དཔའ་བསྐྱེད་སྙིང་གི་མན་ངག

དཔའ་བསྐྱེད་སྙིང་གི་མན་ངག

གཙང་གི་མཁན་ཆེན་ཧའོ་རིན་པོ་ཆེ།

 

དཀའ་སྡུག་མ་བསྟེན་སྡིག་པ་དག་རབ་མེད། །

སྙིང་སྟོབས་མ་ལྡན་ཚོགས་ཆེན་རྫོགས་པ་མེད། །

མི་ངན་མ་འཕྲད་མི་ཚེ་འཁྱོལ་ཐབས་མེད། །

སྡུག་པོ་མ་མྱོང་འཁོར་བར་བསྡད་ཐབས་མེད། །

སྐྱུར་མོ་མ་མྱོང་ཞིམ་མངར་སུ་ཡིས་ཤེས། །

སྡུག་བསྔལ་མ་མཐོང་ཆོས་ལ་སུ་ཡིས་འཇུག །

བློ་ཁོག་མེད་ན་བསྟན་དོན་སུ་ཡིས་འགྲུབ། །

གཅིག་སྒྲིལ་མ་ཡོད་རྒྱལ་ཁ་ལེན་ཐབས་མེད། །

རྐྱེན་སེལ་མ་བྱས་བྱུར་ཟློག་གང་ན་ཡོད། །

གསོལ་བ་མ་བཏབ་དངོས་གྲུབ་ཅི་ལ་འགྲུབ། །

མོས་གུས་མ་བྱས་བྱིན་རླབས་ལར་ནས་མེད། །

ཆུང་ངུ་མ་བཏང་ཆེན་པོ་གང་ནས་ཐོབ། །

རི་ཆེན་མ་འཛེག་རི་ཆུང་སུ་ཡིས་ནོན། །

ར་རོ་མ་གཤོང་རྟ་རོ་གང་ནས་གཤོང་། །

སྡུག་རྩུབ་མ་མཐོང་ཞི་བདེ་སུ་ཡིས་བསུ། །

༢༠༡༨ ལོའི་བོད་ཟླ་ ༣ པའི་ཚེས་༥ ཉིན།

བརྒྱུད་སྐུལ།

མཆན་སྤེལ།