དགུ་ཐུག་གི་འགྲེལ་བཤད།

དགུ་ཐུག་གི་འགྲེལ་བཤད།

        དགུ་ཐུག་ནི་འཆར་ཁའི་ལོ་གསར་པའི་ནང༌། ནད་མུག་འཁྲུག་རྩོད་གདོན་བགེགས་སོགས་ཀྱི་འཚེ་བ་མི་ཡོང་བའི་ཆེད་བོད་ཟླ་ ༡༢ ཚེས་ ༢༩ ཉིན་བོད་གཞུང་དམངས་ཚང་མས་གལ་ཆེར་བརྩི་བའི་ཉིན་མོ་ཞིག་ཡིན་ཞིང༌། དགུ་ཐུག་གི་བྱེད་སྒོའི་ཐོག་ནས་བསྟན་འགྲོར་འཚེ་བའི་དགྲ་བགེགས་བར་ཆད་སོགས་ཟློག་ཐབས་ཐོག ལོ་གསར་པའི་ནང་རང་གཞན་ཚང་མས་ལེ་ལོ་དང་གཡོ་སྒྱུ་སོགས་མི་དགེ་བའི་བསམ་སྦྱོར་སྤངས་ཏེ། ངང་རྒྱུད་རིང་ཞིང༌། སེམས་པ་བཟང་བ། སྤྱི་སྒེར་གྱི་ལས་དོན་གང་ལའང་ལྷག་བསམ་དང་བརྩོན་འགྲུས་བྱས་ཏེ་ཞི་བདེ་ཆོས་མཐུན་གྱི་འཚོ་བ་སྐྱེལ་དགོས་པའི་བོད་མི་རིགས་ཀྱི་གཞི་རྩའི་ལྟ་བ་མཚོན་ཐུབ་ཀྱི་ཡོད།

                               དམངས་ཁྲོད་དུ་དགུ་ཐུག་གཏོང་སྲོལ།

ཕྱི་ལོ་ ༡༩༤༥ ལོར་ཕོ་བྲང་པོ་ཏ་ལའི་བདེ་ཡངས་ཤར་དུ་རྣམ་རྒྱལ་གྲྭ་ཚང་ནས་དགུ་གཏོར་ཆེན་མོའི་དགུ་འཆམ་འཁྲབ་སྐབས།

 

         བོད་ཟླ་ ༡༢ ཚེས་ ༢༩ ཉིན་བག་ཚ་རྫས་དགུ་ཚང་བ་ཞིག་སྐོལ་བ་སྟེ། ཐུག་རྡོར་གྱི་རྫས་དགུ་ནི། ཤ་དང༌། ལ་ཕུག གྲོ་མ། ཕྱུར་བ། སྔོ་ཚོད། གྲོ་ནས་སྲན་གསུམ། ཚྭ་བཅས་རྫས་དགུ་ཚང་བའི་ཐུག་པ་ཡིན་པས་དགུ་ཐུག་ཅེས་དང༌། ཡང་ན་བོད་ཟླ་ ༡༢ ཚེས་ ༢༩ དགོང་མོར་དམིགས་བསལ་གྱི་འཐུང་རྒྱུའི་ཐུག་པའི་ཆ་ནས་དགུ་ཐུག་ཅེས་བརྗོད་པ་དང༌། དགོང་མོ་དབུས་ཕྱོགས་གཙོས་པའི་བོད་ཀྱི་ས་གནས་ཁག་མང་པོར་དམངས་ཁྲོད་དུ་དགུ་ཐུག་ཅེས་པའི་དུས་སྟོན་གྱི་མིང་དང་མཐུན་པར་དགོང་མོ་བོད་ཁུལ་ཕལ་མོ་ཆེའི་ཁྱིམ་ཚང་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་བསྐོལ་ནས་འཐུང་རྒྱུ་དེ་ཡིན་ཞིང༌། དེ་ནི་ལོ་གསར་གྱི་འགོ་ཚུགས་ལྟ་བུ་ཡིན་ལ། ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་སོགས་བཀྲ་མི་ཤིས་པ་མི་འབྱུང་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་ནོར་དུ་མི་རུང་བའི་རྫ་སྣོད་ཆག་དུམ་ནང་བཞག