དུད་སྣ་ཕོ་ལོ་(95)། །བཀྲགས་ཀྱི་ཆུང་མ་གཆིག་བྲོས་ཏེ། །ཕ་མྱིང་གི་ཡུལ་དུ་ཐར་ཏོ། །ལྟོན་བུ་ཁྱེར་ཏེ(96)སོང་བ་བྱུང་ངོ་། །བུ་སྤུས་ལ་འགྲེང་ནུས་ཙམ་ནས། །མ་ལ་མྱི་གང་བྱ་གང་ལ་རྗོ་བོ་ཡོད་ན་ངའི་རྗོ་བོ་གར་རེ། མྱི་གང་བྱ་གང་ལ། ཕ་ཡོད་ན་ངའི་ཕ་ག་རེ་ཞེས་ཟེར་ཏོ། །ང་ལ་སྟོན་ཆིག་ཅེས་མཆི་ན། །མའི་མཆིད་ནས། མྱིའུ་ཆུང་ཁ་མ་ཆེ་ཤིག། རྟེའུ་ཅུང་ཁ་མ་དྲག ང་མྱི་ཤེས་ཤེས་བྱས་ན། སྤུས་ཀྱི་བུ་ངར་ལེ་སྐྱེས་ཀྱི་མཆིད་ནས། ང་ལ་མྱི་བསྟན་ན་ཤིར་འགྲོ་ཞེས་བགྱིས་པ་དང་། མས་ཀྱང་གདོད་བསྟན་(97)ཏེ། ཁྱོད་ཀྱི་ཕ་ནི་རྷྱས་བསད་དོ། །ཁྱོད་ཀྱི་ཇོ་བོ་བཙན་པོ་ནི། །ལོ་ངམ་རྟ་རྫིས་བཀྲོངསྟེ། སྤུར་ནི་ཟངས་བརྒྱའ་མ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ། རྩང་པོའི་གཞུང་ལ་བཏང་ངོ་། །ཆབ་གཞུག་སེར་ཚངས་སུ། །ཀླུ་འོ་དེ་རིང་མོའི་ལྟོར་གཤེགས་སོ། །སྲས་མཆེད་གཉིས་ནི་ཤ་ཁྱི་དང་ཟ་ཁྱིར་བཏགསྟེ།

རྐོང་ཡུལ་དུ་སྤྱུགསྟེ་བཀྱེའོ། །འུང་ནས་སྤུས་ཀྱི་བུ་ངར་ལ་སྐྱེས་ཀྱི་མཆིད་ནས། ང་མྱི་རླགི་ནི་རྗེས་གཅོད། ཆུ་རླག་གི་ནི་དབྲེས་(98)ཚོལ་དུ་འགྲོ་ཞེས་མཆི་ནས། ཆསྟེ་སོང་ངོ། །རྐོང་ཡུལ་བྲེ་སྣར་དུ་སྲས་ཤ་ཁྱི་ཉ་ཁྱི་དང་མཇལ་ལོ། །ཀླུ་འོ་དེ་བེད་དེ་རིང་མོ་དང་ཡང་མཇལ་ལོ། །བཙན་པོའི་སྤུར་ཇི་འདོད་པས་བླུ་ཞེས་བྱས་ན། །གཞན་ཇི་ཡང་མྱི་འདོད། །མྱིའི་མྱིག་བྱ་མྱིག་ལྟར་འདུག་པ་འོག་ནས་འགེབས་པ་གཆིག་འདོད་ཅེས་ཟེར་ནས། །སྤུས་ཀྱི་བུ་ངར་ལ་སྐྱེས་ཀྱིས། །གནམ་མཐའ་བཞིར་བཙལ་ཀྱང་མྱིའི་མྱིག་བྱ་མྱིག་དང་མཚུངས་པ་འོག་ནས་འགེབས་པ་མ་རྙེད་ནས། བརྒྱགས་ཆད་ལྷམ་བུག(99)སྟེ། སླར་མའི་གང་དུ་འོངས་ནས། མྱི་རླག་གི་ནི་རྗེས་ཆོད། ཆུ་རླག་གི་ནི་དབྲེས་ཀྱང་རྙེད་དོ། །སྲས་ཤ་ཁྱི་ཉ་ཁྱི་དང་ཡང་མཇལད། ཀླུ་འོད་དེ་རིང་མོ་དང་ཡང་མཇལ་ན། སྤུར་གྱི་ཀླུད་དུ། མྱིའི་མྱིག་བྱ་མྱིག་དང་མཚུངས་པ་འོག་ནས་འགེབས་པ་གཆིག་འདོད་ཆེས་ཟེར་ནས་རྙེད་ཀྱིས། །ད་དུང་ཚོལ་དུ་འགྲོ་དགོས་ཀྱིས། །བརྒྱགས་ཐོག་ཤོག་ཅེས་མཆི་ནས་སོང་ངོ། །གང་པར་འཕྲུན་གྱི་འོག་དུ་ཕྱིན་ན། །ཆོ་མྱི་བྱའི་བུ་མོ་ཞིག་ཡུར་བ་བྱེད་པའི་གང་དུ་སོང་ན། བུ་ཁུ་ལྗོ་(100)ན་འདུག་པ་ཞིག མྱི་བྱ་མྱིག་དང་མཚུངས་པ་འོག་ནས་འགེབས་པ་གཆིད་འདུག་ནས། དེ་བླུ་ན་ཇི་འདོད་ཅེས་མ་ལ་དྲིས་ན། མ་ན་རེ་གཞན་མྱི་འདོད་ནམ་ནམ་ཞ་ཞར། བཙན་པོ་རྗེ་དབྱལ་ཞིག་ནོངས་ན། ཐོར་ཏོ་འཕྲེན་མོ་ནི་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནི་བཞགས(101)། བཙན་པོའི་སྤུར་ལ་ནི་འཚོག(102)། མྱི་ལ་འཕྲོག་ཕོམ་(103)། ཟས་ལ་ནི་ཟ་འཐུང་། དེ་ལྟར་བྱ་འམ་གྱི་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད་མཐོའ་བཚད་(104)། དམ་བགྱིས་ཚིག་བགྱིས་ནས། །ཆོ་མྱི་བྱའི་བུ་མོ་ཁྲིད་དེ་སོང་ངོ་། །ཀླུ་འོ་འི་དེ་རིང་མོའི་ལྟོར་(105)སྤུར་གྱི་ཀླུད་དུ་བཅུག་སྟེ་བཏང་ངོ་། །ཉ་ལྷ་གཉིས་ཀྱིས་བཙན་པོའི་སྤུར་བཟུང་ངོ་། །གཡང་ཏོ་བླ་འབུབས་ཀྱི་མགུར་དུ་(106)བང་སོ་བརྩིགསོ། །གཅུང་ཉ་ཁྱི་ནི་ཡབ་ཀྱི་མདང་གཏོང་ངོ་། །གཅེན་ཤ་ཁྱི་ནི་ཡབ་ཀྱི་སྐུ་མཚལ་གཉེར་(107)དུ་གཤེགསོ། །ཉ་ཁྱི་ནི་རྐོང་དཀར་པོ་ལགསོ། །དམག་སུམ་སྟོང་སུམ་བརྒྱ་ཞིག་དང་ཆསྟེ་གཤེགས་སོ། །མཁར་པྱིང་བར་གཤེགས་སོ། །ཡུལ་ཡབ་ཀྱི་རྗེ་མྱི་བཞུགས་ན། པྱི་འབྲོག་གདེངས་(108)པྱོལ་པྱོལ་(109)གྱི་ཆའོ། །དོག་ཡབ་ཀྱི་ཆར་མ་མཆིསྟེ། ས་འོན་བུ་(110)སྤུར་(111)ཁོག་ཁོག་ཅེས་གསུངས་སོ། །མེན་པ་འཕྲེང་པའི་ལ་འདའ་སོ། །ཏིང་སྲོབ་རོང་རིངས་འདའས་སོ། །བ་ཆོས་གུང་དང་དུ་གཤེག་སོ། །མྱང་རོ་ཤམ་པོར་གཤེགས་ན། །ལོ་ངམ་ཕོ་བརྒྱའ་ནི་ཟངས་བུ་(112)བརྒྱའ་གླད་ལ་ཕུབ་ནས་ལྕེབསོའོ། །ལོ་ངམ་མོ་བརྒྱའ་ནི་སླང་བྲང་ལ་བཆར་ཏེ་ངོག་གོ(113)། མྱང་རོ་ཤམ་པོ་ཕམ་བོ། །འགྲེང་ནི་བཙོན་དུ་བཟུང་། །དུད་ནི་མནངསུ་བཆད་ནས། །བ་ཆོས་གུང་དང་དུ་གཤེགསོ། །མགུར་འདི་ཞེས་གསུངསོ། །

འ་བ་ཉི་ཉེ་པས་ཉིད

བྱ་རོ་རོ་ན་མདུང་གི་རྩེ་རང་ནི།

ཡོས་རོ་རོ་ན་ལྟམ་གྱི་གོང་ར་ནིག།

བརླའ་བརྡུངས།

སྤུར་བཏབ།

འོབ་དེ་མྱེད་སྤུ་དེ་མྱེད།།

ཅེས་གསུངས་སོ། །སླར་པྱིང་བ་སྟག་རྩེར་གཤེགས་སོའོ། །ཡུལ་ཡབ་ཀྱི་རྗེ་རུ་གཤེགས་སོ། །ཡུལ་པྱི་འབྲོག་གདེངས་མྱི་པྱོལ་གྱི་ཆ་འོ། །དོག་ཡབ་ཀྱི་ཆབ་མཆིས་ཀྱིས། །ས་འོན་བུ་སྤུར་མྱི་ཁོག་གི་ཆ་འོ། །དེ་ཞེས་མགུར་གསུངསོ། །སྒྱེད་པོ་འོག་གསུངས་ནས། །ཟངས་རྡོ་བླ་ནས་ཕབ་སྟེ། །རྗེ་རུ་གཤེགསོ། །བཤོས་ན་ནི་སྤུ་དེ་གུང་རྒྱལ། གྲོངས་ན་ནི་གྲང་མོ་གནམ་བསེའ་བརྩིག འགྲེང་མགོ་ནག་གི་རྗེ། དུད་རྔོག་ཆགས་(114)ཀྱི་རྐྱེན་དུ་གཤེགསོ།།

ལེའུ་ལྔ་པ། འོ་ལྡེ་སྤུ་རྒྱལ་པའི་བློན་པོ་རྩམ་ཅན་རིམ་བྱུང་།  

བཙན་པོ་ལྡེ་པྲུ་པོ་གནམ་གཞུང་རྩན་གྱི་རིང་སླན་ཆད། བློན་ཆེ་བགྱིས་པའི་རབས་ལ། །གནའ་ཐོག་མ་འདའར་ཀྱི་བུ་སྟོང་དང་རྗེས་བྱས་ཏེ། འཛངས་ལ་དཔའ་འོ། །གློ་བ་ཡང་ཉེ་འོ། །དེའི་འོག་ཏུ་རྔེགས། །དུད་ཀྱི་རྗེས་བྱས་ཏེ། དཔའ་ལ་འཛངསོ། །དེའི་འོག་དུ་ཁུ་ལྷ་བོ་མགོ་གར་གྱིས་བྱསྟེ། དགྲ་ལ་དཔའ་ཞིང་སྙིང་ཤེས། །མྱིག་རྣོ། །དེའི་འོག་དུ་ལྷོ་ཐོང་འབྲིང་ཡ་སྟེངས་ཀྱིས་བྱསྟེ། པྱིའི་དགྲ་ཐུབ། །ནང་གི་ཁབ་བསོ་མཐོའ། །དེའི་འོག་དུ་རྔེགས་ཐང་ཡོང་ཐང་རྗེས་བྱསྟེ། །དཔའ་ཞིང་འཛངསོ། །དེའི་འོག་དུ་གནུབས་སྨོན་ཏོ་རེ་སྤུང་བརྩན་གྱིས་བྱས་ཏེ། སྙིང་ཤེས་མྱིག་རྣོ། དེའི་འོག་དུ་མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བྱས་ཏེ། དཀུའ་ཆེད་པོ་བྱས་ནས། །ཁོ་ནའི་སྲིང་མོ་མཐོན་མྱི་ཟ་ཡར་སྟེང་། །དུག་བསྐུར་ཏེ་བཏང་བ་ལས། །མོ་ན་དུག་(115)འཐུངས་ནས། བཙན་ནུ་བཀུམ་བ་ལགསོ། །དེ་འི་འོག་དུ་སྣ་ནམ། །འབྲིང་ཏོག་རྗེས་བྱས། །དེའི་འོག་དུ་གནུབས་ཁྲི་དོ་རེ་མཐོང་པོས་བྱས། དེ་འི་འོག་དུ་བནུབས་ཁྲི་དོག་རྗེ་གཙུག་བློན་གྱིས་བྱས། དེ་འི་འོག་དུ་གནུབས་མཉེན་ཏོ་རེ་ངན་སྣང་གིས་བྱས། །དེ་འི་འོག་དུ་ཤུད་བུ་རྒྱལ་ཏོརེ་ང་མྱིས་བྱས་ཏེ། འདི་ཡན་ཆད་ཀྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་(116)དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ། །མྱི་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ། །དེའི་འོག་དུ་མོང་ཁྲི་དོ་རེ་མང་ཚབ་ཀྱི་བྱསྟེ། འཛངས་ཀྱི་ཚད་ནི། །རྩན། །བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ། དཀུའ་ཆེད་པོ་(117)བློད་པའ་འི་ཚེ། དེང་ཕོ་ཉ་ཞིག་རིངས་པར་འོང་བ་སྙམ་གིས། ཕོ་ཉ་འི་ལན་མྱུར་དུ་བགྱི་འཚལ་ཞེས་མཆི་ནས། །

