དགའ་ལྡན་ཁྲི་ཐོག་གྱ་དྲུག་པ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་གྱི་རྣམ་ཐར།

དགའ་ལྡན་ཁྲི་ཐོག་གྱ་དྲུག་པ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་གྱི་རྣམ་ཐར།
དགའ་ལྡན་ཁྲི་ཐོག་གྱ་དྲུག་པ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་མཆོག་ནི། ཡོངས་གྲགས་སུ་སྲིད་སྐྱོང་ལ་མོ་ཤར་ཞེས་ཞུ་སྲོལ་ཡོད་པ་དེ་ཡིན། གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། སེར་བྱེས་གྲྭ་ཚང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་། མདོ་སྔགས་ཀྱི་ཆོས་རྒྱུན་གསན་བཞེས་བཅས་ཆབས་ཅིག་ཏུ་མཛད། རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས།

རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་གྱི་བར་བསྐྱངས་མུས་སུ་ཁྲི་ལོ་བཞི་པ་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇི་བཙན་འཛུལ་དམག་དཔུང་ལྷ་སའི་ཉེ་འདབས་སུ་འབྱོར་བར་བརྟེན་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་མཚོ་སྔོན་བརྒྱུད་ནས་རྒྱ་ནག་པེ་ཅིན་དུ་ཕེབས་རྒྱུའི་དགོངས་བཞེད་ཀྱིས་ཕེབས་ཁར་ཁྲི་ཆེན་འདི་ཉིད་ལ་བཀའ་མངགས་དང་བཅས་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་བཞིན་ལོ་བདུན་རིང་སྲིད་སྐྱོང་གི་ཐུགས་འགན་བཞེས། ཞྭ་སྒབ་པ་ ༡༢༣-༡༣༣ རབ་བྱུང་བཅོ་ལྔ་པའི་མེ་ལུག་ཕྱི་ལོ་ ༡༩༠༧ ལོར་དགའ་ལྡན་གྱི་ཁྲིར་ལས་ཟུར་ནས་སྲིད་སྐྱོང་གི་ཐུགས་འགན་མུ་མཐུད་ནས་བཞེས་ཏེ། ཚེ་སྨོན་གླིང་རྣམ་ཐར་དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས་ཟུར་བཞུགས་ཐོག་སྲིད་སྐྱོང་རྐྱང་པའི་ཐུགས་འགན་བཞེས་པ་གནང༌།

ས་བྱ་ཕྱི་ལོ་ ༡༩༠༩ ལོའི་ཟླ་བ་བཅུ་པའི་ནང་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་ནག་ནས་བོད་དུ་ཆིབས་བསྒྱུར་གྱིས་ནག་ཆུ་ཆུ་མགོ་རིང་མོར་ཕེབས་འབྱོར་བཞུགས་སྒར་སར་པཎ་ཆེན་ཆོས་ཀྱི་ཉི་མ་སྟོན་འཁོར་དང༌། ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ཀྱི་འཚམས་འབུལ་སྐུ་ཚབ་གསོལ་དཔོན་དང་། སྐུ་གཅར་གཟིམས་དཔོན་བར་ཞི་བ། མཁན་དྲུང་བསྟན་འཛིན་ཆོས་རྒྱལ་སོགས་གཞུང་བླའི་ཕེབས་བསུ་ཆེད་བཅར་ཐོག་པཎ་ཆེན་ཐམས་ཅད་མཁྱེན་པས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་སྣེ་དྲངས་འབུལ་བ་བཏོས་ཆེ་ཕུལ་བ་དང༌། ཆོས་སྲིད་དང་འབྲེལ་བའི་བཀའ་མཆིད་ལྷུག་པོར་གནང༌། བོད་ཟླ་བཅུ་གཅིག་པའི་ནང་ལྷ་སར་ཞབས་སོར་བདེ་བར་འཁོད་པ་དང་། ཁྲི་ཟུར་རིན་པོ་ཆེ་འདི་ཉིད་སྐུ་གཟུགས་ཐང་པོ་མེད་པས་ཕེབས་བསུའི་སྐུ་ཚབ་གཏོང་བ་གནང་།

དེ་རྗེས་རྗེ་འདི་ཉིད་སྐུ་ན་སྨིན་ཞིང་། སྐུ་གཟུགས་ཐང་པོ་མེད་པའི་མེད་པའི་བབ་ལ་བརྟེན་ནས་སྲིད་སྐྱོང་ལས་དགོངས་འཁྲོལ་ཞུས་པ་ལྟར། ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོར་ྋགོང་ས་སྐུ་གོང་མ་མཆོག་ནས་བསྔགས་བརྗོད་དང་སྦྲགས་དགོངས་འཁྲོལ་གནང་ཐོག །སྲིད་ཚབ་བཤད་ཞོལ་ཆང་གསུམ་བསྐོ་གཞག་གནང༌། སྐུ་གཤེགས་པའི་ལོ་ཚིགས་མི་གསལ་ཞིང༌། རྣམ་ཐར་ཟུར་འཁོད་ཀྱི་ཡིག་ཆ་མི་སྣང་ངོ་།།

བརྒྱུད་སྐུལ།

མཆན་སྤེལ།