དེ་ལ་ཆང་བུ་དང༌། ཇ་རོ། སྦང་མ་སོགས་གླུད་རྫས། སོག་མའི་ཀུ་རུ་ཁ་༼རྒྱ་གྲམ༽དགུ་བཅོས། ཐུག་པ་བསྐོལ་སྐབས་དམིགས་བསལ་དོ་སྣང་དགོས་པ་ནི། བག་ཚ་བཟོ་སྐབས་རྒྱུན་གཏན་དང་མི་འདྲ་བར་དེའི་ནང་མིའི་སོ་སོའི་བསམ་སྤྱོད་བཟང་ངན་མཚོན་བྱེད་ཀྱི་གྲོ་ཞིབ་ལས་ཉི་ཟླ་དང༌། ཆོས་པོ་ཏི། ཟེ་མ་ར་མགོ་སོགས་དང༌། ཟན་གྱི་ནང་སོལ་བ་དང༌། དཀར་ཡོལ། སི་པན་སོགས་བཏུམས་པའི་གཟུགས་དབྱིབས་བག་ཚ་གཞན་དག་ལས་ཆེ་ཙམ་བྱས་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་སྣ་ཚོགས་བཅུག་པ་ཁག་ཅིག་བཅས་བཟོ་སྲོལ་རྣམས་ཀྱི་དབྱིབས་མིང་དང༌། མཚོན་རྫས་སྣེ་རིགས། མཚོན་དོན་བཟང་ངན་གྱི་འགྲེལ་བཤད་ཟུར་གསལ་ལྟར་ཡིན།

         ཐུག་པ་བསྐོལ་སྐབས་ཐུག་རྡོར་ལ་ཤ་དང༌། ལ་ཕུག གྲོ་མ། ཕྱུར་བ། སྔོ་ཚོད། གྲོ་ནས་སྲན་གསུམ། ཚྭ་བཅས་ཟས་སྣ་དགུ་བཏབ་ ༼དགུ་རྫས་ཟེར།༽ དགོས་པ་བཅས་ཁོག་མའི་ནང་རིམ་བཞིན་བླུགས་ཏེ་བསྐོལ་བ་དང༌། གྲོ་ཞིབ་ལ་ཉི་ཟླ་དང༌། ཐུག་པ་འཐུང་སྐབས་དེ་དག་གང་ཞིག་དོན་པ་དེར་བསྟོད་སྨད་བྱེད་པ་དེ་ནི་མི་དེའི་རྣམ་ཀུན་གྱི་སྤྱོད་ལམ་མཚོན་པ་རེད་ཟེར། ཕྱོགས་གཞན་ནས་གླུད་རྫོངས་ནི་རྫ་ཁོག་ཆག་པོ་སོགས་ནོར་དུ་མི་རུང་བའི་ནང༌། རྗེན་ཟན་གང་རུང་ལས་མི་གཟུགས་ཀྱི་གླུད་ཅིག་བཟོས་ཏེ་དེའི་མཐའ་སྐོར་དུ་ཇ་རོ་སོགས་ཟས་སྙིགས། ཁྱིམ་གྱི་གད་སྙིགས་ཕྲན་བུ། ནང་མི་རྒན་གཞོན་ཚང་མས་སྤྱི་གཙུག་ནས་རྐང་པའི་བར་དྲིལ་ཕྱིས་བྱེད་བཞིན་རང་ཉིད་ནས། ཨ་ཚ་ཚ་བ། ཨ་ན་ན་བ། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག་ཟླ་བ་བཅུ་གཉིས། ཞག་མ་སུམ་བརྒྱ་དྲུག་ཅུའི་ནད་རིགས་བཞི་བརྒྱ་རྩ་བཞི། གེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གླུ་ཁྱོད་ཀྱིས་འཁྱེར་ཏེ། ཕྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོང་ཞིག ཟེར་བ་སོགས་བརྗོད་མཐར་ལག་གི་ཆང་བུར་ཐུ་ལུད་བརྒྱབ་སྟེ་གླུད་ཀྱི་མཐའ་སྐོར་དུ་སྐྱུར་དགོས་པ་ཡིན།