པོ་ཉ་འི་ལན་ཇི་ལ་མ་རག་པར་བྱས་པ་ལས། །འིང་གི་རྗེས་ལའ། །ཕོ་ཉ་མཆིས་ནས། །གསོད་བྱ་མྱི་དགོས་པར། སྔར་སུག་ལས་བགྱིས་ལགསྟེ། འུང་ཙམ་མོ། །དེའི་འོག་དུ། མགར་ཁྲི་སྒྲ་འཛི་རྨུན་གྱིས་བྱསྟེ། འཛངས་རྒྱ་དང་ལྟག་བརྙན་ནི། །འདྲོན་པོ་རྨྱི་གསུམ་འགྲོགས་ཏེ་འགྲོ་ན། །འདྲོན་པོ་ཐོག་མའི་སྙིང་ལ་འདི་སེམས། །བར་མ་འི་སྙིང་ལ་འདི། །སེམས། ཐ་མའི་སྙིང་ལ་འདི་སེམས་ཤེས། །གྲོགས་་པོ་ལ་གཏམ་བྱས་པ་དང་། བདེན་ནམ་བརྫུན། འདྲོན་པ་གསུམ་ཁ་བཀལ་ཏེ་རྨས་ན། ཁྲི་སྒྲ་འཛི་རྨུན་མཆི་བ་བཞིན་མེད་དེ། འཛངས་ཀྱང་ནི་དེ་ཙམ་མོ། །དེ་འི་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ། །བཙན་པོ་ཡབ་ཁྲི་སློན་བཙན་དགུང་དུ་གཤེགས། །སྲས་ཁྲི་སྲོང་བརྩན་གྱི་རིང་ལ། །མྱང་མང་པོར་རྗེ་ཞང་སྣང་གིས། །སུམ་ཁམས་ཐམས་ཤད་འབངས་སུ་དགུག་པར་བཀའ་སྩལ་ཏོ། །མྱང་མང་པོ་རྗེ་ཞང་སྣང་གིས། །འཛངས་ཀྱི་བློ་སྒྱུ་གཉིས་ཀྱིས། །མྱི་རྟ་གཉིས་ཚེགས་མ་བྱུང་བར། དཔྱའ་ཕབ་ལུག་རྟུག་གི་སྤུ། ། ལྕེ་ཐོར་ཏོ་ལ་བརྗོད་དེ། འབངས་གཉུག་མ་(118)བཞིན་དུ་བཀུག་ལྟེ་འུང་ཙམ་མོ། །དེ་འི་འོག་དུ་མགར་མང་ཞམ་སུམ་སྣང་གིས་བྱས་སོ། །མང་ཞམ་སུམ་སྣང་དང་། ཁུ་ཁྲི་སྙ་དགྲུ་(དགུའ)ཟུང་གཉིས། རལ་གྱི་དང་བརྡའ་པྲད་ཆེས་བགྱིསྟེ། གནའ་བཙན་པོ་འབྲོ་མཉེན་གྱི་རིང་ལ། །མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བློན་ཆེ་བགྱིས་པ་ན་ཡང་། གློ་བ་རིངས་པར། མགར་མང་ཞམ་སུམ་སྣང་རལ་གྱི་དང་། བརྡའ་ཕྲད་ཏེ་ཚོར་བ་སྐད་དུ་བགྱིས་ཏེ། མཟུང་སྟེ་བཀྱོན་ཕབ་ན་ཡང་། གཤེད་མ་མང་ཞམ་སུམ། སྣང་གིས་བགྱིས་ཏེ། བཀུམ་ནས། །མགོ་བཆད་པ་ཐོག་ཆེས་བླངས་(119)ཏེ། སྣམ་པྲག་(120)དུ་བཙུག་ནས། །གོམ་པ་ལྔ་དྲུག་ཙམ་བོར་བ་དང་འགྱེལ་བ་སྐད་བྱ་འོ། །དེ་འི་འོག་དུ་ཁྱུང་པོ་སྤུང་སད་ཟུ་ཙེས་བྱས་པ་ལས། འོ་མལདེ་ལོད་བཙན་དང་རེགས་མ་མཇལ་(121)ནས། །མཁར་ཁྲི་བོམས་སུ་མཆིས་ཏེ། །ཁྲི་བོམས་དཀུའ་གང་པུབ་ནས། བཙན་པོ་སྲོང་བརྩན་སྟོན་མོ་གསོལ་བར་བྱས་ཏེ། གློ་བ་རིངས་པ། མགར་ཡུལ་ཟུང་གིས་ཚོར་ནས། རང་མི་མགོ་བཆད་དེ་གུམ་མོ། །སྤུང་སད་ཟུ་ཙེ་འཛངས་ཀྱང་ཀྱི་ཚད་ནི། །རྩིས་གྲ་(122)གསུམ་ཞལ་ཙེ་གྲ་བཞི་ཡང་རྣ་བས་ཉན་ཞིང་གཆོག མྱིག་མངས་གྲ་ཆིག་ཀྱང་ཟླ་ལ་རྩེ་ན། རྒྱལ། བྱ་པུག་རོང་ཁྱུ་གཆིག་ནས་ཁ་ལ་འཕྲུར་བ་ཡང་། གཆིག་གཉིས་གསུམ་བཞི་ལྔ་དྲུག་ཆེས་བགྲགས། བྱ་པྱིར་འཕུར་བ་ཡང་བགྲངས་པ་ལས། བྱ་ཆིག་མ་ཚང་ན། །ཁྲས་བསད་པ་འདྲའ་ལྟོས་ཤེས་མཆི་ནས། །མྱི་ཡོངས་ཀྱིས་བལྟས་པ་ལས། །བྱ་ཆིག་ཁྲས་བཀུམ་སྟེ། །སྤུང་སད་ཟུ་ཙེ་ལྟེ་བུ། ཚོར་སྐྱེན(123)ལ་དཀུའ་ཆེ། །སྙིང་འཛངས། མྱི་ཆིག་ལ་ཚོགས་དགུ་ཚོགས་ན། །ཟུ་ཙེ་ལྟེ་བུ་སུ་ག་ལ་ཡང་མྱེད་དོ། །དེ་འི་འོག་དུ་མགར་སྟོང་རྩན་ཡུལ་ཟུང་གིས་བྱས་སོ། །ཡུལ་ཟུང་རྒས་ནས། འོ་མ་ལྡེ་ལོད་བཙན་བཅུག་གོ རིང་པོ་མ་རག་པར་གྲོ་བ་རིངས་ནས་བཀུམ་མོ། །འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས་ནས། རྒས་ཏེ་གུམ་མོ། །སྐྱིན་བར་ཞང་ལོན་པྲ་མོ་དང་འབངས་ཀྱིས་དཔྱའད་(124)པ་ནི། དབའས་སུམ་སྣང་བཅུག་ཀྲང་ཞེས་དཔྱད་དོ(125)།།རྗེ་བློན་གསངས་སྟེ་བཀའ་བཏགས་པ་ནི། །བློན་ཆེ་འི་ལུགས་སློབ་པ་འོག་པོན། དབའས་སུམ་མང་གིས་བྱས་ཏེ། སུམ་སྣང་གུམ་ནས། །བློན་བཙན་སྙ་ལྡོམ་བུས་བྱས་སོའ། དེ་འི་འོག་དུ་ཁུ་མང་པོ་རྗེ་ལྷ་ཟུང་གིས་བྱས་སོ། །ལྷ་ཟུང་བཀྱོན་ཕབ་ནས། །དབའས་ཁྲི་གཟིགས་ཞན་ཉེན་གྱིས་བྱས་སོའ། །ལྷ་ཟུང་བཀྱོན་ཕབ་ནས། །དབའས་ཁྲི་གཟིགས་ཞན་ཉེན་གྱིས་བྱས་སོའ། །དེ་ནས་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་བྱས་སོ། །དེ་འི་འོག་དུ་དབའས་ཁྲི་སུམ་རྗེ་རྩང་བཞེར་གྱིས་བྱས་སོའ། དེ་འི་འོག་དུ་རྔེགས་མང་ཞམ་སྟག་ཚབ་གྱིས་བྱས་སོ། །དེའི་འོག་དུ་དབའས་སྟག་སྒྲ་ཁོང་ལོད་ཀྱིས་བྱས་ཏེ། བཀྱོན་ཕབ་ནས། །འགྲོ་ཅུང་བཟང་འོར་མང་གྱིས་བྱས་སོ། ། དེ་འི་འོག་དུ་འབལ་སྐྱེ་ཟད་ལྡོང་ཚབ་ཀྱིས་བྱས་སོ། །སྐྱེ་ཟང་ལྡོང་ཚབ་བཀྱོན་ཕབ་ནས། །དབའས་སྣང་བཞེར་ཟུ་བརྩན་གྱིས་བྱསོ། །དེ་འི་འོག་དུ་མགོས་ཀྲི་བཟང་ཡབ་ལག་གིས་བྱས་སོ། །དེ་འི་འོག་དུ་མཚིམས་ཞང་རྒྱལ་ཟིགས་ཤུ་ཏེང་གིས་བྱས་སོ། །བཀྱོན་ཕབ་ནས། འབྲོ་ཅུང་བཟང་འོར་མང་གྱིས་བྱས་སོ། །དེ་འི་འོག་དུ་འབལ་སྐྱེ་ཟད་ལྡོང་ཚབ་ཀྱིས་བྱས་སོ། དེ་ནས་ངན་ལམ་སྟག་སྒྲ་ཀླུ་གོང་གིས་བྱསོ། །དེའི་འོག་དུ་སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་གིས་བྱསོ། །དེའི་འོག་དུ་འབྲོ་ཁྲི་གཟུ་རམ་ཤགས་ཀྱིས་བྱསོ། །དེ་འི་འོག་དུ་དབའ་མང་རྗེ་ལྷ་ལོད་ཀྱིས་བྱས་སོ། །དེ་འི་འོག་དུ་འབྲོ་ཁྲི་སུམ་རྗེ་སྟག་སྣང་གིས་བྱས་སོ། །དེ་འི་འོག་དུ་དབའས་རྒྱལ་ཏོ་རེ་སྟག་སྙས་བྱས་སོ། །

 

