དཔལ་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་རྣམ་ཐར།

དཔལ་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་རྣམ་ཐར།

༄༅། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་མ་ལུས་གཅིག་ཏུ་བསྡུས་པའི་རང་གཟུགས་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་བཅོ་ལྔ་པ་དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྟག་པའི་རྡོ་རྗེ་དེ་ཉིད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་དང༌། རྣམ་པར་ཐར་པ་ནི་སོ་སྐྱེའི་བློ་ཡི་སྤྱོད་ཡུལ་དུ་ལྟ་ཅི། ས་ཆེན་པོ་ལ་བཞུགས་པའི་རྒྱལ་སྲས་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ལ། དེར་མ་ཟད་བསྐལ་པ་བཟང་པོ་འདི་ཉིད་ལའང་འདས་པའི་སངས་རྒྱས་གཞན་ཕན་རྣམ་རོལ། མ་འོངས་སངས་རྒྱས་དྲུག་པ་སེངྒེ་སོགས་བྱོན་ཅིང་འབྱོན་པར་འགྱུར་བ་དང༌། ད་ལྟ་རྣམ་འདྲེན་བཞི་པའི་བསྟན་པ་འདིར་ཡང་མངོན་དགའི་ཞིང་ན་རྒྱལ་བ་མི་འཁྲུགས་པ། རི་བོ་ཏཱ་ལར་སྙིང་རྗེའི་རང་གཟུགས་འཇིག་རྟེན་དབང་ཕྱུག ཟངས་མདོག་དཔལ་རིར་སྣང་སྲིད་ཟིལ་གནོན་པདྨ་ཀཱ་ར། འཕགས་པའི་ཡུལ་དུ་གྲུབ་པའི་སློབ་དཔོན་ཆེན་པོ་ས་ར་ཧ་སོགས་འཕགས་སྐྱེའི་རྣམ་འཕྲུལ་བསམ་བརྗོད་ལས་འདས་ཤིང༌། ཁྱད་པར་རང་ཅག་གངས་ཅན་ལྗོངས་འདིའི་མགོན་པོར་ལྷུན་གྱིས་གྲུབ་པའི་ཚུལ་ཡང༌།

ཇི་སྐད་དུ། མདོ་ལས།

ང་འདས་ལོ་ནི་ཉིས་སྟོང་ན།  །གདོང་དམར་ཡུལ་དུ་བསྟན་པ་འབྱུང༌། །

སྤྱན་རས་གཟིགས་ཀྱི་གདུལ་བྱར་འགྱུར། །དེའི་བསྟན་པའི་སྙིགས་མ་ལ།  །

བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ།  །ཀརྨ་ཀ་ཞེས་བྱ་བ་འབྱུང༌།  །

ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །

ཅེས་དང༌།

ཨོ་རྒྱན་སངས་རྒྱས་གཉིས་པས།

སྤྱན་རས་གཟིགས་ཀྱི་ཕྲིན་ལས་སྐྱོང་བྱེད་ཅིང་༔ མཚུར་ཕུ་ཞེས་བྱར་དུས་གསུམ་མཁྱེན་པ་འབྱུང་༔ ཞེས་དང༌།

སྤྱན་རས་གཟིགས་ཀྱི་གསུང་གི་རྣམ་འཕྲུལ་ལས༔ དགའ་ལྡན་གནས་ནས་སེམས་ཅན་དོན་དུ་འཕོས༔

དང་པོའི་གསང་སྤྱོད་དུས་གསུམ་མཁྱེན་ཞེས་གྲགས༔ དབང་རྟགས་རིགས་ཀྱི་ཅོད་པན་ཞྭ་ནག་འཛིན༔

སྐད་ཅིག་རེ་ལ་སེམས་ཅན་དཔག་མེད་འདྲེན༔ དེ་དག་མཐོང་ཐོས་དྲན་རེག་འགྲོ་བ་རྣམས༔

སྐྱེ་བ་དེ་འཕོས་འཕགས་པའི་དྲུང་དུ་སྐྱེ༔ ཞེས་དང༌། ཨོ་རྒྱན་མཆོག་གྱུར་གླིང་པའི་གསང་ལུང་ལས།

ལོ་ཙཱ་རྒྱལ་བ་མཆོག་དབྱངས་བདག་ལ་གསོན༔ གསུང་གི་གནས་མཆོག་ཟླ་གམ་ཕོ་བྲང་དུ༔

མ་འོངས་ཁྱེད་ཀྱི་སྐྱེ་བ་ཉེར་གཅིག་འབྱུང་༔ སྤྱན་རས་གཟིགས་སྤྲུལ་དུས་གསུམ་ཀུན་མཁྱེན་པ༔

ཞེས་སོགས་སྐྱེས་རབས་ཀྱི་ཕྲེང་བ་རེ་རེ་ནས་ལན་གཅིག་མིན་པར་ཡང་ནས་ཡང་དུ་ལུང་གིས་བསྔགས་ཤིང༌། མཐུན་སྣང་ཙམ་དུའང་འདུལ་བ་རྣམ་བཞིའི་ཕྲིན་ལས་ཀྱི་སྒོ་དུ་མས་སྣང་བ་དང་མི་སྣང་བའི་འགྲོ་བ་ཀུན་ལ་རྣམ་པར་གྲོལ་བའི་ས་བོན་འདེབས་པ་དང༌། སྨིན་པ་དང༌། གྲོལ་བར་མཛད་པའི་བཀའ་དྲིན་འཇིག་རྟེན་ཀུན་དང་ཁྱད་པར་གངས་རིའི་ཁྲོད་འདིར་ཟླ་བ་ལྟར་གསལ་ཞིང་གྲགས་པ་ལས། བདག་ཅག་གི་འདྲེན་མཆོག་འཁོར་ལོའི་མགོན་པོ་རྒྱལ་དབང་བཅོ་ལྔ་པ་ཆེན་པོ་འདི་ཉིད་ཀྱི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཐར་པ་ལས་གདུལ་བྱ་སོ་སོའི་ལས་སྣང་དང་མཐུན་པའི་ཕྱིའི་རྣམ་པར་ཐར་པ་གཅིག་པུའང་དཔྱིས་ཕྱིན་པར་བརྗོད་པ་ལྟ་ཅི་བསམ་གྱིས་མི་ཁྱབ་པ་ཉིད་དུ་ངེས་མོད། འོན་ཀྱང་རང་ཉིད་ཀྱི་མཐོང་ཐོས་ལས་རྣམ་ཐར་རགས་རིམ་ས་བོན་ཙམ་བརྗོད་པར་བྱ་སྟེ། དེ་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་གླིང་པའི་ལུང་བསྟན་ལས།  ཐེག་མཆོག་མྱ་ངན་འདས་འོག་དགོས་པའི་མཚན༔ བདེ་བའི་བདག་ཉིད་རིག་པའི་རྡོ་རྗེ་དང་༔ ཨོ་རྒྱན་ཕྲིན་ལས་བསམ་གཏན་ལ་སོགས་འབྱུང་༔ ཞིབ་པར་མདོ་བྱང་གུད་སྦས་ལུང་བཞིན་ལ༔ ང་ཡི་སྤྲུལ་པ་ཀརྨའི་བསྟན་པ་ནི༔ བསྐལ་བཟང་བསྟན་པ་རྫོགས་པར་མི་རྫོགས་སོ༔ ཞེས་དང༌། བཅོ་ལྔ་པ་ལ་བསོད་ནམས་སྙན་གྲགས་འབྱུང་༔ ཞེས་གསུངས་ཤིང༌། མཆོག་དབྱངས་སྤྲུལ་པ་སྔགས་རིག་འཛིན༔ རྟའམ་ལུག་གི་ལོ་པ་ནི༔ མཁའ་ལ་མཁའ་ཡིས་རྒྱས་ཐེབས་ན༔ ཚེ་འཕྲང་གསུམ་སེལ་བསྟན་སྲོག་འཛིན༔ བོད་ཁམས་བསྟན་འགྲོའི་བདེ་སྐྱིད་སྤེལ༔ ཞེས་སོགས་ཨོ་རྒྱན་རྡོ་རྗེ་འཆང་གི་གཏེར་ལུང་རྣམས་དང༌། གྲུབ་ཆེན་ཆོས་ཀྱི་བླ་མ་ཀརྨ་པཀྴིའི་མ་འོངས་འབྱུང་འགྱུར་སྩལ་བའི་ལུང་བྱང་དང་མཐུན་པར་བསམ་བཞིན་སྤྲུལ་པའི་སྒྱུ་འཕྲུལ་ཉེ་བར་བསྟན་པའི་ཡུལ། གངས་ཅན་བོད་ཡུལ་གཡས་རུ་གཙང་གི་ཆར། མྱང་སྟོད་ཤེལ་དཀར་རྒྱལ་རྩེར་གྲགས་པ། ཡུལ་གྱི་དགེ་བཅུ་ཚང་བའི་ས་ཡི་ཐིག་ལེ་དྲན་མ་སྤེལ་གསར་བྱང་དུ་འབོད་པ་ན། སྔོན་དུས་ཀྱང་ཆོས་སྐྱོང་བའི་རྒྱལ་པོ་དང༌། བློན་པོ། མཁས་ཤིང་གྲུབ་པ་ཆེན་པོའི་ས་ལ་བཞུགས་པ་འཕགས་ཆེན་སྐྱེས་བུ་དམ་པ་རྒྱུན་མི་ཆད་པར་བྱུང་བ། རླངས་ལྷ་གཟིགས་རལ་པའི་གདུང་ལས་ཆད་པ། ཡབ་རྣལ་འབྱོར་གྱི་དབང་ཕྱུག་སྐད་གཏོང་གྲུབ་ཆེན་ཧེ་རུ་ཀ་དམ་པ་སྙན་གྲགས་དབང་པོ་གཙོས་སྐུ་མཆེད་ལྔ་ལ། ཡུམ་རང་བཞིན་གྱི་དགེ་བ་ལ་གོམས་ཤིང་བུད་མེད་ཀྱི་ཡོན་ཏན་ཚང་བ། རུས་པ་བྱ་ཉང༌། མཚན་སྐལ་བཟང་སྒྲོན་མ་བྱ་བའི་སྲས་སྲིང་སྐུ་མཆེད་དྲུག་གི་ཐ་ཆུང་སྐྱབས་མགོན་རིན་པོ་ཆེ་འདི་ཉིད་ལྕགས་ལུག་ཧོར་ཟླ་བརྒྱད་པའི་ཚེས་བཅུར་སྐུ་བལྟམས་པ་སྟེ། དེ་ཡང་ཐོག་མར་ཡུམ་གྱི་ལྷུམས་སུ་ཞུགས་པ་ནས་ཡབ་ཡུམ་གྱི་རྨི་ལྟས་རྒྱལ་ཆེན་བཞི་དང་རྟག་ཏུ་འགྲོགས་ཤིང་དུང་འབུད་པ་དང༌། མཆོད་རྟེན་འོད་འབར་བ་བརྩིགས་ཤིང་བསྐོར་བ་བྱེད་པ་སོགས་དང༌། དཔའ་བོ་མཁའ་འགྲོའི་རོལ་མོའི་སྒྲ་དང་བཅས་ཏེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཁང་སྟེང་དུ་བབ་པ་སོགས་མཐོང་སྣང་ཁྱད་པར་ཅན་དང༌། ཡབ་རྗེ་གྲུབ་དབང་ཉིད་ཀྱིས་གཟིགས་སྣང་ཁྱད་པར་ཅན་གྱིས་རང་རེ་ལ་སློབ་དཔོན་ཆེན་པོའི་སྤྲུལ་པ་ཞིག་ཡོང་བ་འདུག་ཅེས་གསུངས་ཤིང༌། སྐུ་བལྟམས་པའི་ཚེ་ཡང་ཡུམ་ལ་གནོད་པ་མེད་པར་འཇའ་དང་མེ་ཏོག་གི་ཆར་སོགས་དགེ་ཞིང་ཤིས་པའི་མཚན་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་བལྟམས་མ་ཐག་ཏུ་སྤྱན་གཉིས་ནམ་མཁའ་ལ་ཧྲིག་གེར་གཟིགས་པ་སོགས་མཐའ་དག་རེ་རེ་ནས་བརྗོད་པར་མི་ལོང་ཞིང༌། ཡབ་ཡུམ་གྱིས་མཚན་དོན་གྲུབ་རྡོ་རྗེར་གསོལ། ཟླ་བ་རེ་རེ་བཞིན་ཡང་བྱིས་པ་གཞན་ལས་བསྐྱེད་ཆེ་ཞིང༌། སྨིན་མཚམས་སུ་མཛོད་སྤུ་དཀར་པོའི་མཚན་བཟང་དང་ལྡན་པ། བྱམས་སྙིང་རྗེ་ཐུགས་རྒྱུད་ལ་ལྷན་སྐྱེས་ཀྱིས་འབྱུངས་པའི་གསུངས་དང༌། མཛད་པ་ཁོ་ནས་མ་ཎིའི་ཚོགས་དཔོན་མཛད་པ་སོགས་འགྲོ་བའི་དོན་རང་ཤུགས་ཀྱིས་སྐྱོང་བ་ལས། སེམས་ཅན་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་གནང་ཞིང༌། གཞན་ལའང་སྤང་བླང་གི་བསླབ་བྱ་འདོམས་མཁྱེན་པ་དང༌། སྐབས་སུ་སྔཽན་གནས་རྗེས་དྲན་གྱི་གཏམ་དང༌། ལྐོག་གྱུར་ལེགས་ཉེས་མངོན་སུམ་དུ་གཟིགས་པའི་གསུངས་གླེང་སོགས་ཆོས་ཁྲིད་སྡིག་པོ་ཆེ་རྣམས་ཀྱང་རང་ཤུགས་ཀྱིས་དད་ཅིང་ངོ་མཚར་བསྐྱེད་ནུས་པ་མཛད་ཅིང༌། སྐབས་ཞིག་རྩེ་ཆེན་དགོན་དུ་འཆམས་གཟིགས་ལ་གདན་དྲངས་ཏེ། ཡར་ལམ་རྒྱ་མི་ཞིག་གིས་པང་དུ་བཟུང་སྟེ་ཁྲོམ་མང་རབ་ཞིག་དང་ལྷན་གཅིག་ཕེབས་པ་ན། མུན་རུབ་ཉེ་བར་ལམ་འོག་གཙང་ཆབ་ཞིག་གི་འགྲམ་དུ་བན་ཧྲུལ་སྤྲང་ཆས་ཁྲེས་པོ་ཁུར་བ་གསུམ་བཞི་དང༌། ལམ་གོང་གད་པ་ཞིག་ལ་ཀྱུང་ཀ་ལྟ་བུ་བྱ་ནག་མང་པོ་འུར་དིར་གྱིས་འཚོགས་པ་གཟིགས་ཏེ། ཡར་ཙམ་བྱོན་པ་དང༌། མུན་རུབ་སྟེ་ལམ་ཡང་མི་མཐོང་བར་གྱུར་པ་ན། ཕྱི་བཞིན་སྔོ་དམར་གྱི་མེ་ཆེན་པོ་ཡུལ་ལུང་ཡང་གསལ་སྙམས་བྱེད་པ་ཞིག་གིས་རྗེས་དེད་ནས་བྱུང་བ་ན། དེར་ཡོད་ཚང་མས་འདྲེ་བྱུང་ཞེས་འཇིགས་སྐྲག་གིས་སྐྱབས་འགྲོ་བཟླ་བཞིན་ཅི་བྱ་གཏོལ་བྲལ་གྱིས་ལམ་གར་ཐོབ་ཏུ་བྲོས་པའི་སྐབས། སྐྱེས་བུ་ཆེན་པོ་འདི་ནི་སྐུ་ན་ཕྲ་ཡང་ཐུགས་དཀྱིལ་ཆེ་བས་ཅུང་ཟད་ཀྱང་བག་ཚ་བ་མེད་པར་བྱམས་པའི་སྤྱན་གྱིས་གཟིགས་སྟངས་མཛད་པ་ཙམ་གྱིས་མེ་དེ་དག་སྐར་མ་བཞིན་ཐང་ཆེན་པོར་གང་བར་གྲམས་ཤིང༌། མཐར་ཇེ་ཆུང་གིས་ཡལ་བ་ལས། འབྱུང་པོ་གདུག་པ་ཅན་གྱིས་གནོད་འཚེར་བགྱིས་པ་གོར་མ་ཆགས་ནའང༌། སྐྱེས་བུ་ཆེན་པོའི་ཐུགས་རྗེས་ཁྲོམ་ཚོགས་དེ་དག་གི་མི་རྟ་སུ་ལའང་གླགས་མ་རྙེད་ཅིང༌། དགུང་ལོ་ལྔ་ཡི་ངོ་ཟིན་ནས་སྐྱེས་ཐོབ་ཀྱི་ཤེས་རབ་འགྲན་ཟླ་མེད་པས་འདོན་ཀློག་མཁས་པ་དང༌། མ་བསླབ་པར་ཡང་དཔེ་ཆ་འདི་རིགས་ལ་གོ་རྒྱུ་ཞིག་ཡོད་པ་རེད་གསུངས་ཤིང་གོ་བ་ཐར་ཐོར་རྙེད་པ་སོགས་སྐྱེས་བུ་དམ་པའི་རང་མཚན་མངོན་སུམ་དུ་གསལ་བར་མཛད་ཅིང༌། དགུང་ལོ་དྲུག་བཞེས་པའི་མེ་བྱི་ལོར་འཇམ་མགོན་རྣམ་གཉིས་དང༌། གཏེར་ཆེན་མཆོག་གྱུར་གླིང་པ། རྗེ་བཙུན་དཔའ་བོ་རིན་པོ་ཆེ་སོགས་ལྐོག་གྱུར་གཟིགས་པའི་ཡེ་ཤེས་སྒྲིབ་པ་མེད་པ་རྣམས་ཀྱི་དགོངས་ཉམས་དང་རྩེ་མཐུན་པར་སྐྱབས་རྗེ་ཐམས་ཅད་མཁྱེན་པ་འབྲུག་ཆེན་མི་འགྱུར་དབང་གི་རྒྱལ་པོའི་དགོངས་པར་དཔལ་ལྡན་རང་བྱུང་མའི་མེ་ལོང་ལས་མཆོག་གི་སྤྲུལ་སྐུའི་གནས་ཡུལ་སྒོ་ཁྱིམ་རིགས་རུས་སྐྱེད་བྱེད་བཅས་མངོན་སུམ་བཞིན་གསལ་བར་སྟོན་ཅིང༌། འདོད་ཁམས་དབང་མོས་བསྐུལ་མ་ནན་ཏན་དུ་གནང་བ་བཞིན་ར་ལུང་དུ་ཕེབས་སྐབས་ངོས་འཛིན་མཛད་དེ། རེ་ཞིག་གསང་རྒྱ་དགོས་པའི་བཀའ་རྩིས་སུ་སྡོམ་ཡང་འཇིག་རྟེན་དབང་ཕྱུག་མཆོག་གི་ཟླ་ཞལ་གཙང་གི་ཕྱོགས་སུ་ཚེས་པར་གྱུར་ཏོ་ཞེས། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་མ་བཤད་པར་གྲགས་པས་ཁྱབ་པར་མཛདཔ་བཞིན། སྣང་བ་དང་མི་སྣང་བའི་སྐྱེ་བོའི་ཚོགས་ཉིན་རེ་བཞིན་ཡང་ཞལ་མཇལ་དུ་ལྷགས། དབྱར་གྱི་ཆུ་གཏེར་བཞིན་འཕེལ་བར་གྱུར་ཏོ།།

       དེ་ནས་མེ་གླང་ལོར་རྗེ་དབོན་དོན་གྲུབ་སྤྲུལ་སྐུ་དཔོན་སློབ་རྣམས་ན་བཟའ་མཚན་གསོལ་གདན་ཞུས་སུ་ཕེབས་པ། ས་ག་ཟླ་བའི་ཚེས་༧ ཉིན་ཡབ་གཞིས་ཉེ་སྐོར་དུ་བཞུགས་སྒར་མཛད། ཚེས་བརྒྱད་གཟའ་སྐར་སྦྱོར་བ་ཕུན་སུམ་ཚོགས་པའི་སྔ་ཆར་འཁྲུངས་ཁང་སྟེང་དུ་རྒྱལ་མཚན་བཙུག །ལྷ་བསང་དང༌། ཁྲུས་གསོལ་བཅས་ན་བཟའ་ཕུལ། བཞུགས་ཁྲིའི་སྟེང་དུ་བཞུགས་ཏེ་ཚེ་རིལ་ཕྱག་གིས་བཞེས་པ་དང་དུས་མཚུངས་པར་ཉི་འོད་དུ་ལ་ཆར་འདྲེས་མ་བབས་ཤིང༌། དབྱར་རྔ་ལྡིར་བ་སོགས་ངོ་མཚར་བའི་རྟེན་འབྲེལ་ཤིན་ཏུ་ལེགས་པར་བྱུང་ཞིང༌། ཆོས་དགུ་ཕེབས་གྱམ་དུ་གདན་འདྲེན་ཞུས་ཏེ་བཞུགས་སྒར་དུ་ཁྲི་སྟོན་མདོར་བསྡུས་བཅས་སྤྱན་དྲངས། ཚེས་བཅོ་ལྔ་ཉིན་རྒྱལ་རྩེ་རྫོང་བརྒྱུད་ཕེབས་པ་ན། དེ་ཡི་ཉིན་ངོར་འོད་དཀར་པོ་ཤས་ཆེ་བའི་འཇའ་ཚོན་ཁ་དོག་སྣ་ཚོགས་མིག་མང་རིས་བཀྲ་བས་གར་བྱོན་སྔོན་རྗེས་ཀུན་ཏུ་གང་བ་དང༌། མེ་ཏོག་གི་ཆར་བབ་པ་སོགས་ཀུན་གྱི་མཐོང་སྣང་དུ་གྱུར། ཟླ་བ་ལྔ་པའི་ཚེས་གསུམ་ལ། སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་དང༌། རྗེ་དབོན་ཆོས་དབང་རིན་པོ་ཆེ། འཇང་དྲུང་པ་སྤྲུལ་སྐུ་སོགས་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོས་ཆིབས་བསུ་སེར་སྦྲེང་ལྷ་མིའི་མཆོད་པའི་རྣམ་གྲངས་མཐའ་ཡས་པ་བཅས་གདན་ས་ཆེན་པོ་འོག་མིན་མཚུར་མདོའི་གཙུག་ལག་ཁང་གི་ཆོས་ཀྱི་ཁྲི་ཆེན་པོར་ཤིས་བརྗོད་མངའ་དབུལ་དང་འབྲེལ་བས། ༸དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་དང༌། ༸གོང་ས་ཡས་ཕྱིན་རྩེ་ཤོད་སྐུ་ཚབ་དང་འབྲེལ། ༸བློ་བཟང་དོན་གཉིས་ལྷུན་གྲུབ་མཁའ་ཁྱབ་རྡོ་རྗེ་མཁྱེན་རབ་ཀུན་གྱི་འབྱུང་གནས་བསྟན་པའི་སྒྲོན་མེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་མཚན་གྱི་དྲིལ་བསྒྲགས། མཐོང་གྲོལ་ཅོད་པན་འཛམ་གླིང་གཡས་བཞག་དབུ་ལ་བཞེས་པ་ན་ཆེ་ཆུང་མཉམ་པ་རང་འགྲིགས་སུ་བྱུང་ཞིང༌། སྐུའི་ཟིལ་དང་གཟི་བྱིན་བལྟ་བས་མི་ངོམས་པ་བཅས་འདུལ་བྱ་མཐའ་དག་སྐལ་བཟང་གི་དགའ་སྟོན་ལ་སྤྱད་ཅིང༌། མཐའ་དབུས་ཀྱི་སྐྱེ་རྒུ་མཆོག་ཕལ་རྣམས་ཀྱིས་དད་པའི་ལེགས་སྐྱེས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་བཀོད་པ་ལྟ་བུས་ཉིན་རེ་བཞིན་ཡང་སུམ་རྩེན་གྱི་དཔལ་ལ་འགྲན་པ་བཞིན་བྱུང་ངོ༌། །

