དགའ་ཚལ་སྤུག་དགོན་དང་། བྲ་འོར་དགོན། ཤིང་རྩ་དགོན། བྲག་ར་དགོན་བཅས་ཀྱི་གནས་བཤད།

དགའ་ཚལ་སྤུག་དགོན་དང་། བྲ་འོར་དགོན། ཤིང་རྩ་དགོན། བྲག་ར་དགོན་བཅས་ཀྱི་གནས་བཤད།

མཁས་གྲུབ་ཀྱིས་བརྩམས།

༡༽ དགའ་ཚལ་སྤུག་དགོན།

 

དེ་ཡང་རྩེད་ཐང་ནས་ལམ་ཐག་སྤྱི་ལེ་ ༦༥ ཙམ་བསྐྱོད་ན་གྲ་ནང་རྫོང་ཁོངས་རྒྱལ་གླིང་ཚོགས་པ་དགོན་དུ་སླེབས་ཤིང་། རྒྱལ་གླིང་ཚོགས་པ་དགོན་ནི་ཁ་ཆེ་པཎ་ཆེན་གྱི་དངོས་སློབ་མཁན་མཆེན་བྱང་ཆུབ་དཔལ་བས་རབ་བྱུང་བཞི་པའི་ཤིང་སྤྲེལ་ ༡༢༢༤ ལོར་ཕྱག་བཏབ་པའི་ཚོགས་པ་སྡེ་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། རྒྱལ་གླིང་ཚོགས་པ་དགོན་ནས་ཤར་ངོས་སུ་སྤྱི་ལེ་ ༣ ཙམ་ཕྱིན་ན་དགའ་ཚལ་སྤུག་དགོན་དུ་སླེབས།

དེ་ཡང་དགའ་ཚལ་སྤུག་དགོན་ནི་རྒྱལ་གླིང་ཚོགས་པའི་དགོན་བདག་རྒྱལ་ཚོགས་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱུང་གི་བཞུགས་གནས་ཡིན་པར་མ་ཟད། དེ་གར་རྒྱལ་གླིང་ཚོགས་པ་དགོན་གྱི་དགེ་འདུན་བགྲེས་གྲས་བསྙེན་སྒྲུབ་གནང་ས་དང་། རིག་པ་བཀྲ་བའི་དགེ་འདུན་གཞོན་གྲས་གཞུང་ཆེན་ལ་སྤྱངས་པ་གནང་ས་ཞིག་ཡིན་པས་སྙན་གྲགས་གང་སར་ཁྱབ་ནས་སྔར་དེ་གར་རང་དགོན་ཙམ་མ་ཟད་ལྷ་ས་ཁུལ་དང་། གཙང་ཁུལ། མདོ་སྨད། འབྲུག་ཡུལ་སོགས་ནས་ཀྱང་གཞུང་ཆེན་ལ་སྦྱངས་པ་གནང་མཁན་མང་པོ་ཕེབས་ཀྱི་ཡོད།

དགའ་ཚལ་སྤུག་དགོན་པའི་ནང་ཨོ་རྒྱན་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་སྲིད་ན་དཀོན་པའི་བྱིན་རྟེན་ཇི་སྙེད་གཟུངས་སུ་བཞུགས་པའི་གཡས་གཡོན་དུ་ཀུན་མཁྱེན་ཀློང་ཆེན་དང་། ཀུན་མཁྱེན་འཇིགས་མེད་གླིང་། ཐུབ་པའི་དབང་པོ། རྒྱལ་ཚོགས་དཔའ་བོ་སྐུ་གོང་མའི་འདྲ་སྐུ་སོགས་དང་། དེ་བཞིན་རྣམ་སྲས་འཇའ་རྙིང་མ་ལ་སོགས་པའི་ཞལ་ཐང་ཆེས་རྙིང་མ་མང་པོ་དང་། སྐུ་ཚད་གཏེར་ལྔའི་ཡ་གྱལ་ཞིག་སོགས་བྱིན་རླབས་ཤིན་ཏུ་ཆེ་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་མཇལ་རྒྱུ་ཡོད་ལ། ཁྱད་པར་དུ་པཎ་ཆེན་རྫ་སྐུ་རིན་པོ་ཆེ་མཇལ་རྒྱུ་ཡོད་པ་དེ་ནི་དགོན་པའི་རྟེན་གཙོ་ཡིན་ཞིང་། ཐོག་མར་ཚོགས་པ་སྡེ་བཞིར་རེ་རེ་ཡོད་ཀྱང་ད་ལྟ་ངོ་མ་བཞུགས་པ་ནི་འདི་རང་ལས་མེད།