དྲུག་པ། སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས། 

མཁར་པྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས་བཞུགས། །ཉེན་ཀར་རྙིང་པ་ནི་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། །སྤུར་བའི་ཡུ་སྣ་ན་ནི། །ཟིང་པོ་རྗེ་ཁྲི་བངས་སུམ་མཆིས། །འུང་ནས་ཟིང་པོ་རྗེ་སྟག་སྐྱ་བོ་ལྟ་ཞིག ཇི་ལ་ཡང་བ་ནི་ཉེས་པར་བཅུག་གོ། འཛངས་པ་སྙིང་ཉེ་བ། ལེགས་པའི་སྲིད་བྱས་བློ་བསྟན་པ་ནི་མྱི་ཉན། །མྱི་གཅམ་བུ་གསགི(126)ངོ་ཟ་རི་(127)བྱེད་པའི་ཚིག་ནི། །ཆེད་དུ་ཡང་ཉན་ཏོ། །མྱི་འདི་སྟེ་བུའི་ཡུས་བྱུང་ངོ། །མྱི་འཛངས་པ་དྲང་མཁྲང་བྱེད་པ་(128)དང་། དཔའ་བོ་ཆུ་གང་(129)བྱེད་པ་ལ་སྡང་སྟེ། རི་མོ་བསྐྱུངས་(130)། །མ་འོངས་པའི་ཆད་པ་ནི་ནན་ཆེ་འོ། །མྱི་མཁོའ་བ་འི་ལས་ཀྱི་སྣ་གྲངས་ནི་མངས་སོ། །འུང་ལྟར་ཟིང་པོ་རྗེ་སྟག་སྐྱ་བོ། །ཆོས་ལོག་ཆིང་སྲིད་གྱུར་པས། །རྗོ་བོ་ཉེས་དགུ་བྱེད་པ། མྱི་ཆིག་གིས། མཐོང་ཡང་། ཉེས་པའི་བློ་གདབ་(131)དུ་མ་འོས་པའི་ཆད་པ་ནན་ཆེས། ཚིག་དྲག་གིས། །ཇི་ག་སུས་ཀྱང་བློ་གདབ་མ་ཕོད་དོ། །རྗོ་བོ་ནི་བླ་ན་གཐུམ(132)མོ། །ཁོལ་པོ་ནི་འོག་ན་སྐྲག་གོ། །རྗོ་བོ་ནི་བླ་ན་སྨྱོ། །ཁོལ་པོ་ནི་འོག་ན་གྲམ་མོ(133)། ། གཆིག་ལ་གཆིག་སྙིང་མྱི་བརྟན་ཏེ། །ཐ་དད་དུ་སེམས་སོ། །ཇོ་བོ་ཟིང་པོ་རྗེ་ངན་ཞན་ཏེ། །ཇི་ལ་ཡང་ལོག་པ་གཤིན་པྱོགས་ཉེས་དགུར་བྱེད་པས། །ཡུལ་གྱི་སྲིད་ཀྱང་དམའས་སོ། །མྱི་ཡོངས་ཀྱང་རྗོ་བོ་ལ་འཁང་ངོ། །འུང་ནས་(134)ཟིང་པོ་རྗེ་སྟག་སྐྱ་བོ་འི་བློན་པོ། །མཉན་འཇི་ཟུང་ནག་པོས། །རྗོ་བོ་ལ་གསོལ་པའ། །རྗོ་བོ་ལ་ཡང་ལོག་པ་གཤིན་ཕྱོགས་མཛད་པས། །སྐོལ་(135)ཀྱི་སྲིད་ནི་སྲིད་དུ་མ་རུང་། ཆོས་(136)ནི་ཆོས་སུ་མ་རུང་སྟེ། ཡུལ་གྱི་མྱི་དབུལ། ཉམས་གྱི་སྲིད་དམའ་སྟེ། ན་མོ་(137)བརླག་ཟིན་ན་ཇི་ནོངས་ཤེས་གསལ།(གསོལ)ནས། འུང་ནས། ཟིང་པོ་རྗེ་སྟག་སྐྱ་བོ་ཉན་དུ་མ་རུང་སྟེ། འདི་སྐད་ཟེར་བ་ཉེས་སོ་ཤེས། །འཛི་ཟུང་བློན་པོ་ལས་པྱུང་ངོ་། །འུང་ནས་འཛི་ཟུང་མ་རངས་སྟེ། །ཟིང་པོ་རྗེ་ཁྲི་པང་སུམ་ལ་ལྟས་(138)ནས། །ནག་པོ་འཁུས་ཏེ། །སྐྱ་བོ་བསད། དྲེ་འུ་རྒྱལ་ཏེ་བསེའ་སྒ་མཆག་གོ། །

སྟག་སྐྱ་བོའི་ཡུལ། ཡུལ་ཡེལ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ། །ཟིང་པོ་རྗེ་ཁྲི་པང་སུམ་གྱིས། །འདུས་སོའ། །དེའི་དཀུའ་འགེལ(139)དུ་མཁར་སྡུར་བས་བཆད་དེ། ཀླུང་ཡ་སུམ་གྱི་སྨད། མཉེན་འཛི་ཟིང་གི་བྲན་དུ་དངར་ཏོ། །བྲན་གྱི་ས་རིས་(140)ཀྱི་ནང་དུ་། །མྱང་ནམ་ཏོ་རེ་ཁྲུ་གྲུ་དང་། སྨོན་ཏོ་རེ་ཅེང་སྐུ་སྤད་ཀྱང་། །འཛི་ཟུང་གི་བྲན་དུ་བཆད་དོ། །འུང་ནས། འཛི་ཟུང་གི་ཆུང་མ་པ་ཚབ་ཟས། །མྱང་བྲན་བྱེད་པ་ལ། །དྲེགས་བཀུར་ཏེ། །སྡིག་བསྣོལ(141)། སྟུ་བསྟན་ནས། མྱང་ཙེང་སྐུ་རངས་ཏེ། ཟིང་པོ་རྗེ་ཁྲི་པང་སུམ་ལ། །མཉན་གྱི་བྲན་བྱེད་མྱི་ཕོད་ཆེས་འཁངས་སྟེ་གསོལ་ཏོ། །ཟིང་པོ་རྗེ་ན་རེ། མཉན་འཛི་ཟུང་ལས་ང་ལ་སྙིང་ཉེ་མྱེད་པ་འི་བྲན་དུ།། ཁྱོན་(ཁྱོད)འདའ་མ་རན་པ་མྱེད(142)དོ། །རྗོ་མས་སྡིག་བསྣོལ་སྟུ་བསྟན་པ་བས། །ཁར་གླང་(143)ཡང་རྗོ་མོ་དབང་གིས། །ཉེས་པ་མྱེད་དོ་ཞེས་བསྒོ་(144)སྟེ། ། གསོལ་བ་མ་གནང་ངོ་། །འུང་གི་ཚིག་དེས་ཙེང་སྐུ་ཤིན་དུ་མ་རངས་སྟེ་ཡི་ཆད་དོའ། །འུང་གི་རྗེས་ལ། །ཟིང་པོ་རྗེ་འི་མངན་དབའས་བཤོས་ཏེ་ར་ཤུ་གུ་དང་། །གཤེན་ཁྲི་བཞེར་འདོན་ཁོང་གཉིས། །འཕྲེན་པའི་རྫིང་ཁར་འཐབས་ནས། གཤེན་ཀྱིས་དབས་བསད་དོ། །དབའས་ཀྱི་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ཟིང་པོ་རྗེ་ལ། ནུ་བོ་གཤེན་ཀྱིས་བསད་པའི་སྟོང་ཇི་གནང་ཞེས་གསོལ་ནས། །ཇིང་པོ་རྗེས། །གཤེན་ཁྲི་བཞེར་ཁོལ་ཚབ་ནང་བློན་བྱེད་པའི་ངོ་མ་ཚོད་(145)དེ། དགེ་བས་མྱི་དགེ་བ་བསད་ན། །བསད་དུ་ཟད་དོ་ཞེས་བསྒོའོ། །འུང་གི་ཚིག་དེས། ། དབྱི་ཚབ་ཤིན་ཏུ་མ་རངས་སྟེ་ཡི་ཆད་དོ། །འུང་ནས་མྱང་དབའས་གཉི་ཀའ་(146)ཡི་ཆད་དེ། །འགྲོགས་སྟེ་དོང་ངོ་། །དབྱི་ཚབ་ནི་སྔ། ཙེང་སྐུ་ནི་འཔྱི་སྟེ། །ཁྱིམ་དུ་དོང་ངོ་། །ཙེང་སྐུ་གཚིག་སུ་པྱི་ན་(147)ཚུར་སྨྲ་སྟེ། ཆབ་ཆབ་ནི་ཕ་རོལ་ན། །ཡར་ཆབ་ནི་ཕ་རོལ་ན། །མྱི་འི་ནི་མྱི་བུ་སྟེ། །ལྷའི་ནི་སྲས་པོ་བཞུགས། །རྗེ་བདེན་ནི་བཀོལ་དུ་དགའ། །སྒ་བདེན་གྱིས་ནི་བསྟད་དུ་དགའ། །ཞེས་སྙིང་ལ་སེམས་པ་ཁར་ཏོར་ཆེས་བྱུང་ནས། དབྱི་ཚབ་སྡུན་ན་འགྲོ་བའི་རྣ་བར་སྟངས་ཤེས་ཐོས་སྟེ། །དབྱི་ཚབ་ཀྱིས་ཚིག་དེ་ཏོག་ཆེས་བླངས་ནས། །ཙེང་སྐུ་ཁྱོད་ཟེར་བ་ལས་བདེན་བ་མྱེད་དོ།། ཁོ་བོ་ཡང་འདི་ལས་མ་རངས་པ་མྱེད་ཀྱིས། །ཁྱོད་སེམས་པ་དང་མྱི་འདྲའ་རེ་ཞེས་མནའ་བོར་རོ། །འུང་ནས། མྱང་དབའས་གཉིས་ཟིང་པོ་རྗེ་ལས་འཁུས་ཏེ། ། བཙན་པོ་སྤུ་རྒྱལ་ལ་གློ་བ་ཉེ་བར་བཟས་ནས། །མནའ་མཐོའ་ཡང་ཆེར་བཆད་དོ། །འུང་གི་འོག་དུ་དབའས་དབྱི་ཚབ་ཀྱིས། ཞང་པོ་མནོན་བཟང་ཏོ་རེ་སྲོན། བློ་ལ་བཏགས་(148)ཏེ། མནའ་མཐོའ་བཆད་པ་ལས། །བཟང་ཏོ་རེ་ཤི་ནས། །པུ་བང་སུམ་འདྲོན་པོ། །ཟིང་པོ་རྗེའི་ནང་ཀར་བྱེད་པ་བློ་ལ་བཏགསྟེ་མནའ་མཐོའ་བཆད་དོ། །མྱང་སྨོན་ཏོ་རེས་ཚེས་པོང་ནག་སེང་བློ་ལ་བཏགས་ཏེ། །མནའ་མཐོའ་བཆད་དོ། །འུང་ནས་མྱང་དབའས་མནོན་དང་གསུམ་གྱིས་ཚེས་པོང་ནག་སེང་ལས་པྲིན(149)ཀྱིས། སྤུ་རྒྱལ་སྟག་བུའི་སྙན་དུ་བོན་ནས་(150)། །བཙན་པོའི་ཞལ་ནས་ངའི་སྲིང་མོ་ཞིག་ཀྱང་། །ཟིང་པོ་རྗེ་འི་ག་ན་འདུག་མོད་ཀྱི། །ཀྱེད་ཟེར་བ་བཞིན་བྱ་འོ་ཞེས་བཀའ་སྩལ་ནས། །མྱང་དབའས་མནོན་དང་གསུམ། །བྲོ་ལེན་ཆིང་མཁར་པྱིང་བར་མཆི་སྟེ། །ཉིན་ཞིང་ནི་ཕན་ཚལ་གྱི་ཤིང་ཁུང་ན་སྐུག་སོ། །མཚན་ཞིང་ནི་པྱིང་བར་མཆི་སྟེ། །དབུ་སྙུང་བྲོ་མནའ་གཅོད་པའི་ཚེ། །ཡར་མྱི་འབངས་ཀྱིས་དཔྱད་པའ། །མྱི་བཟངས་ནི་རྟ་བཟངས་ཤིག ཉིན་ཞིང་ནི་ཕག་ཚལ་ན། །མཚན་ཞིང་ནི་པྱིང་བར་མཆིའ། །དགྲ་འམ་ནི་ཞིང་(ཟུན)ཅིའུ་ཞེས་དཔྱད་དོ། །འུང་གི་རྗེས་ལ། ཟོང་པོ་རྗེ་ལོ་(ལ)དྲ་མ་མ་དྲངས་པར་རྒྱལ་སྟག་བུ་དགུང་དུ་གཤེགསོ། །གདོད་མ་རྒྱལ་སྟག་བུའི་སྙན་དུ་ནི། །སྲིང་ཚེས་པོང་ནག་སེང་གིས་བགིས(བགྱིས)སོ། །དེ་ཚུན་ཆོད་ནི་ཚེས་པོང་ནག་སེང་གི་བྲན། སྤུག་གྱིམ་ཏང་རྨང་བུས་བགྱིས་སོ། །སྤུང་གྱིམ་ཏང་རྨང་བུ་བློ་ལ་བཏགས་ན། །གཉིད་ལོག་ན་བརྡོལ་གྱིས་དོགས་ནས། ཁྱོ་མོ་དང་མྱི་ཉལ་བར་རི་ལ་ཉལ་ཞིང་། ནུབ་རེ་མལ་རེ་འཕོའོ། །ཁྱོ་མོ་ལ་ཡང་ང་ལ་མཚན་གྱི་ཡུ་དགས་ཤིག་བབ་གྱིས། །གསང་ཐུབ་པར་གྱི་ཤིག་ཆེས་བཏམསོ། །འུང་ནས་ཇི་ཞིག་བྱེད་བྱེད་ནས། །ཁྱོ་མོ་དང་གཉིས་ཀ་འཐབ་སོ། །འུང་ནས་ཁྱོ་མོ་ན་རེ། །ཁྱོད་ལྟོ་བོ་(151)ཆེ་ལ། །རི་དགས་མ་བབ་ཀྱི། །ལྟོ་སྦྱོར་དུ་ངེས་སོ་ཞེས་བྱས་སོ། །འུང་ནས་དེའི་ནུབ་མོ་ནས་མོད་ལ་ངོ་བྱས་སྟེ། །མཛའ་ནས། དམུར་དམུར་(152)ཏེ་བཅད་ནས། །ཁྱོ་མོ་ཡང་ཤི་འོ། །འུང་གི་འོག་དུ་ཟིང་པོ་རྗེ་ལ་མ་དྲངས་པར། །གྱིམ་ཏང་རྨང་བུ་ནད་ཀྱིས་བཏབ་སྟེ་རབས་ཆད་དེ་ཤི་འོ།།