      ཟླ་བ་དྲུག་པའི་ཚེས་གཉིས་ཉིན་ལྷ་ཆེན་འཛམ་གླིང་རྒྱན་གཅིག་མདུན་མཆོད་སྤྲིན་གཟབ་རྒྱས་བཅས། མཁན་པོ་འབྲུག་ཆེན་ཐམས་ཅད་མཁྱེན་པ། ལས་སློབ་བདེ་ཆེན་ཡོངས་འཛིན་ཤེས་བྱ་ཀུན་མཁྱེན། དུས་གོ་བ་མཁན་ཆེན་རིན་ཆེན་དར་རྒྱས། ཁ་སྐོང་རྗེ་དབོན་རྣམ་གཉིས། གཅུང་སྤྲུལ་སོགས་ལས་ཀྱི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་པའི་བསླབ་པ་བཞེས་པའི་མཚན་དུ་༸དཔལ་ལྡན་ཆོས་ཀྱི་ཉི་མ་ཕྲིན་ལས་སྣང་བ་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། རིམ་པས་རྒྱུད་སྡེ་སོགས་ཕྱག་དཔེ་ཐུགས་འཛིན་དང༌། ཕྱག་བྲིས་གཟབ་གཤར། ལཉ྄་ཝར། འབྲུ་ཚ་སོགས་ཕུལ་བས་ཚེགས་ཆུང་ངུས་བྱང་ཆུབ་པར་མཛད། དགུང་ལོ་བརྒྱད་པར་ས་སྟག་ཟླ་བ་གསུམ་པའི་ཚེས་གཅིག་ལ་ཆོས་དབང་སྤྲུལ་སྐུ་རིན་པོ་ཆེས་མཛོད་ནག་རྟེན་གཏོར་ཉམས་གསོས་སྐབས། རབ་གནས་དང་མགོན་པོར་ཕྲིན་བཅོལ་ཐུགས་ཐོག་ནས་གནང་ཞིང་རྟེན་རྫས་སྙན་ཤལ་ལ་འདོད་གསོལ་ལྗགས་ཙམ་མཛད། ལོ་དེའི་ཟླ་བ་ལྔ་པའི་ཚེས་བཅོ་ལྔ་ལ་རབ་གནས་སེར་ཕྲེང་ཕེབས་པས་ཕྱག་ནས་ཟང་ཐལ་དུ་བྱོན་ཅིང༌། རྟེན་ཁ་ཤས་ཀྱི་ཐུགས་ཀར་ལེན་པ་དང༌། ནམ་མཁའ་གཡའ་དག་པ་ལས་མེ་ཏོག་གི་ཆར་དང༌། ས་གཞི་ལ་རོལ་མོའི་སྒྲ་གྲགས་པ་སོགས་བྱིན་ཆེན་ཕེབས་པའི་མངོན་རྟགས་ཡ་མཚན་པ་བྱུང་ཞིང༌། ཟླ་བ་བདུན་པའི་ཚེས་བརྒྱད་ལ་སྒྲོལ་དཀར་དུས་མཆོད་བཅས་དེ་ནས་བཟུང༌། ཡང་མར་ཚེས་བཅུ། ཚེས་བཅོ་ལྔ། བཅོ་བརྒྱད། ཉེར་དགུར་མགོན་གསོལ་སོགས་སྐུ་ཚེ་རིལ་པོར་དུས་མཆོད་རིགས་མ་ཆགས་པར་མཛད། གདུལ་བྱ་གང་ལ་གང་མཚམས་ཀྱི་མོས་འདོད་ཡིད་བཞིན་སྤེལ་བའི་འགྲོ་དོན་དང༌། བར་མཚམས་ཀུན་ཏུ་རྣམ་གཡེངས་ཀྱི་གོ་སྐབས་མེད་པར་གཞུང་འགྲེལ་རིག་གནས་སྐོར་ལ་གསན་བསམ་དང༌། རིས་མེད་པའི་རྩ་གསུམ་རབ་འབྱམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་པའི་ཆོས་ཀྱི་བདུད་རྩི་བར་མེད་དུ་གསོལ་བས་མཁྱེན་རབ་ཀྱི་རྩལ་རྫོགས་ཤིང༌། ཆུ་རྟ་ཟླ་བ་དང་པོའི་ཚེས་བརྒྱད་ལ་ལྷ་སར་གོང་ས་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞབས་པད་དུ་བཅར་བས། ༸ངག་དབང་ཆོས་ཀྱི་འབྱུང་གནས་མཁའ་ཁྱབ་ཏིང་འཛིན་རྡོ་རྗེ་ཞེས་པའི་མཚན་དང༌། ཤིས་བརྗོད་ཀྱི་ལེགས་སྐྱེས་རྒྱ་ཆེར་སྤེལ་བས་གཟེངས་བསྟོད། བསྟན་སྲུང་ཆེན་པོ་རྡོ་རྗེ་གྲགས་ལྡན་ནས་ཀྱང༌། རྟེན་མ་དུང་ཕྱག་ཏུ་ཕུལ་ཞིང་གུས་པས་གཙུག་ཏུ་བཀུར།

      ཟླ་བ་ལྔ་པའི་ཚེས་ཉེར་བདུན་བྱང་རིགས་སྡེ་བཞིའི་འདོད་སྐོང་དུ་ཆིབས་བསྒྱུར་གནང་སྟེ་དད་ལྡན་གསོན་གཤིན་འབྲེལ་ཚད་དོན་ལྡན་གྱིས་བློ་ཡིད་ཚིམ་པར་མཛད། ཟླ་བ་བཅུ་པའི་ཚེས་བཅུ་ནས་མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་མདུན་ནས་སྐྱབས་རྗེ་རིན་པོ་ཆེ་དབུས་འདུས་པ་ཉི་ཤུ་སྐོར་གྱིས་རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་ལུང་དང༌། རྩེ་ལེའི་བཀའ་འབུམ་སོགས་ཀྱི་ལུང༌། དཔའ་བོ་རིན་པོ་ཆེ་གཙུག་ལག་ཉིན་བྱེད་ལས་འཇའ་ཚན་པོད་དྲུག་གི་དབང་ལུང༌། སྔགས་གྲྭ་རིག་འཛིན་ཆེན་པོ་ལས་འཇམ་མགོན་སི་ཏུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་འབུམ་ལུང་སོགས་གསན་བཞེས་དང༌། བར་མཚམས་སུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ་ཀྱི་རྡོ་རྗེ་རྒྱལ་པོ་གནང་བས། སྨན་རྣམས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་དང༌། དད་མོས་ཅན་གྱི་ངོར་བཀའ་ཆོས་སྨིན་དབང་ཁྲིད་ལུང་སོགས་དང༌། གསོལ་འདེབས་ཞལ་གདམས་བསང་གསོལ་གསུང་རྩོམ་གནང་སྦྱིན་གྱིས་མཚོན་རེ་བ་ཡིད་བཞིན་བསྐང་བ་དང༌། གནས་ནང་ཉམས་གསོ་ལ་རབ་གནས་གཟིགས་སྐྱོང་དང༌། ཤིང་སྤྲེལ་དགུང་གྲངས་བཅུ་བཞིར་སོན་པ་ན། ལི་ཐང་སྤང་ཕུག་དགོན་པའི་གཙུག་ལག་ཉམས་གསོས་གསར་བསྐྲུན་ལ་རབ་གནས་དགོངས་གཏད་དུས་ཚེས་བསྒྲིགས་ཏེ་རྟགས་ཐོན་དགོས་ཞེས་ཞུས་པས། ཞལ་བཞེས་ཀྱིས་དུས་ཐོག་ཁེལ་ཉིན་མཚུར་མདོའི་ལྷ་ཆེན་རྒྱ་ཕིབས་འོག་ཏུ་དགོན་དེའི་ཤོག་ཐང་རི་མོར་བྲིས་པ་ལ་སྐུ་རྩེད་ལྟ་བུས་འབྲས་དཀར་དྲི་བཟང་གིས་སྦགས་པ་འཐོར་བར་མཛད། སྤང་ཕུག་དགོན་དུ་ཀུན་གྱིས་མཆོད་སྤྲིན་གཟབ་རྒྱས་བཅས་དེ་རིང་རྟགས་མཚན་ཅི་འོང་ཞེས་གླེང་བ་ན་སྤྲིན་དཀར་གྱི་གསེང་ནས་འབྲས་སེར་གྱི་ཆར་པ་ཕྱི་ནང་ཁྱབ་པར་བབས་པ། དེ་ཕྱོགས་སྡེ་རིས་ཀུན་གྱི་མཐོང་སྣང་རྩོད་བྲལ་དུ་བྱུང་བས་ཐམས་ཅད་མི་ཕྱེད་པའི་དད་པ་ལ་བཀོད། སྐབས་སུ་བདུད་འདུལ་རྒྱལ་པོ། ཇོ་ལུགས་སྒྲོལ་དཀར། འཕགས་མའི་སྙིང་ཐིག་སོགས་ཀྱི་སྐུ་མཚམས་ལྗགས་བསྙེན་དང༌། ནག་ཚང་སོགས་ཀྱི་ཞུས་ངོར་བྱང་འབྲོག་ཏུ་ཆིབས་བསྒྱུར་གྱི་ཞོར་དུ་ཟབ་བུ་ལུང་སོགས་སྒྲུབ་གནས་རྣམས་སུ་གནས་གཟིགས་དང༌། ཚོགས་མཆོད། བོད་ཡུལ་བདེ་བའི་གསོལ་སྨོན་བཅས་གནང༌། མེ་ཁྱིར་མདོ་སྨད་དུ་ཆིབས་བཏེགས། ལམ་བར་སོ་སོར་དད་འདུས་རྣམས་ཀྱི་འདོད་པ་བསྐང་སྟེ། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཅིག་ལ་དཔལ་སྤུངས་སུ་ཆགས་ཕེབས། མེ་ཕག་ཟླ་བ་དང་པོའི་ཚེས་བཅུ་གཉིས་ནས་ཡང་ཁྲོད་དུ་རྗེ་འཇམ་མགོན་བླ་མའི་མདུན་ཕེབས་ཏེ། ཟླ་བ་གསུམ་པའི་ཚེས་གཉིས་བར། རང་ལུགས་རྩ་གསུམ་སྤྱི་དང༌། བཀའ་བརྒྱུད་སྔགས་མཛོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་གསན་བཞེས་བར་མེད་དུ་མཛད། སྔོན་དུ་བརྡའ་ལྟས་ཀྱིས་བསྐུལ་མ་བྱུང་བར་བརྟེན་མ་མགོན་དམ་བཞག་ལ་དབྱངས་ཡིག་ཞིག་མཛད་པར། འདི་སྐབས་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་བདུན་ནུབ་ཐོ་རེངས་རྨི་ལམ་དུ་མི་ནག་པོ་གྲི་ཐོད་འཛིན་པ་ཞིག་གིས་ན་རེ། ཁྱེད་ཀྱིས་ང་ལ་དབྱངས་བརྩམས་པ་ལེགས། འོན་ཀྱང་ངེད་ལ་མཐོང་བ་དོན་ལྡན་གྱིས་བརྩམས་པ་འདི་ཡིན། འདི་ལྟར་བྲིས་ན་ལེགས་ཤེས་ཤོག་དྲིལ་སྨུག་པོ་ཞིག་བསྟན་བྱུང་བའི་ནང་ན་དབྱངས་ཡིག་འདུག་པ་བཞིན་སད་འཕྲལ་ཐུགས་ལ་འདུག་བཞིན་ཕྱག་བྲིས་ཀྱང་མཛད།

ཚེས་བདུན་བརྒྱད་ལ་ལྷ་སར་ཁང་དུ་སྲོལ་གཉིས་ལས་བྱུང་བའི་སེམས་བསྐྱེད་བཞེས་ཏེ། དཔལ་ལྡན་མཆོག་གི་བློ་གྲོས་ལུང་རྟོགས་ཆོས་ཀྱི་ཉིན་བྱེད་ཕྲིན་ལས་གཟི་བརྗིད་རབ་ཏུ་རྒྱས་པའི་སྡེ་ཞེས་མཚན་གསོལ་བ་དང་ཆབས་ཅིག་དབྱར་རྔ་ལན་གསུམ་ལྡིར་ཞིང་ཆར་ཆེན་པོ་བབས་པ་སོགས་རྟེན་འབྲེལ་ལེགས། དེ་ནས་དབྱར་ཁང་དུ་ཕེབས་ནས་ཟླ་བ་དྲུག་པའི་ཚེས་དགུ་བར་གདམས་མཛོད་སོགས་ཀྱི་དབང་ལུང་དང༌། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དབང་ཆེན་བདག་པོ་ཆེན་པོའི་བར་རྫོགས་པར་གསན་པའི་གསང་མཚན། དཔལ་རང་བྱུང་བདེ་ཆེན་ཡེ་ཤེས་ལྷན་གཅིག་སྐྱེས་པའི་རྡོ་རྗེ་ཞེས་རིག་འཛིན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་མངའ་གསོལ། བར་དེར་ལྷ་སར་ཁང་དུ་ཡབ་སྲས་ལྷན་རྒྱས་ཀྱིས་བཀའ་བརྒྱད་སྨན་སྒྲུབ་ཀྱང་མཛད།

དཔལ་སྤུངས་དབོན་རྒན་རིན་པོ་ཆེ་གཙོས་བླ་ལས་རྣམས་ནས་སི་ཏུ་རིན་པོ་ཆེའི་སྤྲུལ་སྐུའི་དོན་སྐོར་དགོངས་བརྟག་སྙན་སྦྲན་ཕུལ།

ཟླ་བ་ལྔ་པའི་ཚེས་ཉེར་དགུ་ལ་དབྱར་ཁང་དུ་འཇམ་མགོན་རིན་པོ་ཆེའི་བཀའ་བཞིན་པཀྴིའི་ཕྱག་བྲིས་ཐུགས་དམ་མགོན་སྐུའི་ཞལ་ཕྱེས་པས། སེར་དྲག་དང་སྦྲག་ར་ཆེན་སྐོར་དུ་ཐོག་གསུམ་ཙམ་ལྷུང་བ་སོགས་འཚུབས་ལྷོང་གི་རྣམ་པ་ཕྲན་བུ་བྱུང༌། ཟླ་བ་དྲུག་པའི་ཚེས་ཉི་ཤུ་ལ་རྫོང་སར་དུ་ཕེབས། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་མཇལ་འཕྲད་གནང༌། ཚེས་ཉེར་གཅིག་ལ་ཐོག་མའི་ཆོས་ཀྱི་སྒོ་འབྱེད་དཀར་པོ་ལྷ་གསུམ་གྱི་དབང་ལུང་གསན། དེ་ནས་རྫོང་ཤོད་དུ་འཇམ་མགོན་རིན་པོ་ཆེ་དང་ལྷན་རྒྱས་ཀྱིས་ཕེབས། རྩ་གསུམ་ཚོགས་སྐོང༌། ཁྲོམ་ལ་སྨིན་དབང༌། ཡུལ་ལྷར་བསང་དང་གསེར་སྐྱེམས་སོགས་ཀྱིས་དེར་འདུས་ཀྱི་ལྷ་མིའི་འགྲོ་བ་རྣམས་དོན་ལྡན་དུ་མཛད། གནས་གཟིགས་རི་སྐོར་ཕེབས་པས། གུ་རུ་ཡབ་ཡུམ་གྱི་སྒྲུབ་ཕུག །ཀརྨ་པའི་གཟིམ་ཕུག་སོགས་ཕུག་པ་མང་པོར་མིང་འདོགས་མཛད། འཇམ་མགོན་རིན་པོ་ཆེས་ད་དུང་སྐྱབས་མགོན་ཆེན་པོ་གནས་འདིར་སླར་ཡང་ཚར་གཅིག་ཕེབས་རྒྱུ་ཡོང་བར་འདུག་ཅེས་ཐུགས་དགྱེས་ཚོར་གནང༌། དད་སྦྱིན་རྣམས་ཀྱི་ཞུས་ངོར་ཧོར་རོང་ཚ་བརྒྱུད། ལི་ཐང་སྤང་ཕུག་དགོན་དུ་ཕེབས། དེར་ཕྱོགས་ཀྱི་བྲག་ངོ་ཞིག་ལས་རྗེ་དུས་གསུམ་མཁྱེན་པའི་སྐུ་ཡི་རང་བྱོན་སྔ་ན་མེད་པ་ཞལ་ཕྱེས་པ་དང༌། བྲག་སྐམ་པོ་ལས་ཚེ་ཆུ་འོ་མའི་མདོག་ལྟ་བུ་ལྷུང་ལྷུང་བབ་པ་སོགས་ཀུན་ཀྱང་ངོ་མཚར་སྐྱེས་པར་གྱུར།

        དེ་ནས་རྩེ་ཤག་དྲུང་སྡེ་སོགས་ཀྱི་གདན་ཞུས་དང༌། ཉག་སྤྱི་བད་ལྷུན་གདན་ཞུས་བཅས་ལ་རི་ནུབ་བརྒྱུད་ཆིབས་བཏེགས། ཏྲེ་ཧོ་ཨ་ཐུབ་དཔོན་སྡེ། བན་དགོན་སོགས་དགོན་ཁག་རྣམས་ཀྱི་འདོད་སྐོང་དང༌། ཁྱད་པར་རྗེ་དུས་མཁྱེན་དགུང་ལོ་བཅོ་ལྔའི་སྐབས་ཞབས་འདྲེན་བར་ཆད་ཞུས་པའི་བསྙན་དགྲ་གཙང་འགྲམ་གྲོང་པ་ལ་སྨོན་ཚིགས་ཀྱིས་སྤ་བཀོང་བ་ན། གལ་ཏེ་བཟོད་གསོལ་གྱིས་ཉམས་པ་སོར་ཆུད་པར་འདོད་ན་ཕྱི་མའི་དུས་སུ་ཁོ་བོའི་གནས་འདིར་ར་སྐད་གྲགས་པ་ཞིག་ཡོང༌། དེ་དུས་ང་ཉིད་གནས་འདིར་ཡོང་བས་དེ་ལ་གསོལ་བ་ཐོབ་ཅེས་མ་འོངས་ལུང་བསྟན་བསྩལ་བའི་ངག་རྒྱུན་བཞིན། དེ་ནས་ཙམ་གཙང་འགྲམ་གྲོང་དེར་མི་རབས་བརྒྱུད་མར་ལོ་རེ་བཞིན་ན་ཚ་ཤི་ཆད་རྒྱུན་མ་ཆད་པ་ཡོད་མུས་སུ། ར་སྟག་སྟེང་ཞེས་དུས་མཁྱེན་སྐུ་འབུམ་ཡོད་པའི་ཉེ་སྐོར་དེར་གཟུགས་མེད་པའི་ར་ཡི་སྐད་གསལ་བ་ཐམས་ཅད་ནས་གོ་རྒྱུ་ཡོད་པ་ལན་ཁ་ཤས་བྱུང་བ་དང༌། སྐྱབས་རྗེ་རིན་པོ་ཆེ་ཧོར་སྟོད་དུ་ཕེབས་པ་དུས་འགྲིགས་ཏེ། གོང་གི་ལུང་དོན་ཐོག་ཏུ་ཁེལ་བར་ཤེས་ཏེ། བེ་རི་དཔོན་སྡེ་ནས་གདན་ཞུས་ཀྱིས་གཙང་འགྲམ་གྲོང་དེས་བཟོད་གསོལ་ཕུལ་བས། དེ་ནས་གཟུང་སྔོན་གྱི་མི་ཤིས་པའི་རྐྱེན་གྱི་འཕྲོ་ཆད་པར་གྱུར། རིམ་གྱིས་དཔལ་སྤུངས་སུ་ཕེབས་པ་དང༌། སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱལ་དབང་མཆོག་གི་དགོངས་བརྟགས་དང༌། བོད་ནས་གསེར་བུམ་རྩེ་མཐུན་བྱུང་བར་བརྟེན། འཛི་སྒར་རིན་པོ་ཆེ་དང༌། གསང་གླིང་པ་བཅས་ནས་ཞབས་བསྐུལ་ཞུས་བཞིན། འབྲུག་ཆེན་མཆོག་གི་སྤྲུལ་སྐུར་ན་བཟའ་མཚན་གསོལ། རྟེན་འབྲེལ་མཇལ་དར་རྟེན་གསུམ་འབུལ་ཚན་བཅས་གནང་སྦྱིན་མཛད།

        ས་བྱི་ཟླ་བ་དང་པོའི་ཚེས་ཉེར་བདུན་ལ་ཡང་ཁྲོད་འཇམ་མགོན་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཁྲིད་ཀྱི་སྟ་གོན་ནས་བརྩམ། བར་སྐབས་སུ་སྒྲུབ་ཆེན་དང༌། དཔལ་སྤུངས་དགོན་གྱི་ལྷ་སར། གཟིམ་ཆུང་སྟེང་ཤོད་སོགས་སུ་རབ་གནས་གནང༌། དབྱར་ཁང་དུ་འཇམ་མགོན་རིན་པོ་ཆེ་ལས། སྒྲ། རྩིས། སྨན། སྙན་ངག་སོགས་རིག་གནས་རྣམས་ལ་འབྲེལ་འཇོག་དང༌། ཤེས་བྱ་ཀུན་ཁྱབ། མངོན་མཛོད། དབུ་མ་འཇུག་པ། མངོན་རྒྱན། རྒྱུད་བླ། བདེ་མཆོག་རྩ་རྒྱུད། གསང་འདུས། དྲི་མེད་འོད། སྒྱུ་འཕྲུལ་གསང་བ་སྙིང་པོ་རྣམས་ཀྱི་བཤད་ཁྲིད་བཅས་གསན། ལྷག་བསམ་ནས་སྙན་ངག་ཕུལ་བས་དཔེ་བརྗོད་མཛད་དེ། འཇམ་མགོན་རིན་པོ་ཆེར་གཟིགས་ཕུལ་སྐབས།

འཇིག་རྟེན་དབང་ཕྱུག་མཁྱེན་པའི་དོ་ར་ན། །ཤེས་བྱའི་ཆོས་ཀུན་མ་སྒྲིབས་ས་ལེར་འཆར། །

སློབ་དཔོན་མཁས་པའི་ཞལ་སྒོར་བརྒྱུད་ཙམ་གྱིས། །ཀུན་མཁྱེན་གཟིགས་པའི་གོམ་སྟབས་གཅིག་གིས་བགྲོད། །