དེ་ནས་ནང་མི་རྣམས་གོ་རིམ་བཞིན་གྲལ་ལ་འཁོད་པའི་དབུས་སུ་ཐུག་ཁོག་ཕབ། སྔར་སྲོལ་ལྟར་ན། བག་ཐུག་བླུག་དུས་སྒམ་ནན་ཧ་ཅང་ཆེན་པོ་བྱེད་པ་སྟེ། ནང་གི་ཨ་མའམ་ཡང་ན་མ་བྱན་གྱི་མིག་གཉིས་དར་རས་དཀར་པོས་བཀབ་ཐོག་ལག་གཡས་པར་ཟར་བུ་བཟུང༌། ལོ་གཞོན་གཞན་ཞིག་གིས་ནང་མིའི་ཕོར་པ་རྣམས་རེ་རེ་བཞིན་ཁོང་གི་ལག་གཡོན་མར་ཕུལ་མཚམས་ཟར་བུས་དཀྲུག་སྐོར་ཐེངས་གསུམ་རེ་བྱས་ཏེ། ཕོར་པའི་ནང་བླུགས་ནས་ནང་མི་སོ་སོར་ཕུལ། ཐུག་ཐེངས་དང་པོ་བླུགས་ཟིན་རྗེས་མ་བྱན་གྱི་མིག་རས་བཀྲོལ་རྗེས་ཚང་མས་བག་ཐུག་མཆོད་དགོས་ཤིང༌། སྔོན་ཚུད་ནས་སྡེར་མ་གཉིས་ཁྱིམ་བདག་རྒན་ཤོས་ཀྱི་མདུན་དུ་བཞག་ཡོད་པས་སོ་སོའི་ཕོར་པའི་ནང་ནས་མཚོན་དོན་བཟང་ངན་རིགས་གང་ཐོན་རྣམས། ནང་མི་རྒན་ཤོས་ཀྱི་མདུན་དེར་འབུལ་དགོས། མཚོན་དོན་བཟང་བ་རྣམས་སྡེར་མ་གཡས་ཕྱོགས་དང་ངན་རིགས་རྣམས་གཡོན་ཕྱོགས་ཀྱི་སྡེར་མའི་ནང་འཇོག་པ་མ་ཟད། ཐོན་རིམ་བཞིན་ཚང་མས་བཞད་གད་དང་གླེང་མོ་དར་རིར་དུ་སྒྲོག་སྟེ་བཞུགས་གྲལ་བག་གྲོ་བར་གྱུར། དེ་ལྟར་མི་རེས་ཉུང་མཐར་བག་ཐུག་ཕོར་པ་དོ་རེ་འཐུང་དགོས་ཤིང༌། ཤོ་བཤད་ལས། དགུ་ཐུག་འཐུང་ནས་ན་ནས་ནར། །དགུ་ཐུག་འཐུང་ནས་ཤི་ནའི་ཤི །ཞེས་བརྗོད་པ་ལྟར་དགུ་ཐུག་དེ་རྒྱག་ཚད་འཐུང་སྲོལ་ཡོད་ཅིང༌། ཕོར་པ་རྗེས་མ་དེར་བཟའ་འཕྲོ་ཕྲན་བུ་བཞག་ནས་གླུད་ཀྱི་རྫ་ཁོག་ནང་དགུ་ཐིགས་བརྒྱབ་སྟེ་བླུག་དགོས།
ཚང་མས་བག་ཐུག་བཏུང་ཟིན་མཚོན་དོན་ངན་པ་བསགས་པའི་སྡེར་མའི་ནང་ཡོད་རྣམས་གླུད་ཁོག་ནང་སྐྱུར་བ་དང་མཚོན་དོན་བཟང་གྲས་ཡོད་པའི་སྡེར་མ་དེ་ཡང་སྟེང་གི་གོང་ལའི་ཐོག་སྐྱེལ་དགོས། གླུད་རྫོང་དངོས་གཞི་ནི། ས་སྲིབ་པ་དང་ནང་མི་གཞོན་གྲས་སྐྱེས་པ་གཉིས་ཀྱིས་གྲོ་སོགས་དབྱུག་པ་རིང་པོའི་མགོར་བསྡམས་པའི་དཔལ་འབར་ལ་མེ་སྤར་ནས་ཁང་མིག་ཚང་མའི་ནང་ཞིབ་བཤེར་གྱིས། མར་ཤོག