བདུན་པ། གནམ་རི་སྲོང་བཙན་གྱི་ལོ་རྒྱུས།།།བཙན་པོ་སློན་མཚན་དང་། སློན་ཀོལ་མཆེད་གཉྀས་ཀྱིས། མྱང་ཙེ་སྐུ་དང་།དབའས་དབྱྀ་ཚབ་དང་། དབའས་མྱེས། སྣང་དང་། དབའས་པུ་ཚབ་དང་།མནོན་འདྲོན་པོ་དང་། ཚེས་པོང་ནག་སེང་དྲུག བྲོ་སྩལ་པའི་ཚྀག་ནི། དེང་ཕན་ཆད། ཟིང་པོ་རྗེ་རྒྱབ་དུ་མྱྀ་དོར་རེ། སྤུ་རྒྱལ་པང་དུ་མྱྀ་ལེན་རེ། །བཙན་པོ་སྤུ་རྒྱལ་ལ་གློ་བ་འདྲྀང་(153)རེ། །མཐང་གྲང་རེ། མན་ངག་ཐུབ་པར་མྱི་འཚལ་རེ། པྱི་མ་ནང་འཚལ་རེ། སོམ་ཉི་བགྱིད་རེ། །བརྟུལ་ཕོད་པར་མྱྀ་འཚལ་རེ། །སྲོག་སྤོངས་(མྱི)འཚལ་རེ། །བཙན་པོ་སློན་བཙན་གྱིས། །བཀའ་ཇྀ་སྩལད་པ་བཞྀན་མྱི་ཉན་རེ། གཞན་སུས་བསླུས་ཀྱང་ཉན་རེ་བར་བྲོ་སྩོལ་ཏོ། །མྱང་ཙེང་ཅུང་དང་།མྱང་མུ་རྣམས་བྲོ་ལ་གཐོགསོ། །དེ་ནས་དགུང་ཐུས་བགོས་སྟེ། སླར་མཆིས་སོ། །གཅུང་སློན་ཀོལ་དང་། ཡུལ་སྟོང་ཙུན་གཉིས་ནྀ། །སླད་ན་ཡུལ་འཚོའ། །ཞྀང་བཞུགས་སོ། །བཙན་པོ་ཁྲི་སློན་བཙན་གྱིས། ཞབས་ཀྱྀས་བཙུགས་ཏེ། དམག་ཁྲི་དང་ཆསྟེ་དྲངས་སོ། །མྱང་ཙེང་སྐུ། །དང་། མནོན་འདྲོན་པོ་གཉིས་ནི། །སྟག་པ་ཤརུ་ལ་ཚུན་ཆད། །བྱ་གཆོད་(154)ཆིང་ཉན་རྣར་བཀྱེའོ་(155)། །དབའས་དབྱྀ་ཚབ་དང་། །ཚེས་པོང་ནག་སེང་གཉིས་ནྀ། །བཙན་པོ་འི་སྤྱན་འདྲེན་ནོ། །ཆུ་བོ་ནི་རབ་ཏུ་བཏོད་དོ། །དྲ་ལ་(156)ནྀ་དབྱེ་རུ་བཏྀང་ངོ་། ། མཁར་ཡུ་སྣ་ནི་ཕབ་བོ། །དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ། །མང་པོ་རྗེ་སུམ་བུ་ནྀ་དྲུ་གུ་ཡུལ་དུ་བྲོས་སོ། །ཕགི་ཡུང་བ་སྣ་མན་ཆད། རྐོང་བྲེ་སྣར་ཡན་ཆད། བཙན་པོ་ཕྱག་དུ་བོན་ཏོ། །བཙན་པ་ཁྲི་སློན་བཙན་གྱྀས། །བཀའ་སྩལ་ཏེ། །ཡུལ་ངས་པོ་ལས། །འཕན་ཡུལ་དུ་མྱྀང་སྤོས་སོ། །མྱང་དབའས་ཀྱྀས། །མཆིད་བླངས་པ། །གཟུས་ནྀ་ལྷ་བོན་ཏོ། །སློན་མཚན་སློན་ཀོལ། །གཟུས་(159)ནྀ་ལྷ་བོན་ཏོ། །སྲིན་བྱ་རྒོད་ཀྱིས་བཏགསྟེ། །ཚེས་པོང་ནག་སེང་གིས་བཏགས་སོ། །རྗེ་བདེན་གྱྀས་ནྀ་བཀོལ་ཏོ། །སྒ་བདེན་གྱྀས་ནི་བསྟད་དོ། །མྱྀ་སྨོན་རུམ་དུ་སྤུང་ངོ། །མཚེ་གཟུགས་(160)རུམ་དུ་འཁྲུངས་སོ། །དེ་ནས་ཡུལ་

ང་འི། །འབངས། །དབའས་དབྱྀ་ཚབ་ལ་སྩོགས་པས། །བཙན་པོ་འི་མཚན་གསོལ་པ། །ཆབ་སྲིད་གནམ་བས་མཐོ། །དབུ་རྨུག་རི་བས་བརྩན་ཏེ། །གནམ་རྀ་སློན་མཚན་དུ་བཏགསོ། །མྱང་དབའས་མནོན་དང་གསུམ་གྱིས། །ཟིང་པོ་རྗེའི་སྲིད། །བཙན་པོ་སྤུ་རྒྱལ་གྱི་ཕྱག་དུ་དངར་ཏོ། །དེ་ནས་གནམ་རི་སློན་མཚན་གྱིས་ཕྱག་ལྕག(161)གིས་དྲས་(162)ཏེ། །མྱང་ཙེང་སྐུའི་བྱ་དགའར། ། མཉན་འཛི་ཟུང་གི་མཁར་སྡུར་བ་དང་། བྲན་ཁྱིམ་སྟོང་ལྔ་བརྒྱའ་སྩལཏོ། །དབའས་དབྱི་ཚབ་ཀྱི་བྱ་དགའར། །ཟ་གད་གཤེན་ཀྱི་ཡུལ་ས་དང་། །མལ་ཏྲོ་ཕྱོགས་ནས་བྲན་ཁྱིམ་སྟོང་ལྔ་བརྒྱའ་སྩལ་ཏོ། །མནོན་འདྲོན་པོའི་བྱ་དགའར། ཁོ་ནའི་པུ་ནུ་པོ་མནོན་ལ་སྩོགས་པ་བྲན་ཁྱིམ་སྟོང་ལྔ་བརྒྱའའ་སྩལ་ཏོ། །ཚེས་པོང་ནག་སེང་གི་བྱ་དགའད་འོན་ཀྱི་སྨོན་མཁར་ནས། བྲན་ཁྱིམ་སུམ་བརྒྱའ་སྩལ་ཏོ། །མྱང་ཙེང་ཅུང་དང་། ཕ་སྤུན་པོ་མུ་གསེང་གཉིས་ནི་དཀུ་ལ་གཐོགས་སྟེ། དཀུ་རྒྱལ་(163)པའི་ནང་དུ་ཡང་གཐོགས་སོ། །དབའས་དབྱི་ཚབ་ཀྱི་ཚ་བོ། །སྟག་པོ་རྗེ་མྱེས་སྣང་དང་། མང་པོ་རྗེ་པུ་ཚབ་གཉིས་དཀུའ་རྒྱལ་ལ་གཐོགས་སོ། །ཚེས་པོང་ནག་སེང་གི་ནུ་བོ་ན་གུ་དཀུའ་རྒྱལ་ལ་གཐོགས་སོའ། །འུང་ལྟ་སྟེ། མྱང་དབའས་མཐོན་དང་གསུམ། ཚེས་པོང་སྲིན་དང་བཞིས། །གློ་བ་ཉེ་ནས། བྲན་ཁྱིམ་མང་པོ་དང་ཡུལ་ཆེད་པོ་སྩལ་ཏོ།། བཙན་པོའི་བློན་པོར་བཅུག་གོ།། རྒྱལ་པོ་འདིའི་རིང་ལ། །ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་(164)ཀྱི་རྗེ་བོ་མར་མིན་མགོ་མཆད་དེ། ། རྩང་བོད་ཁྱིམ་ཉི་གྲི། །བཙན་པོའི་ཕྱག་དུ་པུལ་ཏེ། །ཟུ་ཙེ་གློ་བ་ཉེ་འོ། །འུང་ནས། བཙན་པོ་སློན་བཙན་གྱིས། །རྩང་བོད་ཁྱིམ་ཉིས་གྲི། །ཟུ་ཙེ་གློ་བ་ཉེ་བ་འི་བྱ་དགའར་སྩལ་ཏོ། །འུང་གི་འོག་དུ་བཙན་པོ་མཆེད་གཉིས་ལ། །མོང་སློན་པོ་གློ་བ་རིངས་པ། ཟུ་ཙེ་གློ་མ་ཉེ་བས་དཀུའ་བེལ(165)ནས། བཙན་པོ་མཆེད་གཉིས་ཀྱི་སྐུ་ལ་མ་དར་པར་(166)།། མོང་སྔོན་པོ་བཀུམ་སྟེ།། ཟུ་ཙེ་གློ་ཉེའོ། །ཟིང་པོ་རྗེ་སྲིད་བརླག་པའི་བློ་ལའ་གཐོགས་ཏེ། ། ཟུ་ཙེ་གློ་ཉེ་འོ། ། འུང་གི་རྗེས་ལ་དགས་པོ་འབངས་སུ་མངའ་བ་ལས་ལོག་གོ ། འུང་ནས་རྗེ་བློན་ཡོངས་སུ་འདུས་ཏེ། དགས་པོ་ལྷ་དེ་དགུག་པའི་བཀའ་གྲོས་མཛད་ནས་དམག་པོན་སུས་བྱ་ཞེས་བློད་ན། སེང་གོ་མྱི་ཆེན་གྱིས། ཁོ་བོས་རྔོ་ཐོག་ཆེས་ཁས་བླངས་སོ། ། འུང་ནས་ཁྱུང་པོ་སྤུང་སད་ན་རེ།། ཁྱོ་འདྲའས་ (167)དམག་པོན་འོང་འམ། ། མྱི་འཛངས་པ་གོ།ཀྱེའུ་(168)ནང་དུ་མྱུང་བུ་(169)བཅུག་པ་དང་མཚུངས་ཤེས་བྱ་ན། ཁྱོ་འདའ་བཙན་པོའི་སྣམ་པྱི་པར་(170)བཀའ་སྩལ་ནས།། ལོ་དུ་མ་ཞིག་ལོན་ན།།འཛངས་རྔོ་ཐོག་གོ་ཞེས། ། མྱི་ཆིག་གིས། བསྟོད་“པ་ཁོ་བོས་མ་ཐོས་ན།། ཁྱོ་འདའས་མྱི་འོང་བ་ལ་བསྒྲེ་བསྒྲེ་(171)སྟེ། འབངས་ཆབ་འཚལ་བར་(172)མཆི་འོ། ། ཞེས་བྱས་སོ། ། མྱི་ཆེན་ན་རེ། མྱི་ཡོངས་ཀྱིས་ཁོ་བོ་ལ་སྙན་དུ་མྱི་བརྗོད་པ་ཡང་བདེན་ནོ། ། ཁོ་བོ་སྔོན་སྒྱེའུ་ནང་དུ་ཞུགས་ཀྱང་མ་ཞུགས། རྩེ་མོ་པྱིར་(173)མ་བྱུང་བ་ཡང་བདེན་ནོ། །ཁོ་བོ་སྔོན་སྒྱེའུ་ནང་དུ་ཞུགས་སུ་ཟིན་ན།། རྩེ་མོ་བས་ཡུ་བ་ཕན་ཆད་པྱུང་(174)སྟེ་སོང་ཟིན་ནོ། །འུང་གིས་དེང་ཐོ་བས་གསོལ་བ་ཡང་། ། སྔོན་ཇི་འི་ནང་དུ་ཡང་མ་ཞུགས་པས།གདོད་འཇུག་པར་གསོལ་བ་ཡིན་ནོ་ཞེས་བྱས་སོ། །འུང་ནས་བཙན་པོས་ཀྱང་།མྱི་ཆེན་གསོལ་བ་བཞིན་གནང་ནས། དགས་པོ་འབངསུ་དགུག་པའི་དམག་པོན་དུ་བཀའ་སྩལ་ཏོ།། འུང་ནས་མྱི་ཆེན་གྱིས། ། དགས་པོ་ལྷ་དེ་ལ་བརྒལ(175)ཏེ། ། དགས་པོ་ཡོངས་སུ་བཀུད་ཏེ། །མྱི་ཆེན་གྱི་བྱ་དགའར།གསེར་ཁུང་རེ་འུ་རྒལ་གྱི་མྱི་དང་འབྲོག་དུ་བཆས་ཏེ་སྩལ་ཏེ།། འབྲོང་ཆེ་པོ་དངུལ་གྱི་རྭ་མྱི་ཡོངས་ཀྱི་ཁ་ན་བརྗོད་ན། ། སོང་འགོ་མྱི་ཆེན་གྱིས། ། དགས་ཀྱི་བསེན་མཁར་ལ། ། མདུང་མོ་ཐབས་གཆིག་གིས། ། འབྲོག་མོ་ཐང་གང་ཐོབ། པྱོགས་རྔེག་སུམ་བརྩན་སྐྱ་བོ་རེང་(176)གིས། དཔའ་བའི་པུལ་པྱིན་ན་(177)།།ཉིན་ཆིག་ལ་དགས་པོ་མྱི་བརྒྱའ་བསད་ཆེས་འུང་སྐད་དོ(178)།། འུང་གི་རྗེས་ལ། ། མྱང་སྨོན་ཏོ་རེ་གློ་བ་ཉེ་བའི་བུ། ། ཞམ་སྣང་བཙན་པོ་འི་ཞ་འབྲིང་སྣང་མ་པ་(179)འཚལ་ཞིང་མཆིས་སོ། །འུང་གི་རྗེས་ལ།ཞ བཙན་པོ་རྗེས་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་ལོ།། འུང་གི་ཚེ་ཁྱིམ་པོ་སྤུང་སད་ཀྱི་གླུ་བླངས་པའི་ཚིག་ལ།