ཅེས་བསྔགས་བརྗོད་གནང༌།

བུམ་སྒྲུབ་ཚེས་བཅུ་རྣམས་ཀྱི་ཚོགས་དབུར་ཕེབས། ཆར་ཤིན་ཏུ་ཆེ་བས་ཚེས་བཅུའི་གར་འཆམས་ཉིན་གཉིས་ལ་བྱས་པས། ཚེས་བཅུ་ཉིན་རྒྱལ་དབང་རིན་པོ་ཆེས་ས་འདུལ། བྱིན་འབེབས། གསེར་སྐྱེམས་རྣམས་ལ་འཆམས་ཕེབས་ཀྱིས་བྱིན་རླབས་གནང༌། ཚེས་བཅུ་གཅིག་ཉིན་གཏུམ་རྔམས་ཟིལ་གནོན་ཞབས་འཆམས་གནང་སྐབས་འཇའ་དང༌། མེ་ཏོག་གི་ཆར་བབ་པ་སོགས་བྱུང༌། ཟླ་བ་བདུན་པའི་ནང་འཇམ་མགོན་རིན་པོ་ཆེའི་མདུན། ཞབས་བརྟན་དངོས་འབུལ་གཟབ་སྤྲོས་བཅས་ཆོས་མཚམས་ཀྱིས། ཕྱོགས་ཀྱི་འདོད་སྐོང་དུ་ཚབ་ཚ། བན་ཆེན། འདན་གཞུང་རྣམས་སུ་ཆིབས་བསྐྱོད་ཀྱིས་ས་གླང་ཟླ་བ་དང་པོའི་ཚེས་བརྒྱད་ལ་དཔལ་སྤུངས་སུ་སླར་འཁོར་ཏེ་རྫོང་སར་དུ་ཕེབས། སི་ཏུའི་འཁྲུངས་ཡུལ་ལི་ཐང་གི་ལུང་པའི་འགྲོ་ཚུལ། མདུན་རི། རྒྱབ་རི། ཆུ་དང་ཟམ་པ་ཡོད་ལུགས། ཁང་པའི་ཐོག་རྩག་སྒོ་དང་སྐར་ཁུང་ཡོད་ཕྱོགས་བཅས་ཤོག་ཁྲར་རི་མོ་མཛད་དེ། དགོངས་བརྟག་བཞིན་ཡང་སྲིད་བརྩད་བཅད་དུ་སྤུང་སྤྲུལ། འབྲོང་བླ་བསྟན་འཛིན་ཆོས་རྒྱལ་བཅས་ལི་ཐང་ཚོ་གསུམ་འཇའ་པ་གྲོང་དུ་མངག་བཏང་གིས་དེར་ཡང་ཐུགས་དམ་བཞིན་བཙལ་མ་དགོས་པར་རྙེད། འཇམ་དབྱངས་བླ་མའི་མདུན་ནས་སྒྲུབ་བཏུས་སོགས་དབང་ལུང་ཁྲིད་གསུམ་གདམས་ངག་རྒྱ་མཚོ་ལྟ་བུ་ངོམ་མེད་དུ་གསོལ་སྟེ་ཐུགས་ནང་རོ་གཅིག་ཏུ་འདྲེས་པར་གྱུར། ཕར་ཚུར་ཞབས་བརྟན་འབུལ་ནོད་བཅས་མཛད། ཉིན་ཤས་བར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ནང་བརྩེའི་གསུང་གླེང་བཀའ་འདྲི་བསླབ་སྟོན་རིགས་ཞིབ་རྒྱས་སུ་གནང༌། སླར་ཡང་དཔལ་སྤུངས་སུ་ཕེབས། འཇམ་མགོན་རིན་པོ་ཆེ་ནས་གཞི་ལེན་གྱིས་བླ་མ་དགོངས་འདུས་སྒྲུབ་ཆེན། སྨན་སྒྲུབ་སོགས་ཡན་ལག་གི་སྒྲུབ་པ་ཀུན་ཚང་མཐའ་རྒྱས་སུ་དཔོན་སློབ་བརྒྱ་དང་བརྒྱད་ཡར་བརྒལ་གྱིས་ཞག་བཅུའི་ཁོངས་སུ་གྲུབ་པར་མཛད་ཅིང༌། མཐར་འཇམ་མགོན་རིན་པོ་ཆེ་ལས་སྒྲུབ་དབང་ཆེན་མོ་གསན། དེ་སྐབས་བར་གསེང་ཀུན་ཏུ་ཤངས་ཆོས་སྐོར་དང༌། སྒྲོལ་མ་རྣལ་འབྱོར་མ་སོགས་ཐུན་མོང་དང༌། གཏེར་མཛོད་བཀའ་རྒྱའི་སྐོར་དང༌། རང་ལུགས་ཆོས་སྲུང་བཀའ་གཏད་སྲོག་དབང་སོགས་ཐུན་མོང་མིན་པའི་དབང་ཁྲིད་རྒྱབ་བརྟེན་བཅས་ཉིན་མཚན་འཁོར་ཡུག་ལྟ་བུའི་གསན་བསམ་མཛད། ཟླ་བ་ལྔ་པའི་ཚེས་བཅུ་ལ་སི་ཏུའི་ཡང་སྲིད་རིན་པོ་ཆེ་ཆིབས་བསུ་སེར་ཕྲེང་བཅས་དགོན་དུ་ཕེབས་པ་མཇལ་འཕྲད་ཀྱིས། ཚེས་བཅུ་གཅིག་ལ་དབུ་སྐྲ་གཙུག་ཕུད་བཞེས་ཏེ། མཚན་འདོགས་ཁྲིར་འདོན་མངའ་གསོལ་གནང་སྐྱེས་རྒྱ་ཆེར་དང༌། དགོན་གྱི་ཕྱི་ནང་བཅའ་སྒྲིགས་སྐུ་གཅར་ཡོངས་འཛིན་བསྐོ་བཞག་སོགས་ཕྱི་ནང་གི་གཟིགས་རྟོགས་ཉམས་སྨིན་བཅས་བཀའ་དྲིན་སྩལ་སྟེ། ཚེས་ཉེར་དྲུག་ལ་འཇམ་མགོན་རིན་པོ་ཆེ་དང་རྒྱལ་མཆོག་ཕན་ཚུན་བསྙེན་ཕྲེང་ཕུལ་བཞེས་དང༌། ཐུན་མིན་ཉམས་བཞེས་བཀའ་སློབ་བཅས་ཐུགས་ཕྲེང་ངང་ནས་མཇལ་དར་རྩེ་སྤྲོད། བཀྲ་ཤིས་སྨོན་ལམ་བཅས་མཛད་དེ་ལྷོ་ཁོག་བརྒྱུད་ཟུར་མོང་ནས་ཀརྨའི་གདན་སར་ཕེབས་ཏེ་བསྟན་འགྲོའི་སྤྱི་རིམ་ལུང་དོན་བཞིན་ཕུར་སྒྲུབ་རྒྱུན་འཛུགས་ཀྱི་ཡོ་བྱད་གནང་སྦྱིན་དང༌། སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མའི་རྡོ་རྗེ་རྒྱལ་པོར་མཛད་དེ་ཁྲོམ་ལ་དབང་དང་མྱོང་གྲོལ་སྨན་འགྱེད་བཅས་གནང༌། མཁན་བླ་མ་བཀྲ་ཤིས་འོད་ཟེར་ཕེབས་པ་ལས་འགྲོ་དོན་བར་མཚམས་རྣམས་སུ་ཁྲིད་ལུང་དུ་མ་གསན་བཞེས་ཀྱིས། ཟླ་བ་དྲུག་པའི་ཚེས་གཅིག་ནས་ཆིབས་བཏེགས་ལྷོ་རྒྱུད་ནས་ནང་ཆེན་རྒྱལ་ཁབ་ཏུ་ཕེབས། ཆགས་མེད། མཉན་སྤྲུལ་སོགས་བླ་སྤྲུལ་འདུས་པ་རྒྱ་ཆེར་བཀའ་བརྒྱུད་སྔགས་མཛོད་དབང་ལུང་རྫོགས་པར་གནང་སྟེ་དིལ་ཡག་བརྒྱུད་ཆིབས་བསྒྱུར་གྱིས། འབྲོང་སྟོད་དུ་མཁའ་འགྲོ་གཏོར་ཆེན་ཕུལ་བ་ན། ཡུལ་ལྷ་གཏེར་སྲུང་ཆེན་པོས་གཡུ་དམར་རིན་ཐང་བྲལ་བ་ཕྱག་ཏུ་ཕུལ། དེ་ནས་རིམ་གྱིས་ལྷ་གདན་རྒྱལ་ཁབ་ཆེན་པོར་སྐྱབས་མགོན་རྩེ་དང༌། སྲིད་སྐྱོང་བཅས་པར་སྒེར་མཇལ་དང༌། སྟོན་པ་མཚུངས་མེད་ཇོ་ཤཱཀ་ཡིད་བཞིན་ནོར་བུར་སྟོང་མཆོད་གཟབ་སྤྲོས་བཅས། མཆོད་རྟེན་ཁག་ལ་གནས་གཟིགས་གསོལ་སྨོན་ཐུགས་བསྐྱེད་བཅས་གནང༌། གནས་ཆུང་དུ་དགྲ་ལྷ་ཆེན་པོར་སྐུ་ཕེབས་ཞུས་པས་བཀའ་ལུང་བསྔགས་བརྗོད་བཅས་རིན་ཆེན་དང་པོའི་མཐེབ་སྐོར་ཕྱག་ཏུ་ཕུལ།

དེ་ནས་གུང་ཐང་བརྒྱུད་བསམ་ཡས་སོགས་སྒྲུབ་གནས་ཁྱད་པར་འཕགས་པ་རྣམས་སུ་གནས་གཟིགས་སྟོང་མཆོད་ཚོགས་འཁོར་སོགས་ཚོགས་བསགས། བསྟན་འགྲོ་བདེ་ཐབས་ཀྱི་ཕྱི་ནང་གསང་བའི་རྟེན་འབྲེལ་ཐུགས་སྨོན་ཟབ་རྒྱས་གནང་བཞིན་གསང་གླིང་དུ་ཕེབས། འབྲུག་ཆེན་རིན་པོ་ཆེའི་ཡང་སྲིད་གསེར་ཁྲིར་མངའ་གསོལ་ལེགས་འབུལ་རྒྱ་ཆེན་དང༌། ཀར་འབྲུག་བསྟན་ལར་གཅིག་དྲིལ་སྔར་གྲོལ་བཞིན་ཉམས་སྨིན་བཀའ་སློབ་ཀྱིས་སྐྱོང༌། ལྕགས་ཡོས་ལོ་དེའི་ཟླ་བ་དགུ་པའི་ཚེས་ཉེར་གཉིས་ལ་དགོངས་ཉམས་དང་འབྲེལ་བས་དཔོན་སློབ་ཉུང་བསྡུས་ཀྱིས། ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ཡི་གནས་ཀྱི་སྙིང་པོ་མཆོད་ཀར་སྤྲུལ་པའི་ཕོ་བྲང་དུ་ཕེབས། གནས་གཟིགས་ཞིབ་ཆ་དང་འབྲེལ་བའི་མཚོ་སྒོར་རྒྱས་པ་དང༌། བདེ་མཆོག་ཡབ་ཡུམ་གྱི་ཚོགས་ཀྱི་འཁོར་ལོའི་འདུ་བ་ཁྱད་པར་ཅན་གནང༌། དག་པའི་གཟིགས་སྣང་མཐའ་ཡས་པ་བྱུང་ཞིང༌། ཨེ་ཀ་ཛ་ཊྀའི་གནས་གཟིགས་སུ་ཕེབས་པ་ན་འབྱུང་བཞིར་རང་དབང་འབྱོར་བའི་བཀོད་པ་དང༌། རི་བྲག་ལ་ཟང་ཐལ་དུ་ཕེབས་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་མཐོང་ཆོས་སུ་བསྟན་ཅིང༌། ཕེབས་ལམ་ཀུན་ཏུ་འཇའ་ཚོན་གྱིས་སྦྲེལ་བ་དང༌། ལྷ་ཡི་མེ་ཏོག་དཀར་པོ་འདབ་མ་བརྒྱད་ནས་བཅུ་དྲུག་བར་ཅན་གྱི་ཆར་བབ་པ་སོགས་དགེ་མཚན་རྨད་དུ་བྱུང་ཞིང༌། དེ་དག་གི་ཚེར་རྩ་གསུམ་སྒྲུབ་ཐབས་ཀྱི་བརྡའ་བྱང༌། མཧཱ་གུ་རུའི་སྐུ་ཚབ་ཡབ་ཡུམ་ཛྷི་ཀྵི་ལས་གྲུབ་པ། གནམ་ལྕགས་རྡོ་རྗེ། ལྷ་ལྕམ་པདྨ་གསལ་གྱི་གདུང་བཅས་མྱོང་གྲོལ་སྐོར་སོགས་ཕྱག་ཏུ་ཕོག་པ་བཅས། འདིས་མཚོན་ཟབ་གཏེར་གྱི་མཛོད་ཆེན་པོ་མངའ་བར་སྣང་ནའང་རྣམ་པ་ཀུན་ཏུ་རང་གི་ཡོན་ཏན་སྦྲུལ་གྱི་ཡན་ལག་བཞིན་སྦས་ཏེ་ང་ལྟ་བུ་རྨོངས་བརྟུལ་ཚུལ་འཆལ་སྐོར་སྲེད་འདོད་གདུང་ཅན་གྱིས་ཅི་ཡང་མི་ཤེས། དུས་ངན་གྱི་བླ་གཟུགས་ལས་ངན་མཚང་བརྡོལ་བདག་འདྲས་མ་བྱུང་བའི་ཚུལ་ཁོ་ནས་དམན་སར་བཟུངས་ཤིང༌། ཆོས་བརྒྱད་བྲལ་བས་ལྟ་སྣང་ཙམ་དུའང་བཅོས་མིན་ཉིད་ལས། ཐོབ་དང་རྣམ་དཔྱོད་ངོམ་པའི་ཆེ་བ། ཚུལ་འཆོས་སོགས་མེད་པ་འདིའང་འཕགས་པའི་རྣམ་ཐར་བླ་ན་མེད་པ་ཞིག་གོ།

       དེ་ནས་ལྭ་བ་ཕུག་ཏུ་གནས་མཆོད་ལ་ཁྱུག་ཙམ་ཕེབས་རྩིས་ཀྱིས་དེར་སླེབས་པ་དང༌། གློ་བུར་ཞབས་བསྐོར་ཕེབས་བཞེད་ཀྱིས་མི་ལྤགས་ཐང་ནས་བརྩམ། གངས་ལམ་ཤིན་ཏུ་ཉམས་ང་བ་རྣམས་སུ་གཅན་གཟན་དང༌། བྱིམ་པའི་རྐང་རྗེས་ལྟ་བུར་གསལ་བའི་ཤུལ་ལམ་དུ་ཞུགས་ཏེ་ཉེ་ཞོ་མེད་པར་ཕོ་བྲང་གཡུ་མཚོ། ལྟག་ཚང་རོང་སོགས་དཀྱིལ་འཁོར་གྱི་གནས་རྣམས་ཤིན་ཏུ་མྱུར་པོར་འཁོར་བར་མཛད་ཅིང༌། ལམ་དུ་གཅོང་རོང་ཡ་ང་བར་ཆུ་བོ་ཆེན་པོ་རྦ་ཀློང་མི་བཟོད་པ་ཞིག་གིས་ལམ་འགགས་པ་ན། སཱ་ལའི་ལྗོན་པ་སྦོམ་ཞིང་ཡལ་ག་རྒྱས་པས་ཁྱོན་ཀུན་འགེངས་པ་ཞིག །སྐྱེས་བུ་ཆེན་པོས་རལ་གྲི་གཡུགས་ཐེང་གཅིག་གིས་སྡུམ་མེར་བཏང་སྟེ། མི་བརྒྱ་ཕྲག་གིས་འདྲེན་དགོས་སྙམ་པའི་སྡོང་པོ་ཆེན་པོ་དེ་ཉིད་རང་གི་དཔུང་པའི་ཤུགས་ཀྱིས་དྲངས་ཏེ་ཟམ་པ་འཛུག་པ་ལས་ཞབས་གྲས་ཀུན་བདེ་བར་ཕྱིན་པར་མཛད་པ་དང༌། ཞིང་སྐྱོང་གནས་ཕྱོགས་མི་སུས་ཀྱང་གཏམ་སོགས་སྐད་ཆེར་བཤད་མི་ཕོད་པའི་ས་དེར་སླེབས་པ་ན་སྨུག་རླངས་ཤིན་ཏུ་འཐུག་པོས་ལམ་གཅིག་ནས་མཉམ་དུ་ཡོང་བའི་མི་སྔོན་རྗེས་ཀྱང་མི་མཐོང་བར་གྱུར་པ་ན། སྐྱབས་རྗེ་མཆོག་གིས་ཀི་མཛད་ཅིང་གཞན་རྣམས་ལའང་ཀི་བསོ་རྒྱབ་བཅོལ་སྟེ་ན་བུན་རྣམས་སྐད་ཅིག་གིས་བྱ་ཁྱུ་རྡོས་བཀྲོག་པ་བཞིན་མེད་པར་མཛད། དཔོན་གཡོག་ཀུན་གསོལ་ཆས་ཆད་པ་ན་དཔལ་ལྡན་ཞིང་སྐྱོང་དབང་པོས་རྩམ་ཞིབ་ཀྱི་ཕུང་པོ་བྱུར་བུར་སྤུངས་པ་སོགས་ཡ་མཚན་དད་མོས་འཕེལ་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་བཅས་གསང་གླིང་བརྒྱུད་ལྷ་གདན་དུ་གཞུང་སའི་ཞབས་བརྟན་ལ་ཕེབས། འདི་སྐོར་བསྟན་འགྲོའི་བསོད་ནམས་ཀྱི་སྐལ་པས་ཨོ་རྒྱན་དྷཱ་ཀིས་གསང་ལུང་བཞིན་རང་དོན་ཉེ་རྒྱུའི་སྤྱོད་པས་ས་ལམ་གཅིག་ཆར་དུ་རྫོགས་པའི་གྲོགས་སུ་གྱུར་ནའང༌། གཞན་དོན་ལྟར་སྣང་འབྱོལ་ཉོག་གི་སྤྱོད་པས་བསྟན་པ་རིན་པོ་ཆེར་མིག་ལྟོས་ལོད་རྐྱེན་དུ་དགོངས་པས་ཐུགས་ཉམས་སུ་བཞེས་བཞེད་གཏན་ནས་མ་གནང་བ་ན། ཕྱི་ཡི་འབྱུང་བ་ཆ་མ་སྙོམས། ནང་གི་ཟླ་ཉིའི་ཁམས་མ་གཅིག །གསང་བ་དྷཱ་ཀིའི་ལུང་དང་འགལ་བའི་བཀའ་ཆད་ཀྱིས། རླུང་རྣམས་རང་སོར་མ་ཚུད་པས་སྐུ་ཤིན་ཏུ་བལྟེམས་ཤིང་ཞིང་འདིའི་མཛད་པ་བསྡུ་རུ་ཉེ་བ་ན། ལྟོས་བཅས་བླ་མ་སློབ་འབངས་ཀུན་གྱིས་ལྷ་བླར་ལུང་ཞུས་དང་འབྲེལ་བས་ཞབས་པད་བརྟན་པར་གསོལ་བ་རྩེ་གཅིག་ཏུ་གཏབ་མཐར་ལུང་ལས་འགོངས་པའི་ཐབས་གཞན་མ་མཆིས་པས་རྟེན་འབྲེལ་གྱི་ཕྱག་རྒྱ་བཞེས་པས་སྐབས་དེའི་བར་ཆད་ལས་གྲོལ་བར་བྱུང་ཞིང༌། ཐབས་ལ་མཁས་པའི་མྱུར་ལམ་གྱི་གནད་མ་གོ་བར་རྟོག་གེ་ཚུ་རོལ་མཐོང་བ་རྣམས་ནི་མཁྲིས་ནད་ཅན་ལ་དུང་དཀར་སེར་སྣང་གི་དཔེས་ཐ་མལ་པ་བཞིན་ཁ་ཟེར་བ་དག་ལ། དམ་པ་འདི་ཉིད་ཀྱི་ཐུན་མོང་མིན་པའི་མཛད་པ་ལུང་རིགས་ཀྱིས་མངོན་གྱུར་སྒྲུབ་ཏུ་མཆིས་ནའང༌། གསང་བ་བསྒྲགས་པར་མ་སྤོབས་ཤིང༌། སྐྱེས་བུ་དམ་པ་འདི་ལྟ་བུ་ཡིད་ལ་བྱས་པས་ངན་འབྲེལ་དུ་གྱུར་པའང༌། འབྲེལ་ཚད་དོན་ལྡན་དུ་འགྱུར་བའི་ཕྱིར། བདག་འདྲའི་མོས་ཞེན་དད་པས་སྒྲུབས་ཤིང་བསྟོད་པ་ནི་ཆགས་སྡང་བསྐྱེད་བྱེད་དུ་དོགས་ཤིང༌། དེ་ལས་རང་བཞིན་དུ་འཇོག་པ་ཉིད་ལེགས་པར་མངོན་ནོ།།

ཤིང་རྟ་ལོར་མཚུར་ཕུར་དགེ་འདུན་ཟུར་རིའི་འདུ་ཁང་གསར་རྒྱག་དང༌། ཕོ་བྲང་ཉམས་གསོ་བཅས་མཛད། དགེ་རྒྱལ་དཔལ་ང་རྒྱལ་བླ་དམ་པ་ནས་ཞབས་ཞུས་ཀྱིས་སྨན་གྱི་ནོར་བུ་རིན་པོ་ཆེ་ཡང་ཟབ་རིལ་བུ་དང༌། མང་སྦྱོར་ཆེན་མོ། དབང་རིལ་ཤེལ་དཀར་མཆོད་རྟེན་སོགས་བསྟན་འགྲོའི་སྨན་ཡོན་གྱི་སྒོ་གཅིག་ཏུ་ཕྱེས་ཤིང་སྦྱར་བར་མཛད། ལྷ་སར་ཇོ་ཁང་ཐོག་ཏུ་བསྟན་འགྲོའི་ཞབས་རིམ་ལུང་དོན་གཞུང་ཆེན་པོས་བཀའ་དང་མཐུན་རྐྱེན་གནང་བཞིན་སྒྲུབ་བརྒྱུད་ཡོངས་ཀྱི་བསྟན་སྲུང་ཚེ་རིང་མཆེད་ལྔའི་རྟེན་འཛུག་དང༌། བསྐང་གསོལ་རྒྱུན་འཛུག་རྣམས་མཛད། བར་དེར་རྗེ་དབོན་ཆོས་དབང་རིན་པོ་ཆེ་ཞི་བར་གཤེགས་པས་མཆོད་འབུལ་དགོངས་རྫོགས་གཞན་འགྲན་མེད་པར་གནང༌།

