དགེ་བཤེས་ཕུ་ཆུང་བའི་རྣམ་ཐར་དང་སྒྲུབ་ཁང་ངོ་སྤྲོད།

 ༄༅།།བསྟན་པ་རྒྱས་མཛད་བཤེས་གཉེན་པོ་ཏོ་བ། །འཕྲིན་ལས་མཐར་ཕྱིན་སྤྱན་སྔ་རིན་པོ་ཆེ། །ཐོས་པས་དོན་རྟོགས་དྲང་སྲོང་ཕུ་ཆུང་བ། །སྐུ་མཆེད་གསུམ་སོགས་གྲགས་ལ་གསོལ་བ་འདེབས། །ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་སྐུ་མཆེད་གསུམ་གྱི་ཡ་གྱལ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།


ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན།
རབ་བྱུང་དང་པོའི་ལྕགས་ལུག་སྤྱི་ལོ་ ༡༠༣༡ ལོར་འཕན་ཡུལ་རྒྱལ་གྱི་སྐྱི་ར་རྫིང་ཁར་སྐུ་འཁྲུངས།ཡབ་ཡུམ་གཉིས་ཀྱིས་གསེར་ཞོ་དོ་བསྣམས་ཏེ་འཕན་པོ་རྒྱལ་ལྷ་ཁང་དུ་ཕེབས་ནས་ཞང་སྣ་ནམ་རྡོ་རྗེ་དང་། གླན་ཚུན་བྱང་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་མཚན་གསོལ།

དེ་རྗེས་ཇོ་བོ་དང་ཁུ་སྟོན་སོགས་ཀྱི་དྲུང་ནས་ཕར་ཕྱིན་དང་། འདུལ་བ་སོགས་ཆོས་མང་དུ་གསན། ཇོ་བོ་གཤེགས་རྗེས་འབྲོམ་དང་མཉམ་དུ་རྭ་སྒྲེང་དུ་ཕེབས་ནས་གདམས་པ་རྣམས་རྫོགས་པར་གསན་ཅིང་ཐུགས་ཉམས་སུ་བཞེས། རྒྱལ་བ་འབྲོམ་སྟོན་པར་ལོ་བཅུ་གཅིག་བར་ཏུ་བསྟེན་ཏེ་ཡོན་ཏན་མ་ལུས་པ་མངའ་བས་དགེ་བཤེས་སྟོན་པའི་བཀའ་ལུང་གིས་སློབ་མའང་སྐྱོང་བར་མཛད་དེ་འདུལ་བའི་ཕྱག་ལེན་འཁྲིད་པར་མཛད། སྐུ་མཆེད་གཞན་གཉིས་ལས་བསླབ་པ་བགྲེས་ཤིང་བཤེས་གཉེན་བསྟེན་ཡུན་རིང་བས་པོ་ཏོ་བ་དང་སྤྱན་སྔ་བ་གཉིས་ཀྱིས་ཀྱང་གོང་དུ་བཀུར་ཞིང་དབུ་མཛད་ཅེས་འབོད། སྟོན་པ་གཤེགས་རྗེས་འཕན་ཡུལ་ཡུང་བའི་ཕུ་ཕུ་ཆུང་དུ་སྒྲུབ་ཁང་བརྩིགས་ཏེ་སྒྲུབ་པ་གཙོ་བོར་མཛད། གཟིམ་ཁང་གི་ནུབ་ན་བྲག་ལ་ཕྱག་མཛུབ་བཙུགས་སར་སྒྲུབ་ཆུ་བྱུང་བ་དང་། བྲག་གི་དཀྱིལ་ནས་གསེར་དང་དངུལ་གཏེར་ནས་བཏོན་པའི་ཤུལ་དང་། ཞབས་རྗེས་སོགས་ད་ལྟ་མཇལ་རྒྱུ་ཡོད་པར་གྲགས། ཁོང་རང་ཉིད་ཀྱིས་ཉམས་ལེན་དང་སློབ་མ་དྲུང་དུ་འདུས་པ་དག་ལ་གདམས་པ་གཙོ་བོ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཛད་ཅིང་། ལམ་གྱི་རིམ་པའང་དེའི་ཁུལ་དུ་ཐུས་པར་གནང་སྟེ་རང་གཞན་གྱི་དོན་མཐར་ཕྱིན་པར་མཛད་ནས་དགུང་ལོ་དོན་དྲུག་པ་མེ་ཕོ་ཁྱིའི་ལོ་སྤྱི་ལོ་ ༡༡༠༦ བོད་ཟླ་ ༡༢ ཚེས་ ༢༢ ལ་སྐུ་གཤེགས་པར་གྲགས་སོ།།

བརྒྱུད་སྐུལ།

མཆན་སྤེལ།