མོན་ཀ་འི་ནི་སྟག་ཆིག་པ།

སྟག་བཀུམ་ནི་ཟུ་ཙེས་བཀུམ།

གུང་བཀྲོས་(180)ནི་པྱག་དུ་པུལ་(181)།

སླ་ལྭོ(182)ནི་ལྷེ་(ལྷོ)རྔེགས་(183)སྩལད།

རྩང་བྲང་ནི་ཡ་སྟོད་ཀྱི།

ཐང་པྲོམ(184)ནི་རྒོད་ལྡིང་བའ།།

རྒོད་བཀུམ་ནི་ཟུ་ཙེས་བཀུམ།།

རྒོད་གཤོག་ནི་པྱག་དུ་པུལ།།

གསབ་གསོབ་(185)ནི་ལྷོ་རྔེགས་སྩལད།།

ན་ནིང་ནི་གྱེ་ནིང་སྔ།།

ཏི་སེ་ནི་གངས་དྲུང་ནས།།

ཤ་དང་ནི་རྐྱང་བྱེར་བའ(186)།།

ཤམ་པོ་ནི་སྩ་ལ་བྱེར།།

དེ་རིང་ནི་སང་ལྟ་ན།།

ཤམ་པོ་ནི་གཉན་གྱི་རྩ།།

ཤ་རྐྱང་ནི་ཚས་མ་ཉན།།

ཤ་རྐྱང་ནི་ཚས་ངན་(187)ན།།

ཏི་སེ་ནི་གངས་ཀྱིས་བྲུན(188)།།

ན་ནིང་ནི་གཞེ་ནིང་སྔོན།།

མ་པང་ནི་མཚོ་འགྲམ་ནས།།

ངང་དང་ནི་དུར་བྱེར་བ།།

དང་ཀོ་ནི་མཚོ་ལ་བྱེར།།

དེ་རིང་ནི་སང་ལྟ་ན།།

དང་ཀོ་(189)ནི་ལྷའི་མཚོའ།།

ང(ང)དུར་ནི་ཚས་མ་ངན།།

ང(ང) དུར་ནི་ཚས་ངན་ན།།

མ་པང་ནི་མཚོ་འིས་བྲིན།།

ལྷོ་རྔེགས་ནི་འཕན་གྱི་སྣོན།།

སེ་ཁྱུང་ནི་འཕན་(190)གྱིས་བཏབ།།

སྔ་ན་ནི་འཕན་བ་ལ།།

ད་ཙམ་ནི་སྤྱན་ཡང་ཡས་(191)།།

དབུ་པྱིང་(192)ནི་གྲོ་བོ་(གྲེ་བོ)(193)ལ།

ཐ་མ་(194)ནི་གཡགིས་(195)བསྐྲོད།

ཟུ་ཙེ་ནི་སྩལ་ལགས་གྲང་(196)།།

ཀླུ་དེ་ཞེས་བླངསོ།། འུང་ནས་བཙན་པོའི་ཐུགས་ལ་དགོངས་པ། ། བློན་པོ་ལྷོ་རྔེགས་གཆིག་གིས་ལན་བླན་བར་ཐུགས་རེ་བ་ལས། སུས་ཀྱང་མ་བླན་ཏོ།། འུང་ནས་ཞང་སྣང་པེའུ་ཟུང་འབྲིང་པོ་བཆས་པ་ཙམ་ཞིག སྣང་མ་ལྟོམ་ཞིང་མཆིས་པ་ལ། ཁྱོད་ཕ་སྙིན(སྙིང་)ཉེ་བའི་བུ་ན། ། ཀླུ་ཤེས་སམ་ཞེས་རྨས་པ་དང་། ཞང་སྣང་གིས་མཆིད་འཚལ་ཞེས་གསོལ་ཏོ།། ཞང་སྣང་གིས་ཀླུ་བླངས་པ།།

ཀྱེ་ན་ནིང་ནི་གཞེ་ནིང་སྔ།།

ཆབ་ཆབ་ནི་ཕ་རོལ་ན།།

ཡར་ཆབ་ནི་ཕ་རོལ་ན།།

དགུ་གྲི་(197)ནི་ཟིང་པོ་རྗེ།།

ཉ་ལས་ནི་ཁམ་དུ་དཀོང་(198)(199)།

ཁམ་ལས་ནི་རྨེག་དུ་བཏའ(200)།།

སྐྱི་ནས་ནི་ཉ་འདོན་པ།

དབྱི་ཚབ་ནི་པངས་ཏོ་རེ།།

ཀླུམ་ན་ནི་ཚབ་(ཆབ)གཚོད་(201)པ།།

ཙེང་སྐུ་ནི་སྨོན་ཏོ་རེ།།

ཁུར་ར་ནི་རགས་ཐོགས་ཤིང་།།

དོག་གི་ནི་ས་སྐྱེད་པ།།

པང་སུམ་ནི་འདྲོན་པོ་ཞིག །

ཐང་ལ་ནི་རྩེ་བཆད་(202)ཆིང་།།

ཤམ་པོ་ནི་རྨེད་དུའ་བསྣན།།

ཡུ་སྣ་འི་ནི་མཁར་པབ་ཆིང་།།

པྱིང་བའི་ནི་སྣོན་དུ་བགྱིས།།

སྔ་(ན)ནི་མཐོ་བ་ལ།།

ད་ཙམ་ནི་དགུང་ལ་རེག

ངས་པོ་ནི་སྒང་དྲས་(203)ཤིང་།།

ཡར་མོ་ནི་ཁོལ་དུ་སྩལ།།

སྔ་ན་ནི་ཆེ་བ་ལ།།

ད་ཙམ་ནི་མཐའ་ཡང་ཡས།།

ལྷོ་རྔེགས་ནི་འཕན་གྱི་སྣོན།།

ལྡོང་ཏོང་ནི་འཕན་གྱིས་བཏབ།།

སྔ་ན་ནི་འཕན་པ་ལ།།

ད་ཙམ་ནི་འཔྱན་ཡང་ཡས་(204)།

ན་ནིང་ནི་གཞེ་ནིང་སྔ།།

ཕོ་མའི་ནི་འབྲོང་བཀུམ་པ།།

ལྷོ་ཤིང་ནི་སྨྱུག་མོ་རྒྱལ།།

ལྕགས་ཀྱིས་ནི་མ་དྲལ་ན(205)།།

སྨྱུག་གིས་ནི་རེ(206)མྱི་པུགས།།

རྒོད་ཀྱིས་ནི་མ་བསྒྲོན་ན།།

འབྲོང་ལ་ནི་རེ་མྱི་འི་འཛེན་(207)།།

ངས་པོ་ནི་ར་ཡུལ་གྱི།

ཀོམ་རྩེ་ནི་གཟིག་མོ་རྒྱལ།།

ཁབ་ཀྱིས་ནི་མ་པུག(208)ན།

རྒྱུས་ཀྱིས་ནི་རེ་མྱི་སྤུགས་(209)།

རྒྱུས་ཀྱིས་ནི་མ་དྲངས་ན།

ཀོམ་ཙེ་(210)ཉི(ནི)ཉིད་མྱི་འཇོ་(211)།།

ཞེས་གླུ་བླངས་ནས། ཚིག་དེས། བཙན་པོ་ཐུགས་བཉེ་སྟེ། མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་ཡང་རྡུལ་(རྔུལ་)གྱི་པུག་བུ་ཆུང་(212)སྩལ་ཏོ།།

 

 བརྒྱད་པ། བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས། སྟོད་ཆ།

འུང་གི་རྗེས་ལའ།། དབའས་ཕང་ཏོ་རེ་དབྱི་ཚབ་རྒས་ཏེ། ཉི་མ་འདེ་ཞིང་མཆིས།། བཙན་པོ་ཁྲི་སྲོང་བརྩན་ཉེན་ཀར་ནས། སྐྱི་ལུང་དུ་གཤེགས་ཀར། ཕངས་ཏོ་རེ་དབྱི་ཚབ་གྱིས།། བྲིན་སྙ་དོ་རེ་གཙུག་བློན་ལས་གསོལ་ཏེ། །གནའ་ཟིང་པོ་རྗེ་རྒྱབ་དུ་བོར། ། སྤུ་རྒྱལ་ཕང་དུ་ལེན་ལེན།། ཆབ་སྲིད་ཆུར་(213)ནི་བསྲིངས། ཞེང་དུ་ནི་བསྐྱེད་བསྐྱེད་ན།། མྱང་གིས་སྲིད་མ་ཐུབ་སྟེ།། བཀྱོན་ཕབ་ནས། ། བདག་ཆག་སྤད་མཚན་(214)། བླར་གློ་བ་མ་རིངས། ། མཐང་མ་གྲང་ཞིང་མཆིས་ན།། ད་རོ་ལས་བལྟས་ན་ནི་ཉམ་ཆུང་།། རྨ་ལས་བལྟས་ན་ཕོག་སྙ(215)ཆེ་ཞིང་མཆིས་ན།། བདག་རྒན་པོ་ཙམ་ཞིག་མ་གུམ་པར། ། དབུ་སྙུང་ཁུད་པ་ཙམ་གསོལ།། བདགི་བུ་ཚ་བྲོ་ཁུད་པར་སྩལ་པར་ཇི་གནང་།། བཙན་པོ་ཡབ་ནི་བདགི་མཆིས་བྲང་དུ་གདན་བཏིང་ཡང་གནང་ན། ། ད་ཤུལ་ཡོགས་སུ་(216)ལ་མོ་ཆག་པ་པྲུམ་(217)དུ་ཕྱག་ཐབ་ཙམ་ཞིག་གསོལ(218)དུ་ཇི་གནང་ཞེས་གསོལ་ནས། དེ་ཙམ་ན་མྱང་དང་ཅོག་རོ་སྟོད་རིམས་ལ་བཀྱོན་དབབ་པར་བགྱིས་སྟེ།། ཁྲ་ཁྲུག(219)……རྗེས་ལ་བབ་ནས།། གསོལ་དགུང་ཡང་གནང་སྟེ།། བཙན་པོ་ཞ་སྔ་ནས།། བཀའ་སྩལད་པའ།། མྱི་དྲིན་……མྱི་ནི་སྙིང་མྱི་གཆད།། རྟ་ལྟེ་འུ་རྟ་ནི་སྒལ་མྱི་དབྱུང་།། སྔ་ན་ངའི་ཡབ་ཀྱི་རིང་ལ།། འབྲིང་ཐོ་རེ་སྦུང་བརྩན་དང་།། ཕངས་ཏོ་རེ་དབྱི་ཚབ་དང་ཁྱེད་གཉིས།། ཆབ་ཕ་རོལ་ཚུ་རོལ་གྱི།། གུང་བློན་འཚོལ་ཆིག་པར་དགོད་དགོད་(དགོང་དགོང་)པ་ལས། འབྲིང་ཏོ་རེ་སྦུང་བསྩན་ནི་ཤི།། ཁྱོད་ནི་རྒས་སྟེ་ཉི་མ་འདེར་གནང་སྟེ་བཞག མྱང་ཞང་སྣང་བློན་ཆེར་བསྐོས་ཏེ་བཞག་ན།། ཡབ་ནོངས་ནས། མྱང་གིས་ཀྱང་གློ་བ་རིངས་སྟེ། བཀྱོན་ཕབ་པའ་ཡིན་ནོ།། ད་ཁྱེད་དབའས་ཕ་ཆིག་ནི།། གདོའ་ཐག་གཉིས་སུ།། གློ་བ་མ་རིངས་པོས།། ལ་མོ་ཆག་པ་པྲུམ་དུ་པྱག་ཐབ་ཀྱང་གསོལ་ཆིག། དབུ་སྙུང་ཡང་གནང་ངོ་ཞེས་བཀའ་སྩལ་ཏོ།། ལ་མོ་ཆག་པ་པྲུམ་དུ། རྩང་(220)ཕྱེད་པུབ་སྟེ། པྱག་ཐབ་གསོལ་ཏོ།། སྐུ་རྟེན་དུ་ཁྲབ་བསེའ་སྣ་བཅུ་དང་། ལྡོང་པྲོམ་(221)གྱི་རལ་གྱི་མདོར་ཅོད(222)གཉིས་གསོལ་ཏོ།། བཙན་པོས་དབུ་སྙུང་ཡང་གནང་ངོ་།། དབའས་དབྱི་ཚབ་སྤུན་མཚན་བདུན་ཡང་བྲོ་སྩལ་ཏོ།། བཙན་པོས་བཀའ་སྩལད་པ།། དབྱི་ཚབ་གློ་བ་ཉེ་བས།། གུམ་ན་མཆད་(223)ཕྱག་དར་(224)པོ་བརྩིག་པར་གནང་རྟ་ནི་བརྒྱའ་དགུམ་བར་གནང་།། བུ་ཚ་གང་རུང་བ་གཆིག གསེར་གྱི་ཡི་གེ་མྱི་ཆད་པར་སྩལད་པར་བཀའ་སྩལ་ཏོ།། བཙན་པོ་ཞ་སྔ་ནས།། མགུར་བླངས་པའ།།