ད་དུང་པཎ་ཆེན་རྫ་ཀུ་རིན་པོ་ཆེ་རང་བྱོན་ཇི་ལྟར་ཕེབས་ཚུལ་ལོ་རྒྱུས་ངོ་མཚར་ཅན་ཞིག་ཡོད་པ་སྟེ།  སྔར་པཎ་ཆེན་གྱི་ཞལ་སློབ་རྫ་མཁན་ཞིག་ཡོད་པ་དེ་པཎ་ཆེན་རིན་པོ་ཆེའི་དྲུང་དུ་བཀའ་ཆོས་ཞུ་བར་འགྲོ་དུས་ནུབ་ངོས་སུ་བསྐྱོད་དགོས་པས་ལྷག་ཁུང་ལ་ཉི་མ་ཤར་བ་དང་།དགོང་དྲོ་ཤར་ངོས་སུ་ལོག་དུས་ཀྱང་ལྷག་ཁུང་ལ་ཉི་མ་ཤར་གྱི་ཡོད་པས་མིང་ལའང་རྫ་མཁན་ལྷག་པ་ཉི་ཤར་ཞེས་ཟེར། པཎ་ཆེན་དགོངས་པ་རྫོགས་རྗེས་རྫ་མཁན་གྱིས་དད་སེམས་དཔག་མེད་དང་། བློ་ཕམ་དཔག་མེད་ངང་པཎ་ཆེན་གྱི་འདྲ་སྐུ་ཁ་ཤས་བཞེངས་དགོས་སྙམ་ནས་བཞུགས་ཁྲི་བཟོ་ཐུབ་ཀྱང་འདྲ་སྐུ་བཞེངས་མ་ཐུབ་པས་བཞུགས་ཁྲི་རེ་རེའི་སྟེང་འདམ་བག་རྡོག་རྡོག་རེ་རེ་བཞག་ནས་དེ་ནུབ་གཉིད་དུ་ཡུར་བ་ན། ཕྱི་ཉིན་ཞོགས་པ་ངོ་མཚར་ཁྱད་དུ་འཕགས་པའི་འདྲ་སྐུ་རང་བྱོན་ཕེབས་པས་རབ་ཏུ་དགའ་ཞིང་པཎ་ཆེན་རིན་པོ་ཆེ་རབ་ཏུ་དགའ་ཞིང་པཎ་ཆེན་རིན་པོ་ཆེར་རབ་ཏུ་དད་པ་གྱུར། དེ་ལྟ་བུའི་བྱིན་རླབས་ཚན་ཁ་འབར་བའི་པཎ་ཆེན་རྫ་སྐུ་རིན་པོ་ཆེད་དུ་མཇལ་བར་ཕེབས་མཁན་ཐག་རིང་ཐུང་ག་ས་ག་ནས་ཧ་ཅང་མང་པོ་ཡོད།

ད་དུང་དགའ་ཚལ་སྤུག་དགོན་ནི་གྲོང་དང་མ་འདྲེས་པའི་རི་སུལ་གྱི་མཛེས་ལྗོངས་ནང་གནས་ཡོད་ལ། རྩ་ཆུ་འཛོམས་ཤིང་། འབྲས་ལྡན་ལྗོན་པས་བསྐོར་བའི་དབེན་པའི་གནས་ཉམས་དགའ་བ་ཞིག་ཡོད་པས་ཆོས་གཤའ་མ་བྱ་སའི་གནས་མཆོག་རང་ཡོན་ནོ།།