         ཤིང་ལུག་དགུང་གྲངས་ཉེར་ལྔར་ཕེབས་པ་ན། སླར་ཡང་འཇམ་མགོན་རིན་པོ་ཆེ་ལས་ཐུགས་དམ་དོགས་སེལ། བཀའ་ཆོས་འཕྲོས་ལུས་གསན་བཞེས་དང༌། མཇལ་འདུན་བཅས་མི་འཕྲོག་པའི་དད་པས་ཁམས་སུ་ཕེབས་རྒྱུའི་ཐུགས་གཏན་གྱིས་ཟླ་བ་དྲུག་པའི་ཚེས་ཉེར་བདུན་ལ་ཆིབས་བཏེགས། འདི་སྐོར་ཐུགས་ཉམས་ཀྱིས་གསུངས་ཤོ་ལོ་ཀ་ཐར་ཐོར་འདུག་པ་མི་འཐོར་བའི་ཆེད་རིམ་བཞིན་བཀོད་པར་བྱ་སྟེ། ཟླ་བ་བདུན་པའི་ཚེས་ཉེར་གཉིས་ནག་ཆུར་ཕེབས་པ་ན།

དུས་ཀྱིས་ཤུགས་ཀྱིས་བསྐྱེད་གྱུར་པའི།།འགྱུར་བ་སྣ་ཚོགས་འཕེལ་བཞིན་ཏེ།།

རྟག་ཆད་འཛིན་པའི་རྣམ་ཐར་མཚོར།།རྣལ་འབྱོར་ཅན་གྱིས་རོལ་རྩེད་བསྒྱུར། །ཞེས་དང༌།

མཛེས་མའི་གདོང་གི་ཟླ་བས་ནི།།ཡིད་ཀྱི་ཆུ་སྐྱེས་རྨོངས་བྱེད་ཅིང༌།།

ཀུན་དཱ་ཡི་ནི་རྒྱུན་མཐའ་ཡས།།འཕེལ་འདིས་ལུས་ཅན་རྣམ་པར་བཅོམ།།

ཞེས་གསུངས། ལམ་བར་གྱི་མཆོག་དམན་བར་མའི་འགྲོ་བ་རྣམས་ཀྱི་མོས་འདོད་བཞིན་མཐོང་གྲོལ་ཞྭ་མཇལ་དང་འབྲེལ་བས་ཞལ་སྟོན། དྲང་ངེས་ཆོས་ཀྱི་བདུད་རྩི་འགྱེད་པ་སོགས་ཐར་པ་དམ་པའི་སྒོ་སྐལ་ཅིར་ཡང་འགྱེད་བཞིན་དཔལ་སྤུངས་ནས་ཆིབས་བསུར་མགྲོན་གཉེར་སྔར་ལམ་ལྟར་མཁས་དབང་བླ་མ་བཀྲ་འཕེལ་མངགས་པ་སྒིས་སྣར་མཇལ་སྟེ་མཚམས་ཞུས་མཇལ་དར་སོགས་ཕུལ། དེ་ཕྱིན་མགྲོན་གཉེར་ཞབས་ཞུས་ཀྱིས། ནང་ཆེན། ཀརྨ་བརྒྱུད་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་ལ་དཔལ་སྤུངས་སུ་བྱོན་གྲུབ་ཏེ། ཚེས་ཉེར་བརྒྱད་ཉེར་དགུར་དགུ་གཏོར་ཚོགས་ཕེབས་གནང༌། མེ་སྤྲེལ་ཟླ་བ་དང་པོའི་ཚེས་ལྔ་ལ་ཙཱ་འདྲའི་ཡང་ཁྲོད་དུ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་མདུན་ཕེབས། དཀོན་སྤྱིའི་ཚེ་དབང་དང༌། ཚོགས་འཁོར་བཅས་གནང༌། ཚེས་བརྒྱད་ལ་འཇམ་མགོན་རིན་པོ་ཆེར་ཞབས་བརྟན་ཕུལ། ཚེས་བཅུ་གསུམ་ལ་ཞལ་ནས།

དུས་ཀྱིས་སྐྱེད་པའི་སྐྱེད་ཚལ་བཞིན།།ཨོ་རྒྱན་མཁའ་འགྲོའི་ཡེ་ཤེས་ཉི།།རང་བྱུང་ཀློང་ཡང་རྡོ་རྗེའི་གླུ།།མ་འདྲེས་རང་གི་མཁའ་ན་བཀྲ།

ཨཧོ་ཡེ། སྣོད་ལྡན་དུས་བབ་བྱིན་ལྡན་ཀྱང༌།།གསང་བ་བརྡའ་ཡི་རང་སྒྲ་འདི།།ཀུན་གྱིས་ཉམས་སུ་ལེན་པར་དཀའ།།དེ་ཕྱིར་མི་སྣང་དབྱིངས་ཀྱི་རྒྱ། དྷ་ཐིམ།།ཞེས་གསུངས། འདི་སྐབས་རྗེ་བླ་མའི་མདུན་ནས། བླ་མ་དགོངས་འདུས་དབང་ཆེན་ཡོངས་རྫོགས་ཞིབ་རྒྱས། གདམས་མཛོད་དང༌། རིན་གཏེར་ཁ་སྐོང་གི་དབང་ལུང༌། འཇམ་མགོན་རང་གི་ཟབ་གཏེར་གསང་མཛོད་དང༌། བཀའ་འབུམ་ཡོངས་རྫོགས། ནང་བརྟག་རྒྱུད་གསུམ་གསུང་བཤད་ཞིབ་མོ་ཉམས་ཁྲིད་དང་འབྲེལ་བ། བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་རིན་པོ་ཆེ་ཞེས་མཚན་དོན་མཚུངས་པའི་ཟབ་ཆོས་ནཱ་རོ་ཆོས་དྲུག་མཐར་ཐུག་རྣམ་ངེས་དབུ་མ་ཆེན་པོ། ངེས་དོན་འོད་གསལ་ཕྱག་རྒྱ་ཆེན་པོ། བློ་འདས་བྱར་མེད་རྫོགས་པ་ཆེན་པོ་རྣམས་ཀྱི་ཟབ་ཁྲིད་སྔོན་དངོས་རྗེས་གསུམ་ཚང་བ་རེ་རེ་ནས་ཉམས་བཞིས་ཀྱིས་སྒྲོ་འདོགས་ཆོད་པར་མཛད་ཅིང༌། གཞན་ཡང་ཉམས་མྱོང་མན་ངག་སྙན་བརྒྱུད་སྐོར་བཅས། གང་བཞུགས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་མ་ལུས་པ་རྫོགས་པར་གསན་སྟེ་དོན་བརྒྱུད་རིན་པོ་ཆེའི་བསྟན་པའི་བདག་པོར་གདོད་ནས་གྲུབ་བཞིན། སླར་ཡང་ཡེ་ཤེས་དགོངས་བརྒྱུད་འཕོ་བའི་བྱིན་རླབས་ཀྱིས་ཡབ་སྲས་དགོངས་པ་དབྱེར་མེད་ཡེ་ཤེས་གཅིག་གི་རོལ་པས་སྙིང་པོ་དོན་གྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར། དོན་བརྒྱུད་ཡིད་བཞིན་ནོར་བུའི་བསྟན་པ་རིན་པོ་ཆེ་ཕྱག་ཏུ་གཏད་པས། དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཚུད། འཁོར་འདས་ཐམས་ཅད་བསམ་མི་ཁྱབ་པའི་བརྗོད་བྲལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་གཅིག་ཏུ་དབང་འབྱོར་བས། དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བདག་ཉིད། ཆོས་ཀྱི་རྒྱལ་པོ། ངེས་པ་དོན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་སློབ་དཔོན་ཆེན་པོའི་གོ་འཕང་མངོན་དུ་མཛད་པ་ཉིད་དོ། །དེ་དག་གི་སྐབས་སུ་ཞལ་ནས།

ཆོས་བརྒྱད་འཆིང་བ་དམ་པོས།།བློ་དམན་སྲིན་བུ་འཐུམ་ཀྱང༌།།གནས་ལུགས་རྟོགས་པའི་སེངྒེ།།འཇིགས་མེད་དབྱིངས་སུ་འཕྱོ་འགྲོ།།

འདིར་སྣང་འཁྲུལ་པའི་འཁོར་ལོ།།མིག་འཕྲུལ་སྒྱུ་མའི་གྲོང་ཁྱེར།།ཞེན་འཛིན་བདུད་ཀྱི་གཡབ་མོ།།བདེན་མེད་རྟོགས་པས་བཟློག་དང༌། །ཞེས་དང༌། བདེ་ཆེན་རྡོ་རྗེའི་དཀྱིལ་འཁོར་ནི།།ལྷུན་གྲུབ་བཟང་མོའི་དབྱིངས་ན་གནས།།སྐུ་གསུམ་སྤྲུལ་པའི་སྒྱུ་འཕྲུལ་གར།།

ལྷུན་གྲུབ་སྣང་བཞིའི་དབྱིངས་ན་བཀྲ། །ཞེས་དང༌། འགྱུར་བདེ་འཕོ་བའི་རང་བཞིན།།འཕོ་མེད་རྩི་ཡིས་འཆིངས་དང༌།།

བདེན་མེད་སྨྲིག་རྒྱུའི་གྲོང་ཁྱེར།།འཁྲུལ་པའི་རྒྱ་མདུད་ཞིག་འདུག།ཅེས་གསུངས་ཤིང༌། བར་དེར་ཡུལ་བདག་ཆེན་པོ་རྨ་རྒྱལ་སྤོམ་ར་ནས། གསེར་རྡོག་རྡོ་རྗེ་ཕ་ལམ། གཟི་བྱེར་བཅས་དངོས་སུ་ཕུལ་བ་བྱུང༌། དད་སྦྱིན་རྣམས་ཀྱིས་ཞུས་ངོར་སྐྱབས་མགོན་རིན་པོ་ཆེ་ཉིད་ཕེབས་མ་གྲུབ་ཀྱང་དོན་གྲུབ་སྤྲུལ་སྐུ་དཔོན་གཡོག་ལ་ཐད་དུ་འདོད་སྐོང་ཕྱིར་མངགས་བཏང་མཛད། ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་དཔལ་སྤུངས་ནས་ཆིབས་བཏེགས། འཛི་སྒར་ལྷ་ཐོག་བརྒྱུད་ཀརྨ་དགོན་དུ་ཕེབས།

ཟླ་བ་དགུ་པའི་ཚེས་དགུ་ལ་མགོན་གསོལ་རྒྱས་པ་གསུངས་ཤིང༌། མགོན་ནག་ཤོད་ཞལ་ཕྱེས་པ་ན། དག་པའི་གཟིགས་སྣང་མཐའ་ཀླས་པ་དང༌། ལས་མགོན་གྱི་རྟེན་གྲི་དངོས་སུ་ཕྱག་ཏུ་ཕུལ། དེ་ནས་ཟླ་ནང༌། ཟུར་མང་བརྒྱུད། སྐྱོ་ཐག་ཏུ་ཕེབས། གསལ་བསྟན་དུང་གསུམ་སྤྲུལ་སྐུ་རྣམས་གཙུག་ཕུད་བླངས་ཏེ་ཁྲིར་འདོན་མཛད། རག་ཤུལ་བརྒྱུད་སྒ་ཁོག་ཁྲ་བན་ལ་ཕེབས། རིམ་གྱིས་འདན་གཞུང་ནས་མེ་བྱ་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་དཔལ་སྤུངས་སུ་འཁོར། དེ་རྣམས་ཀྱི་ཚེར། ཞལ་ནས།

སྣང་གྲགས་ཡེ་ཤེས་རོལ་མོའི་དབྱིངས།།བདེ་བ་ཆེན་པོའི་འདུ་བ་ལ།།གཉིས་འཛིན་འཆིང་བའི་མདུད་པའི་རྒྱ།།ཀ་དག་དབྱིངས་སུ་འཁོར་གསུམ་བྲལ། །ཞེས་དང༌། བདེ་ཆེན་ལས་ཀྱི་ཕྱག་རྒྱས།།བློ་འདས་ཡེ་ཤེས་བསྟན་བྱུང༌།།འཕོ་མེད་དང་ལ་ཞོག་དང༌།།

ཚེ་འདིར་རིག་འཛིན་ཐོབ་འདུག །ཅེས་དང༌། ཡང༌། ལོག་རྟོག་གཉིས་འཛིན་མདུད་པ།།མཚན་མེད་དབྱིངས་སུ་གྲོལ་སོང༌།།

མི་གནས་ཡེ་ཤེས་ས་ལ།།ལྷུན་གྱིས་གྲུབ་པར་འདུག་གོ། །ཞེས་དང༌། ཡང༌། བདེ་ཆེན་ཕྱག་རྒྱ་བཞི་ཡིས།།

གནས་སྐབས་བཞི་ཡི་ངོ་འཕྲོད།།སྐུ་བཞིའི་ཡེ་ཤེས་རང་ཞལ།།འཁྲུལ་མེད་མཐོང་བ་ང་སྐྱེད། །ཞེས་དང༌།

འོད་གསལ་དོན་གྱི་ཡེ་ཤེས།།རྣམ་ཀུན་མཆོག་ལྡན་གཟུགས་མཛེས།།ལྟ་སོགས་འཁོར་གསུམ་བྲལ་བར།།

རྒྱུན་དུ་གཟིགས་མོ་མཛོད་དང༌།།ཞེས་སོགས་གསུངས་ཤིང༌། བསྟན་འགྲོའི་དོན་གྱིས་སོ་སོའི་བློ་ཡིད་ཚིམ་པ་དང༌། དགོན་སྡེ་རྣམས་ལ་བསྙེན་བཀུར། གསོལ་རས། མགོན་ཁང་ཁག་ལ་སྤྱན་གཟིགས་ཕྲིན་བཅོལ་སོགས་མཛད། དོན་གྲུབ་སྤྲུལ་སྐུ་རིན་པོ་ཆེ་སྟོན་འཁོར་དབུ་ཐོན་གྱིས་དཔལ་སྤུངས་སུ་འཁོར། འཇམ་མགོན་བླ་མ་རིན་པོ་ཆེ་ཡང་དགོན་དུ་ཕེབས་ནས། ཡབ་སྲས་ཞལ་རྒྱས་པས་བཀའ་བརྒྱད་སྒྲུབ་ཆེན་ཁྲོམ་དབང༌། མར་མེའི་སྨོན་ལམ་བཅས་ཉིན་བཅུ་ཡི་ཁོངས་སུ་གྲུབ་པར་མཛད། དེ་ཡི་བར་སྐབས་སུའང༌།

བདེ་ཆེན་མཆོག་ཏུ་མི་འགྱུར།།ཟབ་གསལ་ཡེ་ཤེས་ཉི་མ།།སྙིང་གི་དཀྱིལ་ནས་ཤར་བྱུང༌།།བྱམས་པའི་འོད་འབུམ་བཀྱེས་དང༌།།

ཡང༌། ཀུནྡཱ་བདེ་བའི་གྲོང་ཁྱེར།།ཤེས་རབ་ལྷ་མོས་བསྙེགས་པས།།མཆོག་ཏུ་མི་འགྱུར་ཡེ་ཤེས།།

འཕོ་མེད་དབྱིངས་སུ་བཞུགས་སོང༌།།ཞེས་གསུངས། སི་ཏུ་རིན་པོ་ཆེ་ལ་ཚེ་དབང་བརྒྱ་རྩ་དང༌། དཔལ་སྤུངས་བླ་བྲང་རྩེ་ཤོད་ཀྱི་མགོ་འཛིན་ཀླད་གཟིགས། དབུ་ཆོས་གཉེར་པ་སོགས་བསྐོ་བཞག །འདུས་པ་ལ་དབང་དང་བསླབ་སྟོན་ཞལ་བཀོད་བཅས་བསྩལ། འཇམ་མགོན་རིན་པོ་ཆེ་དང་ཕན་ཚུན་མི་ཕྱེད་པའི་གསོལ་སྨོན་བཅས་ཐོན་ཕྱག་མཇལ་དར་ཕུལ་བཞེས་ཀྱི། ཟླ་བ་གསུམ་པའི་ཚེས་བདུན་ལ་སི་ཏུའི་ཡང་སྲིད། མཁན་བླ་མ་རིན་པོ་ཆེ་བཅས་ཕེབས་བསྐྱེལ་གྱིས། ལྷན་རྒྱས་གཞི་ཁྲེ་མར་ཞག་བཞུགས་མཛད། ཕྱིར་ནང་ཕན་ཚུན་མཇལ་དར་འབུལ་གནང་བཅས་ཐུགས་འཕྲེང་བཞིན་ཆིབས་བཏེགས།

ཚེས་བཅོ་བརྒྱད་མདོ་གཞུང་དུ་ཕེབས་པ་ན།

ཨེ་མ་ཉོན་མོངས་མི་བཟད་ཚེར་མ་དང་བྲལ་བསམ་གཏན་ཞི་བའི་ནགས་ཀླུང་དུ། །བཟོད་པ་དམ་པ་བསིལ་བའི་རང་བཞིན་མཆོག་ཏུ་ལྡན་པ་ཚུལ་ཁྲིམས་ས་མཆོག་དྲི་བཟང་འཐུལ། །སྦྱིན་པའི་ཡལ་འདབ་འཁོར་ཡུག་ཀུན་ཁྱབ་ཤེས་རབ་གྲིབ་བསིལ་མཛེས་པར་གཏིབས་པ་བདེ་གཤེགས་ཚལ། །གང་དེར་བརྩོན་འགྲུས་རྐང་པས་བགྲོད་དེ་མཆོག་གི་བདེ་ཆེན་དམ་པ་ཕ་རོལ་ཕྱིན་ཐོབ་ཤོག །

ཅེས་གསུངས་ཤིང༌། གཏེར་སྒར་ནས་རིམ་གྱིས་ཟུར་མང་རྣམ་རྩེར་ཕེབས། བར་དེར་ཁྲ་འགུ་བའི་ཕེབས་རྫོང་འབུལ་སྐྱེས་བཅས་བྱུང༌།

ཞལ་ནས།

ཤིན་ཏུ་ཞི་བ་ཡེ་ཤེས་ཁམས།།གར་ཡང་ཕྱིན་མེད་ཕྱ་ལེ་བ།།ལྷུན་གྲུབ་མཉམ་ཡངས་བདེ་བ་ཆེ།།མེ་རྟོག་སྤྲོས་བྲལ་ཨེ་མ་ཧོ།།

ཞེས་གསུངས།

སྙན་བརྒྱུད་འཁོར་ལོ་སྡོམ་པའི་ཚོགས་གར་བཙུག །བྱིན་རླབས་ཀྱི་ཟིལ་དང་ཉམས་སྣང་སྣ་ཚོགས་སུ་ཤར་བ་བྱུང༌། དེ་སྐབས་ཟླ་ནང་ནས་རྗེ་དབོན་དོན་སྤྲུལ་རིན་པོ་ཆེ་ཞི་བར་གཤེགས་པས་ཐུགས་གཡེངས་དགོངས་རྫོགས་མཆོད་འབུལ་གཟབ་རྒྱས་མཛད། ཟླ་བ་དྲུག་པའི་ཚེས་བདུན་ལ་ཟུར་མང་ནས་བཏེགས། ཚེས་ཉེར་གཅིག་ནང་ཆེན་སྒར་དུ་ཕེབས། ཀར་ལུགས་མགོན་པོ་རྒྱུན་འཛུག་གསར་བཞག་གི་རྟེན་གཏོར་བཅའ་སྒྲུབ་དང༌། དབང་ལུང་རྣམས་མཛད། ཚེས་ཉེར་དགུ་ནས་རིམ་གྱིས་ཕེབས་པའི་ལམ་བར་ཀུན་ཏུ་གཞན་དོན་ཕྲིན་ལས་ཉག་གཅིག་གིས་ཕན་བདེའི་དགའ་སྟོན་སྩལ་བཞིན་ཟླ་བ་དགུ་པའི་ཚེས་བཅུ་བདུན་ལ་གདན་ས་ཆེན་པོ་འོག་མིན་མཚུར་མདའི་གཞལ་མེད་ཁང་དུ་ཆག་ཕེབས་ཏེ། ཕོ་བྲང་ཉམས་གསོ་གྲུབ་པར་གཟིགས་རྟོག་དང༌། མགོན་ཁང་བདུད་དཔུང་ཟིལ་གནོན་ཞལ་ཕྱེས་ཏེ་གཏང་རག་ལེགས་འབུལ་སྤྱན་གཟིགས་རྒྱ་ཆེར་འབུལ་གནང་དང༌། མགོན་ཁང་ཁག་ལ་དེ་མཚུངས་གཟབ་གསོལ་སྙན་ཤལ་སྤྱན་གཟིགས་བཅས་དང༌། འཚོགས་མང་ལ་ཕྱག་འགྱེད་དང༌། དགུ་གཏོར་ཆེན་མོའི་འཆམས་ཆས་ཡོངས་རྫོགས་སྤུས་ནམ་ལྡན་པ་གསར་བསྐྲུན་བཅས་གནང༌། ཆོས་དབང་རིན་པོ་ཆེའི་གདུང་ཞུགས་འབུལ་གདུང་རྟེན་གཟུངས་འཇུག་སོགས་དང༌། རྗེ་དབོན་དོན་གྲུབ་སྤྲུལ་སྐུ་རིན་པོ་ཆེའི་མཆོད་བསྔོ་དགོངས་རྫོགས་འཕྲོས་རྣམས་གྲུབ་པར་མཛད།

