དགེ་བཤེས་ལྷ་རམས་པ་བྱུང་རིམ་དང་། དགའ་ལྡན་ཁྲི་པར་འགྲོ་ཚུལ།

དགེ་བཤེས་ལྷ་རམས་པ་བྱུང་རིམ་དང་། དགའ་ལྡན་ཁྲི་པར་འགྲོ་ཚུལ།
པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་སྤྱི་ལོ་ ༡༦༡༣ ལོ་ནས་ལོ་དྲུག་གི་རིང་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་པ་དང་སྐབས་དེ་དུས་ལྷ་ལྡན་སྨོན་ལམ་ཆེན་མོའི་དགེ་འདུན་ཁྲི་ཁྲག་གི་དཀྱིལ་དུ་དགེ་བཤེས་རབ་འབྱམས་པ་གཏོང་བའི་སྲོལ་གཏོད་པས་ན་བསྡུས་མིང་དུ་ལྷ་རམས་པ་ཞེས་འབོད་པའི་སྲོལ་ཆགས། སྤྱི་ལོ་ ༡༩༢༣ ལོར་རྒྱལ་བ་སྐུ་ཕྲེང་ ༡༣ པ་ཐུབ་བསྟན་རྒྱ་མཚོས་ནོར་གླིང་དབྱར་བཞུགས་ཕོ་བྲང་དུ་ཕྱི་ལོའི་དགེ་བཤེས་ལྷ་རམས་པ་མིང་ཐོའི་ཁོངས་སུ་ཡོད་པ་རྣམས་རྒྱལ་བ་ཉིད་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་ལེན་པའི་སྲོལ་གཏོད་གནང་། ལྷ་རམས་དགེ་བཤེས་གཏོང་མཁན་མི་ ༡༦ ལས་མེད་པ་རྣམས་ནི།
དགའ་ལྡན་ཤར་རྩེ། བྱང་རྩེ། འབྲས་སྤུངས་སྒོ་མང་། བློ་གསལ། བདེ་ཡངས། སེར་བྱེས། སེར་སྨད་བཅས་གྲྭ་ཚང་བདུན་ནས་དགེ་བཤེས་གཉིས་རེ་དང་། དེའི་སྟེང་གྲྭ་ཚང་བདུན་པོ་སྐོར་རེས་ཀྱིས་དགེ་བཤེས་འཕར་མ་མི་གཅིག་དང་ར་སྟོད་དགོན་ནས་དགེ་བཤེས་གཅིག་བཅས་ཁྱོན་བཅུ་དྲུག་ཡོད་པ་རྣམས་ཀྱི་རྒྱུགས་ལེན་བྱེད་མཁན་ནི། རྒྱུགས་ལེན་བླ་མ་གཞུང་ལས་པ་ཞེས་འབྲས་སྤུངས་དགོན་གྱི་མཁན་པོ་གཉིས། མཚན་ཞབས་དགེ་བཤེས། བླ་སྤྲུལ་ཆེ་ཆུང་། གདན་ས་ཁག་གི་མཁན་པོ་ལས་ཟུར་དང་གྲྭ་དམངས་ཁྲི་ཚོགས་ཀྱི་དབུས་སུ་རྒྱུགས་སྤྲོད་བྱེད་དགོས་པ་ཡིན། བོད་ཟླ་ ༡ ཚེས་ ༢༤ ཉིན་གཙུག་ལག་ཁང་བླ་བྲང་སྟེང་དུ་དགེ་བཤེས་ལྷ་རམས་ཨང་ཀི་དང་པོ་ནས་བདུན་པ་བར་གྱི་རིམ་པ་སྤྲོད་སྲོལ་ཡོད་དོ།།
ཐུ་བྷོད་གཞོན་ནུ་ནས་བཏུས།
དགའ་ལྡན་ཁྲི་པར་འགྲོ་ཚུལ།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པས་གཏམ་གྱི་འགོ་གླེང་བ་ནི། ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས་དགའ་ལྡན་དགོན་པ་ཕྱག་བཏབ་ནས་དགའ་ལྡན་ཁྲི་པ་དང་པོ་རྗེ་ཙོང་པ་དང་། གཉིསཔ་རྒྱལ་ཚབ་རྗེ། གསུམ་པ་མཁས་གྲུབ་རྗེ། འཇམ་དབྱངས་གཙང་པ་བདུན་རྒྱུད་བཅས་རིམ་གྱིས་བར་མི་ཆད་པའི་ཁྲི་པ་བྱུང་བ་དང་སྤྱི་ལོ་ ༡༩༥༦ ལོའི་དགའ་ལྡན་ཁྲི་པ་སེར་བྱེས་ཐུབ་བསྟན་ཀུན་དགའ་བར་ཁྲི་ཆེན་ ༩༦ བྱུང་ཡོད་དོ། ། གདན་ས་སེ་འབྲས་དགའ་གསུམ་ནས་དགེ་བཤེས་ལྷ་རམས་པ་བཏང་བ་རྣམས་དགའ་ལྡན་ཁྲི་པར་འགྲོ་ཐུབ་པ་ལས་དགེ་བཤེས་ཚོགས་རམས་པ་སོགས་མིན་ནོ། གདན་ས་གསུམ་གྱི་རང་རང་གི་མདོ་ཕྱོགས་འཛིན་གྲྭ་ཁྱོན་བཅུ་གཉིས་གཡས་གཡོན་ཡོད་པ་རྣམས་ལ་ལོ་༢༣ཙམ་སློབ་སྦྱོང་བྱས་ཏེ་ཐོན་རྗེས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ། དེ་ནས་རང་གི་ཐོབ་ཁུངས་རྒྱུད་སྟོད་སྨད་གང་རུང་ལ་སྔགས་ཀྱི་འཆད་ཉན་བྱེད་དགོས་པ་ཡིན། རིམ་བཞིན་རྒྱུད་གྲྭའི་དགེ་བསྐོས་ཟླ་བ་བཞི། ལོ་ཤས་རྗེས་བླ་མ་དབུ་མཛད་ལོ་གསུམ། དེ་ནས་མཁན་པོ་ལོ་གསུམ་བཅས་གནང་དགོས་པ་ཡིན།
རྒྱུད་སྟོད་པ་ཡིན་ན་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་རྒྱུད་སྨད་པ་ཡིན་ན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཆོས་རྗེ་གནང་དགོས། ལོ་བཅུ་བཞི་ཆོས་རྗེ་གནང་རྗེས་དགའ་ལྡན་གསེར་ཁྲིར་འཁོད་པ་ཡིན། གཞུང་ཕྱོགས་ནས་རྟེན་འབྲེལ་བྱེད་སྒོ་མང་པོ་སྤེལ་བ་དང་སྦྲགས་དགའ་ལྡན་གསེར་ཁྲིར་ལོ་བདུན་གྱི་ལོ་ཚད་མ་ཡོལ་བར་བཞུགས་ཆོག་པ་ཡིན་ནོ།
མདོར་ན། ལོ་བཅུ་གསུམ་ནས་བསྡུས་གྲྭའི་འཛིན་གྲྭར་བཞུགས་པར་བརྩིས་པ་ནས་དགའ་ལྡན་གསེར་ཁྲི་མ་ཐོབ་བར་དུ་ཉུང་མཐར་ལོ་ ༤༦ མདོ་སྔགས་ཀྱི་གཞུང་ཆེན་མོར་སློབ་སྦྱོང་བྱེད་དགོས་པ་དང་དགའ་ལྡན་གསེར་ཁྲིར་ཕེབས་དུས་དགུང་ལོ་ ༥༩ ཕེབས་ཀྱི་ཡོད་པས་སྒྲིག་གཞི་དང་ལྡན་པའི་སྒོ་ནས་མི་ཚེ་གཅིག་རིང་སློབ་གཉེར་ལ་འབད་པ་མ་ཟད་ལྟག་སྒོ་བརྒྱུད་པ་སོགས་མེད་པར་མི་ཚོགས་སྟོང་ཕྲག་གི་དབུས་ནས་ཡིག་ཚད་གཏོང་ཞིང་སློབ་གཉེར་ལ་རྩོན་པའི་ལམ་ལུགས་དེ་འདྲ་བོད་ལ་མ་གཏོགས་མེད་པར་སྙམ། ། བསྟོད་པ། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། །མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། །རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། ། མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག ། རྒྱལ་ཚབ་རྗེ་དགའ་ལྡན་གསེར་ཁྲིར་ཕེབས་དུས་ མཁས་གྲུབ་རྗེས་བསྟོད་ཚིག་འདི་ཕུལ་བ་འོ།
ཡོང་ཁུངས། གནའ་དེང་རིག་གནས་མེ་ལོང་།
དགེ་བཤེས་ཀྱི་མཚན་རྟགས་བྱུང་རིམ་གླེང་བ།
སྟག་ལུང་ཤེས་རབ་རྒྱ་མཚོ།
༄༅།། ས་གཞི་རིལ་པོའི་སྒང་དུ་འགྲོ་བ་མི་ཆགས་ནས་རིམ་གྱིས་ལུས་ཀྱི་སྟོབས་དང། ངག་གི་རྩལ། ཡིད་ཀྱི་རྣམ་རིག་ཇེ་གསལ་དུ་ཕྱིན་ཏེ་འཛམ་གླིང་ཤར་ནུབ་གང་སར་ཤེས་རིག་གི་དཔལ་ཡོན་རྒྱ་མཚོའི་རླབས་བཞིན་འཕེལ་རྒྱས་བྱུང་ཞིང།  