 

༢༽ བྲ་འོར་དགོན།

 

རྩེད་ཐང་ནས་ལྷུན་རྩེ་རྫོང་ཕྱོགས་སུ་སྤྱི་ལེ་ ༡༩༡ ཙམ་ཕྱིན་ན་བྲ་འོར་དགོན་དུ་སླེབས་ཤིང་། དགོན་པ་དེ་ནི་གཉལ་སྡེ་དྲུག་གི་གཙོ་དགོན་ཡིན། ཐོག་མར་དགེ་བཤེས་པོ་ཏོ་བའི་ཐུགས་སྲས་སྨྱོས་སྟོན་ཆོས་འབར་གིས་ཕྱག་བཏབ་པ་དང་མཐའ་བཞིར་གྲྭ་ཤག་དང་ལྕགས་རིས་བསྐོར་བས་དགོན་མིང་ལ་གྲྭ་སྐོར་ཞེས་ཟེར་བ་སྒྲ་ཉམས་ནས་བྲ་འོར་ཞེས་འབོད།

དེ་ཡང་སྔོན་ཡུལ་གཉལ་གཞུང་ཆུས་འཇིག་ནས་གཉལ་ཆུ་ལུང་དཀར་པོ་ཞེས་ཟེར་ཞིང་། སྐབས་དེར་རྒྱ་གར་ནས་གྲུབ་ཆེན་ལ་བ་པ་ཞེས་པ་བླ་གོང་ལ་རྩེར་ཕེབས་ནས་ཉེ་གནས་ལ་ཡུལ་དེར་ཆུ་ཇི་ཙམ་ཡོད་མེད་ལྷོས་ཤིག་གསུངས་པར་ཉེ་གནས་ཀྱིས་ཡུལ་དེར་ཆུ་ཤིན་ཏུ་ཆེ་བས་ཕེབས་མི་ཐུབ་ཅེས་ཞུས། དུས་ཡུན་ཅུང་སོང་རྗེས་ཉེ་གནས་ཐེངས་གཉིས་པ་ཡུལ་དེའི་ཆུ་ལ་བལྷ་བར་གཏོང་གནང་མཛད་པས་ཉེ་གནས་ཀྱིས་ད་ཆུ་ཅུང་ཟད་ཆུང་དུ་ཕྱིན་ནས། ཐང་རྒྱལ་མཚན་འདྲ་བ་ཞིག་དང་། གད་པ་གླང་ཆེན་འདྲ་བ། དེ་བཞིན་སྒྲུབ་ཕུག་བཅས་མཐོང་གི་འདུག་ཅེས་ཞུས་པར་གྲུབ་ཆེན་གྱིས་ད་ང་གཉིས་ཆུ་ཕ་རིར་འགྲོ་གསུངས་ནས་ཁྱི་ལྤགས་ཀྱི་བཞུགས་གདན་ཀོ་གྲུའི་ཚུལ་མཛད་དེ་ཁོང་བླ་སློབ་གཉིས་གནས་དེར་ཕེབས། གྲུབ་ཆེན་ལ་བ་པས་ཐལ་མོ་སྦྱར་ཞིང་སྤྱན་བཙུམས་ནས་གནས་འདི་ནི་བདེ་མཆོག་གི་གནས་ཁྱད་པར་ཅན་ཞིག་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ་ཞེས་གསུངས། གྲུབ་ཆེན་གནས་འདིར་ཡུན་རིང་བཞུགས་རྗེས་གསང་ལམ་བརྒྱུད་ཙ་རིར་ཕེབས་པ་དང་། མཐར་ཙ་རི་ལ་བ་སྦུག་ཏུ་གཤེགས།