ལྷོ་འབྲུག་ཆོས་རྒྱལ་ཀྲོང་སར་དང་སྨོན་ལམ་དབང་གིས་མཆོད་ཡོན་ཐུན་མིན་དུ་གྱུར་པས་ས་ཁྱི་ཟླ་བ་དང་པོའི་ཚེས་གཅིག་ནས་ལོ་ལྟར་ལོ་སར་ཞལ་སྒོ་དང༌། རྣམ་ཀུན་སྐྱབས་རྟེན་སོགས་འབུལ་མི་གཟིམ་སྒར་པ་མངགས་བཏང་ཆད་མེད་དུ་གྲུབ། འབྲུག་ཐིམ་རྫོང་ཨབ་རྒན་མི་ཕྱེད་པའི་དད་པས་ཞལ་མཇལ་དུ་ལྷགས་ཏེ། འབྲུག་ཆོས་ཞལ་ཐང་སོགས་སྤམ་མཐོའི་དངོས་རྫས་གྱ་ནོམ་པ་འབུལ་བཞེས་དང༌། ཕར་ཡང་དལ་འབྱོར་དོན་ལྡན་གྱི་ཆོས་བཀའ་སོགས་ཀྱིས་སྨིན་པར་མཛད། ཕག་མོའི་དབང་ཆས་བཟང་གོས་ལས་བསྐྲུན་པ་ཆ་གངས་སུམ་ཅུ་སྐོར་གསར་སྦྱོར་དང༌། ལོ་དེའི་ཟླ་བ་བཅུ་པའི་ཚེས་ལྔ་ནས་རཏ་གླིང་ཚེ་གསང་ཕྱི་ནང་གསང་སྒྲུབ་ཀྱི་སྐུ་མཚམས་མཛད་པས། གུ་རུ་ཡབ་ཡུམ་གྱི་ཞལ་སྟོན། དབང་དང་གདམས་པས་རྗེས་སུ་བཟུང་བ་སོགས། རྣམ་ཀུན་དག་སྣང་སྣ་ཚོགས་འབྲལ་མེད་ཀྱི་ཡོན་ཏན་ངོ་མཚར་བ་ནམ་མཁའི་མཛོད་བཞིན་ལྷན་སྐྱེས་སུ་མངའ་བ་གདོན་མི་ཟ་བས་ཐམས་ཅད་མཁྱེན་པའི་རྣམ་ཐར་ལྟ་བུའི་བརྗོད་བྱས་ཕོངས་པ་ནི་མི་སྲིད་ནའང༌། གསང་བའི་གནས་རྣམས་བཀྲལ་བའི་བློ་གྲོས་ཀྱི་མིག་ཕྲ་བས་མཐོང་ཐོས་དེ་ཙམ་ལས་ཇི་བཞིན་འབྱེད་པའི་གོ་སྐབས་མ་རྙེད་ཅིང༌། ས་ཕག་ཟླ་བ་གཉིས་པའི་ཚེས་གཅིག་ནས་བདེ་མཆོག་ལྗགས་བསྙེན་དབུ་བཙུགས། ཚེས་བཅུ་བདུན་ལ་ཁམས་ནས་འཇམ་མགོན་བླ་མའི་ཕྱག་བྲིས་རྟ་ཤད་བཅས་འབྱོར་བཞིན་འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་ཀྱི་དགོངས་བརྟགས་ཞུ་ལན་ཞིབ་དཀྲིགས་དང༌། བཀྲ་ཤིས་ཉི་ཟླ་ཟུང་འཇུག་གཡས་སུ་འཁོར།།བཀྲ་ཤིས་ཆོས་ཀྱི་དུང་དཀར་གཡས་སུ་འཁྱིལ།།བཀྲ་ཤིས་གསེར་གྱི་འཁོར་ལོ་གཡས་སུ་འཁོར།།བཀྲ་ཤིས་རྣམས་ཀྱིས་རྟག་ཏུ་ཤིས་གྱུར་ཅིག།།ཅེས་གསུངས། ཟླ་བ་གསུམ་པའི་ཚེས་བཅུ་ནས་སྐུ་མཚམས་གྲོལ་ཏེ། ཆགས་མེད་རིན་པོ་ཆེ་ལྔ་པ་གསང་སྔགས་བསྟན་འཛིན་ལས། གནམ་ཆོས་སྐོར་ཡོངས་རྫོགས་གསན་བཞེས་དང༌། འདུ་ཁང་སྟེང་གསར་བཟོའི་རྒྱལ་མཚན་འཛུག་ཆོག་གི་རབ་གནས། ཚེས་བཅུའི་འཆམས་ཆས་སུ་བ་སོའི་ཌཱ་རུ་གསར་བཞག །ཟུར་རི་དྲུང་པར་གདན་སའི་མཁན་པོའི་བསྐོ་འཇའ་དང༌། ཉག་གཏེར་བསོད་རྒྱལ་ལ་ཞལ་འཕྲོས་སྨྲར་བ་བཅས་གནང༌། ཟླ་བ་དགུ་པའི་ཚེས་ཉེར་དྲུག་ནས་ཚིག་བདུན་བླ་སྒྲུབ་ལྗགས་བསྙེན་དང༌། མཚམས་རྒྱ་རིང་མཐུད་ཀྱིས་ཕག་མོའི་ཕྱི་ནང་གསང་གསུམ་བསྙེན་ཚད་ཁ་སྐོང་བཅས་མཐར་ཕྱིན་པ་དང༌། ཆོས་དྲུག་སྔོན་འགྲོ་དངོས་གཞི་བཅས་ཉམས་བཞེས་སུ་གནང་སྟེ། དེ་ནས་བཟུང༌། སྒྱུ་ལུས་དང་བར་དོ་དུས་རྒྱུན་ལམ་ཁྱེར་ལྟ་བུས་སྦྱང་ཁུལ་དང༌། འཕོ་བ་ཉིན་བདུན་རིང་ཐུན་རེ་མ་ཆགས་པར་སྦྱང་བས་ཉིན་གཉིས་ནས་རྟགས་ཐོན་པ་ཙམ་བྱུང༌། འོད་གསལ་དང་རྨི་ལམ་ཡང་རྒྱུན་ལྡན་སྐྱོང་ཁུལ་བྱས་པས་འོད་གསལ་ཟིན་ནམ་སྙམ་པ་ཐེང་གཅིག་གཉིས་དང༌། རྨི་ལམ་ངོ་ཤེས་པ་ཙམ་ལན་གཅིག་ལས་ཡོང་མ་མྱོང་བས། བདག་འཆི་དུས་ཆོས་པའི་མལ་ན་ཐ་མལ་པའི་རོ་ལས་ཡོང་རྒྱུ་མེད་ངེས་རེད་དོ། །ཅེས་གསུངས་ཤིང༌།

      ལྕགས་ལུག་ཟླ་༤ ཚེས་༡ ལ་དཔལ་སྤུངས་རི་ཁྲོད་ནས་འཇམ་མགོན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་མནལ་བའི་མཆོད་འབུལ་མཁན་འབྱོར་བས་སྐུ་མཆོད་གཟབ་རྒྱས་ཉིན་གསུམ་ལ་མཛད། དེ་སྐབས་འཇམ་མགོན་མཆོག་གི་ཡེ་ཤེས་སྐུས་བྱིན་གྱིས་བརླབས་པའི་རྣམ་པའང་བསྟན། ལྕགས་གླང་ཟླ་བ་དང་པོའི་ཚེས་བཅུ་གཉིས་ལ་འཇམ་མགོན་བླ་མའི་དགོངས་རྫོགས་འདུས་པ་ཞིབ་འཚོགས་ཀྱིས་བླ་མ་མཆོད་པ་སྟོང་མཆོད་དང་འབྲེལ་བའི་མཆོད་འབུལ་མཛད། ལོ་དེའི་ཟླ་བ་བཞི་པའི་ཚེས་བཅུ་གར་འཆམས་གནང་སྐབས་སྣང་སེམས་རོ་གཅིག་ཏུ་འདྲེས་ཤིང་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་པའི་ཐུགས་ཉམས་དང༌། ཕྱིར་ནང་ཡང་འཇའ་གུར་ཁྱད་མཚར་བླ་གཡེལ་དུ་ཡུན་རིང་གནས་ཤིང༌། ཕྱོགས་མཚམས་ཀུན་ཏུ་འཇའ་རིས་མདོག་དབྱིབས་སྣ་ཚོགས་སུ་ཤར་བ་ཀུན་གྱིས་མཐོང་སྣང་དུ་གྱུར། ཨ་མདོ་སྐུ་འབུམ་རྒྱ་ཡག་ཨེར་ཐི་ནི་བྱོན་པ་དང་མཇལ་འཕྲད་གནང༌། ཟླ་བ་དྲུག་པའི་ཚེས་ཉི་ཤུ་ལ་ཡངས་ཅན་དགོན་ཡུལ་རྣམས་ཀྱི་འདོད་སྐོང་དུ་ཆིབས་བཏེགས། ཚེས་ཉེར་བཞི་ལ་ཡངས་ཅན་དགོན་དུ་ཞིང་སྐྱོང་བཀའ་གཏད་དང༌། ཀར་ལུགས་ཞིང་སྐྱོངས་གར་འཆམས་གསར་འཛུག་དང༌། སྡེ་ཡུལ་ཀུན་གྱི་རེ་བ་ཡིད་བཞིན་དུ་སྐོང་བར་མཛད། སླར་མཚུར་ཕུར་ཕེབས་ནས་འབྲུག་ཆེན་རིན་པོ་ཆེ་སོགས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་པའི་དབང་ལུང་སོ་སོའི་ཞུས་དོན་བཞིན་སྩལ། ཆུ་སྟག་ཟླ་བ་གསུམ་པའི་ཚེས་དགུ་ནས་ཐུགས་གསང་སྒྲུབ་ཆེན་དང༌། ཟླ་བ་དྲུག་པའི་ནང་བཀྲ་ཤིས་གསར་མར་མཁར་ནག་རྟེན་འཛུག །གཞུང་ཞབས་བཀའ་བརྒྱད་བཟློག་པ་དང༌། བར་ལམ་ཀུན་ཏུ་འདོད་སྐོང་གི་མཛད་བྲེལ་རྒྱུན་མ་ཆད་པ་བཅས། ཟླ་བ་དགུ་པའི་ཚེས་བཅུ་དགུ་ནས་མཚམས་རྒྱས་སྔོན་འགྲོ་ནས་བརྩམ། དགྱེས་པ་རྡོ་རྗེའི་ལྗགས་བསྙེན་མཐར་ཕྱིན་པར་མཛད་པའི་བར་དུ། ལོ་མཇུག་དགུ་གཏོར་ཚོགས་དབུར་ཕེབས། འཆམས་སྐུ་རྣམས་ཀྱི་ཞལ་མདངས་ལེགས་ཤིང་ལྷག་པར་མགོན་པོའི་ཞལ་དབྱིབས་གཞོན་ཤ་ཅན་ཀུན་གྱི་མཐོང་ཆོས་ངོ་མཚར་བར་གྱུར། ཆུ་ཡོས་ལོ་མགོར་གོང་གི་ལྗགས་བསྙེན་འཕྲོས་གནང༌། ཟླ་བ་གསུམ་པའི་ཚེས་བཞི་ཟུར་རིར་བཀའ་བརྒྱད་སྨན་སྒྲུབ། གཞན་ཡང་གཞུང་ཞབས་ཕུར་ཟློག་གི་གཙོས་རྐྱེན་སེལ་ཞབས་རིམ། ཕྱོགས་ཀྱི་འདུས་པ་རྣམས་ལ་སྔགས་མཛོད་སོགས་ཀྱི་དབང་ལུང་ཆོས་འབྲེལ་བར་མེད་དང༌། ཤིང་འབྲུག་ཟླ་བ་དང་པོའི་ཚེས་ཉེར་ལྔ་ནས་དབུ་བཟུང་བཀའ་བརྒྱད་སྒྲུབ་ཆེན་ཚེས་གཉིས་བར་མཛད། སློབ་འབངས་རྣམས་ལ་སྒྲུབ་དབང་རྒྱས་འབྲིང་བསྡུས་གསུམ། ཁྲོམ་དབང་བཅས་གནང་ཤིང༌། རྡོ་རྗེ་འཆང་འཇམ་མགོན་བླ་མའི་གསང་ལུང་བཞིན་ཕྱི་ནང་གསང་བའི་རྟེན་འབྲེལ་ཡང་མཛད་པས་ལམ་ལྷོངས་སུ་གྱུར། ཟླ་བ་དྲུག་པའི་ཚེས་ལྔ་ནས་དགོངས་འདུས་ཚོགས་སྒྲུབ་སྨན་སྒྲུབ་སྦྲེལ་མ་ཉིན་བཅུ་བར་མཛད། ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ལ་འབྲུག་སྐུ་ཞབས་ཀྲོང་སར་དཔོན་འཁོར་ཉུང་བ་བསྡུས་ཀྱིས་ཕེབས་པར་བཞེད་སྐོང་དང༌། བར་མཚམས་སུ་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་ཁྲིད་རྒྱབ་བརྟེན་བཅས་སྩལ་ཞིང༌། ཟླ་བ་བཅུ་གཉིས་པའི་ནང་དགུ་གཏོར་མཆོད་རྫས་མཐོངས་སྐོར་ཟླ་བྲལ་གསར་བཞེང་ཡང་མཛད། ཤིང་སྦྲུལ་ཟླ་བ་དང་པོའི་ཚེས་བཅུ་དྲུག་ནས་སྐུ་མཚམས་སྐབས། སོག་པོ་ཐོག་རྒོད་དཔོན་མོ་ནས་མངགས་གནང་བཞིན་གོས་སྐུ་ཤིན་ཏུ་སྤུས་ལེགས་འབྱོར་ཞིང༌། བོད་ཁམས་བདེ་བའི་རྟེན་འབྲེལ་སྨོན་ལམ་གྱི་ཆེད་དུ་ཟླ་བ་ལྔ་པའི་ཚེས་བཅུ་དགུ་ལ་ལུང་བབ་བཞིན་གསང་སྟབས་ཀྱིས་ལྷ་སར་ཟླ་བ་དྲུག་པའི་ནང་འཁྱུགས་ཙམ་ཕེབས་སྟེ། ཟླ་བ་བདུན་པའི་ཚེས་བདུན་ལ་ཕྱིར་སླེབས། ཐུགས་དམ་བསྙེན་བཟླས་དང་འགྲོ་ཕན་ཕྲིན་ལས་ཡ་མ་བྲལ་བར་རྒྱུན་སྐྱོང་གིས། མེ་རྟ་ཟླ་བ་དང་པོའི་ཚེས་བཅོ་ལྔ་གནས་རྟེན་ཁག་ལ་མཆོད་འབུལ་གཟབ་རྒྱས་དང་འབྲེལ་བས་བསྟན་འགྲོ་སྤྱི་དང་བོད་ཡུལ་བདེ་བའི་སྨོན་ལམ་ཡང་ཡང་མཛད། ཟླ་བ་གསུམ་པའི་ནང་ཐུགས་གསང་བུམ་སྒྲུབ་མཛད་པས་རིལ་བུ་འཕེལ་བ་སོགས་མྱོང་གྲོལ་གྲུབ་པའི་རྟགས་ཁྱད་པར་བ་བྱུང༌། ཟླ་བ་བརྒྱད་པའི་ཚེས་བཅུ་བདུན་ནས་སྐུ་མཚམས་ཀྱིས་སྒྲོལ་མ་དང༌། ཐུགས་དམ་མགོན་ཡང་དུ་མགོན་པོའི་ལྗགས་བསྙེན་བཅས་གནང་བ་ན། ནང་གཅིག་ཚག་སྒྲ་དྲག་པོ་བཅས་གཞོང་པ་རྣམ་དག་གི་གཏོར་མ་ཐོད་སྣོད་དུ་བཤམ་པ་ཉིད་ལིང་གིས་བསྐོར་བ་ཞིག་རྒྱབ་སྟེ་གཏོར་ཞལ་སྐྱབས་མགོན་མཆོག་ལ་ཕྱོགས་པ་དང༌། ཉམས་དང་རྨི་ལམ་ཀུན་མི་ནག་པོ་ཞིག་གིས་ལུང་བསྟན་པ་སོགས་རྟགས་ཐོན་པར་བྱུང་ཞིང༌། ལོ་མཇུག་དུས་གཏོར་འཚོགས་ཕེབས་ཀྱིས་འཆམས་དང་ཟོར་ལམ་སོགས་རྟེན་འབྲེལ་དགེ་བར་གྱུར། མེ་ལུག་ཟླ་བ་གསུམ་པའི་ཚེས་ལྔ་ཉིན་སྤྱི་སྒེར་ནས་སྐུ་ཀེག་ཐོག་ཕེབས་པ་ལ་ཞབས་བརྟན་ཟབ་རྒྱས་ལེགས་འབུལ་བཅས་ཞུས། བར་མཚམས་ཀུན་ཏུ་གཞུང་སའི་ཞབས་བརྟན། བསྟན་འགྲོའི་རེ་སྐོང༌། བླ་བྲང་ཕྱི་ནང་གཟིགས་སྐྱོང་བཅས་གནང་སྟེ། ཟླ་བ་བཅུ་གཅིག་པའི་ཚེས་བཞི་ནས་སྐུ་མཚམས་ཀྱིས་རྒྱལ་ཁམས་རིས་མེད་བདེ་བའི་སྨོན་ལམ་གསོལ་འདེབས་འབུམ་ཐེར་གསུངས་ཀྱང་རྟེན་འབྲེལ་འབྲིང་སྨད་ལས་ཡོང་མ་ཐུབ། ཚེས་ཉེར་བརྒྱད་ནས་མ་མགོན་ལྗགས་བསྙེན་གྱི་ལོ་མཇུག་དུས་གཏོར་ཞབས་འཆམས་སྣེ་གསུམ་ལ་ཕེབས། འདི་ལོ་ནས་བཟུང༌། མགོན་པོའི་གོས་སྐུ་གཤམས་ཏེ། རྒྱལ་དབྱངས་བླ་གཡེལ་དུ་མཛད། ས་སྤྲེལ་ལོར་སྐབས་སུ་སྐུ་མཚམས་དང༌། བར་མཚམས་ཀུན་ཏུ་ཕྱོགས་ཀྱི་སེར་སྐྱ་རྣམས་ཀྱི་འདོད་སྐོང་གསོན་གཤིན་འགྲོ་དོན་ཆད་མེད་དང༌། ཟླ་བ་བདུན་པའི་ཚེས་བཅུ་ཉིན་སྐུ་ཚབ་བཅུ་གསུམ་སྤྱན་དྲངས་པའི་སྤྱན་སྔར་གསང་འདུས་ལེའུ་བརྒྱད་མ་དང༌། གསང་ཐིག་བླ་སྒྲུབ་བཅས་ཀྱི་ཚོགས་མཆོད་རྒྱས་པར་ཕུལ། རིན་ཆེན་གཏེར་མཛོད་ཆེན་མོའི་སྤར་གསར་བརྐོས་ཀྱི་ཉེར་བསྡོགས་མཛད། འབྲུག་ནས་སྐུ་ཞབས་ཀྲོང་སར་གཟིམས་སྒར་ཆེད་མངགས་མདུན། ཛ་པན་ཡུལ་ནས་བསྐྲུན་པའི་གླང་ཆེན་མཆེ་བ་ཆེ་ལེགས་ལ། མཉམ་མེད་དོན་ཀུན་གྲུབ་པའི་མཛད་པ་བཅུ་གཉིས་འབུར་དོད་དུ་བརྐོས་པ་བཟོ་དབྱིབས་རྒྱུན་མ་སྲིད་ན་དཀོན་པ་ཕུལ་བ་ཕྱག་ཏུ་འབྱོར་བས་རྟེན་འབྲེལ་ཕུན་སུམ་ཚོགས་ཤིང་དུས་མཐའ་འདིར་ཡང་མཐའ་འཁོབ་ཡུལ་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་བཞེངས་པའི་ངོ་མཚར་གྱིས་ཐུགས་ཤིན་ཏུ་མཉེས། ཐུགས་རྩོལ་གནང་བའི་རོལ་མོ་སྤུས་ལེགས་ཉེར་གཉིས། སིལ་སྙན་ལེགས་པ་ཉི་ཤུ་བཅས་གཏན་བཞག་དང༌། གསར་རྙིང་ཚང་མར་ལུང་དང་སྒྲིལ་ཚལ་སོགས་གྲབ་མཚུངས་སྤུས་ལེགས་གསར་བཟོས་མཛད། ཟླ་བ་དགུ་པའི་ཚེས་ཉེར་གཅིག་ལ་གོང་མ་བདག་པོ་ཆེན་པོ་གནམ་དུ་གཤེགས་པ་དང༌། ཚེས་ཉེར་གཉིས་རྒྱལ་ཡུམ་སྐུ་ཚེའི་མ་ཟིན་པ་བཅས་ལ་ཐུགས་སྨོན་སྒྲིབ་སྦྱང་དང༌། བླ་མ་ཆོས་དབྱིངས་ནས་སྟོང་ནག་དགོན་པར་དགུ་ཆེན་གསར་འཛུག་ཡོད་པའི་སྙན་སྒྲོན་ཕུལ་བས་ཕོད་ཀ་གཅིག་དང༌། འབག་བདུན་བཅས་གསོལ་རས་སྩལ། གདན་ས་ཆེན་པོའི་ཆོ་ག་ཕྱག་བཞེས་དབྱངས་རོལ་གར་འཆམས་སོགས་ལ་དག་ཐེར་ཞུས་དག་གནང༌། ༸གོང་ས་ཆེན་པོ་རྒྱ་ནག་ཕོ་བྲང་ནས་ཟླ་ཚེས་བཅོ་བརྒྱད་ལ་བོད་དུ་ཆིབས་བསྒྱུར་བཀའ་དྲིན་དང༌། ཕེབས་བསུའི་བཀའ་རྒྱ་བཅས་འབྱོར། ལོ་མཇུག་དུས་གཏོར་འཆམས་དང་ཟོར་འཛིན་རྟིང་ནན་བཅས་གནང༌། ས་བྱ་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཉི་མའི་བྱང་ངོས་སུ་ཉི་གུར་འདྲ་བའི་འཇའ་བཀྲག་མེད་ཕྱེད་པ་ཞིག་ཡུན་རིང་ཤར་ཞིང༌། ཉི་མ་ཡབ་པ་དོག་དམར་ཞད་ཅན་དུ་བྱུང་བས། སྐྱབས་རྗེ་མཆོག་གི་སྐུ་ཚེའི་བར་ཆད་ཕྲན་བུ་དང༌། བོད་འདིར་དུས་ཟིང་གི་རྟགས་སུ་གཟིགས། ཚེས་ཉེར་ལྔ་ལ་སྐུ་ཁམས་རྙོགས་པས་སྔ་བར་དུས་མཆོད་དང༌། གསང་ཐིག་ཡུམ་བཀའི་ཚོགས་མཆོད་བཤགས་བསྐང་རྒྱས་པར་བཏང༌། རྟེན་འབྲེལ་གསོ་བྱེད་གཞོན་ནུ་མའི་མཆོད་པ་ཕྱོགས་འཐུས་དང༌། བོད་ཡུལ་བདེ་བའི་རྟེན་འབྲེལ་སྨོན་ལམ་བཅས་གནང་བ་ན། ཁ་བ་བབས་ཤིང་ཤར་ཕྱོགས་ནས་འབྲུག་སྐད་དལ་སྙན་ལྡིར་བས་རྟེན་འབྲེལ་ཅུང་ཟད་སོར་ཆུད་པར་མངོན། བར་མཚམས་ཀུན་ཏུ་རྩ་གསུམ་ལྗགས་བསྙེན། འདོད་སྐོང་དབང་ལུང་འཆད་སྤེལ་འཁོར་ཡུག་ཏུ་གནང༌།  ཟླ་བ་བཞི་པའི་ཚེས་བཅུའི་འཚོགས་དང་སྐུ་འཆམས་ལ་ཕེབས། ཟླ་བ་དྲུག་པའི་ཚེས་བཅུ་གཅིག་ལ་གོང་ས་ཆེན་པོའི་ཆིབས་བསུ་མཇལ་ཕྱག་ལ་ཆིབས་བཏེགས། ཟླ་བ་བརྒྱད་པའི་ཚེས་གཅིག་ཁྲ་ཚང་ལ་ཁར་ཞལ་མཇལ་ཕྱག་འབུལ་ཞུས། ཚེས་གསུམ་ནག་ཆུ་དབུ་དགུར་༸གོང་ས་ཆེན་པོ་ཕོ་བྲང་དུ་ཕེབས་འཕྲལ་དགྱེས་སྟོན་ལ་ཞབས་བཅར་དང༌། ཚེས་དྲུག་མཛད་ཆེན་གྲུབ་འཕྲལ་གཟིམ་ཆུང་དུ་ནང་མཇལ་ཞུས་པས་བདག་རྒྱན་ལེགས་པར་བཀའ་ཡི་དབུགས་དབྱུང་བཅས་བཀའ་དྲིན་སྩལ། ཚེས་བརྒྱད་སྔ་བར་བཏེགས་ཏེ་ཟླ་བ་དགུ་པའི་ཚེས་དྲུག་ལ་མཚུར་ཕུར་ཕེབས། ཡར་མར་ལམ་འཁོད་ཀྱི་སྐྱེ་རྒུ་རྣམས་ལ་འགྲོ་དོན་ཆོས་སྦྱིན་གྱིས་ཡིད་ཚིམ་པར་མཛད།