ཡར་མོ་(225)ནི་ཆུ་ཐུངས་ཀྱིས།།

མདོ་ནས་ནི་རྩང་བུ་བསྲིང་།།

ཡར་མོ་ནི་ཞེང་ཆུངས་ཀྱིས།།

ལྷོ་ནས་ནི་བྱང་དུ་བསྐྱེད།།

འཐམ་འཐམ་(226)ནི་འདུ་འདུ་ན།

ངག་རྗེས་(227)ནི་མྱིས་མྱི་བརྗོད།།

འགྲོ་འགྲོ་ནི་འཆམ་འཆམ་ན།།

ཆགས་ལྷམ་ནི་ཆུས་མྱི་སྣང་།།

ཁྱོད་གྱིས་ནི་ང་མ་གཏང་(228)

ང་འིས་ནི་ཁྱོད་མྱི་གཏང་།།

ང་འིས་ནི་ཁྱོད་མྱི་གཏང་།།

ད་འིས་ནི་ཁྱོད་གཏང་ན།།

དགུང་མཐའ་ནི་སྲུང་དུ་རུང་།།

ཁྱོད་ཀྱིས་ནི་ང་གཏང་ན།།

ངས་པོ་(229)ནི་རྨད་དུ་རུང་།།

ཞེས་བཀའ་སྩལ་ཏོ།། དེ་ནས་དབའས་དབྱི་ཚབ་ཀྱིས་མཆིད་བླངས་པ།།

བཚན་དུ་ནི་བདག་འཚལ་ན།།

ཆུང་ན་ནི་རྗེ་ཁུར་ཆིག །

པྱག་དུ་ནི་བདག་འཚལ་ན།།

ལྷ་རི་ནི་གཡང་སྐྱོང་(230)ཤིག

རྗེ་འིས་ནི་བཀའ་སྩལ་ན།།

གཞའ་མ་(231)ནི་ཡུད་ཀྱི་སྲིད།།

བྱ་འིས་ནི་ཞུ་པུབ(232)ན།།

ལ་པྱི་ནི་གདངས་(233)སུ་དྲོ(234)།།

ཞེས་མཆིད་བླངས་ནས།། སླད་མཚན་བདུན་གྱིས་གཏང་རག(235)ཆེད་པོ་བཏང་ངོ་། ། དབུ་སྙཡང་གནང་བའི་གོར་མ་པྱག་དུ་བོན་པ་ནི།། རྒྱལ་འབྲིང་ལན་ཏོན་གྱིས་བླང་སྟེ་པྱག་དུ་གསོལ་ནས།། གོར་མ་དཀར་པོ་དངོས་ནི།། དབྱི་ཚབ་ཀྱི་མཆད་པའི་རྨང་དུ་བརྩིགས་སོ།། ཞང་ལོན་ཞ་བྲིང་དུ་བྲོ་འདོར་འདོར་བ། ཁུ་ཁྲི་དོ་རེ་སྨྱང་ཞུང་དང་། གནུབས་སྙ་དོ་རེ་གཙུག་བློན་དང་། རྔེགས་རྒྱལ་འབྲིང་ལན་ཏོན་དང་། ཚེས་པོང་ཁྲི་བཙན་ཁོང་སྟོ་དང་། འོ་མ་ལྡེ་ཁྱི་བཟང་ལོད་བཙན་དང་། ཁུ་སྨོན་ཏོ་རེ་ཕངས་ཚབ་དང་། རྗེ་བློན་བདུན་གྱིས་དེ་ལྟར་དབུ་སྙུང་གནང་ངོ་།། དབུ་སྙུང་གནང་པའི་ཚིག་ནི། ད་པྱིན་ཆད་ཁྱེད་སྤད་མཚན་གྱིས།། བཙན་པོ་སྤུ་རྒྱལ་གྱི་ཞ་སྔར། གློ་བ་མ་རིངས་མཐའང་མ་གྲང་ན།། ནམ་ནམ་ནམ་ནམ། ཞ་ཞ་ཞ་ཞར(236)ཡང་། དབྱི་ཚབ་གྱི་བུ་ལ་མ་ཉེས་པར་བཀྱོན་དབབ་རེ་(237)། འཕྲའ་མ་(238)མྱི་ནག་གསན་རེ།། འཕྲའ་མ་ཞིག་གསན་ན་ཡང་། ཤགས་བྱ་སྟེ་ཡུས་བཀྲོལ(239)ནས།། བཀའས་མྱི་གཆད་རེ།། དབྱི་ཚབ་ཀྱི་བུ་ཚ་ལ་ལ་ཞིག་གིས།། མ་བསམས་སྟེ་སྙིང་རིངས་ན་ཡང་།། གང་སྙིང་རངས་པ་ཉི་ཙེ(240)འི་སྒོར་མྱི་བཀྱོན་རེ།། གཞན་བྲོ་ལ་མ་གཐོགས་པ་རྣམས་ལ། བཀྱོན་རེ།། ཕག་དང་མཚུངས་མཚོན་གྱིས་མྱི་དགར་རེ།། བྱ་དང་མཚུངས་ཁྱུས་བདའ་རེ།། མ་ཉེས་པ་ཞིག་གིས་རྔོ་ཐོག་ན།། བསྐྱུང་རེ་སྨད་རེ།། དབྱི་ཚབ་ཀྱི་བུ་གཆིག་ལ། གསེར་གྱི་ཡི་གེ་ལས་སྨད་རེའ། ཁོལ་ཡུལ་ཡང་མ་ཉེས་པར་དཔྲོག་རེ།། སྙིང་མ་རིངས་པར་རབས་ཆད་ན། ཁོལ་ཡུལ་བཞེས་རེའ།། ཁྱེད་གློ་བ་རིངས་ན་དབུ་སྙུང་ལ་མ་གཐོགས།། ཁྱེད་ཀྱིས་ཁོལ་ཡུལ་ཞིག་བརྗེས་སམ་པུལ་ན།། དམུ་སྙུང་ལ་མ་གཐོགས།། ནམ་ནམ་ནམ་ནམ། ཞ་ཞ་ཞ་ཞར། སྲས་དཔོན་གྱི་ཞ་སྔར་འདི་བཞིན་དུ་གནང་ངོ་།། དབྱི་ཚབ་སྤད་སྤུན་(241)བྲོ་སྩལད་པའ། བཙན་པོ་སྤུ་རྒྱལ་ཁྲི་སྲོང་བརྩན་ཡབ་སྲས་དང་གདུང་རྒྱུད་ལ། གློ་བ་འདྲིང་རེ། ནམ་ནམ་ཞ་ཞར་ཡང་། དབོན་སྲས་རྒྱལ་པོ་གང་མཛད་པ་ལ། གློ་བ་འདྲིང་རེ། གཞན་མྱི་འོ་ཆོག་ལ་རྗོ་བོ་ལྷག་པ་ཚོལ་རེ།། གཞན་གློ་འདྲིང་བར་སེམས་པ་དང་བློད་(242)རེ།། ཟས་ཀྱི་དོན་བཞག་པ་དང་། དུག་བསྲེ་རེ། བཙན་པོ་ཁྲི་སློན་བཙན་ལ། ངག་སྣ་ཆིག་འཚལ་རེའ།། བདགི་ཕུ་མ་ནུ་དང་། བུ་ཚ་ལ་ལ་ཞིག་གིས།། སྙིང་རིངས་སུ་བྱེད་ན།། སྙིང་རིངས་སོ་ཞེས་ཀྱང་མྱི་འཐོལ་(243)རེའ། པུ་ནུ་སྙིང་རིངས་པའི་གྲོགས་བྱེད་རེ།། བཙན་པོ་ལ་གཞན་ཞིག་སྙིང་རིངས་པར་ཚོར་ན་ཡང་། མྱི་འཐོལ་རེ།། པུར་མྱི་མ་ནོངས་པ་ལ།། འཕྲའ་མ་དང་འཔྲག་དོག་མཆི་རེ།། སྤོན་དུ་བཅུག་ནའ། འབངས་སོ་ཆོག་ལ་སྙིང་སྙོམས་པར་མྱི་འཚལ་རེ།། བཙན་པོས་བཀའ་ཇི་སྩལད་པ་གཟུངས་སུ་མྱི་འཛིན་(244)རེ་ཞེས་བྲོ་སྩལད་ཏོ།། བྲོ་བོར་བ་ནི་དབྱི་ཚབ་དངོས་དང་། བུ་བ་སེ་དོ་རེ་ཉ་སྟོ། སྣང་ཏོ་རེ་སུམ་སྣང་། ཁྲི་སུམ་རྗེ་ཆུང་། མང་རྗེ་བཙན་ཟུང་།། ཚ་བོ་སྟག་ཁོ་རྗེ་མྱེས་སྣང་། མང་པོ་རྗེ་པུ་ཚབ་དང་བདུན་གྱིས་བྲོ་བོར་རོའ།།