དེ་རྗེས་ཉོས་སྟོན་ཆོས་འབར་དང་། ཀུན་མཁྱེན་སྣ་བ་སོགས་སྐྱེས་ཆེན་དུ་མ་གནས་འདིར་བྱོན་ནས་ཆོས་འཁོར་རྒྱ་ཆེར་བསྐོར་བ་དང་། ཁྱད་པར་དུ་ཀུན་མཁྱེན་མཚོ་སྣ་བའི་གདན་ས་ལྟ་བུར་གྱུར་ནས་བྲ་འོར་འདུ་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་བ་དང་། ཡུལ་དེའི་འོན་ལོང་གླེན་ལྐུགས་སོགས་སྐྱེ་བོ་མང་པོ་སྡུག་བསྔལ་ལས་སྐྱོབ་པར་མཛད། དེས་སང་ཡང་འདུ་ཁང་རྙིང་པའི་སྒོ་འཕྱོར་དུ། འཁོར་ལོ་བདེ་མཆོག་རྣམ་སྤྲུལ་ལ་བ་པ། །དེ་ཡི་རྣམ་སྤྲུལ་གཉོས་སྟོན་ཆོས་འབར་དང་། །སླར་ཡང་རྣམ་སྤྲུལ་ཀུན་མཁྱེན་མཚོ་སྣ་བ། །མཚུངས་མེད་སྐྱབས་གནས་གསུམ་ལ་གསོལ་བ་འདེབས་ཞེས་གསལ་ཡོད། དགོན་པ་དེའི་ནང་དུས་གསུམ་སངས་རྒྱས་དང་། གུ་རུ་སྣང་སྲིད་ཟིལ་གནོན། ལྡེབས་རིས་རྙིང་པ་མང་པོ་མཇལ་རྒྱུ་ཡོད་ཅིང་། ད་དུང་དགོན་པ་དེ་ནས་ཕྱིན་ན་མི་རིང་བའི་ས་ལ་དགོན་དེའི་དགོན་ལག་ཨོ་རྒྱན་གླིང་ཞེས་པའི་རི་ཁྲོད་ཅིག་ཀྱང་མཇལ་རྒྱུ་ཡོད།

 

༣༽ ཤིང་རྩ་དགོན།

 

ཡར་འབྲོག་ཤིང་རྩ་དགོན་ནི་སྣ་དཀར་རྩེ་ལྷུན་པོ་ཞོལ་ཤང་ཁོངས་སུ་གནས་ཡོད་ཅིང་། དགོན་པ་དེ་ནི་འབྲུག་པ་བཀའ་བརྒྱུད་པའི་བླ་མ་གྲགས་ཅན་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སློབ་མ་གྲགས་པ་རིན་ཆེན་གྱིས་ ༡༡༩༨ ལོར་ཕྱག་བཏབ་པ་དང་། ད་བར་ལོ་ངོ་ ༨༡༠ ཙམ་གྱི་ལོ་རྒྱུས་ལྡན། གྲགས་པ་རིན་ཆེན་ (མཚན་གཞན་ལ་གྲགས་པ་རས་ཆེན་ཡང་ཞུ་) ནི་རྗེ་བཙུན་མི་ལའི་རྣམ་སྤྲུལ་ཡིན་ཟེར་སྲོལ་ཡོད་པ་དང་། དགོན་པ་དེ་གའི་བླ་བརྒྱུད་གསོལ་འདེབས་ནང་། མི་ལའི་རྣམ་སྤྲུལ་གྲགས་པ་རིན་ཆེན་ལ། །གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། །ཞེས་འཁོད་པ་དེང་སང་ཡང་ཚོགས་གཞུང་དུ་འདོན་མུས་ཡིན་ལ་དཔེ་རྙིང་དེང་སང་ཡང་མཇལ་རྒྱུ་ཡོད། ཤིང་རྩ་ཞེས་པ་ནི་དགོན་པ་ཆགས་ཡུལ་གྱི་རི་དེར་ས་མཐོའི་རྩི་ཤིང་སྤ་མ་མང་པོ་སྐྱེས་ཡོད་པ་དེའི་རྩ་བ་ཞེས་པའི་གོ་དོན་ཙམ་ཞིག་ཡིན་ཞིང་། དགོན་པའི་མིང་རྒྱས་པར་ཤིང་རྩ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་པར་གྲགས།