        གཞུང་སའི་བཀའ་འབྲེལ་དགོན་གྱི་བསླབ་སྡོམ་ཞིབ་མཐར། བཅའ་ཁྲིམས་བཅས་དགོན་ཞོལ་རྣམས་ལ་དམ་སྒྲགས་ཚན་ནན་མཛད། ཟླ་བ་བཅུ་པའི་ཚེས་བཅུ་བཞི་ལ་སྐུ་མཚམས་ཀྱིས་བཞུགས་པར། ཟླ་བ་བཅུ་པའི་ཚེས་ཉེར་གཅིག་ལ་དཔའ་བོ་རིན་པོ་ཆེ་དགོངས་པ་ཞི་དབྱིངས་སུ་མནལ་བས་མཚམས་ཐོ་བསྡུས་ཏེ་གནས་ནང་དུ་ཉུང་བསྡུས་ཀྱིས་ཕེབས། ཐུགས་དམ་གསལ་འདེབས་དགོངས་རྫོགས་སྐོར་དང༌། སྔར་ལམ་གཟིམ་ཆུང་ནང་རྟེན་ཕྱག་དཔེ་ཁང་སོགས་ཐོ་བཀོད་ཐམ་འཛུགས་ཀྱི་དོ་དམ་གནང༌། ཚེས་ཉེར་ལྔ་སྐུ་གདུང་ཞུགས་འབུལ་ཞུས་པར་ལྗགས་མ་ཚིགས་པར་བྱོན། ཚེས་ཉེར་བདུན་ལ་ཡར་ཕེབས། སྔར་འཕྲོས་ལྗགས་བསྙེན་མཚམས་རྒྱ་དང༌། བར་དུ་གཞུང་ཞབས་གྲུབ་ཐོབ་བཀའ་བརྒྱད་བཟློག་པ། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཉིན་གསུམ་ལ་༸གོང་ས་ཆེན་པོ་ཕོ་བྲང་དུ་ཕེབས་པའི་དགའ་སྟོན་མཛད། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་སྐུ་མཚམས་གྲོལ་སྟེ། ལོ་མཇུག་དུས་གཏོར་སོགས་སྔ་རྒྱུན་བཞིན་དང༌། ལྕགས་ཁྱི་ལོར། རྔ་འཁྱམས་ཡོངས་རྫོགས་ཀྱི་འཆམས་གོས་བཞི་བཅུ་ཞེ་གསུམ་གསར་ཚེམས་དང༌། རིན་གཏེར་ཞུ་དག །ཕུར་པའི་ཞལ་འབག་གསར་བཟོ་གནང་བའི་གསལ་རབ་གནས། ཐུགས་གསང་སྒྲུབ་ཆེན་བཅས་མཛད། བར་འཚམས་དབང་ཆོས་འདོད་སྐོང་དང༌། ཟླ་བ་བདུན་པའི་ཚེས་ཉེར་བརྒྱད་ནས་སྐུ་མཚམས་བཞུགས་པར། ཟླ་བ་བརྒྱད་པའི་ཚེས་ཉེར་གཅིག་ལ་ཟུར་མོང་གཏེར་སྟོན་ཨ་སྒྲུབ་འབྱོར་བས། སྔོན་དུ་འཇམ་མགོན་རིན་པོ་ཆེའི་ཞལ་ནས་ཀརྨ་པའི་སྐུ་རབས་རེ་ལ་བར་ཆད་སེལ་ཞིང་ཕྲིན་ལས་སྤེལ་བའི་གཏེར་སྟོན་ཚད་མ་རེ་ཡོང་བ་རེད། དེས་ན་སྐྱབས་མགོན་རིན་པོ་ཆེ་རང་གི་སྐུ་ཚེ་མཛད་ཕྲིན་ལ་ཕན་པའི་དུས་བབས་ཀྱི་གཏེར་སྟོན་ཚད་མ་ཞིག །ད་སྟེ་ཟུར་མང་ནང་ཆེན་ཕྱོགས་ནས་འབྱུང་བས་དེ་ལ་སྣེ་ལེན་རྟེན་འབྲེལ་མ་འཛོལ་བར་མཛོད་ཅེས་བཀའ་ཆེམས་བཞིན། ནང་ཆེན་ཁུལ་ནས་ཡིན་པའི་གཏེར་སྟོན་ཡིན་ཟེར་ཚད་ལ་རྣམ་ཀུན་འདྲི་ཞིབ་རེ་བྱེད་གིན་ཡོད་པས། དུས་དེར་ཡང་མཚམས་ཁོངས་སུ་ཚེས་ཉེར་བཞི་ལ་ངོས་འཕྲད་གནང་བས། རང་གི་རྨི་ལམ་ཉམས་སོགས་གང་ཅིར་ད་རེས་འདི་ལེགས་པོ་ཞིག་བྱུང་བས་རྟེན་འབྲེལ་མ་འགགས་ཙམ་དུ། གཟིམ་ཆུང་མདོར་ཟབ་གཏེར་ཕུར་པའི་ཆ་ལག་ཚེ་སྒྲུབ་ཀྱི་ཆོ་ག་ཞིག་གཏོང་བཅོལ་པ་ཡིན་ཞེས་གསུངས་ཤིང༌། ཕྱིས་སུ་བདག་རང་ཆོས་དྲེད་མགོ་འཁྲེགས་སོང་གཤིས་གཏེར་རྫུན་མང་བས་ལྷྭམ་དཔེ་ཞྭ་འགེབས་ཀྱིས་ཟུར་མང་གཏེར་སྟོན་འདི་པ་འབྲུག་རྒྱལ་སོགས་ཀྱིས་རྩི་བསྐུར་རྒྱུ་སྟོབས་ཆེ་བས། སྣེ་ལེན་གནང་བ་ཙམ་ལས་གཏེར་སྟོན་ཚད་མ་རང་ཨེ་ཡིན་སྙམས་པའི་དོགས་གནས་ལས། ཞེ་གཏིང་གི་དད་འདུན་སོགས་གཏན་ནས་སྐྱེ་མ་མྱོང་བས། སྐབས་ཤིག་རྒྱལ་དབང་རིན་པོ་ཆེའི་མདུན་འཕྲོས་མོལ་ཞིག་གི་སྐབས། ཟུར་གཏེར་འདི་ཚད་མ་ཡིན་མིན་བཀའ་འདྲི་ཞུས་པས། གོང་གི་འཇམ་མགོན་རིན་པོ་ཆེའི་བཀའ་ཆེམས་དང༌། དེ་རྗེས་ཁོང་གི་གཏེར་ཆོས་ཚེ་སྒྲུབ་དེ་ཁོ་པས་ཉམས་བཞེས་གནང་བས། དུས་མི་རིང་བར་རྟགས་སྣང་ཐོན་པ་ཞིག་འདུག་སྟབས་ཁོ་བོ་ནས་ཚད་མར་བཟུང་བ་ཡིན་མོད། འོན་ཀྱང་ད་ཕྱིན་ཁྱེད་རང་གིས་ཀྱང་འདི་ཡི་མཚམས་སྒྲུབས་ཤིག་གྱིས་དང༌། དངོས་ཉམས་རྨི་ལམ་གྱི་འགྲུབ་རྟགས་ཡིད་ཆེས་སྐྱེ་བ་གཞན་ལ་ཡིན་མིན་དྲི་བརྩད་མི་དགོས་པ་ཞིག་འདུག་ཅེས་ཕེབས་པས། དེ་ཕྱིན་གུས་རྨོངས་ནས་ཀྱང་དག་སྣང་ཅི་སྐྱེ་བྱེད་པ་ལས་ལོག་ལྟ་བྱེད་ཕོད་མ་མྱོང༌། ཚེས་ཉེར་དྲུག་ནས་ཚེ་གསང་གསུངས། བར་དེར་འཛི་སྒར་རིན་པོ་ཆེ་དཔོན་སློབ་དང་མཇལ་འཕྲད། སྐྱེས་རབས་ཞལ་ཐང་གསར་བཞེངས་གོང་ཤམ་བཟོས། རྒྱལ་ཚབ་རིན་པོ་ཆེ་སོགས་ལ་མི་ཏྲ་བརྒྱ་རྩ་གཙོས་དབང་ཆོས་གནང༌། ལོ་མཇུག་དུས་གཏོར་འཆམས་སོགས་གང་ལེགས་དང༌། མགོན་པོའི་སྦྱིན་སྲེག་ལ་ཕེབས་པའི་མེ་རྒྱ་སྨུག་མཐོང་མ་མྱོང་བ་ཞིག་འབར་བས་ཀུན་ཀྱང་ངོ་མཚར་སྐྱེས་པར་གྱུར། ལྕགས་ཕག་ལོར་ཕྱོགས་ཀྱི་དད་འདུས་རྣམས་ལ་དབང་ལུང་ཟབ་ཁྲིད་མོས་པ་བཞིན་སྩལ་སྐྱོང་དང༌། ཨ་མདོ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དཔོན་སློབ་ཧྲག་བསྡུས་དྲུག་ཅུ་སྐོར་ཞལ་མཇལ་དུ་ཕེབས། རྒྱལ་དབང་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་བརྟན་པོར་མཛད། གོས་སྐུ་མཐོང་གྲོལ་ཆེན་མོའི་མཇལ་ཁ་གནང༌། ཟླ་བ་དྲུག་པའི་ནང་ཡངས་ཅན་དགོན་དུ་ཕེབས་ཏེ་ཞིང་སྐྱོང་རྟེན་མདོས་བཅའ་སྒྲུབ་དང༌། ཕྱོགས་དེའི་རེ་སྐོང་ཕན་བདེའི་བཙས་རྣམས་སྒྲུབ། གངས་དཀར་ཤ་མེད་ཀྱིས་དམ་ཚིག་གི་རྡོ་རྗེ་ཁྱད་པར་ཅན་དངོས་སུ་ཕུལ། མཚུར་མདོར་ཕོ་བྲང་ཉམས་གསོ་དང༌། གཞུང་གི་བསྟན་རིམ་རཏ་ཕུར་སྒྲུབ་ཆེན་སྨད་ལས་སྦྲེལ་མ་དང༌། ལོ་མཇུག་སྐུ་མཚམས་ཐུགས་དམ་དགུ་གཏོར་སོགས་སྔ་རྒྱུན་བཞིན་གནང༌། ཆུ་བྱི་ལོ་སར་ནས་གཞན་དོན་འཆད་རྩམས། བླ་བྲང་གི་གཟིགས་སྐྱོང༌། ཐུགས་དམ་ཉམས་བཞེས་བར་མེད་དང༌། ལྷག་པར་ཟླ་བ་དྲུག་པའི་ཚེས་བཅུ་གཉིས་ལ་ལྷ་ཆེན་སྐུ་ཧྲིལ་པོ། གུ་རུ་ཚེ་དཔག་སོགས་ལ་གསེར་ཞལ། ཉེར་སྲས་བརྒྱད་ཆོག་འབྲེལ་བའི་སྟོང་མཆོད། ལྷ་ཁང་ཁག་ལ་བརྒྱ་མཆོད་སྙན་ཤལ་བཅས་གངས་ཅན་བདེ་བའི་གསོལ་སྨོན་ནན་ཏན་དང༌། སྤྲང་སྟོན་སྤམ་མཐོ་དགེ་རྩར་འགྱུར་ངེས་གནང༌། ཟླ་བ་དགུ་པའི་ཚེས་བཅུ་དྲུག་ལ་འཇམ་མགོན་བླ་མའི་ཕྱག་མཛོད་ཚེ་རིང་དོན་གྲུབ་དཔོན་གཡོག་འབྱོར། འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་གནམ་ལྕགས་རྡོ་རྗེ་རྩེ་ལྔ་ཁྱད་འཕགས། འཇམ་མགོན་རྣམ་གཉིས་མཆོག་གླིང་ལྷན་རྒྱས་ཀྱིས་སིང་དུ་གཡུ་མཚོ་ནས་བཞེས་པའི་གཏེར་གསེར་ཕག་མོའི་རང་བྱོན་ངོ་མཚར་ཅན་བཅས་ཕྱག་ཏུ་ཕུལ་བས། སྔ་ནུབ་རྟེན་འབྲེལ་ལ་ཟབ་གནད་ཀྱི་རྨི་ལྟས་ཀྱང་བྱུང་བས་ཐུགས་དགྱེས་ཚོར་གནང༌། ཟླ་བ་བཅུ་པའི་ནང་དམ་སྲི་ལངས་པའི་ལྟས་གཟིགས་པས་ཞབས་འཕར་ཕུར་ཟློག་དམ་སྲི་མནན་པ་བཅས་དང༌། ལོ་མཇུག་དུས་གཏོང་ལ་མ་ཐུག་བར་སྐུ་མཚམས་དང༌། དགུ་ཆེན་སྔར་རྒྱུན་བཞིན་ལེགས་ལམ་དུ་གྱུར། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་གངས་ཅན་མགོན་པོ་རྒྱ་གར་ནས་ཆིབས་བསྒྱུར་གྱིས་ཕོ་བྲང་ཆེན་པོར་ཞབས་འཁོད། ཆུ་གླང་ཟླ་བ་དང་པོའི་ཚེས་བཅུ་ནས་སྐུ་མཚམས་ཀྱིས་བཞུགས་པའི་ཚེས་བཅོ་ལྔར་དུས་མིན་འཆི་ཟློག་གི་གསོལ་སྨོན་དགོངས་ཀློང་ནས་རྡོལ་བཞིན་གནང༌། ཟླ་བ་གཉིས་པའི་ཚེས་ཉེར་བཞི་སྐུ་མཚམས་གཞེངས་ཏེ། འདོད་སྐོང་ཕྱག་ལས་རྩག་རྩིག་རིགས་གྲུབ་པ་དང༌། ཚེས་ཉེར་དགུ་ལྷ་གདན་དུ་ཕེབས། ཟླ་བ་གསུམ་པའི་ཚེས་བཞི་ནོར་གླིང་དུ་གོང་ས་ཆེན་པོའི་ཞབས་པད་དུ་བཅར་མཇལ་ཐོན་སྦྲག་མ་ཞུས། ཇོ་ཁང་དུ་སྟོང་མཆོད་གཙོས་ལྷ་རྟེན་ཁག་ལ་མཆོད་འབུལ་དང༌། དད་འདུས་རྣམས་ལ་སྣེ་ལེན་བཅས་གནང་སྟེ་གང་མྱུར་མཚུར་གདན་དུ་ཕེབས། ཐུགས་གསང་མྱོང་གྲོལ་སྒྲུབ་ཆེན་དང༌། ཚེས་བཅུ་ཆེན་མོར་ཞབས་འཆམས་སོགས་ལེགས་ལམ་མཛད།

ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་བྱེད་གནང་སྟེ། ཟླ་བ་བདུན་པའི་ཚེས་བཅུ་ལ་མཐའ་རྟེན་མངའ་དབང༌། ཚེ་དབང་བཅས་གྲུབ་པར་མཛད། ཟླ་བ་བཅུ་པའི་ཚེས་དགུ་ལ་མཁའ་འགྲོ་དགྱེས་བྱེད་ཀྱི་རྟེན་འབྲེལ་ཞིག་བརྩམ་པས་དོན་ཆེན་སྲུབ་ན་ལེགས་ཚོགས་ཀྱི་གཟིགས་ཉམས་བྱུང་འདུག་པ། བསོད་ནམས་དབང་གིས་ཕྱག་ལེན་དུ་ཐེབ་པ་མ་གྱུར་རུང༌། ཐུགས་དམ་བཅད་རྒྱའི་ཁོངས་སུ་བཞུགས། གནས་སྐབས་དེ་ནས་དམ་གྲིབ་དབང་གིས་འཚུབས་གེགས་ཀྱི་རྣམ་པར་བྱུང་ཞིང༌། རྒྱལ་ཟླ་བཤོལ་བ་ཕྱི་མའི་ཚེས་ཉི་ཤུ་ནས་ཞབས་རིམ་རྟེན་འབྲེལ་ལ་ཉམས་གསོས་སུ། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྐོང་ཆོག་མཛད། ཚེས་ཉེར་དགུ་འཆམ་གཟིགས་པས། འཚོགས་དང་ཞབས་འཆམས་ལ་ཕེབས་མ་གྲུབ།

དེ་སྐབས་ཞལ་ནས།

མཁའ་འགྲོ་ཁྲོས་པའི་རྒྱང་ལྟས་དང༌།།རྡོ་རྗེ་གཡུ་ཡིས་ལག་སྐྱོར་ནས།།ཆུ་ཆུང་ཞིག་ལས་བསྒྲལ་ནས་སླར།།

ཆབས་པའི་ཉམས་འགྱུར་སྟོན་པ་མཐོང༌།།ཞེས་གསུངས། ཤིང་སྟག་ཟླ་བ་དང་པོའི་ཚེས་བཅུ་བདུན་ལ་ཐུགས་ཉམས་སུ་དཔའ་བོ་མཁའ་འགྲོའི་འདུ་བ་བསམ་གྱིས་མི་ཁྱབ་པའི་ཚུལ་གཟིགས་ཤིང༌། སྙན་ལམ་དུའང༌། ཀྲི་ན་པི་པ་ཏོ་བྷུན་ཌ། །བི་ཨུ་ན་སི་ཙ་མུན་ཏ། །དུར་དུམ་ཀུནྟུ་ཊི་ཨོ་ཡི། །སུ་ཁཾ་གྷི་ཤོ་ན་མོན་ཊ། །སིནྟུ་ཀུ་མ་ལ་ཕུ་ལ་ཤེ། །ཏེ་ན་བྷུ་ཛ་ཛོ་ཎར་ཀུཾ། །ཨེ་ཊ་ཛི་ཎ་རོ་ཥདུཾ། །ཞེས་མཁའ་འགྲོའི་བརྡའི་གླུ་དེ་གསན་པའི་རྗེས་ཐོག་ཏུ། སླར་ཡང་ཨོ་རྒྱན་དང་ཕྲ་མེན་མའི་སྐད་འདྲེས་པའི་བརྡའ་ཚིགས་སྐབས་རེའི་ནང་དུ་བོད་སྐད་རྐང་པ་གསུམ་རེ་གསན་རྒྱུ་ཡོད་པའི་ཐུགས་ཉམས་ཤར་བ་ཕྱག་བྲིས་སུ་གཏབ་པ་ནི།

སྙིགས་དུས་པདྨའི་ཕོ་ཉར་མངགས་པའི།།སྐྱེས་བུའི་འགྲོ་དོན་རྟེན་འབྲེལ་མཐའ་མར།།

བབ་པའི་དབང་གིས་བར་ཆད་མང་པོ།།དེ་སླད་ཌཱ་ཀིའི་ཚོགས་པ་ངེད་ཚོ།།མི་མོའི་ལུས་ལ་ཞུགས་པའི་རེག་བྱས།།རྩ་ཐིག་རླུང་གི་སྐྱོན་རྣམས་སེལ་ཞིང༌།།སྐལ་མེད་ཁྱེད་ཀྱིས་མཁའ་འགྲོའི་དཀྱིལ་འཁོར།།ཀུན་ཏུ་རྒྱུ་ཡི་ཚོགས་ཀྱི་སྟོན་མོས།།མགུ་བྱའི་གཡར་དམ་བླངས་པ་དྲན་ནམ།།དམ་བཅས་ཤེས་བཞིན་ཚིག་པར་བྱེད་པའི།།བྱིས་པ་རེ་བླུན་ཕྱི་ཡི་བཤགས་པས།།

ནང་གི་རྟེན་འབྱུང་སོར་ཆུད་མི་འགྱུར།།ཞེས་འདུག་པ་དང་ཆབས་ཅིག་ཀ་དག་དབྱིངས་སུ་སོགས་ཀྱི་སྐྱོ་གླུའང་མཛད། འདི་ནུབ་ཕྱི་དབུགས་ནང་དབུགས་ཆད་པ་ཐེང་བདུན་ཙམ་བྱུང༌། ཧ་ཧ། པཀྴིའི་གྲུབ་རྟགས་མིན་ཀྱང༌། མ་ཡེངས་རང་ངོར་བཞག་པའི་དྲིན་གྱིས་མ་སྨད་རྣམས་རེ་ཞིག་དྭ་ཡུགས་གསུམ་ལུས་ཙམ་བྱུང༌། ཞེས་གསུངས་ཤིང༌། ཟླ་བ་གཉིས་པའི་ཚེས་ཉེར་བརྒྱད་ནས་ཐུགས་གསང་སྒྲུབ་ཆེན་ལ་ཕེབས་པའི་ཉམས་སྣང་དུ། དབྱིངས་ལས་བཀའ་འདས་བུ་ཁྱོད་འཇིག་རྟེན་ཁམས་འདིར་ཡུན་དུ་མི་བཞག་ཅེས་ཟེར་ཞིང༌། ཞག་བརྒྱ་དང་ལྔ་བཅུ་ཙམ་ལས་མི་བཞུགས་པའི་ཐུགས་ཉམས་ཤར་བས། ཞབས་བརྟན་ཚོགས་འབུམ་བསྐུལ་འབུམ་སོགས་སྒྲུབས་མཁའ་འགྲོའི་འཁུ་ལྡོག་གི་རྐྱེན་གྱིས་གློ་བུར་ཟླ་བ་བཞི་པའི་ཚེས་ཉེར་བཞིར་གདུང་སྲས་རྗེ་བཙུན་ཆོས་དབྱིངས་སྒྲོལ་མ་ཞི་དབྱིངས་སུ་གཞོལ་པས། ཕྱི་ནང་གི་རྟགས་མཚན་ཁྱད་པར་ཅན་བྱུང་ཞིང༌། དགོངས་རྫོགས་རླབས་པོ་ཆེ་མཛད།

འདི་སྐབས་མི་ལས་འདས་པའི་རྟེན་འབྲེལ་གྱི་མཛད་སྒོ་མཁའ་འགྲོའི་བརྡའ་རུ་གཟིགས་ནའང༌། ཇི་བཞིན་སྐབས་སུ་ཁེལ་བ་མ་བྱུང་ཞིང༌། སྔ་མར་འབྲུག་པའི་ལོ་སར་འབུལ་མའི་གདོངས། རྨིས་ལྟས་སུ་ཤར་རིགས་ཟུར་གཏེར་མདུན། ལོ་ཟླར་མ་ངེས་པའི་གྲངས་སུམ་ཅུ་ལ་ཁམས་འཚོ་བའི་བརྡའ་སྟོན་དང༌། འཕར་རྩ་ཡང་རྩ་སྡོད་ལྟ་བུ་རྒྱུན་རིང་སོང་བས་དེ་ལ་སྐྱོན་ཡོད་མེད་དོགས་གཅོད་བཀའ་འདྲི་ཕེབས་ལེན་ལ། རྩ་གསུམ་ཚོགས་སྐོང་སྟོང་ཕྲག་དང་འབྲེལ་བས་བླ་མ་མཁའ་འགྲོར་གསོལ་འདེབས་ཕུར་ཚུགས་སུ་བགྱིས་པའི་ཐོ་རེངས་ཤིག་ཏུ་ཉམས་མི་འདྲེས་པའི་སྣང་ལམ་དུ། བུད་མེད་མང་པོའི་ཚོགས་ཀྱིས་གླུ་ལེན་པའི་སྐད་ལ།