ལེའུ་དགུ་པ།  བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས།  བར་ཆ། 

། ། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་།མཛོ་སུམ་པ།། ཉག་ཉྀ། དགས་པོ།། རྐོང་པོ།། མྱང་པོ་ཀུན་ཀྱང་ལོག།། ཡབ་གནམ་རྀ་སློན་མཚན་དུག་བོན་ཏེ་བཀྲོངས་སོ།། སྲས་སྲོང་བརྩན་སྐུ་གཞོན་མ་ཕན་ཏེ།། གཟོད་མ་དཀུའ་བ་(245)དང་། དུག་པ་རྣམས་རབས་བཆད་དོ།། དེ་འི་རྗེས་ལ། དེ་འྀ་མྱི་ལོག་ཀུན་འབངསུ་སླར་བཀུག་གོའ། འུང་གྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གྀས། སུམ་པ་མཐའ་དག་དམགིས་གདབ་མྱི་དགོས་པར། ལུག་རྟུག་(246)གིས་སྒྱུ་ཕབ་སྟེ། ལྕེའྀ་ཐོར་ཐོ་ལ་བརྗོད་ནས། ཁྱྀམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་(247)བཀུག་གོ།། འུང་གྀ་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ། བཟང་(བྱང་)ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས་དཔྱའ་གཙལ་(གཅལ)ལོ།། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ།། འུང་གྀ་འོག་དུ་བཙན་པོ་སྲོང་བརྩན་དང་། མང་པོ་རྗེ་ཞང་སྣང་རྗེས་འབངས་ཀྱི་བར་དུ། ཁྱུང་པོ་སྤུང་སད་ཀྱིས་འཕྲའ་མ་བཅུག་སྟེ། བཙན་པོ་ཞ་སྔར། ཞང་སྣང་གློ་བ་མྱི་འདྲྀང་དུ་ནི་འདྲིང་ཞེས་གསལ་(གསོལ)ཏོ།། ཞང་སྣང་ལ་བཙན་པོ་མྱི་བཀྱོན་དུ་བཀྱོན་ཞེས་བྱས་སོ།། འུང་ནས། ཞང་སྣང་གྀ་གློ་བ་ལ།། ཁྱུང་པོ་སྤུང་སད་བདག་དང་ཤག་རག་པོ་(248)སྟེ། སྤུང་སད་ཟེར་བ་བདེན་སྙམ་ནས། བཙན་པོ་འི་བཀའ་བྱུང་ན་ཡང་། ན་(མ)ཞེས་བྱ་སྟེ། མཁར་སྤུར་བ་ཡང་བསྡིགས་སོ།། འུང་ནས་ཞང་སྣང་གི་བྲན། པ་ཚབ་གྱིམ་ཕོ་འཁུ་(249)སྟེ། ཞང་སྣང་བརླག་གོ།། མཁར་སྡུར(སྤུར)བ་ཡང་བཤིག་གོ།། འུང་གི་འི་འོག་དུ།། ཁྱུང་པོ་སྤུང་སད་ཟུ་ཙེས།། མྱང་ཞང་སྣང་བཙན་པོ་ལ་གློ་བ་རིངས་པ། ཟུ་ཙེ་ས་དཀུའ་བེལ་ཏེ། ཞང་སྣང་བཀུམ་སྟེ།། ཟུ་ཙེ་གློ་བ་ཉེ་འོ།། བཙན་པོའི་བློན་པོའི་ནང་ན།། ཁྱུང་པོ་སྤུང་སད་ཟུ་ཙེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ་།། ཟུ་ཙེ་འཛངས་ཤེ་ན་འཛངས།། དཔའ་ཞེ་ན་དཔའ་འོ།། ཆུ་གང་ཆེ་ཞེ་ན་ཆེ།། ཡང་བ་རིང་(250)ཞེ་ན་རིངོ་། མྱི་ཆིག་ལ་ཚོགས་དགུའ་ཚོགས་ན།། སྤུང་སད་ཟུ་ཙེའོ།། འུང་གི་འོག་དུ། བཙན་པོ་འདིའི་རིང་ལ་ལྟ་ཞིག ། རྒས་ཏེ་ཉི་མ་འདེར་གནང་ངོ་།། བཙན་པོ་ཞ་སྔར་ཁྱུང་པོ་སྤུང་སད་ཀྱིས་གསོལ་པའ། ། སྔོན་བཙན་པོའི་ཡབ་གནམ་རིའི་རིང་ལ།། བདགིས་རྩང་བོད་འབངས་སུ་བཀུག་པ་ལྟ་ཞིག ཡབ་ཀྱིས་སྤྱན་གྱིས་མ་གཟིགས། ཞབས་ཀྱིས་མ་བཆགས་ན།། བཙན་པོ་སྲས་ཀྱིས་སྤྱན་གྱིས་གཟིགས།། ཞབས་ཀྱིས་བཆག་སྟེ།། བདགི་སྡུམ་པ་(251)ཁྲི་བོམ་སུ། །དགྱེས་སྐྱེབས་སྟོན་མོ་གསོལ་དུ་ཇི་གནང་ཞེས་གསལ་(གསོལ)ནས།། བཙན་པོས་སྤུང་སད་གསོལ་བ་བཞིན་གནང་སྟེ།། མགར་ཡུལ་ཟུང་ཕོ་བྲངས་འདྲིང་བཀའ་སྩལ་ནས།། ཡུལ་ཟུང་ཁྲི་་བོམས་སུ་མཆིས་ཏེ། བརྟགས་ན།། དཀུ་གང་པུབ་པར་ཡུལ་ཟུང་གིས་ཚོར་ནས།། ཡུལ་ཟུང་སླར་བྲོསྟེ་བཙན་པོའི་སྙན་དུ་གསོལ་ཏེ།། ཡུལ་ཟུང་སླར་བྲོས་པའི་རྗེས་ལ།། ཁྱུང་པོ་སྤུང་སད་ལྕེབསྟེ་གུམ་ནས། མགོ་བཆད་དེ།། བུ་ངག་རེ་ཁྱུང་བསྐུར་ནས།། སྐུར་མཁར་པྱི་བར་མཆིས་སོ།།བཙན་པོའི་སྙན་དུ་ངག་རེ་ཁྱུང་གིས་གསོལ་པའ།། བདགི་ཕ་རྒས་ཀྱི་ལ་གར།། བཙན་པོའི་སྔར་གློ་བ་རིངས་ནས། ཚམས་བསྡལ་(252)བར་ཆད་པའ།། མགར་ཡུལ་ཟུང་ལ་འཐོར་བར་བགྱིས་པ་ལས། ཡུལ་ཟུང་གིས་ཀྱང་ཚོར་ཏེ། ཡུལ་ཟུང་ནི་སླར་མཆིས།། བདགིས་ཕ་བཀུམ་ནས།། མགོ་བཆད་དེ་མཆིས་ན། སྲིད་མྱི་བརླག་པར་ཇི་གནང་ཞེས་གསོལ་ཏོ།། བཙན་པོ་ཁྲི་སྲོང་བརྩན་གྱིས་ཀྱང་།། ངག་རེ་ཁྱུང་གིས་གསོལ་པ་བཞིན་གནང་སྟེ།།སྲིད་མ་བརླགོ།།

བཅུ་པ། ཏུན་ཧོང་གཏེར་ཡིག་ལས་སྲོང་བཙན་སྒམ་པོའི་ལོ་རྒྱུས།  སྨད་ཆ།

རྒྱལ་འདྀ་འི་རིང་ལ།  ཞང་ཞུང་ལྟེ་བུ།  གཉེན་གྱྀ་ཡང་ངོ་།  །  འཐབ་ཀྱྀ་ཡང་སྐལ་ཏེ།  །  ཞང་ཞུང་བདག་དུའ།  ། བཙན་མོ་སར་མར་ཀར།  ། ལྀག་མྱི་རྷྱ་ལ་ཆབ་སྲྀད་ལ་གཤེགས་སོ།  །  སྔ་ན་ཤུད་ཀེ་ཟ་རྩལ་ཐྀང་ཤགས་མཆིས་སྟེ།  ། བཙན་མོ་དང་མྱི་བནལ་བར། ། ལྀག་མྱི་རྷྱ་ལ་ཤུད་ཀེ་ཟ་རྩལ་ཏིང་ཤགས་གནང་སྟེ།  ། བཙན་མོ་ཡང་ལྀག་མྱི་རྷྱ་འྀ་སོ་ནམ་དང་བུ་སྲྀད་མྱི་མཛད་ཆིང་ཤྀག་ན་བཞུགས་པར་། འདིར་དྲལ་གྱྀ་སྙན་དུ་གདའ་སྟེ། །

བཙན་མོ་དེ་ལྟར་ལོག་པ་བགྱྀས་ན། ། ཆབ་སྲིད་ཀྱྀ་དཀྲུགས་མ་བགྱིད་པར། ། ལྀག་མི་རྷྱ་འྀ་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས། ། སྤུག་གྱིམ་བརྩན་རྨང་ཅུང་བཀའ་སྩལ་ཏེ། ། མཁར་ཁྱུང་ལུང་དུ་མཆིས་ན། ། བཙན་མོ་མྱི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང་། མཚོ་མ་པང་དུ་གཤེགས་ནས། རྨང་ཅུང་མ་པང་དུ་མཆིསྟེ། ། བཙན་མོ་ཞ་སྔར་པྱག་བགྱྀས་ན། བཙན་མོ་ཞལ་ནས། བཙན་པོ་དྲལ་གྱྀ་ཞ་སྔ་ནས། ཐུགས་བདེ་འམ་མྱི་བདེ་ཞེས་བཀའ་སྩལ་ཏོ། ། ཐུགས་བདེ་ཞེས་གསོལ་ཏོ། ། རྨང་ཆུང་གློ་བ་བདེ་འམ་མྱི་བདེ་ཞེས་རྨས་ན། ། གློ་བ་བདེ་ཞེས་གསོལ་ཏོ། །འུང་གྀ་རྗེས་ལ། བཙན་པོ་དྲལ་གྱིས་བཀའ་འདྀ་ཞེས་སྩལ་ཏོ་ཞེས་གསོལ་ཏོ། །བཙན་མོ་ཞལ་ནས། ། རྨང་ཅུང་། བཙན་པོ་དྲལ་གྱི་ཞལ་དང་འདྲའ་སྟེ། མགྲོན་གྱིས་པྱག་ལ་འཚོལ་ཆིག་ཆེས་པྱག་ལ་སྩལ་ནས། ། རྗེས་ལ། རྨང་ཅུང་མཆིད་ཕྱག་བགྱིས་པ་ལས། ། བཙན་པོ་དྲལ་ལ། བཀའ་ལན་ཡྀ་གེར་གསོལ་བ་ནྀ་ཆང་མ་མཆིསོ། བཙན་པོ་དྲལ་གྱི་ཞ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་གློ་བ་དགའ་ཞིང་མཆིས་སོ། བཙན་པོས་བཀའ་སྩལ་པ་ནྀ། གུམ་ཆད་གཉིས། རྔོ་ཇྀ་ཐོག་གིས་འཚལ་ཞིང་མཆིས་སོ། ། བཙན་པོ་འི་པྱག་དུ་འདྀ་པུལ་ཆིག་ཆེས། ཞུ་གཡག་ཞུ་གཆིག་པྱག་རྒྱས་བཏབ་ནས་བསྐུར་རོ། ། གྱིམ་བརྩན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས། མགུར་བླངས་པའྀ་ཚིག་ནི་འདྀ་ཞེས་མཆི། པྱག་རྒྱས་བཏབསྟེ་སྐུར་བ་འདྀ་ལགས་ཤེས་གསོལ་པ་ལས། ཞུ་པྱག་རྒྱ་པྱེ་སྟེ། གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། ། བཙན་པོ་དགོངས་དགོངས་ནས། ཡུ་བུས་ལིག་མྱྀ་རྷྱ་ལ་རྒོལ་ཕོད་ན་ནྀ་གཡུ་ཐོགས་ཤིག། ། རྒོལ་མ་ཕོད་ན་ནི་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། ། རྗེ་བློན་བློད་དེ། ། ལྀག་མྱི་རྷྱ་འྀ་སྲིད་བརླག་གོ། །

༄ ། ། རྒྱལ་འདྀ་འི་རིང་ལ། ། ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ། ཆབ་སྲིད་མཛད་ནས། ། ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་རྷྱ་སྲིད་བརླག་བརླག་སྟེ། ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ། ། བླ་ན་རྗེ་སྒམ་ན། ཁྲྀ་སྲོང་བརྩན། འོག་ན་བློན་འཛངས་ན་སྟོན་རྩན་ཡུལ་ཟུང་། རྗེ་ནྀ་གནམ་རི་པྱྭ་འྀ་ལུགས། བློན་པོ་ནི་ས་འྀ་ངམ་ལེན་གྱི་ཚུལ། མངའ་ཐང་ཆེན་པོ་འི་རྐྱེན་དུ། ཇྀ་དང་ཇིར་ལྡན་ཏེ། པྱི་འི་ཆབ་སྲིད་ནྀ་པྱོགས་བཞྀར་བསྐྱེད། ། ནང་གྀ་ཁ་བསོ་ནི་མྱི་ཉམས་པར་ལྷུན་སྟུག། ། འབངས་མགོ་ནག་པོ་ཡང་མཐོ་དམན་ནྀ་བསྙམས། དཔྱའ་སྒྱུ་ནྀ་བསྐྱུངས།  དལ་དུ་ནྀ་མཆིས། སྟོན་དཔྱིད་ནྀ་་་་་་་་་བསྐྱལ། ། འཁོར་བར་ནྀ་སྤྱད། འདོད་པ་ནྀ་བྱིན། གནོད་པ་ནྀ་པྱེ། བཙན་པ་ནྀ་བཅུགས། སྡོ་བ་ནི་སྨད། འཇིགས་པ་ནྀ་མནན། བདེན་པ་ནྀ་བསྙེན། འཛངས་པ་ནྀ་བསྟོད། དཔའ་བོ་ནྀ་བཀུར། སྨོན་པར་ནྀ་བཀོལ། ཆོས་བཟང་སྲིད་མཐོ་སྟེ། ། མྱྀ་ཡོངས་ཀྱིས་སྐྱིད་དོ།། བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། ། བཙན་པོ་འདི་འྀ་ཚེ་བྱུང་ནས། ། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། ། བློན་པོ་འི་རིམ་པ་དང་། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་། ལེགས་པ་ཟིན་པ་འྀ་བྱ་དགའ་དང་། ཉེ་ཡོ་བ་འི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། ། བཙན་པོ་ཁྲྀ་སྲོང་བརྩན་གྱི་རིང་ལས་བྱུང་ངོ་། མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ། །

བཅུ་གཅིག་པ། བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་གི་ལོ་རྒྱུས།  

བཙན་པོ་ཁྲི་འདུས་སྲོང་།། སྐུ་ཆུང་ནས་གཞོན་གྱིས་ཀྱང་།། ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒོག་དུ་བཅུག སྟགི་རྣ་བ་བཟུང་བ་ལ་སྩོགས་པའ།། ཐུགས་སྒམ་པའི་སྟེང་དུ། སྐུ་རྩལ་ཆེད་པོས་བསྣན་སྟེ། མྱི་དང་མྱི་འདྲའ་བར་འཕགས་པས།། ཉི་ངོག་རྒྱལ་པོ་ཐམས་ཆད་དང་། འབངས་མགོ་ནག་ཕྱོགས་ཀྱི།། མཚན་བླ་དགས་འཕྲུལ་གྱི་རྒྱལ་པོ་ཞེས་བཏགསྟེ། བཀའ་མཆིད་ཀྱི་དཔེར་བརྗོད་དོ།། མགར་ལ་སྩོགས་པ་བློན་པོ་ཁ་ཆིག་གློ་བ་འདྲིང་ན།། ཐུགས་སྒམ་པ་དང་།། དམུ་རྨོག་བརྩན་པོས་གཉེར་ནས།། གློ་བ་རིངས་པ་ཐམས་ཆད་བཀྱོན་ཕབ་སྟེ།། ཕྱག་ན་ཆབ་སྲིད་སྔོན་བས་ཀྱང་མཐོ།། དྲུ་གུ་ལ་སྩོགས་སྟེ་ཉི་ངོག་གཞན་འབངས་སུ་བཀུག་ཅིང་། དཔྱའ་ཕབ་པ་དང་། མཁར་སྲ་བ་ཕབ། ཡུལ་ཕྱུག་པོ་བཅོམ་སྟེ་ཆབ་སྲིད་ལེགས་པ་མང་པོ་ནི་འདིའི་ནང་དུ་མ་གཐོགས།། འུང་གི་འོག་དུ་འཇང་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ། མྱྭ་ནག་པོ་འབངསུ་བཀུག་པ་ལ་སྩོགསྟེ། རྒྱལ་པོ་འདི་ལས། དམུ་རྨོག་བརྩན་ཞིང་། ཆབ་སྲིད་མཐའ་སྐྱེས་པ་སྔན་ཆད་གདུང་རབས་ཀྱིས་མ་མཛད་དོ།།