མར་དོན་ཤོག ཟེར་བའི་ང་རོ་དྲག་པོ་སྒྲོག་བཞིན་གདོན་གེགས་རྣམས་སྡོད་ཐབས་མེད་པ་ལྟ་བུའི་དྲག་འདེད་བྱེད་པ་དང༌། གཞོན་གྲས་གཅིག་གིས་གླུད་ཁོག་ཁྱེར་ནས་ཕྱིར་ཐོན་པའི་རྗེས་སུ་མི་ཚེར་གྱིས་འདེད་ཅིང༌། ཁྱིམ་ཚང་ཆེ་བ་ཆོས་སྒོ་ཕྱིར་བོད་མདའ་ཡང་རྒྱག་སྲོད་ཡོད། ནང་མི་རྒན་གྲས་ཚོས་ལག་གཉིས་ཀྱིས་བཟློག་པ་དྲག་པོ་རྡེབ་པ་དང་བཅས་གླུད་རྫོང་པ་ཕྱིར་ཐོན་མ་ཐག་ཕྱི་སྒོ་དམ་པོར་གནོན་དགོས། ཁང་པའི་ནང་གི་ལོ་གཅིག་གི་གདོན་བགེགས་རྣམས་ཕྱིར་འབུད་བྱེད་ཆེད་དགུ་གླུད་རྣམས་རྒྱ་ལམ་གསུམ་མདོ་ཁར་དབྱུགས་སྲོལ་ཡོད། གླུད་རྫོང་སུ་འགྲོ་མཁན་རྣམས་ཀྱིས་གཟབ་ནན་བྱེད་དགོས་པ་ནི། ཕར་འགྲོ་སྐབས་རང་ཁྱིམ་ལ་ཕྱིར་བལྟས་སློག་རྒྱུ་མེད་པ་དང༌། ཚུར་ལོག་སྐབས་གླུད་གཡུགས་སའི་ཕྱོགས་སུ་ཕྱིར་མིག་བལྟ་མི་རུང༌། དེ་ནི་གདོན་བགེགས་རྣམས་ཁྱིམ་དུ་བསྐྱར་ལོག་མི་ཡོང་བའི་ཆེད་དུ་ཡིན་ཟེར། གླུད་ཁོག་དེ་ལམ་བཞི་མདོ་ཁར་གཡུགས་ཏེ་མེ་ཚེར་ཡང་དེའི་ཐོག་ཏུ་སྤུངས། དུས་མཚུངས་ཉེ་འདབས་གྲོང་པ་ཡས་མས་ཀྱི་གླུད་རྫོང་རྣམས་ཀྱང་དེ་གར་མཉམ་འཛོམས་ཀྱིས་མེ་ཕུང་ཆེན་པོའི་མཐའ་སྐོར་ནས་དགྲ་བགེགས་ལས་རྣམ་པར་རྒྱལ་བའི་མཚོན་བྱེད་དུ་སྒོར་གཞས་ཀྱང་རྒྱག་སྲོལ་ཡོད། ཁྱིམ་དུ་ཡོད་པའི་ནང་མིས་སྒོ་ནང་དུ་སྐྱ་ཚེར་ཕུང་པོ་གཅིག་དང༌། གཡས་གཡོན་དུ་རྩམ་པ་ཟོ་བ་གང༌། ཆུ་ཟོམ་སྐྱོགས་བཅས་གྲ་སྒྲིག་བྱེད་དགོས། གླུད་ཁོག་རྫོང་མཁན་རྣམས་ཚུར་འཁོར་ནས་སྒོ་འགྲམ་དུ་སླེབས་མཚམས་སྒོ་ཕྱེ་རོགས་ཞེས་ཟེར་སྐབས་ནང་ཕྱོགས་ནས་ང་ཚོའི་སྒོ་ལ་སྒོ་བཤད་དགོས་ཟེར་བར་ཕྱིར་ཡོད་རྣམས་ཀྱིས་སྒོ་ལ་བཤད་པ་གདངས་དང་བཅས་ཏེ་གཏོང་སྲོལ་ཡོད།