རྟེན་འབྱུང་རབ་འབྲིང་ཐ་མ་ཡི་ངང་ཚུལ།།ལོ་དང་ཕྱེད་དང་ཟླ་བ་ཡི་གྲངས་ཅན།།སྣང་ངོར་ངེས་འགྲོ་གནས་ཚུལ་གྱི་གཤིས་ལ།།

སྐྱེ་དང་འཆི་བའི་རང་བཞིན་ནི་མ་མཐོང༌།།ཁྱེད་རྣམས་མཐོང་ན་དམ་སྐོང་ལ་བསྒྲིམས་ཤིང༌།།པདྨའི་བཅུད་ཀྱི་བདུད་རྩི་ཡི་རོ་ལ།།

ཕྱོགས་མེད་རོལ་པའི་སྒྱུ་རྩལ་ལ་སྦྱངས་ན།།ཅུང་ཟད་ཨོ་ཊི་བྷུ་ཁ་ཎི་པ་ན།།

ཙུ་ཏ་བྷི་ནོ་ཏྲི་དུ་ན་ཨ་ཛོ་ཛོ། །ཨ་ལ་ལ་ཀཱུྃ་སིནྡྷུ།།ཞེས་ཐོས། དེའི་འཕྲོས་གླུ་ལེན་བཞིན་རྒྱང་རིང་དུ་རིང་དུ་སོང་ནས་མ་ཐོས་ཤིང༌། མི་ཉམས་འདི་ལས་སད་མ་ཐག་ཚིགས་བཅད་འདི་དག་ཡིད་ལ་འདུག་པས་ཡི་གེར་བཏབ་སྟེ་ཕུལ་བ་ལགས་ཤིང༌། དེ་ལ་རང་གིས་རྨོངས་དཔྱད་པ་གྱིས་ན་རྟེན་འབྲེལ་རབ་ལ་ལོ་སུམ་བཅུ་སོ་གསུམ། འབྲིང་ལ་ཕྱེད་ལོ་སུམ་ཅུ་སོ་གསུམ། ཐ་མར་ཟླ་བ་སུམ་ཅུ་སོ་གསུམ་ཨེ་ཡིན་བསམ་པ་དང༌། ཞབས་རིམ་དམ་ཚིག་སྐོང་བའི་ཆོག་སོགས་དང༌། གཞོན་ནུ་མའི་སྟོན་མོ་དང༌། རིགས་ལྡན་མའི་བཅུད་ལེན་ཕྱོགས་མེད་བརྟེན་གནང་དགོས་རྒྱུའི་དོན་འདྲ་ཞིང༌། སྔགས་ཚིག་འདི་དག་གི་དོན་མི་གོ་འདུག་པས་ཞེས་སོགས་གཞན་ཡང་གནད་དོན་མང་ཙམ་གྱི་འཕྲོས་སུ། ཕྱག་རྩར་སྐྱོན་ཞུགས་པ་སྤྱིར་སྐུ་འཚུབས་ལ་ལོས་ལྟ་ཡང༌། ད་ལམ་གཟུངས་མ་རྣམ་གཉིས་དང༌། སྲས་མོ་རྣམས་ལ་ཅུང་འཚུབས་འདྲ་ཞེས་མཁའ་འགྲོའི་བརྡའ་ལུང་བཅས་ཕུལ་བ། ཐུགས་ཉམས་དང་ཤིན་ཏུ་མཐུན་ཅིང་སྲས་མོའི་དོན་མངོན་གྱུར་དུ་ཟིན་པ་བཅས། དེ་ཕྱིན་གཏེར་སྟོན་པར་ཡང་ཡིད་ཆེས་བློ་བརྟན་ཁེལ་བ་ཞིག་བྱུང་ཞེས་གསུངས་པ་དང༌། ཡང་ཞལ་ནས། ཟླ་བ་ལྔ་པའི་ཚེས་ཉེར་བཞིར་ནམ་སྨད་ཤར་ལྷོའི་བར་སྣང་ནས་སྐྱ་རེང་ལྟ་བུ་ཞིག་ཤར་བའི་སྣེ་རྒྱང་རིང་པོ་འདྲ་བ་ནས་ཚུར་ཨ་རིགས་ཀྱི་མི་རྒན་ཤ་སྐེམ་པ། གདོང་ཉག་ཅིང་སྣ་མཐོ་བ། མདོག་སྨུག་པོ། འབྲུམ་ཆག་ཆེན་པོ་ཡོད་པ། མགོ་ལ་ཚར་ཞྭ་དང༌། གོས་ཀྱང་སྐྱ་སློག་གྱོན་པ་ཤིང་གི་མལ་ཁྲི་སྐྱ་བོ་གྲུ་བཞིའི་ནང་སྐྱིལ་ཀྲུང་གིས་སྡོད་ཕ་ཞིག་ལིང་ལིང་གིས་ལྡིང་བཞིན་འོང་ནས་ཁོ་བོའི་མདུན་དུ་མར་བབ་བྱུང་བར། ཁྱོད་སུ་ཡིན་བྱས་པས་དེ་ན་རེ། བདག་ནི་རྒྱལ་པོ་ཤིང་བྱ་ཅན་ཡིན་ཟེར། འོ་ན་ཁྱེད་ཆོས་འཁོར་སྐྱོང་བའི་སྲུང་མ་ཡིན་པས་དེང་སང་གཏོར་མ་བསྔོ་མཁན་ཇི་ཙམ་ཡོད། ངེད་ཀྱིས་གཏོར་མ་བསངས་གསུར་བསྔོས་པ་རྣམས་ཁྱེད་ལ་ཐོབ་ཀྱི་འདུག་གམ་བྱས་པས། དེ་ན་རེ།

སྔོན་ཚེ་རིག་འཛིན་གནམ་གྱི་སྐར་མས།།འདོད་རྒུ་འབྱོར་པའི་བརྔན་པ།།ལོངས་སུ་སྤྱོད་པར་མི་ཁམས།།ད་ལྟ་གངས་ཅན་འདི་ན།།

ལྷོ་མོན་འབྲུག་གི་ཕྱོགས་སུ།།བན་གྱི་གཏེར་སྟོན་བླ་མ་གཅིག་དང༌།།འདི་ན་ཁྱེད་རང་མ་གཏོགས།།ངེད་ཅག་འབྱུང་པོའི་སྡེ་ལ།།གཏོར་གསུར་ཐོབ་པར་བསྔོ་མཁན།།གཞན་པ་སུ་ཡང་མི་གདའ།།ཟེར་བར་དེ་ལྟ་བུ་ངེད་ནས་བསྔོས་པ་བཞིན་ཁྱེད་རྣམས་ཀྱིས་ཐོབ་ན། ཁོ་བོས་གཉེར་དུ་གཏད། ཕྲིན་ལས་བཅོལ་པ་ཐམས་ཅད་ཁྱེད་ནས་སྒྲུབ་ཀྱིན་ལོས་ཡོད་བྱས་པར།

 ཁོ་ན་རེ།

ཁྱོད་རང་བྱང་ཆུབ་སེམས་དཔའི།།ཐུགས་ལ་གཏད་པ་མི་འདུག།དོན་ཆུང་གལ་མེད་འགའ་ལ།།ངེད་ཚོ་གནད་ནས་གཟིར་ཞིང༌།།དོན་ཆེན་བརྣག་པའི་ལས་རྣམས།།ཡལ་བར་དོར་ནས་མི་བསྐུལ།།མདོ་མེད་མཛད་པར་ཡ་ཆ།།བཀའ་བཞིན་བྱེད་པ་ལགས་ཏེ།།

སེམས་ལ་འབབས་པ་རང་མི་འདུག།ཟེར་ཞིང་ཁོ་སྔར་ལྟར་བར་སྣང་ལ་ལྡིང་ནས་བྱང་ཤར་ངོས་སུ་ཕར་ལིང་ལིང་བྱེད་ཅིང་སོང་བའི་ཤུལ་དུ། དུ་བ་ལྟ་བུ་སྔོ་སྐྱ་ལམ་ལམ་ཞིག་གིས་ནམ་མཁའ་ཁེངས་སྣང་ཤར་བའི་སྐབས་གཉིད་ཕལ་ཆེར་སད་པའི་ཉམས་སྣང་ལ། གོང་གི་གཏེར་སྟོན་དེ་ཟུར་མང་གཏེར་སྟོན་བླ་མ་འབྲུག་ཕྱོགས་བཞུགས་ཡོད་པས་དེ་ཡིན་པར་འདུག །གཏོར་མ་ཐོབ་པར་བསྔོ་མཁན་ངེད་གཉིས་ལས་མེད་པར་ག་ལ་སྲིད་ཀྱང༌། ལྷ་འདྲེས་ངོ་བསྟོད་ཆེས་པས་ཁྱད་མཚར། ངེད་ཀྱིས་དོན་ཕྲ་མོ་ལ་ནན་གྱིས་གཟིར་ཟེར་བ་ནི་སྦྱིན་བདག་གི་རྐྱེན་བཟློག་འདྲ་བགྱིས་པས་དེ་ཡིན་པར་འདུག །གལ་ཆེན་ལ་ཡལ་བར་དོར་ནས་མི་བསྐུལ་བར་འདུག་ཟེར་བ་ནི། དམ་ལོག་དང༌། བསྟན་དོན་ཡིན་རྒྱུ་བའི་རང་དོན་གལ་ཆེའི་རིགས་ལ་མ་རྦད་པར་བྱང་ཆུབ་སེམས་ལ་བློ་སྦྱོང་བའི་ཁུལ་བྱས་པ་དེ་ལ་ཟེར་བ་ཡིན་པར་འདུག་སྙམས་པ་ཞིག་ཤར་བའི་སྐབས་ཉམས་དེ་སད་པ་དང་ནམ་ལངས་འདུག །ཅེས་དང༌། བར་དེར་དད་འདུས་རྣམས་ཀྱི་མོས་པ་དང་འཚམས་པའི་དབང་ཁྲིད་ལུང་སོགས་ཆོས་སྦྱིན་བར་མེད་དུ་སྩལ་བའི་ནུབ་གཅིག །ཡེ་ཤེས་མཚོ་རྒྱལ་ཡིན་རྒྱུའི་བོད་ཆས་ཅན་གྱི་མཛེས་མ་ཞིག་གིས་ཁུས་ནས་དབྱུང་བའི་གྲོགས་དག་སྩལ་ཞིང༌། བརྡ་སྣང་ཁྱད་པར་བ་བཅས།

འདི་ནི་འཇིག་རྟེན་དམ་ཚིག་མཁའ་འགྲོ།།ལྡོག་པའི་རྣམ་འགྱུར་བརྡའ་རུ་ཤར་རོ།།འདི་ལས་དངོས་གྲུབ་ཐོབ་པའི་སྐལ་པ།།

ད་ནི་སྟོང་པས་བརྟེན་པར་མི་རུང༌།།ཞེས་སོགས་ཁ་ཡར་སྩལ་བའི་ཐུགས་ཉམས་དང༌། ལྷོ་འབྲུག་ཕྱོགས་སུ་སྦས་ཡུལ་ཨ་རྒྱ་གནས་ཞེས་པ་སྔར་རྗེ་བརྒྱད་པའི་དུས་སྒྲུབ་སྡེ་ཕྱག་འདེབས་མཛད་ཤུལ་བུ་ལེ་བླ་མ་ནས་ཉམས་གསོ་བྱས་ཡོད་པས་དགོན་གནས་མགོ་འཛིན། བྱིན་རླབས་རྟེན་ཡེ་ཤེས་སེམས་དཔའ་དང༌། དགོན་པར་མིང་བཅས་སྩལ་གནང་ཞུས་པ་དེ་བཞིན་ཞལ་བཞེས་བྱིན་རྟེན། ཡེ་ཤེས་སེམས་དཔའི་རྟེན་སོགས་མོས་འདོད་ལྟར་དང༌། དགོན་པའི་མིང་ལ་ཀརྨ་ངེས་དོན་བསྟན་པ་དར་རྒྱས་ཕུན་ཚོགས་བསམ་གཏན་བདེ་ཆེན་གླིང་གི་སྡེ། ཞེས་གནང༌། ཟླ་བ་དྲུག་པའི་ཚེས་དྲུག་ལ་རྗེ་བཙུན་གཤེགས་མ་དེ་ཉིད་ཀྱིས་སྐྱེས་ཡུམ་སྐལ་བཟང་དཔལ་སྒྲོན་ཐུགས་གཡེངས་ཆེན་པོས་ཇི་གྱུར་ཡང་ཡང་གསོལ་བ་བཏབ་པ་ན། ཨེ་མ།

ཤིན་ཏུ་སྟོབས་ཆེན་ཡེ་ཤེས་ཀྱི་སྣང་ཆ། །གཞོན་ནུའི་ལང་ཚོ་འཛིན་པ་ཡི་བུ་མོ། །སྒྱུ་མ་ལྟ་བུའི་སྣང་ཚུལ་དུ་ཤར་གྱི། །དོན་ལ་མ་གྲུབ་བདེན་ཞེན་གྱིས་མ་འཆིངས། །འབྱུང་བ་ཆུ་ཡི་རྒྱ་མཚོ་ཡི་ཀློང་ནས། །རྟེན་འབྱུང་དབང་གིས་ཆུ་བུར་ཞིག་ཤར་མོད། །ཆུ་དང་ཆུ་བུར་ཐ་དད་དུ་མེད་པར། །ཆུ་དང་རོ་གཅིག་དཔེ་དོན་ལ་སྦྱོར་འཚལ། །སྣང་ཚུལ་ཙམ་དུ་རིགས་བཟང་གི་བུ་མོའི། །སྒྱུ་མ་ཞིག་པའི་རྗེས་ཐོབ་ཀྱི་གནས་སྐབས། །མ་དག་འཁྲུལ་པའི་སྣང་བ་འདི་ཟད་དེ། །དག་པ་རབ་འབྱམས་དཔའ་བོ་དང་མཁའ་འགྲོས། །མདུན་ནས་བསུ་ཞིང་དགའ་ལྡན་གྱི་ལྷ་ཡི། །མཆོད་པ་དང་བཅས་རིག་འཛིན་གྱི་ཞིང་ཁམས། །ནུབ་ཕྱོགས་པདྨོ་བཀོད་པ་རུ་གཤེགས་ནས། །སྟོན་པ་པདྨོ་འོད་སྣང་གི་མཐའ་ཡས། །ཐུགས་ཀའི་ཀློང་དུ་ཐིམ་པ་ཡི་མོད་ལ། །རང་རིག་ཡེ་ཤེས་སངས་རྒྱས་ཀྱི་ཆོས་སྐུར། །ཆུ་ལ་ཆུ་བཞིན་དབྱེར་མེད་དུ་འདྲེས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ནི་ངེས་སོ། །དོན་དམ་གཉུག་མའི་གནས་ཚུལ་གྱི་གཤིས་ལ། །དག་པའི་ཞིང་དང་སངས་རྒྱས་ཀྱི་བཀོད་པ། །གཞན་དུ་མ་འཛིན་སྤྲ་འཆལ་གྱི་ཕ་རྒན། །དོན་གྲུབ་རྡོ་རྗེའི་རང་རིག་གི་ཀློང་དུ། །བུ་མོ་ཐིམ་པར་སྡུག་བསྔལ་གྱིས་ཅི་བྱ། །ཕ་ཡི་དགོངས་པ་ཟག་མེད་ཀྱི་དབྱིངས་ལ། །སྟོན་པ་པདྨོ་མཐའ་ཡས་དེ་བཞུགས་ཀྱི། །ཉེ་རིང་བློ་ཡི་ངལ་བ་ནི་མ་དགོས། །

ལས་སྨོན་གྱིས་སྦྲེལ་སྐལ་བཟང་གི་གཟུང་མ། །རྨི་ལམ་ལས་ཀྱང་རྨི་ལམ་དུ་གྱུར་པའི། །བདེན་མེད་སྒྱུ་མའི་འཁྲུལ་རྗེས་སུ་མ་འབྲང༌། །ཡེ་ཤེས་སྒྱུ་མའི་རོལ་མོ་འདིར་གཟིགས་ནས། །གཉིས་མེད་སྤྲོས་བྲལ་བདེ་ཆེན་གྱི་གོ་འཕང༌། །ཁྲོབ་པར་བཟང་མོ་སྤྲོ་བ་ནི་སྐྱེད་ཅིང༌། །བྱར་མེད་ཆོས་སྐུའི་རང་ཞལ་འདི་མཇལ་ནས། །ཁྱེད་ཀྱང་གཏན་བདེ་སངས་རྒྱས་ཀྱི་གོ་འཕང༌། །དལ་རྟེན་འདི་ལ་ཐོབ་པ་ཞིག་མཛོད་ཅིག །དེ་སྐད་གཏད་མེད་སྤྲ་འཆལ་གྱི་ཕ་རྒན། །སྨྱོ་བའི་རྫུན་རིས་བདེན་པ་ཡང་སྲིད་ཀྱི། །མཛེས་མའི་སྙིང་གི་བཅུད་ཕུར་དུ་བསྟེན་ཕྱིར། །གང་ཤར་ཡི་གེའི་ཕྲེང་བ་རུ་ཐལ་ལོ།།