གྲགས་པ་རིན་ཆེན་ཐོག་མར་ཚལ་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པའི་དྲུང་དུ་རབ་ཏུ་བྱུང་ཞིང་། རྗེས་སུ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ཁྱད་ཆོས་ནཱ་རོ་ཆོས་དྲུག་དང་། ལ་སྙོམས་སྐོར་དྲུག་སོགས་རྩ་རླུང་གི་ནུས་རྩལ་ལ་ཐུགས་ཡིད་གཏིང་ནས་དད་དེ་ཁོང་གི་སློབ་མར་གྱུར་པར་མ་ཟད། སྒྲུབ་པ་སྐྱོན་རྒྱུ་ཁོ་ནར་གཞོལ་བས་རས་རྐྱང་གཏོང་བ་སོགས་གཏུམ་མོའི་བདེ་དྲོད་ཀྱི་རྟགས་མཚན་ཁྱད་པར་ཐོན་པར་བརྟེན་ཁོང་གི་སྐབས་སློབ་མ་ཧ་ཅང་མང་པོ་འདུས་པའི་ནང་སྒྲུབ་པ་སྐྱོན་མཁན་ཁོ་ན་སྟོང་ཕྲག་ཁ་ཤས་བྱུང་བར་གྲགས་ཤིང་སྒྲུབ་ཕུག་ཧ་ཅང་མང་པོ་ཡོད་པ་དེ་དག་དེང་སང་ཡང་མཇལ་རྒྱུ་ཡོད།

གཞན་ཡང་ཤིང་རྩ་དབེན་པའི་རི་ཁྲོད་ཅེས་པ་ལྟར་གྲོང་སྡེ་སོགས་དང་མ་འབྲེལ་བར་དགོན་པ་ཁེར་གཙང་ཡིན་པ་དང་། སྒྲུབ་པ་རྒྱག་རྒྱུ་གཙོར་བཟུང་ཐོག་དེ་སྔ་རས་རྐྱང་གཏོང་བ་ཞེས་རྩ་རླུང་སྦྱོང་བ་དང་། གཏུམ་མོའི་བདེ་དྲོད་གྱི་སྦྱོང་བརྡར་ཚད་གཞི་དངོས་འབྲེལ་ཇི་ཙམ་ཞིག་ཏུ་སླེབས་ཡོད་མེད་རྒྱུགས་ལེན་འགྲན་བསྟུར་བྱེད་སྲོལ་དང་། གྲྭ་བཙུན་རྣམས་ལ་ཤིང་རྩའི་སྒྲུབ་པ་བ་བཞེས་སྤུ་སྐྲ་རས་ལྕོག་རྒྱག་སྲོལ་ཡོད། དེང་རབས་སྤྱི་ཚོགས་ཡར་ཐོན་གྱི་འཕྲོད་བསྟེན་བླང་བྱ་དང་མཚམས་ཕྱིར་གང་ཐུབ་བྱེད་བཞིན་པ་ལས་དབུ་སྐྲ་རས་ལྕོག་རྒྱག་གི་མེད། གྲགས་པ་རིན་ཆེན་ནས་ད་ལྟའི་ཤིང་རྩའི་སྤྲུལ་མིང་འཛིན་པོ་བསྟན་འཛིན་ཆོག་གྲགས་ཆོས་མིང་དངོས་ཀརྨ་ཡེ་ཤེ་རྒྱ་མཚོ་བར་བླ་རབས་བཅུ་བཞི་བྱུང་། དགོན་པ་དེ་ནི་ཕག་གྲུའི་སྲིད་དབང་སོགས་ཀྱི་སྐབས་དར་རྒྱས་ཆེན་པོ་འདུག་ཀྱང་བོད་ཀྱི་སྲིད་དབང་དགེ་ལུགས་པས་བཟུང་རྗེས་རིམ་བཞིན་ཉམས་རྒུད་དུ་གྱུར་ཅིང་། ཕྱི་ལོ་ ༡༩༥༩ ལོང་དགེ་འདུན་ཞལ་གྲངས་ ༣༠ ཙམ་དང་། ཤིང་རྩའི་དགོན་ལག་ཡར་འབྲོག་སྐར་མ་གླིང་རྩྭ་ཐང་གི་བྱང་ངོས་རི་བོའི་ཐོག་ལ་ཝ་དགོན་ཞེས་པ་དེར་བཙུན་མ་ཞལ་གྲངས་ ༣༥ ཙམ་ཡོད།

