ཐོན་མི་སམ་བྷོ་ཊའི་མཚན་རྒྱ་ཡིག་ཏུ་ཇི་ལྟར་སྒྱུར་ཚུལ་ལ་དཔྱད་པ།

ཐོན་མི་སམ་བྷོ་ཊའི་མཚན་རྒྱ་ཡིག་ཏུ་ཇི་ལྟར་སྒྱུར་ཚུལ་ལ་དཔྱད་པ།

ཤེས་རབ་བསྟན་དར།

 

༄༅། ། མིའི་མིང་རྒྱ་ཡིག་ཏུ་སྒྱུར་དུས་དེའི་སྐད་སོར་བཞག་གིས་བསྒྱུར་ན་ལེགས་ཏེ།མི་མིང་ས་མིང་ཡུལ་དེར་བསྟུན་དགོས་ལ་ཡུལ་སྲོལ་གོམས་འདྲིས་ཀྱང་ཇི་བཞིན་དུ་བསྒྱུར་བ་ལས་རང་ཡུལ་དང་བསྟུན་ནས་བསྒྱུར་མི་རུང་།དཔེར་ན满拉ཆང་འཐུང་མི་རུང་ཞེས་པ་དེ་གྲྭ་བས་ཆང་འཐུང་མི་རུང་ཞེས་པར་བསྒྱུར་མི་རུང་ལ། 张秀ཞེས་པ་བཀྲ་ཤིས་སུ་བསྒྱུར་མི་རུང་།ལྷག་པར་ཡུལ་དེ་དང་ས་གནས་དེའི་མིང་བསྒྱུར་དུས་དེ་བཟང་ངན་གང་ཞིག་ཡིན་རུང་མཐོང་ཆུང་དང་དམའ་འབེབ་ཀྱིས་བསྒྱུར་ན་མི་རིགས་དེར་དམའ་འབེབ་བྱས་པ་ཡིན་པས་མི་རིགས་མཐུན་སྒྲིལ་ལ་གནོད་ཅིང་།རིག་གཞུང་གི་བརྩེ་དུང་ལ་གནོད།མི་མིང་སྒྱུར་དུས་སྒྲ་སོར་བཞག་དགོས་པ་སྨོས་མེད་ཡིན་རུང་།鲁迅 ཞེས་པ་ལོའུ་རྐུན་དང་།孔子ཞེས་པ་རྐུན་ཙི། 老子ཞེས་པ་གླེན་ཙི་ཞེས་བསྒྱུར་ན་ལོ་ཙ་བ་དེ་ཉིད་ཡ་རབས་སྤྱོད་བཟང་མིན་པའི་རྟགས་དང་།ཕྲག་དོག་དང་ཕྱོགས་ཞེན་གྱི་གདོན་གྱིས་བསླུས་པའི་རྟགས་ལས་གཞན་ཅི་ཡང་མིན།

 

བོད་ཀྱི་འགྱུར་ཡིག་དག་ལ་བལྟས་ན་དེ་ལྟ་བུའི་ལོ་ཙཱའི་ཐ་སྙད་ཅིག་མཐོང་རྒྱུ་མེད་ལ་རྒྱ་གར་གྱི་མི་མིང་ཡུལ་དེར་བསྟུན་ནས་སྒྲ་ཇི་བཞིན་སྔགས་ཡིག་ཏུ་བཀོད་ཡོད་ལ།ལ་ལ་དོན་སྒྱུར་བྱས་ཡོད།རྒྱ་ནག་དང་ཕྱི་གླིང་བའི་སྒྲ་སོར་བཞག་གིས་གོ་དོན་མི་ལྡན་པའི་ཐ་སྙད་ཀྱིས་བསྒྱུར་འདུག་པས་སྒྱུར་སྟངས་དེ་ལེགས་པོ་སྨོས་མ་དགོས།ཡིན་ནའང་།ཁོ་བོས་རྒྱ་ཡིག་གི་དཔེ་ཆ་འགའ་ལ་ལྟ་དུས།སྔོན་གྱི་ལོ་ཙཱ་བ་དག་གིས་མི་མིང་སྒྱུར་ཐབས་གོང་གི་ཐབས་དེ་ལ་བསྟུན་འདུག་ན་ཡང་།ད་ལྟའི་ལོ་ཙཱ་བ་འགའ་རེས་བོད་ཀྱི་མི་མིང་དག་སྒྱུར་དུས།སྒྲ་ཙམ་ཉེ་བའི་ཐ་སྙད་མི་ལེགས་པ་དག་ཆེད་དུ་བཀོལ་བ་མཐོང་བས་བདག་ལོ་ཙཱ་བ་དེ་དག་ཁོག་རྒྱ་དང་བསམ་བློ་ལ་ཧ་ལས་བྱུང་།