དེའི་གཞས་ཚིག་ནི། སྒོ་ཕྱེ། སྒོ་ཕྱེ། ཡས་ཐེམ་སེར་པོའི་གསེར་ལས་བྱས་ཡོད། སྒོ་ཕྱེ། སྒོ་ཕྱེ། མས་ཐེམ་སྔོན་མོའི་གཡུ་ལས་བྱས་ཡོད། སྒོ་ཕྱེ། སྒོ་ཕྱེ། རུ་བཞི་སྨུག་པོའི་མཆོང་ལས་བྱས་ཡོད། སྒོ་ཕྱེ། སྒོ་ཕྱེ། མེ་ལོང་ཙན་དན་དམར་པོས་བྱས་ཡོད། སྒོ་ཕྱེ། སྒོ་ཕྱེ། དབྱེ་ཤིང་དཀར་པོའི་དུང་ལས་བྱས་ཡོད། སྒོ་ཕྱེ། སྒོ་ཕྱེ། ཞེས་གཏོང་བ་ཡིན། སྐབས་དེར་སྒོའི་ནང་གི་མི་ཚོས་ཚེར་ཕུང་ལ་མེ་སྤར། ཆུ་རྩམ་སོགས་གྲ་སྒྲིག་ལེགས་པར་བྱས་ཏེ་རྒྱལ་སྒོ་ཕྱེ་མ་ཐག་ཕྱི་ཕྱོགས་ནས་ཕོ་གཞོན་ཚོས་གཅིག་རྗེས་གཉིས་མཐུད་མྱུར་སྟབས་ཀྱིས་མེ་ཕུང་ལ་འགོམས་ནས་ནང་དུ་མཆོང་ཡོང་བར་ནང་མི་ཚོས་གཡས་ནས་རྩམ་པ་དང་གཡོན་ནས་ཆུ་བཅས་བྲེལ་འཚུབ་ཆེན་པོས་བཤོ་སྲོལ་ཡོད། དེ་ནི་གདོན་འདྲེ་ཕྱི་ནས་འབྲངས་ཡོང་ན་འགོག་པའི་ཆེད་དུ་ཡིན་ཟེར། དེ་ནས་ནང་མི་ཡོངས་རྫོགས་གྲལ་ལ་འཁོད་པ་དང༌། ཐོག་མར་དགུ་ཐུག་གི་མཚོན་དོན་བཟང་བ་ཐོན་རིགས་རྣམས་ལ་བུ་མོ་ཚོས་བསྟོད་ཚིག་གི་གཞས་དང་བཅས་ལེགས་ཆང་འདྲེན་པ་དང༌། དེ་རྗེས་མཚོན་དོན་ངན་པ་ཐོན་རིགས་སོ་སོར་ཆད་ཆང་བསྟེར་བ་མ་ཟད། ཁོང་ཚོ་རེ་རེས་ཁེར་རྐྱང་གིས་གཞས་སམ། རྣམ་ཐར། ཞབས་བྲོ་གང་རུང་ཞིག་འབུལ་དགོས། གང་སྲིད་རྐང་བྲོ་གླུ་གཞས་རང་སྐྱ་འཕེར་བ་ཞིག་འབུལ་མ་ཐུབ་ན། བྱ་དེའམ་བོང་བུའི་སྐད་སོགས་རྒྱག་ཏུ་བཅུག་ཐོག་སླར་ཡང་ཆད་ཆང་བསྟེར་སྲོལ་ཡོད། ད་དུང་ཁྱིམ་ཚང་རྩེད་འཇོ་ལ་དགའ་བ་ལ་ལས་ལན་ཆགས་རྒྱབ་ཁུར་ཐོན་མཁན་དེར་རང་གི་སྒལ་པར་སྔས་རིལ་བསྐུར་ནས་ཡར་འགྲོ་མར་འགྲོ་བྱེད་དུ་འཇུག་པ་དང༌། གཟེ་མ་ར་མགོ་ཐོན་མཁན་གྱི་གདོང་ལ་ཁྲུ་ནག་བྱུགས་ཏེ་ཁ་རྩོད་རྒྱག་སྟངས་འཁྲབ་ཏུ་འཇུག་པ། ཙོང་ཐོན་མཁན་ལ་བསང་ཕོར་སྤྲད་ནས་བཞུགས་གྲལ་ལ་བསང་བདུགས་བྱེད་དུ་འཇུག་པ། ཤོག་བུ་ཐོན་མཁན་ལ་ཅོག་རྩེའི་སྟེང་ནས་དངུལ་འཛར་འཇབ་ནས་ལེན་དུ་འཇུག་པ་སོགས་ཀྱང་བྱེད་སྲོལ་ཡོད་པ་བཅས་མདོར་ན་བཞུགས་གྲལ་ཡོངས་རྫོགས་བཞད་གད་དང་གླུ་གཞས་ཀྱི་སྒྲས་གང་བཞིན་པར་ནམ་ཕྱེད་ཙམ་གྱི་བར་དགའ་རྩེད་ཀྱི་དཔལ་ལ་རོལ་བ་ཡིན་ནོ།།