དགོན་པ་ཆགས་ཡུལ་གྱི་རི་བོ་དེ་གླང་ཆེན་འགྱིང་བ་ལྟ་བུའི་བརྗིད་ཉམས་ཞིང་མདུན་ངོས་ན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་རྩ་ཆེའི་སྲོག་ཆགས་རྐྱང་དང་དགོ་བ་སོགས་རི་དྭགས་ཀྱི་ཁྱུ་ཚོགས་དང་། སྒོ་ཕྱུགས་འབྲི་གཡག་དང་ར་ལུག་རྟ་སོགས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱིས་རང་བྱུང་རྩ་ཐང་གི་མཛེས་ལྗོངས་ཐོག་རྩི་བཅུད་སྣ་ཚོགས་ཀྱི་དཔལ་ལ་རོལ་བཞིན་དུ་མཆིས། ལྷོ་ངོས་ཀྱི་གངས་རི་ནི་བཀའ་བརྒྱུད་ཆོས་ལུགས་པའི་ཆོ་ག་དཀོན་མཆོག་སྤྱི་འདུས་ཀྱི་རྩ་གསུམ་མཆོད་པའི་(གཏོར་མ་)དབྱིབས་ཇི་མ་ཇི་བཞིན་དུ་ཡོད་ཅིང་། གནས་འདིར་ཞི་རྒྱས་དབང་ཞི་རྒྱས་དབང་དྲག་གི་ལས་ཇི་འདྲ་བསྒྲུབས་ཀྱང་འགྲུབ་བདེ་བར་གྲགས། དེང་སང་འདི་ཁུལ་དུ་དགོན་ཁུལ་དུ་དགོན་པས་འགན་འཁུར་དང་བས་བླངས་ཏེ་སྲོག་ཆགས་སྲུང་སྐྱོབ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གང་ཐུབ་ཀྱིས་མ་འོངས་པར་ས་མཐོའི་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་གནས་མཆོག་ཅིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་དུ་ཡོད། དགོན་པ་གནས་ཡུལ་དུ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༥༠༠ ཡས་མས་ཡོད་པ་དང་། རྩེད་ཐང་ནས་དགོན་པ་བར་ལམ་ཐག་སྤྱི་ལེ་ ༡༧༥ སྣ་དཀར་རྩེ་རྫོང་ནས་དགོན་པར་སྤྱི་ལེ་ ༡༧༨ མཚོ་སྨད་ནས་སྤྱི་ལེ་ ༩༨ བཅས་ཡོད།

 

༤༽ བྲག་ར་དགོན།

 