ཉིན་མཚན་ཁོར་མོ་ཡུག་ཏུ་དཀའ་སྤྱད་ཆུ་བོའི་རྒྱུན་ལ་བརྟེན་ནས་ཤེས་རྒྱུད་ཀྱི་ཞིང་སར་ཡོན་ཏན་གྱི་ལོ་འབྲས་ཕུན་སུམ་ཇེ་ཚོགས་སུ་སོང་བ་ནས། མི་སྡེའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་གནས་ཚད་འཇལ་བྱེད་ཀྱི་ངོས་འཛིན་མཚན་རྟགས་ཀྱང་སྣ་མང་ཞིག་བྱུང། དཔེར་ན། ཕྱི་ལོ་མ་བྱུང་བའི་སྔོན་ནས་རིག་གཞུང་གི་དཔལ་ཡོན་རབ་ཏུ་རྒྱས་ཤིང་སེམས་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་ལྟ་ཚུལ་འདྲ་མིན་གྱི་གྲུབ་མཐའི་རྣམ་གཞག་དུ་མ་དར་བའི་རྒྱ་གར་འཕགས་པའི་ཡུལ་དུ། སྐྱེས་བུ་སོ་སོའི་སྤྱངས་ཡོན་གྱི་གནས་ཚད་ལ་གཞིགས་ནས་མཁས་པའི་མཚན་རྟགས་འབུལ་ཚུལ་ཡང་མང་པོ་ཞིག་བྱུང་ཞིང་། དར་ཆེ་བ་གཞུང་ལུགས་ཀུན་ལ་སྦྱངས་ཏེ་བསླབ་པ་མཐར་སོན་པར་མཁན་པོ་དང་། སྡེ་སྣོད་གསུམ་མང་དུ་ཐོས་ཤིང་ལུང་གིས་ཐུགས་རྒྱུད་གཏམས་པར་སློབ་དཔོན། རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་མཁས་པར་པཎྜི་ཏ་ཞེས་རྗེས་གྲུབ་ཀྱི་མཚན་རྟགས་ཆེ་བསྟོད་འབུལ་སྲོལ་འདྲ་མིན་བྱུང་།
       བོད་གངས་ཅན་གྱི་ལྗོངས་འདིར་དུས་རབས་གསུམ་པར་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་དབུ་བརྙེས་ཤིང་། དུས་རབས་བརྒྱད་པ་ནས་རིམ་གྱིས་བསྟན་པ་འཕེལ་རྒྱས་ཕྱིན་ནས། དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ཀུན་ལ་སྦྱངས་པ་གནད་སྨིན་བྱས་ཏེ་མཁས་པའི་ཕ་མཐར་སོན་པ་ན་མཁན་པོ་དང། སློབ་དཔོན། པཎྜི་ཏ། བཀའ་བཞི་པ། བཀའ་བཅུ་པ། རབ་འབྱམས་པ། གླིང་བསྲེ་པ། ལྷ་རམས་པ། ཚོགས་རམས་པ། རྡོ་རམས་པ་སོགས་རང་གི་ཡོན་གནས་དང་འཚམ་པའི་མཚན་རྟགས་ཀྱི་ཐ་སྙད་མི་འདྲ་བ་ཇི་སྙེད་ཅིག་བཏགས་ཏེ་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་ཆོས་སྡེ་ཆེན་པོ་རྣམས་ཀྱི་ཁྲོད་དུ་དར་ཁྱབ་ཧ་ཅང་བྱུང་བའི་ཚུལ་རོབ་ཙམ་གླེང་ན།
       བཀའ་བཞི་པ་ནི། དཔལ་ས་སྐྱ་པའི་ཕྱོགས་སུ་གཞུང་ཆེན་མོ་ཕར་ཕྱིན་དང་། དབུ་མ། མཛོད། འདུལ་བ་བཅས་བཞི་ལ་བསླབ་པ་མཐར་སོན་ཏེ་གཞུང་ལུགས་རབ་འབྱམས་སྨྲ་པའི་དམ་བཅའ་བཞག་པ་ལ་བཀའ་བཞི་པ་ཞེས་མཚན་རྟགས་གསོལ་བའི་སྲོལ་བྱུང། མཁས་པ་འགའ་ཞིག་གིས། བཀའ་བཞི་པའི་མཚན་བཏགས་ཐོག་མར་བཞེས་མཁན་འཇམ་མགོན་བླ་མ་ཙོང་ཁ་པ་ཡིན་ཚུལ་དང། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་ཀྱང། དུས་རབས་བཅོ་ལྔ་པའི་ནང་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་གསར་བཏོད་གནང་ཚུལ་གསུངས་མོད། འོན་ཏེ། དཀའ་བཞི་པ་རིགས་པའི་སེང་གེའི་རྣམ་ཐར་ལས། དམ་པ་ཁོང་རབ་བྱུང་ལྔ་བའི་མེ་ཕག་ཕྱི་ལོ་ ༡༢༨༧ ལ་ཡབ་སྒང་རིང་དང། ཡུམ་རྩོམ་ཟ་གཉིས་ཀྱི་སྲས་སུ་འཁྲུངས་ཞེས་པ་དང། མཁས་པར་གྱུར་ཏེ་ས་སྐྱར་ཕེབས། དཀའ་བཞི་པའི་མཚན་རྟགས་བླངས། ཞེས་སོགས་གསུངས་པས། བཀའ་བཞི་པ་ནི་དུས་རབས་བཅུ་གསུམ་པ་ནས་བྱུང་ཡོད་པ་གསལ་པོར་རྟོགས། རྣམ་ཐར་དུ་དཀའ་བཞི་ལས་བཀའ་བཞི་ཞེས་མ་གསུངས་པས་བསྟན་བྱ་ཐ་དད་པ་སྙམ་པའི་དོགས་པ་འཆར་སྲིད་མོད། དེ་ལ་མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་གིས།  དཀའ་རམས་དང་བཀའ་རམས་ནི་གཞུང་མང་པོར་སྣང་སྟེ། ཡི་གེའི་ཆ་ནས་འདམ་ང་ཡིན། ཞེས་གསུངས་པ་ལྟར། དཀའ་བཞི་པ་དང་བཀའ་བཞི་པ་ཞེས་ཚིག་མི་འདྲ་བ་ལོ་རྒྱུས་རྣམ་ཐར་སོགས་སུ་མང་པོ་གསལ་ཡང་སྐབས་དོན་ར་འཕྲོད་པ་ལ་ཁྱད་པར་མ་མཐོང་ངོ་།།
       བཀའ་བཅུ་པ་ནི། དཔལ་ས་སྐྱ་པའི་ཕྱོགས་སུ་བསྡུས་གཞུང་དང། བློ་རིག རྟགས་རིགས། ས་ལམ་རྣམ་གཞག དོན་བདུན་ཅུ། ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས་ཏེ་གྲྭ་སྐོར་གནང་བར་བཀའ་བཅུ་པའི་མཚན་རྟགས་བྱུང་སྙམ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས། བཀའ་བཅུ་པའི་ཐོག་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་ཚབ་རྗེ་བཅས་རིམ་པར་ཐོན་ཏེ། ཞེས་གསུངས་པ་དང། མཁས་པ་ལ་ལས་ཀྱང། དུས་རབས་བཅུ་བཞིའི་ལོ་རབས་དགུ་བཅུ་པའི་མཇུག་ཏུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཞུང་ལུགས་བཅུ་ལ་དམ་བཅའ་བཞག་པར་བཀའ་བཅུ་པའི་ཐོག་མ་ཡིན་ཚུལ་གསུངས་མོད། འོན་ཀྱང་དཔལ་ས་སྐྱའི་མཁས་པ་དང་གྲུབ་པའི་དབང་ཕྱུག་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་རྣམ་ཐར་དུ། རབ་བྱུང་བདུན་པའི་ལྕགས་ཡོས་ཕྱི་ལོ་ ༡༤༡༡ ལོར་རོང་གི་སྣར་སྡེ་སྤེལ་འཁྲུངས། ཞེས་དང། དགུང་ལོ་བཅོ་བརྒྱད་པར་རྩེད་ཐང་དུ་དཀའ་བཅུའི་གྲྭ་སྐོར་མཛད། ཅེས་གསུངས་པ་ལ་གཞིགས་ན་དུས་རབས་བཅུ་བཞི་པའི་ལོ་རབས་ཉི་ཤུའི་ནང་བཀའ་བཅུ་པའི་མཚན་རྟགས་རྩེད་ཐང་ཆོས་སྒར་དུ་བྱུང་ཟིན་འདུག་གོ།
       རབ་འབྱམས་པ་ཞེས་པ་ནི། མཁས་པ་ལ་ལས་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་འབྲས་ཡུལ་སྐྱེད་ཚལ་དུ་སློབ་གཉེར་གྱི་ལྟེ་གནས་གསར་དུ་བཙུགས་ཏེ་གཞུང་ལུགས་བཀའ་པོད་ལྔ་ལ་དམ་བཅའ་བཞག་པའི་མཁས་པར་རབས་འབྱམས་པ་ཞེས་པའི་མཚན་རྟགས་གསར་དུ་བྱུང་ཚུལ་གསུངས་པ་དང། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་ཀྱང། རབ་འབྱམས་པའི་མིང་བཏགས་བླངས་པ། གསང་ཕུ། རྭ་བ་སྟོད། ཚལ་གུང་ཐང། དགའ་གདོང། སྐྱོར་མོ་ལུང