བཅུ་གཉིས་པ། བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་ལོ་རྒྱུས།

བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་རིང་ལ།། རྗེད་གཤིན་(253)ཆིས་(254)འཇམ་སྟེ། མྱི་ཡོངས་ཀྱིས་སྐྱིད་དོ།། བློན་ཆེ་སྟག་སྒྲ་ཁོང་ལོད་དང་། རྗེ་བློན་མོལ་ནས།། རྒྱལ་པོ་ཞབས་ཀྱིས་བཙུགས་ཏེ།། དེ་ཙམ་ན་རྒྱའི་སྲིད་ཆེས་ནས། བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ།། ཏ་ཟིག་ལ་ཐུག་པ་མན་ཆད་རྒྱའི་ཁམས་སུ་གཐོགས་སྟེ།། རྒྱའི་ནོར་མང་པོ་སྟོད་ཕྱོགས་སུ་འདོན་པ་རྣམས།།ཀྭ་ཅུ་ན་ཚོགས་བྱས་པ་ལས།། ཐམས་ཆད་བོད་ཀྱིས་ཕབ་སྟེ་བཞེས་པས།། བླར་ཡང་དཀོར་མང་པོ་བརྙེས་(255)།། འབངས་མགོ་ནག་པོས་ཀྱང་། རྒྱ་དར་བཟང་པོ་ཁྱབ་པར་ཐབ་པོ།། ལྷོ་ཕྱོགས་ཀྱི་སྨད་ན་འཇང་དུམ་མྱྭ་དཀར་པོ་ཞེས་བྱ་བའི་རྒྱལ་པོ་སྡེ་མི་ཅུང་བ་ཞིག་འདུག་པ།

རྒྱལ་པོ་ཐུགས་སྒམ་པོའི་རླབས་དང་ཐབས་ཀྱིས་བཀའ་སྩལ་ཏེ། མྱྭ་འི་རྒྱལ་པོ་ཀག་ལ་བོང་ཞེས་བྱ་བ། འབངས་སུ་པྱག་འཚལ་ནས། ཐབས་གཅུང་སྩལཏེ། མྱི་མང་གི་སྣོན་བཏག ཡུལ་ཆེའི་ནི་འདབ་བསྐྱེད་དོ།། (འ)ཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་པས། རྒྱའི་ཆབ་སྲིད་ལ་ཡང་ཤིན་དུ་དམའ་ཞིང་། མྱི་བདེ་བར་བྱས་སོའ།། འཇང་མྱྭ་འི་རྒྱལ་པོ་ལྟ་ཞིག་རྒྱ་ལ་ལྟ་ལྟ་བ་ལས།། རྒྱ་རྗེས་དགྲར་བླངསྟེ།། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར་བློ་བ་ཉེ་ནས།། རྒྱ་ཡུལ་ཕབ་ཀྱིས་ནི་ཡུལ་དང་།། མཁར་དུ་བཆས་ཏེ་ཕུལ།། གཡུལ་སྤྲད་ཀྱིས་ནི།། རྒྱ་བཙོན་ལུག་(256)ལྟར་བསྐྱངས་སོའ།། འུང་ནས། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར།། ཕང་དང་གི་ཁང་མོ་ཆེར།། ཀག་ལ་བོང་གི་བློན་པོ། དྭན་ཅུང་ཀོག་ཕྱག་འཚལ་བའི་ཚེ།། བཙན་པོ་རྗེ་འབངས་ཀྱིས་མགུར་བླངས་པའི་ཚིག་ལ།།

བཅུ་གསུམ་པ། ཏུན་ཧོང་གཏེར་ཡིག་ལས་ཁྲི་སྲོང་ལྡེ་བཙན་གྱི་སྐོར།

བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱྀ་རིང་ལ། ། ཆོས་བཟང་སྲྀད་ཆེ་སྟེ། རྒྱལ་པོ་ནྀ་གནམ་ས་གཉྀས་ཀྱི་བར་ཡུལ་དུ་བརྣམ་ཞྀང་། ། འགྲེང་དུད་གཉིས་ཀྱྀ་རྗེ་དང་བདག་མཛད་པ་འྀ་གཙུག་ལག་ཆེན་པོ། མྱྀ་འི་དཔེར་རུང་བར་མཛད་དཱོ། ལེགས་ཀྱི་བྱ་དགའ་ནྀ་རངས་པར་བྱིན། ཉེས་ཀྱྀ་ཆད་པ་ནྀ་དམྱིགས་སུ་ཕོག་པར་མཛད་དོ། ། འཛངས་པ་དང་དཔའ་བོ་འི་རི་མོ་བསྐྱེད་དོ། ། ངན་པ་མ་རབས་ནྀ་ཆིས་གྱིས་གསོས་སོའ། ། དེ་འྀ་ཚེ་བློན་པོ་སྲིད་བྱེད་པ་འྀ་རྣམས་ཀྱང་བློ་མཐུན་གྲོས་གཅིག་སྟེ། །  པྱྀ་འི་དགྲའ་བྱུང་བ་ལ། ། ཐབས་དང་ཡེ་མྱིག་ཆེར་བྱེད་། ནང་གྀ་ཆོས་བྱ་བ་ལ་དྲང་ཞྀང་འགྲུས་སུ་བྱེད། །འཕྲག་མྱྀ་དོག ། ཉེས་མྱྀ་བྱེད། ། དཔའ་འཛངས་གཉྀས་ནྀ་རླག་པ་བཞིན་བཙལ་ཏེ། འཛངས་པ་དཔཱ་བོ་ནི་ཆེ་ས་ཆུང་སར་བསྟོད་ནས། ས་ས་ཡུལ་ཡུལ་དུ་བཀོད་དོ། ། འབངས་འོག་མ་དལ་ཞྀང་ཡུལ་ན་འཁོད་པ་ནྀ། །འཛངས་དྲང་གཉྀས་སློབ་བཱོ། ། དམག་མྱི་སོ་ལ་འཁོད་པ་ནྀ་དཔའ་བའྀ་ཐབས་དང་། ། རྩལ་སློབ་བོ། ། བློ་སྒྱུ་གཉྀས་ཀྱི་རླབས་ཆེད་པོས་ཐུབ་པས། ། སྡང་དགྲའ་སྡོ་བ་ཡང་མྱེད་དོ། ། སངས་རྒྱས་ཀྱྀ་ཆོས་བླ་ན་མྱེད་པ་བརྙེསྟེ་མཛད་ནས། ། དབུས་མཐའ་ཀུན་ཏུ་གཙུག་ལག་ཁང་བརྩིགས་ཏེ། ཆོས་བཙུགས་ནས། ཐམས་ཤད་ཀྱང་སྙིང་རྗེ་ལ་ཞུགས་ཤྀང་དྲན་པས་སྐྱེ་ཤི་ལས་བསྒྲལ་ཏོ། ། གཡུང་དྲུང་དུ་བཏོན་ཏོ། ། རྗེ་བློན་མོལ་ཏེ། ཞང་མཆིམྶ་རྒྱལ་ཟྀགས་ལ་སྩོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ།

རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ། ། ལེགས་པ་ཞིན་པའི་བྱ་དགའ། གཡུའྀ་ཡི་གེ་ཆུ་ངུ་ནམ་ནམ་ཞར་ཞར་བྱིན་ནོ། ། དབའས་སྐྱེས་བཟང་སྟག་སྣང་གིས། །རྒྱ་འྀ་དམག་པོན་ཧོན་ཛེ་སངས་དང་། འགུའ་ལོག་སྒང་དུ་གཡུལ་སྤྲད་ནས། ། རྒྱ་མང་པོ་བཐུངས་སྟེ།  འགུའ་ལོག་རྒྱ་དུར་དུ་བཏགསཱོ། ། སྦྲང་རྒྱལ་སྒྲ་ལེག་ཟིགས་ཀྱིས་སྟོད། ཕྱོགས་སུ་དྲངསྟེ། མུ་ཡུངསུ་གཡུལ་བཟློག་ནས། ལུང་གྀ་རྒྱལ་པོ་ནུང་ཀོག་མན་ཆད་འབངས་སུ་བསྡུས། དབའས་བཙན་བཞེར་མདོ་ལོད་ལ་སྩོགས་པས། མཁར་ཚན་ཡན་ཆད་དུ་དྲངསྟེ། མཁར་ཅུ་པ་བརྒྱད་ཕབ་ནས། དོར་པོ་བཏོན་ཏེ་འབངས་སུ་བཞེས་སོ། །ཆབ་སྲྀད་ཆེ་སྟེ་ལོང་ཤན་ལ་རྒྱུད་ཡན་ཆད། །པྱག་དུ་བཞེས་ནས། མཐོང་ཁྱབ་ཁྲྀ་སྡེ་ལྔ་བཙུགས། བདེ་བློན་ཁམས་ཆེད་པོ་གཆིག་གསར་དུ་བསྐྱེད་དོ། ། བློན་ཆེ་སྣང་བཞེར་ཟླ་བརྩན་འཛངས་ཤྀང་མཁས་ལ། བཀྲའ་ཤྀས་ཤིང་ཁ་དྲོ་བས།ནོར་བུ་རིན་པོ་ཆེ་འི་ཡི་གེ་སྩལ་ཏོ། ། འབངས་ཀྱྀ་ནང་ན། དོར་ཏེ་པྱུག་ཚམས་སྟེ་འཛོམ་དཔའ་བ་འྀ་མཚན་མར། སྟགྀ་ཐོག་བུ་སྩལ་ཏོ། ། བཙན་པོ་འི་ཞ་སྔ་ནས། ཐུགས་སྒམ་པ་འྀ་རླབས་དང་། དབུ་རྨོག་བརྩན་པོ་འི་བྱིན་ཀྱིས། ཉི་ངོག་རྒྱལ་པོ་གཞན་དཔྱའ་ཕབ་པ་དང་། རྒྱལ་པྲན་འབངས་སུ་བཀུག་པ་ལ་སྩོགས་པ་པྱིར། །ཆབ་སྲིད་མཐཱ་བཞིར་བསྐྱེད། ནང་གྀ་བདེ་བ་ནྀ་སྙོམས་པར་མཛད་དེ། ། བོད་འབངས་ཀྱི་ནང་ནས་ཞོ་ཤ་འབུལ་འབུལ་བ་རྣམས་ཀྱང་།  ཡང་དག་པར་གཡུང་དྲུང་གྀ་བཀའ་དྲིན་མ་བྱིན་བ་མྱེད་དོ། ། བཙན་པོ་འདི་ལས་ཆབ་སྲིད་ཆེ་བ། སྔོན་ཆད་གདུང་རབས་ཀྱིས་མཛད་པ་ནྀ་མ་བྱུང་ངོ།  ། རྒྱལ་པོ་འདི་འྀ་རིང་ལ། འབྲོ་ཁྲྀ་གཟུའ་རམ་ཤགས་ཀྱིས། སྟོད་ཕྱོགས་སུ་དྲངསྟེ། ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་པོ། ། འུང་གྀ་འོག་དུ་མྱྭ་དཀར་པོ་འབངས་སུ་མངའ་བ་ལས། ། གློ་བ་རྀངས་པ་འྀ་ཚེ། དམག་ཕོན་འབྲོ་རམ་ཤགས་བཀའ་སྩལ་ནས། ། བྲག་རྩེན་ནོལ་ཐབས་བཀྱེ་བའི་ཚེ། །འཇང་མང་པོ་བཀུམ་ནས། ། སྤྱན་ཆེན་པོ་ཉིང་རིམ་དང་། སྣ་ལ་གཐོགས་པ་དང་། །དམངས་ཡན་ཆད་སུམ་བརྒྱའ་རྩ་བཅུ་གཉྀས་བཟུང་ནས། འཇང་རྗེ་གོལ་གྱིས་ཀྱང་པྱག་འཚལ་ཏེ། འབངས་རྣལ་མར་བཀུག་ནས། དཔྱའ་ཕབ་སྟེ་སྔ་མཁོ་བཞིན་དུ་བཀོད་དོ། །

ཡོང་ཁུངས། སུམ་པའི་རིག་གནས།

བརྒྱུད་སྐུལ།

མཆན་སྤེལ།