རྩེད་ཐང་ནས་སྣ་དཀར་རྩེ་རྫོང་ཕྱོགས་སུ་སྤྱི་ལེ་ ༡༧༩ ཙམ་བསྐྱོད་ན་བྲག་ནོར་མེད་ར་དགོན་དུ་སླེབས་ཤིང་། དགོན་པའི་མཚན་ཆ་ཚང་ལ་བྲག་ར་བསམ་གཏན་ཆོས་གླིང་དགོན་ཞེས་ཞུ། དགོན་པ་དེ་ནི་ཐོག་མར་བྲག་ར་སྐུ་ཕྲེང་དང་པོ་ཀ་སས་ཕྱག་བཏབ་ཅིང་། དེ་ཡང་བྲག་ར་སྐུ་ཕྲེང་དང་པོ་ནི། དགོན་པ་དེ་དང་ཉེ་བའི་སྐྱེས་སྡོང་ཞེས་པའི་ས་ཆར་འཁྲུངས། ཆུང་དུས་ཁྱིམ་ལ་ར་གཅིག་ཡོད་པ་དེའི་ར་རྫི་གནང་ཞིང་དེ་ནས་ར་དེ་ཕུ་མ་གཡུ་མཚོའི་རྒྱབ་ཀྱི་གྲོང་ཞིག་ལ་བཅོལ་གནང་བས་ཡུལ་དེར་ད་ལྟའང་ར་བཅོལ་ཟེར་བ་དང་། རིམ་བཞིན་ར་དེ་གཟུགས་སྟོབས་ཆེ་བ་རྐྱང་ལྟ་བུ་ཞིག་ཆགས་པས་ཡུལ་དེར་ར་རྐྱང་ཞེས་ཀྱང་ཟེར། དེ་རྫེས་ཁོང་གིས་ར་དེ་ཚུར་སྐོང་ནས་ལམ་དུ་དེད་བཞིན་དུ་ར་ཁྱོད་གང་དུ་བསྡད་ཀྱང་ང་དེ་གར་སྡོད་ཀྱི་ཡིན་ཞེས་གསུངས་པས་ར་དེས་ད་ལྟའི་དགོན་པ་ཆགས་ཡུལ་དུ་ཉལ་ནས་མ་ལངས་སྟབས་ཁོང་གིས་དེ་གར་དགོན་པ་བཏབ་པ་དང་། དགོན་པའི་མིང་ལའང་བྲག་ར་དགོན་ཞེས་གསོལ།

ཇུན་གར་བའི་དམག་དེ་གར་ཡོང་དུས་ཁོང་གིས་སྐུ་གཟན་ཉི་ཟེར་ལ་བཀལ་བ་སོགས་རྫུ་འཕྲུལ་མང་པོ་བསྟན་ནས་བཀག་པས་དགོན་པ་མ་གཏོར་བ་མ་ཟད། སྡིག་བཤགས་ཏུ་དགོན་པའི་མཐའ་བསྐོར་ལ་ལྕང་མའང་མང་པོ་བཙུགས། ཕྱིས་སྐུ་ཕྲེང་བཞི་པ་ཀུན་བཟང་པད་མ་འགྲོ་འདུལ་རྡོ་རྗེ་བྲག་གི་མཁན་པོ་གནང་རྗེས་ཆོས་ལུགས་བཀའ་བརྒྱུད་ནས་སྙིང་ཐིག་ཏུ་བསྒྱུར་གནང་མཛད། ཁོང་གིས་ཤེལ་བྲག་ནས་མཆོད་རྟེན་དང་སྐུ་བཅུ་གཉིས་གཏེར་ནས་བཞེས་པ་དགོན་པའི་ནང་རྟེན་དུ་བཞུགས། བྲག་ར་སྐུ་ཕྲེང་དང་པོ་རཌཎ་ནས་ད་ལྟ་འཚོ་བཞུགས་རྣམ་གྲོལ་མདོ་སྔགས་བསྟན་འཛིན་རྡོ་རྗེ་བར་སྐུ་ཐོག་དྲུག་བྱུང་།

ད་ལྟ་དགོན་པར་སྟོན་པའི་སྐུ་ཐོག་བརྩེགས་ཉིས་ལྡན་དང་། གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་ཀྱི་སྐུ་བརྙན་མཇལ་རྒྱུ་ཡོད། ད་དུང་དགོན་པ་དེའི་རི་རྒྱབ་ཏུ་བྲག་ར་མེ་གླིང་ཞེས་པའི་ཇོ་དགོན་གྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

 

ཡོང་ཁུངས། ཡར་ཀླུང་སྤྲིན་ཆར།

བརྒྱུད་སྐུལ།

མཆན་སྤེལ།