དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་ངོ་སྤྲོད།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་ངོ་སྤྲོད།

བོད་ཟླ་ ༡༠ ཚེས་ ༢༥ ཉིན་ནི་དགའ་ལྡན་ལྔ་མཆོད་ཅེས་རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་བཏོད་མཛད་པ་པོ། དགའ་ལྡན་ཁྲི་རབས་དང་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་དགོངས་རྫོགས་ཀྱི་རྗེས་དྲན་མཆོད་འབུལ་བྱེད་པའི་ནང་ཆོས་ཀྱི་དུས་ཆེན་ཞིག་ཡིན་ལ། དེ་ཡང་ས་ཕག་སྤྱི་ལོ་ ༡༤༡༩ ལོའི་སྟོན་དུས་རྗེ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང༌། དཔལ་ལྡན་འབྲས་སྤུངས། ལྷ་ལྡན། སེ་ར་ཐེག་ཆེན་གླིང་སོགས་ཕེབས་ཏེ་ཆོས་མང་དུ་གསུངས་ཤིང༌། དེ་རྗེས་སླར་ཡང་འབྲོག་རི་བོ་དགེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱིར་ཕེབས་ཀྱིས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་གཞག་མཛད་ནས་ཟླ་བ་བཅུ་པའི་ཚེས་ཉེར་ལྔར་གཟིམ་ཆུང་ཉི་གསལ་སྦུག་ཏུ་སྐུ་གཤེགས།

དེའི་ཕྱི་ལོ་ལྕགས་བྱ་སྤྱི་ལོ་ ༡༤༢༠ ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱིས་དབུས་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་དཔལ་གསང་བདེ་འཇིགས་གསུམ་དང༌། ཀྱཻ་རྡོར། དཔལ་དུས་ཀྱི་འཁོར་ལོ། ཚེ་དཔག་མེད། ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་མཆོད་དང༌། དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་དུས་མཚུངས་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་དེང་གི་བར་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྒྱ་བོད་ཧོར་སོགས་ཀྱི་ཡུལ་གྲུར་དད་ལྡན་སེར་སྐྱ་ཐམས་ཅད་ཀྱིས་རྣམ་དཀར་ལ་བརྩོན་ཞིང༌། མཆོད་པ་མཆོད་མེས་གླིང་བཀང་བས་གླིང་མེ་ཞེས་གླིང་མེ་སྤོར་བའི་རྒྱུན་འདི་ནས་བྱུང༌།

ཉིན་འདིར་བོད་ཁམས་ཡོངས་དང༌། ལྷག་པར་རི་བོ་དགེ་ལུགས་པའི་དགོན་སྡེ་ཁག་ཏུ་བཅུ་པའི་ལྔ་མཆོད་ཆེན་མོ་ཞེས་མཆོད་འབུལ་རྒྱ་ཆེ་གནང་ལམ་ཡོད་ཐོགདགོང་དྲོ་དགོན་སྡེ་ཁག་དང༌། དུད་ཚང་སོ་སོའི་ཁང་ཐོག་གླིང་མེ་ཞེས་མཆོད་མེ་གང་མང་ཕུལ་ཏེ་དབྱངས་རྟ་དང་བཅས་དམིགས་བརྩེ་མ་འདོན་སྲོལ་ཡོད་པ་མ་ཟད། བཞི་མཆོད་དང༌། ལྔ་མཆོད་གཉིས་ཀྱི་མཆོད་མེ་བཞེས་སྟོབས་ཆེ་ཆུང་ལ་གཞིགས་པའི་རྗེས་ལོའི་ནང་ལོ་ཕྱུགས་དང་ནད་མུག་འབྱུང་མིན་གྱི་བརྟག་པ་བྱེད་སྲོལ་ཡོད།