ལྷག་པར་ཐོན་མི་ཞེས་པའི་མིང་འདི་སྒྱུར་དུས།吞米དང吐米 土米སོགས་སུ་བསྒྱུར་བ་འདི་ཡི་མི་མུག་གམ།འདི་ནི་ཁོ་བོས་ལོ་ཙཱ་བ་དེ་དག་ལ་སྐྱོན་འདོགས་བྱས་པ་ཙམ་མ་ཡིན་པར་དེ་དག་གི་འགྱུར་ཡིག་དང་ཕྱག་རྩོམ་དག་ཏུ་ཤོག་བུ་དཀར་བོའི་ངོས་ན་ནག་ཚ་དམར་བོས་བྲིས་འདུག་པ་འདི་ལྟར།

༡.བོད་རིག་པའི་མཁས་པ་བང་ཧྥི་རིན་གྱིས་བརྩམས་པའི་བོད་ལྗོངས་ཀྱི་ཆོས་ལུགས་ཀྱི་ལོ་རྒྱུས王辅仁西藏佛教史དང་བོད་རིག་པའི་མཁས་པ་བང་སུང་གིས་བརྩམས་པའི་བོད་ཀྱི་ནང་བསྟན་འཕེལ་བའི་ལོ་རྒྱུས་སུ(王森西藏佛教发展史)吞米桑布扎 ཞེས་བྲིས་འདུག

༢.བོད་རིག་པའི་མཁས་པ་ལིག་ལི་ཆན་གྱིས་བསྒྱུར་བའི་རྒྱལ་རབས་གསལ་བའི་མེ་ལོང་དུ(刘立千西藏王统记) 土米桑布札།ཞེས་བྲིས་འདུག

༣.ཡང་བོད་རིག་པའི་མཁས་པ་ལིག་ལི་ཆན་གྱིས་བསྒྱུར་བའི་ཐུའུ་བཀྭན་གྲུབ་མཐའ་རུ།(土观宗派源流记) 吐米桑布扎ཞེས་བྲིས་འདུག

༤.ཀྲང་དབྱི་སུང་གིས་གཙོ་འགན་བྱས་ནས་བསྒྲིགས་པའི་བོད་རྒྱ་ཚིག་མཛོད་ཆེན་མོར།土米桑布扎 ཞེས་བྲིས་འདུགགོང་གི་མིང་དེ་དག་ལ་བལྟས་ན་ཚང་མ་སྒྲ་སོར་བཞག་བྱས་པ་འདྲ་ཡང་།吞米 ཞེས་པ་འབྲས་མིད་པའི་དོན་དང་།土米 ་ཡི་འབྲས། 吐米ཞེས་པ་སྐྱུགས་པའི་འབྲས་ཞེས་པའི་དོན་དུ་སོང་འདུག་པས།ང་ཚོའི་ཡི་གེ་གསར་གཏོད་མཛད་ཅིང་ཆོས་སྲིད་ལེགས་ཚོགས་ཀྱི་སྒོ་བརྒྱ་འབྱེད་པའི་མཁས་པ་ཆེན་པོ་འདི་ལ་ཅིའི་ཕྱིར་འབྲས་མིད་པ་དང་།སྐྱུགས་པ་སོགས་ཀྱི་གོ་དོན་ལྡན་པའི་མིང་ཞིག་སྤྱད་དགོས་པ་ཡིན་ནམ།དེར་བལྟས་ན་ལོ་ཙཱ་བ་དེ་དག་གི་ཞེ་དོག་ཅིང་ཕྱོགས་ལྷུང་གིས་ཁེངས་པའི་བསམ་བློ་དེ་མཐོང་ཐུབ་པ་མ་ཡིན་ནམ།