༄༅། །རྫས་དགུ་ཚང་བའི་དགུ་ཐུག་གི་གྲོ་ཞིབ་ལས་བཟོས་པའི་དགུ་ཐུག་གི་བག་ཚའི་གཟུགས་དབྱིབས་དང་ནང་རྫས་ཁག་གི་མཚོན་དོན་ཁག་གཤམ་གསལ། དགུ་ཐུག་གི་བག་ཚའི་གཟུགས་དབྱིབས་ཁག་གི་མཚོན་དོན་ནི། ༡ ཉི་མ། གཟི་བརྗིད་དང་སྙན་གྲགས་ཆེན་པོ་ཡོད་པ་མཚོན། ༢ རྡོ་དཀར་གོང༌། སེམས་པ་བཟང་པོ་ཡོད་པ་མཚོན། ༣ ཟླ་བ། གཟི་བརྗིད་དང་སྙན་གྲགས་ཆེན་པོ་ཡོད་པ་མཚོན། ༤ བལ་དཀར་པོ། བློ་སྣ་རིང་ལ་གཤིས་ཀ་བཟང་བ་མཚོན། ༥ བླ་མ་དཀོན་མཆོག དྲང་བདེན་དང་སྙན་གྲགས་ལྡན་པ་མཚོན། ༦ སྐུད་པ་ནང་སྒྲིམ། སེམས་ནུས་ནང་ལ་སྒྲིམ་པ་མཚོན། ༧ དམ་ཆོས་པོ་ཏི། ཆོས་སེམས་ཆེ་ཞིང་ཤེས་རིག་ཡོན་ཏན་ལྡན་པ་མཚོན། ༨ སྐུད་པ་ཕྱི་སྒྲིམ། བློ་རྩལ་ཕྱི་ལ་འདོན་པ་མཚོན། ༩ གདན་ཆུང་གྲུ་བཞི། དལ་དལ་ལྷོད་ལྷོད་ཡོང་བ་མཚོན། ༡༠ དཀར་ཡོལ། ལྟོ་ལ་དཀར། ལས་ལ་གཡོལ་བ་མཚོན། ༡༡  སྡུག་གྲོད་སྒོར་མོ། ལྟོ་རྒྱགས་ཚད་བཟས་ཏེ་ཉལ་ནས་སྡོད་པ་མཚོན། ༡༢ སོལ་བ། སེམས་པ་ནག་པོ་ཡོད་པ་མཚོན། ༡༣ གཟེ་མ་ར་མགོ ཀུན་ལ་ཟུག་པ་ལྟར་སྤྱོད་པ་ངན་པ་མཚོན། ༡༤ སིལ་པན། ཀུན་ལ་ཁ་ཚ་བ་མཚོན། ༡༥ མ་ནུས་རྩེ་ཀྱོག ལས་ཀ་མི་སྒྱིད་པར་མཇིང་པ་ཀྱོག་ནས་སྡོད་པ་མཚོན། ༡༦ ཤོག་བུ། རྐུ་མ་ཤུག་ཤུག་རྐུ་བ་མཚོན། ༡༧ ཡར་སྙུང་མར་སྙུང༌། ཕྲ་མ་དང་དཀྲུག་ཤིང་བྱེད་པ་མཚོན། ༡༨ སྲན་རིལ། མགོ་བདེ་པོ་ཡོད་པ་མཚོན། ༡༩ ལྟོགས་སླ་རྩེ་སྙུང༌། ཟ་འདོད་དང་ལྟོགས་ཤེད་ཆེ་བ་མཚོན། ༢༠ ཙོང༌། སྟུག་དྲི་ཚ་པོ་ཡོད་པ་མཚོན། ༢༡ ཌ་མ་རུ། ཡིད་བརྟན་མེད་པའི་མགོ་གཉིས་མ་མཚོན། ༢༢ ཚྭ། བ་ལ་ཚྭ་དོས་སྦྱར་ཞེས་ལྗིད་ཁོག་ཆེན་པོ་མཚོན། ༢༣ ལན་ཆགས་རྒྱབ་ཁུར། ནལ་བུ་འཁྱེར་བའམ་བཟོ་བ་མཚོན། ༢༤ ཁུ་ལུ། བློ་སྣ་ཐུང་བ་སྟེ་གཤིས་ཀ་ངན་པ་མཚོན་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།