གཞན་ཡང་མང་ཚོགས་ཁྲོད་དུ། དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་ལ་ཡོད། ། ཐུག་པ་བག་ཐུག་ཁོག་མའི་གཏིང་ལ་ཡོད། ། ཅེས་ཡོངས་གྲགས་སུ་བརྗོད་སྲོལ་ཡོད་པ་ལྟར། ལྔ་མཆོད་ཀྱི་དགོང་དྲོ་ཁྱིམ་ཚང་སོ་སོའི་ནང་མྱ་ངན་ནམ་རྗེས་དྲན་གྱི་ཟས་ལྟར་བུར་བག་ཐུག་གམ་མྱང་ཐུག་སྐོལ་སྲོལ་ཡོད་ཅིང༌། ཕྱི་ལོ་ ༡༩༥༩ སྔོན་དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་དང་སྟབས་བསྟུན་དེ་ཉིན་རྩེ་ཕོ་བྲང་དུ་གཞུང་ཞབས་རྣམས་དྲུང་བཞེས་འཆར་ཅན་ཐོགདགུན་ཆས་ན་བཟའ་བརྗེ་བཞེས་ཀྱི་མཚམས་མཛད་སྲོལ་དང༌། རྩེ་ཤོད་ཞབས་གསར་བ་ནས་གསར་མཇལ་ཞུ་བ་སོགས་དྲུང་བཞེས་གྲུབ་འཕྲལ་དགོངས་རྫོགས་མཆོད་སྤྲིན་སླད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དབུ་བཞུགས་ཀྱི་ཆོག་གྲྭ་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པའི་གསུང་ཞབས་དགེ་འདུན་པ་རྣམས་དང༌། གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་རྩེ་ཕོ་བྲང་གི་རྟེན་གཙོ་འཕགས་པ་ལོ་ཀི་ཤྭ་རི་སོགས་རྒྱལ་མཆོག་གོང་མ་རིམ་བྱོན་གྱི་གསེང་གདུང་རིན་པོ་ཆེ་བཞུགས་སུ་གསོལ་བའི་མཆོད་ཁང་སོ་སོར་ཕེབས་ཏེ་མཆོད་འབུལ་མཛད། པོ་ཏ་ལ་ཞོལ་གྱི་མི་མང་ནས་དེ་ཉིན་དགའ་ཉེ་བློ་དཀར་རྣམས་མགྲོན་འབོད་ཀྱི་སྤྲོ་སྐྱིད་གཏོང་སྲོལ་དང༌། དགོང་མོ་ཕོ་བྲང་ཡས་མས་ལྷ་ཞོལ་དགོན་ཁགདེ་བཞིན་མི་ཁྱིམ་ཡོངས་རྫོགས། གདན་ས་སེ་འབྲས་དགའ་གསུམ། ལྷ་ལྡན་གཙུག་ལག་ཁང༌། རྒྱ་ཁྱབ་སེར་སྐྱའི་དགོན་ཡུལ་ཚང་མའི་ཡང་སྟེང་མར་མེའི་ཕྲེང་བ་བསྒྲིགས་པའི་གླིང་མེའི་མཆོད་པ་རྒྱ་ཆེར་འབུལ་སྲོལ་ཡོད།

དེ་ཡང་རྗེ་ཙོང་ཁ་པ་བློ་གྲགས་པ་མཆོག་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་ ༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་དཔལ་ཆེན་ཀླུ་འབུམ་དགེ་དང༌། ཡུམ་ཤིང་བཟའ་ཤ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ ༣ ལ་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་ཞེས་གྲགས། དགུང་ལོ་ ༧ པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང༌། ཀོའུ་བ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་ ༡༧ པར་དབུས་སུ་ཕེབས་ཏེ་ས་སྐྱའི་བླ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་ལེགས་པར་སྦྱངས། དགུང་ལོ་ ༢༤ པར་མཁན་པོ་དཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་ ༣༦ པར་འཁོར་དག་པ་རྣམ་བརྒྱད་དང་བཅས་པ་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ཏེ་སྒྲུབ་པ་གཙོ་བོར་མཛད། དེ་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་སངས་རྒྱས་ཀྱི་དགོངས་པ་ལྟར་འཆད་པ་དང༌། རྩོད་པ། རྩོམ་པ་མཛད་པས་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད་དོ། །