དེ་བས་ཁོ་བོས་རྒྱ་ཡིག་ཏུ་ཕྱི་གླིང་བའི་མིང་གི་བསྒྱུར་སྟངས་ལ་དཔྱད་པ་ཡིན་མོད།འདི་འདྲ་བའི་མཐོང་ཆུང་གི་སྤྱོད་སྟངས་ཤིག་མཐོང་རྒྱུ་མི་འདུགརྒྱའི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་དག་གིས་གཞན་གྱི་སྐྱེས་བུ་དམ་པ་དག་ལ་དེ་འདྲའི་མི་ལེགས་པའི་མིང་ཞིག་བཏགས་ཡོད་པ་མཐོང་རྒྱུ་མི་འདུག

དཔེར་ན་སྔོན་བྱོན་གྱི་རྒྱ་ནག་གི་སྐྱེས་ཆེན་དམ་པ་ལོ་ཙཱ་བ་ཞོན་ཙང་ལྟ་བུའི་འགྱུར་ཡིག་ནི་ཤིན་ཏུ་ལེགས་པོར་མཐོང་བས་སྲོལ་དེ་དག་ད་ལྟའི་རྒྱ་ནག་ལོ་ཙཱ་བ་རྣམས་ཀྱིས་སྤྱད་ན་ལེགས་མོད།ཁོ་ཚོས་ཇི་དགའ་གང་འདོད་དུ་བསྒྱུར་བ་དེས་བཀྲ་ཤིས་པ་ཞིག་ཡིན་ནམ།ཡང་ན་ཐན་ལྟས་ཤིག་ཡིན་པ་གསལ་བོར་མི་ཤེས་སོ།།

ཡིན་ན་ཡང་དེ་དག་རང་ལ་དཔེ་བླངས་ནས་བཤད་ན་ད་གཟོད་གསལ་བོར་ཤེས་ཐུབ་སྟེ།དཔེར་ན་བང་ཧྥི་རིན་ལ་བོང་ཤི་རན་དང་།བང་སུང་ལ་བོང་སྲུང་།ལིག་ལི་ཆན་ལ་ལོའུ་བླུན་ཆེན་ཞེས་བྲིས་ན་ཁྱོད་ཚོས་ཅི་ཞིག་ཟེར་རམ།བཀྲ་ཤིས་པའི་སྒྱུར་སྟངས་ཤིག་རེད་དམ།ཡང་ན་ཐན་ལྟས་ཤིག་རེད།ཁྱོད་ཚོས་དགའ་སྤྲོའི་འཛུམ་མདངས་ཀྱིས་བསུ་ཐུབ་བམ།དེ་ལྟར་བསྒྱུར་ན་ལོ་ཙཱ་བའི་ཀུན་སྤྱོད་དང་མཐུན་ནམ།དེ་ལྟར་རང་སྟེང་ལ་འདང་རེ་བརྒྱབ་ན་ལེགས་སོ།།

བོད་མི་མང་བོ་ཞིག་གིས་དཔྱོད་པ་ཅི་ཡང་མི་བྱེད་པར་ཆུ་སྣ་གར་ཁྲིད་ཀྱིས། 吞米དང་吐米 土米སོགས་ང་ཚོའི་སློབ་དཔོན་ཐོན་མི་ལ་མཐོང་ཆུང་དམའ་འབེབ་བྱེད་པའི་མིང་དེ་དག་སྤྱོད་བཞིན་འདུག་པ་དེ་ཡང་ཁ་སྐྱེངས་པ་ཞིག་ཏུ་མ་ཟད།སློབ་དཔོན་ཐོན་མི་ལ་མཐོང་ཆུང་དང་དམའ་འབེབ་བྱས་པ་འབའ་ཞིག་ཡིན་པས་སོ།།

དེ་ལ་ཁྱོད་ཀྱིས།རྒྱ་ཡིག་ཏུ་དེ་འདྲའི་སྒྲ་གདངས་ལེགས་པོ་ཅན་གྱི་ཡི་གེ་ཞིག་མེད་པས་ཁྱོད་ཀྱིས་བཤད་པ་དེ་ནི་འདྲེ་ཡི་སེམས་ལ་མ་དྲན་པ།ནད་པའི་སེམས་ལ་དྲན་པ་ཞིག་ཏུ་ཟད་ཅེས་སྨྲ་སྲིད་ཀྱང་།ལོ་ཙཱ་བ་ཞིག་གིས་མི་སྣ་གལ་ཆེན་ཞིག་གིས་མིང་བསྒྱུར་དུས་བསམ་བློ་ཙམ་ཡང་མི་གཏོང་མཁན་ཞིག་ཡིན་ན་དེ་ནི་ལོ་ཙཱ་བ་གཟའ་རོ་ཞིག་ཡིན་ངེས།ཐ་སྙད་ཀྱིས་འདང་མིན་དེ་རྩ་བའི་གནད་དོན་གཏན་ནས་མིན་ཏེ法总དང་张克强སོགས་ཀྱིས་བསྒྱུར་བའི་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་དུ端美三布扎ཞེས་བཀོད་པ་དེ་ཐོན་མིའི་སྒྱུར་སྟངས་ཅུང་ལེགས་ལ།བོད་རྒྱ་ཚིག་མཛོད་ཆེན་མོའི་མཚམས་ཤིག་ཏུ通弥ཞེས་སྒྱུར་བ་དེ་ཡང་ལེགས་པས་སོ། །ཡིན་ན་ཡང端美三布扎ཞེས་པའི་འགྱུར་སྟངས་དེར་སྐྱོན་སྔ་མ་སོ་ན་གནས་ཡོད།

འོ་ན།སློབ་དཔོན་ཐོན་མིའི་མིང་ཇི་ལྟར་རྒྱ་ཡིག་ཏུ་བསྒྱུར་ན་ལེགས་སམ་ཞེ་ན།ཁོ་བོས་བསམ་པར་ཀུ་མ་རུ་ཤུར་དང་ཞོན་ཙང་སོགས་སྔོན་གྱི་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་དག་གིས་བསྒྱུར་བའི་སྲོལ་བཞིན།佛陀ཞེས་པའི་陀དང་། 阿弥托佛ཡི弥 菩萨ཡི萨རྒྱ་ཆེ་ བའི博སྔགས་ཀྱི་སྐད་དོད་དུ་སྤྱོད་བཞིན་པའི咤ཞེས་པ་རྣམས་བེད་སྤྱད་དེ陀弥萨博咤ཞེས་བསྒྱུར་ན་གཅིག་ནི་མི་རིགས་ཀྱི་མིང་ཇི་ལྟར་བསྒྱུར་བའི་ཆོས་ཉིད་དང་མཐུན་ཞིང་།གཉིས་སུ་ཆེ་བ་ལ་ཆེ་བར་བརྗོད་ཅིང་།བོད་མི་རིགས་ཀྱི་རིག་གཞུང་གི་བརྩེ་དུང་ཡུལ་སྲོལ་དང་ཡང་མཐུན་པས་ཐོན་མིའི་ཆེ་བར་བརྩི་བཀུར་བྱ་འདོད་པ་དག་གིས་འདི་ལྟར་སྤྱད་ན་འོས་ཤིང་།འདི་ནི་དཔེ་མཚོན་ཞིག་སྟེ་གཞན་པའི་རྒྱལ་བློན་དང་།མཁས་པ་དག་གི་མཚན་ཇི་ལྟར་བསྒྱུར་བའི་ཚུལ་ལ་ཡང་མཛུབ་མོས་རི་སྟོན་གྱིས་བསམ་པར་བྱའོ།།

 

ཡོང་ཁུངས། འཕྲིན་སྟེགས།

 

བརྒྱུད་སྐུལ།

མཆན་སྤེལ།