དགུང་ལོ་ ༣༧ པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་བཞེངས། དགུང་ལོ་ ༣༩ པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ ༤༨ པར་སྔགས་རིམ་ཆེན་མོ་བརྩམས། དགུང་ལོ་ ༥༡ པར་གོང་མ་ཡུང་ལོ་རྒྱལ་པོས་འཇའ་ས་དང༌། གསེར་ཡིགཕྱག་རྟེན་བཅས་གནང་ནས་ལན་གསུམ་བར་དུ་གདན་ཞུ་མཛད་ཀྱང་སྐུ་བྲེལ་ཆེ་བས་མ་ཕེབས། དགུང་ལོ་ ༥༢ པར་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་བཙུགས། དགུང་ལོ་༥༣པར་དགའ་ལྡན་དགོན་པ་ཕྱག་བཏབ་ཅིང་རི་བོའི་དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད། དགུང་ལོ་ ༥༩ པར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་བ་བཅས་མཛད་ཆེན་རྣམ་བཞིས་བསྟན་འགྲོའི་འདོད་དོན་བསྐངས།  ཁོང་གི་སློབ་མ་གྲགས་ཆེ་བ་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྗེ་དགེ་འདུན་གྲུབ་པ། འདུལ་འཛིན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྒྱུད་ཆེན་ཀུན་དགའ་དོན་གྲུབ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་བྱང་ཆུབ་ལམ་རིམ་ཆེན་མོ་དང༌། སྔགས་རིམ་ཆེན་མོ། ལེགས་བཤད་གསེར་ཕྲེང༌། རིམ་ལྔ་གསལ་སྒྲོན་སོགས་ཆོས་ཚན་ ༡༨༥ ཡོད་པ་རྣམས་པོད་བཅོ་བརྒྱད་ནང་དུ་བསྡུས་ནས་བཞུགས་ཤིང༌། ཁོང་ནི་རི་བོ་དགེ་ལྡན་པའི་གྲུབ་མཐའི་གསོལ་བཏོད་མཁན་ཡིན་ལ། རབ་བྱུང་བདུན་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་ ༡༤༡༩ ལོར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་བདེ་བར་གཤེགས་པའི་རྣམ་ཐར་མདོར་བསྡུས་སོ། །

དེ་ལྟར་བོད་ཟླ་ ༡༠ ཚེས་ ༢༥ ཉིན་རྗེ་བདག་ཉིད་ཆེན་པོའི་དགོངས་རྫོགས་མཆོད་འབུལ་ཡིན་པས་དེ་ཉིན་མཚན་མོ་བོད་ལྗོངས་ཀྱི་ལྟེ་བ་ལྷ་ལྡན་གྲོང་ཁྱེར་དུ་ཆ་མཚོན་ཕོ་བྲང་པོ་ཏ་ལ་དང༌། གཙུག་ལག་ཁང༌། དགོན་སྡེ་ཁགཡུལ་མི་སོ་སོ་བཅས་ནས་ཐོག་སྟེང་སོགས་ལ་མཆོད་མེ་གཟབ་རྒྱས་སྤར་ཐོགཕོ་བྲང་པོ་ཏ་ལ་དང༌། གཙུག་ལག་ཁང༌། དགོན་སྡེ་ཁག་བཅས་ཀྱི་ཡང་སྟེང་ནས་དུང་ཆེན་དང་རྒྱ་གླིང་གི་སྙན་གསན་བཏང༌། བྱིས་པ་ཚོས་གཡག་གི་ལྒང་བུ་ལ་ཕུ་བརྒྱབ་ནས་སྐམ་པའི་ནང་མཆོད་མེ་བླུག་པའི་ལྒང་བཞུ་འཁྱེར་ཏེ་བར་སྐོར་དུ་བསྐྱོད། དེ་ཉིན་ཕྱག་བསྐོར་མཆོད་འབུལ་བྱེད་མི་མང་ལ་དགོང་ཟས་སུ་བག་ཐུག་འཐུང་སྲོལ་དེ་ཡང་མྱ་ངན་མཚོན་བྱེད་ཡིན་ཟེར། དེ་ཉིན་ནས་དཔོན་རིགས་རྣམས་དགུན་ཆས་གྱོན། རྩེ་ཕོ་བྲང་དུ་མཛད་སྒོ་ཡང་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།