     ཞེས་པའང་ཨ་མའི་འདོད་པ་སྐོང་སླད་གང་ཤར་གྱི་རི་མོ་མི་འདེབས་དཀའ་མེད་གྱུར་པས་མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛོད་ཅིག །གུཧྱ། ཞེས་གསུངས་ཤིང་གནང༌། བར་ལམ་རྣམས་སུ་ཕྱག་ཆེན་རྒྱ་གཞུང་རྗེ་དགུ་པའི་བཀའ་འབུམ་སོགས་འཆད་སྤེལ་བརྒྱུད་མར་སྩལ་བ་དང༌། ཚེ་གསང་ལྗགས་བསྙེན་བཅས་མཛད། ལྷོ་འབྲུག་ནས་སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་སྒྲུབ་རྟེན་དངུལ་རྡིལ་བཅུ་བཞི་ཕུལ་བས། རྡོར་སེམས་ཚོགས་དང༌། དྲི་མེད་བཤགས་རྒྱུད་འབུམ་ཐེར། ཡིག་བརྒྱ་འབུམ་ཐེར་དགུང་གྲངས། མཁའ་འགྲོའི་ཚོགས་སྐོང་མེ་མཆོད་རྣམས་ཤིན་ཏུ་གྲངས་མང༌། རྡོར་སེམས་སྟོང་སྐུ་སོགས་བསྒྲུབས། ཡང་ཚེས་ཉི་ཤུ་ནུབ་མོ་ཐོ་རེངས་ཁར་ཉམས་རྨིས་འདྲེས་མར། སྔགས་སྲུང་མ་ཡིན་རྒྱུ་བའི་རྩིས་བྱེད་པ་གསང་གྲོགས་གཞོན་པ་བདེ་ལྡན་མ་ལྟ་བུ་ཞིག་ནས། ད་རེས་རྡོ་རྗེ་གཡུ་སྒྲོན་མར། མཉམ་སྦྱོར་གསང་བའི་པཱུ་ཛ་ཡི། །དགའ་སྟོན་ཆེན་པོའི་འདུ་བ་ལ། །ཅིས་ཀྱང་རོལ་ཅིག་སོགས་ཞུས་པའི་མུར་ཉམས་དེ་སད་པས་ཚིག་མཇུག་མ་གསལ་ཞེས་གསུངས། ཡང་ཚེས་ཉེར་གཉིས་ཉིན་ཚེ་གསང་དངོས་གྲུབ་བླངས་པའི་ནུབ་མོར། རྨི་ལམ་དུ་ཆུ་བོ་རྒྱས་པ་དང༌། ནེའུ་སེང་བཀྲ་བ་སོགས་ལེགས་ལྟས་དང༌། བུད་མེད་རྒན་མོ་ཞིག་ནས་འདི་སྐོར་གྱི་ཆུ་འདི་ལ་བ་ཚྭ་འདུག་པས་གཏན་ནས་བཏུང་མི་ཉན། ལྷོ་ཕྱོགས་ཀྱི་ཆུ་ཀླུང་ཆེན་པོའི་དཀྱིལ་དེ་ན་ཆུ་བ་ཚྭ་མེད་པ་གཅིག་འདུག་པ་དེ་བཏུང་རུང་ཙམ་ཟེར་བའི་བརྡའ་ཞིག་སྨྲས་བྱུང་བའི་དོན་ཇི་བཞིན་མ་ཤེས་ཀྱང༌། དམ་གྲིབ་ཡོད་པའི་ལུང་པར་མ་སྡོད་ཅེས་པའི་བརྡའ་ཡིན་ནམ་སྙམ་ཞེས་གསུངས། ཟླ་བ་དེའི་ཚེས་ཉེར་བཞི་སྤེན་པ་སྣར་མའི་འགྲུབ་སྦྱོར་ལ་སྐུ་མཚམས་ཀྱིས་ནམ་མཁའི་རྡོ་རྗེའི་གཏེར་གསར་རྡོ་རྗེ་ཕུར་པའི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་ལྗགས་བསྙེན་གནང་བའི་ཟླ་བ་བདུན་པའི་ཚེས་གཉིས་ནུབ་རྨིས་ལྟས་འཚུབས་པ་དང༌། ཁྱད་པར་རིགས་སྲས་གསུམ་ལས་གཅིག་ཙམ་ཞིག་བཞུགས་རྒྱུ་རེད་ཨེ་ཡོང༌། དེ་མིན་གནས་སྐབས་ཞིང་གཞན་དུ་འགྲོ་རྒྱུ་རེད་ཟེར་བའི་མཁའ་འགྲོའི་བརྡའ་ལུང་ཡིན་རྒྱུ་བ་བཅས་ཟར་ཟིར་ཤིན་ཏུ་མང་བ་ཞིག་བྱུང་བ་འདི་སྐོར་མཁའ་འགྲོའི་བརྡའ་དང༌། བདུད་ཀྱི་ཆོ་འཕྲུལ་གང་ཡིན་མ་ངེས་ཞེས་གསུངས་ཡང༌། དཔྱད་ན་གདུང་སྲས་གསུམ་གྱི་སྐུ་ཚེ་དངོས་ཡིན་པར་མི་སྣང་ཞིང༌། དད་དམ་གཙང་ཞིང་བསྟན་པའི་རྒྱལ་མཚན་འཛིན་ནུས་པ་ལ་ཡིན་པ་གོར་མ་ཆག་པས་ལུང་དོན་ལོགས་སོགས་གཏན་ནས་མི་སྲིད་ལ། ཚེས་བཞིར་མཚན་ལྟས་དགེ་ཞིང༌། ཐུན་མོང་མིན་པའི་ལུང་བྱང་ཀྱང་ཕྱག་ཏུ་ཕོག་པར་བྱུང༌། ཚེས་བཅུ་དྲུག་ཟླ་དགོན་ལ་སྐུ་ཐང་བཞི་བཅུ་ཞེ་གཉིས། སྤྱན་གཟིགས་གནམ་གཤམས་རྒྱལ་མཚན། ཕྱེ་ཕུར། ཀ་འཕན། གོས་ཡོལ། དབང་གོས་རྒྱན་གཞི་སོགས་ཀྱི་འཆམ་གོས་ལྔ། སྟོད་ལེ་གསུམ། ཞལ་འབག་བཅོ་ལྔ། བརྒྱ་ཀོང༌། ཙཱ་དཱིའི་རྐང་གླིང་སོགས་གྱ་ནོམ་སྤམ་མཐོ་སྩལ། ཚེས་བཅུ་དགུར་ཐོ་བསྡུས་ཏེ་གླིང་ཁ་འོག་ཏུ་ཕེབས། སླར་ཡང་མཚམས་རྒྱའི་ཁོངས་སུ་བཞུགས། ཟླ་བ་བརྒྱད་པའི་ཚེས་ཉེར་གཉིས་ལ་སློབ་དཔོན་ལགས་གཙོས་ཆིབས་བསུ་སུམ་ཅུ་སྐོར་སོགས་སྔར་ལམ་ལྟར་ཕེབས་ཞུས་ཀྱིས་སི་ཏུ་རིན་པོ་ཆེ་དཔོན་འཁོར་ཁམས་ནས་འབྱོར་བ་ཕོ་བྲང་དུ་བཞུགས། ཚེས་ཉེར་ལྔར་ཐོ་བསྡུས་ཏེ་མཇལ་འཕྲད་བཞུགས་སྟོན་བཅས་གནང༌། ཚེས་ཉེར་བདུན་ནུབ་མོར། གླིང་ཁ་འོག་ལྟ་བུ་སྐྱེད་མོས་ཚལ་རྒྱས་པ་ཞིག་གི་ནང་དེར་ཁོ་བོ་དང༌། གཡོགས་རིགས་འདས་གསོན་མང་པོ་དང་བཅས་འདུག་སྐབས་ལྷོ་ངོས་ཀྱི་བར་སྣང་ནས་ཚུར་ངེད་ཀྱི་མགོ་ཐོག་ཏུ་སྤྲིན་དང་ན་བུན་གྱི་སྣམ་བུ་སྔོ་སྐྱ་སྲབ་མོ་ཞིག་ཏ་ལེར་བྱུང་བ་དེ་ལུང་པའི་ཕར་ཚུར་བར་ཟམ་པ་ལྟ་བུ་ཞིག་ཆགས། ངེད་རང་གི་ལུས་དེ་ཡར་བར་སྣང་དུ་བཏེགས་སྣང་ཞིག་ཤར་ནས་སྔ་མའི་སྤྲིན་དེའི་སྟེང་སླེབས་འདུག་པའི་མགོ་ཡི་ཐོད་དུ་འཇའ་གུར་འདྲ་མིན་སྣ་ཚོགས་ཤར་ཞིང་མེ་ཏོག་གི་ཆར་པ་ས་ལ་བབ་ཏུ་མེད་པའི་བར་སྣང་གི་དགུང་དུ་ལིང་ལིང་ཕར་བསྐྱོད་ཚུར་བསྐྱོད་བྱེད་པ་ལ་གཡོག་པོ་དེ་རྣམས་ངོ་མཚར་བྱེད་པ་དང༌། ནུབ་ཕྱོགས་ནས་མཚུར་ཕུ་དགོན་འདྲ་བའི་དགོན་པ་ལེགས་པོ་ཞིག་ནས་ངེད་ལ་བསུ་བའི་སེར་ཕྲེང་གི་བཀོད་ལ་རྒྱས་པར་བྱེད་འདུག་པ་རྨིས་པ་བཟང་ངན་ཅི་ཡིན་མ་ཤེས་ཞེས་གསུངས་ཤིང༌། ཡང་ཚེས་ཉེར་བརྒྱད་ནུབ་མོ་མཁའ་འགྲོ་མ་མང་པོ་བྱིའུ་མཆིལ་པའི་གཟུགས་སུ་བྱུང་བ་དང༌། གྲྭ་པ་དང་བྱིས་པ་ཁ་ཤས་ནས་དེ་རྣམས་ལ་རྩེད་འཇོའི་རྣམ་པས་ཁང་པའི་སྒོ་དང་སྐར་ཁུང་རྣམས་འགག་ནས་ངན་བྱེད་འདུག་པ་དང༌། རི་ངོས་ཤིན་ཏུ་གཟར་བར་རང་བྱེས་བགྲོད་ཀྱི་སྒར་པ་བབ་ཡོད་རྩིས་ཡང༌། མུན་པ་རུབ་པའི་སྨག་གིས་མི་མཐོང་ཞིང་གཡང་སར་ལྷུང་གྲབ་ཡོད་སྐབས་མི་ཞིག་ནས་ཕྱི་གླིང་པའི་འཕྲུལ་མེ་ཞིག་སྤར་བྱུང་བའི་མཐུས་གསང་བར་མ་འགྲིལ་ཙམ་གྱིས་ཐར་པ་དང༌། འདིའི་ཚེས་སུམ་ཅུ་ཉིན་ཉི་མྱུར་སྤྲེའུའི་སྟེང་ཉི་འཛིན་ཡོད་པ་དེ་ཡིན་རྩིས་གྱིས། ཡང་སྙིང་མི་མང་པོས། ད་ཉི་མ་བཟུང་སོང་ཟེར་ཞིང་རོལ་ཆ་ལྡིར་འདུག་ཀྱང༌། བཟུང་བ་དངོས་མི་མཐོང་འདུག་པར་བུད་མེད་ཞིག་ནས་ཤེལ་མིག་འདི་གྱོན་ནས་ལྟོས་དང་ཟེར་བྱུང་བ་བཞིན། ཤེལ་མིག་དེ་མིག་ལ་བཀབ་ནས་བལྟས་པས། ཉི་མ་འོད་ཟེར་ཤིན་ཏུ་ཆེ་ཞིང་དྭངས་པ་ལ། འོག་ནས་ཡར་རྨ་བྱའི་སྒྲོ་ཐིག་གི་དཀྱིལ་ལྟ་བུ་བྱས་ནས་ནག་ཐིག་གེར་གཟས་བཟུང་བ་མཐོང་རྒྱུ་འདུག་པའི་ངང༌། ཉི་མ་དེ་འོད་ཧྲིལ་ཧྲིལ་བྱེད་པ་སྐར་མདའ་བཞིན་རྒྱ་ལྷའི་རི་རྩེ་ནས་ནུབ་སོང་བའི་རྗེས་ནས་ཉི་མ་དེ་སླར་ལྟ་རྒྱུ་ཡོད་རྩིས་དང༌། ཉི་མ་དེ་ད་ལྟ་གཞུ་སྙེ་མོར་སྡོད་ཡོད་ཟེར་ཞིང༌། རྒྱ་ལྷའི་རི་ཡི་སྟེང་ནས་ཁོ་བོའི་ལག་པས་མར་མནན་ནས་ཡོལ་བའི་གོང་ནས་བལྟས་པ་བཞིན་བལྟས་ཀྱང་ཕར་ནང་དུ་རི་དེ་མཚུངས་མང་པོས་བསྒྲིབ་ནས་མ་མཐོང༌། ཞེས་གསུངས་པའང་མ་འོངས་འབྱུང་འགྱུར་མངོན་སུམ་དུ་གཟིགས་པའི་བརྡར་སྣང་ལ། ཟླ་བ་བཅུ་གཅིག་པའི་ཚེས་ལྔ་ལ་ཕོ་བྲང་དུ་ཡར་ཕེབས།

ཟླ་བཟང་སྤྲུལ་སྐུ་ལ་ཞལ་མཇལ་གནང༌། ལོ་མཇུག་དུས་གཏོར་ལ་འཚོགས་ཕེབས་དང༌། སི་ཏུ་རིན་པོ་ཆེའང་རང་ཚེས་ཉེར་དགུ་ལ་ཚོགས་ཕེབས་མཛད། ཟླ་བ་གཉིས་པའི་ཚེས་དྲུག་ལ་སྐར་འཛིན་གྱིས་སི་ཏུ་རིན་པོ་ཆེའི་མདུན་ནས་བླ་མ་དགོངས་འདུས་གཞུང་པོད་ཡོངས་རྫོགས་ཀྱི་ལྗགས་ལུང་གསན། འབྲུག་ནས་བསྟན་པ་སྤྱི་བྱེའི་རྐྱེན་སེལ་ཞབས་བརྟན་ཡོན་སྦྱོར་བཞིན་ཡབ་སྲས་ལྷན་རྒྱས་ནས་རང་ཕུར་སྒྲུབ་ཆེན་ཁོངས་སུ་དབལ་མདོས་བཅས་ཚུགས་པར་མཛད། དཔའ་བོ་རིན་པོ་ཆེའི་མཆོག་སྤྲུལ་ངོས་འཛིན་གསལ་པོས་ཀུན་ཀྱང་ཡིད་གཉིས་བྲལ་བ་གྱུར། བར་མཚམས་ཀུན་ཏུ་འགྲོ་ཕན་ཕྲིན་ལས་སྒོ་མ་འགགས་པས་སྐྱོང་ཞིང༌། ཟླ་བ་བཞི་པར་ཚེས་བཅུའི་གར་འཆམས་དང༌། ཚེས་བཅུ་གཅིག་ཁྲོམ་དབང་ཞྭ་མཇལ། ཚེས་བཅུ་གཉིས་ཀུན་རྩེ་ནས་གློ་བུར་ཉིན་འཚོགས་གོས་སྐུ་ཞུས་བཞིན་མཇལ་ཁ་བཏང༌། ཚེས་བཅུ་གསུམ་ལ་གདུང་སྲས་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་ཁྲི་འདོན་གྱིས་བཀའ་བརྒྱུད་ཡབ་སྲས་དྲུག་ལས། སི་ཏུ་དང་ཆེ་མཉམ་མངའ་གསོལ་འཇའ་ས་ཐཾ་ཀ་བཅས་གནང་ཞིང༌། དེ་བཞིན་ཕྱོགས་ཀྱི་བླ་སྤྲུལ་དགོན་ཁག་བཅས་པས་བརྩི་སྲུང་དང༌། སྐུ་ནར་མ་སོན་བར་རི་ཁྲོད་བླ་བྲང་བཅས་པའི་ཕྱི་ནང་གཟིགས་སྐྱོངས་དབུ་འདོན་ཆེ་བསྐུར་ཞབས་ཞུས་རིགས་རང་དངོས་དང་མི་གཉིས་པའི་ཁུར་བཞེས་གནང་དགོས་ཞེས་སི་ཏུ་རིན་པོ་ཆེ་ལ་སྒེར་བཅར་ཞལ་བསྒོས་དང༌། དེ་འབྲེལ་ཕྱག་མཛོད་སོགས་མདུན་འདུག་རྣམས་ལའང་བསླབ་སྟོན་བཀའ་ནན་བཅས་གནང༌། ཚེས་ཉི་ཤུ་རྒྱལ་ཐོ་བཅས་ཉིན་བཅུའི་ཁོངས་སུ་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་བཅས་ལེགས་ལམ་དུ་གྱུར།

       ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ལ་སི་ཏུ་རིན་པོ་ཆེར་ལེགས་འབུལ་དང༌། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེར་སྐུ་སྐལ་བཅས་ཕུལ། ཚེས་བཅུ་དགུ་སི་ཏུ་རིན་པོ་ཆེ་སྟོན་འཁོར་ཆིབས་བཏེགས་ཕེབས་བསྐྱེལ་སོགས་སྔར་ལམ་ལྟར་གནང༌། འདི་སྐབས་སི་ཏུ་རིན་པོ་ཆེ་ཡུན་ཙམ་ལྷིང་བཞུགས་ཐོག །དོན་བརྒྱུད་རིན་པོ་ཆེའི་བཀའ་ཆོས་ནང་གནས་སྨིན་ཁྲིད་བཅས་གནང་བཞེད་ཐུགས་རེ་ཅི་ཆེ་ཡོད་འདུག་ནའང་མཛད་བྲེལ་གྱིས་ཆེ་བཞག་ཆུང་ཐོན་ལྟ་བུ་ཞིག་བྱུང་བར་སེམས་ཕྲེང་ཡང་སྐལ་བ་དེ་ཙམ་དུ་ཟད་ཅེས་གསུངས་ཤིང༌། ཐུགས་དགོངས་རྫོགས་པ་ཞིག་བྱུང་མ་ཐུབ་པ་ནི་སྙིང་པོའི་བསྟན་དོན་ལ་བསོད་ནམས་ཀྱི་མཐུ་ཕྲ་བས་འབྱུང་འགྱུར་རྟེན་འབྲེལ་གྱི་བགོ་སྐལ་དུ་མངོན་ལ། ཚེས་ཉེར་ལྔ་ཕྱི་མའི་ཉིན་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་ཁམས་ཕེབས་ཆིབས་བསྐྱོད་ཀྱིས་ཚུགས་སའི་བར་ཡབ་སྲས་ལྷན་རྒྱས་ཀྱིས་ཞག་བཞུགས་མཛད། ཚེས་ཉེར་བདུན་ལ་བཀྲ་ཤིས་སྨོན་ལམ་བཅས་ཆིབས་བསྐྱེལ་གནང༌། ཟླ་བ་དྲུག་པའི་ཚེས་དྲུག་ལ་གནས་ནང་དུ་ཕེབས། རྗེ་བཙུན་དཔའ་བོ་རིན་པོ་ཆེའི་སྤྲུལ་སྐུ་ཁྲིར་འདོན་དང་ལེགས་འབུལ་སོགས་མཛད། ཟླ་བ་དགུ་པའི་ཚེས་ཉེར་གསུམ་འདིའི་ནུབ་ཐོ་རངས་ཕྱི་མའི་སྣང་ཚུལ་བརྡ་རུ་ཤར་བཞིན་ཡི་གེར་བཏབ་པར་མཛད། ཕྱིས་རྟེན་འབྲེལ་གྱིས་འདི་ཉིད་སོར་གནས་མ་བྱུང་བས་མེད་པར་བཅོལ། ཟླ་བ་བཅུ་པའི་ཚེས་བཅུ་གསུམ་དགོངས་འདུས་དབང་གི་སྣེ་སེལ་དང༌། ཚེས་བཅོ་ལྔ་དགོངས་འདུས་ས་ཆོག །ཚེས་བཅོ་བརྒྱད་ནས་བུམ་དབང་ཆེན་མོའི་འཇུག་པ་སོགས་སྒྲུབ་དབང་ཆེན་མོ་ཞིབ་རྒྱས་སུ་སྩལ། འདི་ནུབ་བུ་མོ་ཞིག་གིས་ཚེ་ཆུ་ཕུལ་བ་དང༌། གཏེར་སྟོན་པའི་སྐོར་གྱི་བརྡའ་སྟོན་བྱུང༌། འདི་སྐོར་དགོངས་འདུས་སྒྲུབ་ཆེན་ཚེར་ཉིན་བཞིན་དབྱངས་རོལ་སོགས་སྤྲོས་བཅས་མཛད་པས། ཉིན་སྔ་མ་གཉིས་སུ་ཤ་རྟའི་སྤྱན་འདྲེན་ལེ་ཚན་དབྱངས་གནང་བ། དེ་ཡི་ནུབ་མ་གཉིས་སུ་དགོངས་བཙན་ནས་མདུན་དུ་ཕན་ཚུན་བྱོན་པ་སོགས་ཆོ་འཕྲུལ་འདུག་པ། དེ་ཡི་ཕྱིར་ཉིན་བཙན་གྱི་སྤྱན་འདྲེན་དབྱངས་བཏང་བས་དེ་ཕྱིན་ཆོ་འཕྲུལ་ཞི་བ་སོགས་དབྱངས་གདངས་འདི་རིགས་རྩ་གསུམ་དགྱེས་པའི་དགོས་གནད་གལ་པོ་ཆེར་འདུག་ཅེས་གསུངས་ཤིང༌། ཚེས་ཉེར་དགུ་ནུབ་མོར་འཇམ་མགོན་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུས་དགོངས་འདུས་ཀྱི་དབང་ཡོངས་རྫོགས་དངོས་སུ་བསྩལ་བ་སོགས་རྩ་གསུམ་ཞི་ཁྲོའི་ཞལ་གཟིགས་ལུང་བསྟན་དགོངས་ཉམས་ཁྱད་པར་ཅན་དང༌། སློབ་མ་རྣམས་ལའང་སྒོ་གསུམ་རྣལ་དུ་ཕེབས་ཤིང་བདེ་སྟོང་གི་ཉམས་དང་རྩོལ་མེད་ཀྱི་མོས་གུས་སྐྱེ་བ་སོགས་དང༌། ཕྱི་རྟགས་སུའང་ལུང་པར་དྲོད་སྐྱེས་ཤིང་གནས་ཁང་བྱིན་ཆགས་པ་དང༌། མར་མེ་བརྒྱ་མཆོད་ཆུང་ངུའི་རིགས་རྣམས་ཀྱིས་ཀྱང་ཉིན་བདུན་བར་མཆེད་པ་སོགས་བྱིན་རླབས་འབེབས་པའི་རྟགས་སྣང་མཐའ་ཡས་པས། ཀུན་ཀྱང་ལྷ་དང་བླ་མ་ཟབ་ཆོས་བཅས་པར་དད་མོས་ཡིད་ཆེས་ངེས་ཤེས་སྐྱེས་པར་གྱུར། ལོ་མཇུག་དུས་གཏོར་ཚོགས་ཕེབས་སྐོར་སྔ་རྒྱུན་བཞིན་གནང༌། མེ་འབྲུག་ཟླ་བ་དང་པོའི་ཚེས་ནས་ཞབས་བརྟན་སོགས་རྒྱ་ཆེར་སྒྲུབ་གནང་དང༌། སངས་རྒྱས་མཉན་སྤྲུལ་སྐོར་ཕེབས་འབྱོར་ལ་མཇལ་ཁ་དང༌། དབང་ལུང་ཆོས་ཚན་འདོད་སྐོང་རིགས་དང༌། རྟ་ཕག་སྐུ་གསར་བཞེངས་དང༌། འབྲུག་ནས་གུ་རུའི་སྐུ་འབྱོར་བ་བཅས་ལ་གཟུངས་འབུལ་རབ་གནས་བཅས་གནང༌། ཟླ་བ་གསུམ་པའི་ཚེས་བཅུ་ལ་གཏེར་སྟོན་རིན་པོ་ཆེ་ཕེབས་པས་མཇལ་འཕྲད་དང༌། དུས་མཆོད་མཛད། གཏེར་སྟོན་ལ་ཚེ་གསང་དོན་དབང་གནང༌། གུ་རུའི་སྐུ་ཚབ་ཁྱད་པར་ཅན་ཕྱག་ཏུ་ཕུལ་ཚེས་བཅུ་གསུམ་ལ་གཏེར་སྟོན་ནས་གཏེར་གསར་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་དང་རྗེས་འབྲེལ་མཁའ་འགྲོའི་སུམ་བཟློག་ཞབས་བརྟན་དང༌། ཚེ་དབང་དོན་དབང༌། ཚེ་རྫས། ཚེ་རྒྱུད་ཤོག་སེར། དུང་དཀར་གཡས་འཁྱིལ་སོགས་དངོས་རྫས་ལེགས་སྐྱེས་བཅས་ཕུལ། ཚེ་རྒྱུད་ཤོག་སེར་ལས་གཏེར་སྟོན་རིན་པོ་ཆེ་ནས་ཕ་པའི་མ་བཞིན་ཕྱག་བྲིས་གནང་སྟེ་གྲུབ་པར་མཛད།

         ཚེས་ཉེར་བརྒྱད་ནས་མཚམས་ཐོ་བཞག་སྟེ། གཏེར་གསར་ཚེ་སྒྲུབ་གསུངས། གཏེར་སྟོན་རིན་པོ་ཆེས་ཞབས་རིམ་སྐོར་དང༌། མཁར་ནག་ཀླུ་རྟེན་རྒྱ་བསྐྱེད་ཉམས་གསོས་དང༌། ཀླུ་ཆོག་བཅས་ཉིན་གྲངས་མཛད་པ། འདི་སྐབས་མཁར་ནག་ལ་ཕོག་ཐུག་ཤོར་རྐྱེན་རྗེས་སོར་གཏེར་སྟོན་རིན་པོ་ཆེ་སྙུན་གཞི་དྭངས་མེད་འདའ་རྐྱེན་བཅས་འདིས་ཡོང་བར་འདུག་ཅེས་གསུངས་ཤིང༌། ཟླ་བ་དྲུག་པའི་ཚེས་བཅུ་བཞི་ལ་སྐུ་མཚམས་གྲོལ་སྟེ་ཅོག་གྲྭ་རིན་པོ་ཆེ་བདུན་པ་ངག་དབང་བསྟན་པའི་རྒྱལ་མཚན་ནས། འབྲུག་ལུགས་རྡོ་རྗེ་ཕྲེང་བའི་དབང༌། ཇོ་ནང་རིན་འབྱུང༌། བླ་མ་ཞང་གི་བཀའ་འབུམ་པོད་བཞི། ཡང་དགོན་པའི་རི་ཆོས་སྐོར་ཡོངས་རྫོགས། པད་དཀར་དང་ཆོས་སྣང་བཀའ་འབུམ། ལས་འབྲེལ་གཟའ་པོད། ཤན་དམར། རྡོར་གླིང་བཀའ་ཐང་གནམ་ལྕགས་མ་སོགས་ཀྱི་དབང་ལུང་རིམ་ཅན་དུ་གསན། གཏེར་སྟོན་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་སྒྲུབ་ཆེན་ཚུགས། ཟླ་བ་བདུན་པའི་ཚེས་བཅུ་དྲུག་ནས་གཏེར་ཆེན་སོགས་ལ་སྔར་བཞིན་དགོངས་འདུས་སྒྲུབ་དབང་ཡོངས་རྫོགས། ཕྱོགས་ཀྱི་དད་འདུས་རྣམས་ཀྱི་མོས་འདོད་བཞིན་སྔགས་མཛོད་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་བགོ་བཤའ་ཚིམ་པར་སྩལ། བར་མཚམས་སུ་གཏེར་སྟོན་ཞབས་རིམ་རྐྱེན་སེལ་དབང་ཁྲུས་སོགས་ཀྱང་ཉིན་བཞིན་མཛད། དེ་ནས་གཏེར་སྟོན་རིན་པོ་ཆེ་འབྲུག་ཏུ་ཕར་ཕེབས་རྒྱུའི་དགོངས་བཞེད་སྐབས་རང་གི་སྐུ་ཚེར་རྗེ་བཙུན་དཔའ་བོ་རིན་པོ་ཆེ་དང་ངོ་མཉམས་ཀྱི་ཡབ་སྲས་འབྲིང་པོའི་འཇའ་ས་གདན་ཐོབ་སོགས་གནང་སྟེ་མངའ་གསོལ་བསྩལ། ཕྱོགས་མཐའ་ནས་ལྷགས་པའི་མཇལ་ཞུས་རྣམས་ཀྱི་སྣེ་ལེན་དང༌། བླ་བྲང་ཕྱི་ནང་མཛད་སྒོ་རིགས་ཀྱང་ཚགས་སུ་ཚུད་པར་གནང༌། ལོ་མཇུག་དུས་གཏོར་ཆགས་མེད་དང༌། མེ་སྦྲུལ་ལོར་རྡོར་སློབ་ཟུར་པ་བླ་མ་ལེགས་བཤད་ལ་མཁན་པོའི་བསྐོ་འཇའ་དང༌། ཆོས་བཅུའི་རྩ་འཆམས་ལ་ཞུས་དག་མཛད། མགོན་སྐུ་མེ་འབར་མར་གསེར་ལྗང་བརྡུང་གི་གཞུགས་ཁང་ཕུལ། དགོན་དུ་སྒྲིབ་སྦྱང་ཆོ་ག་ཉིན་བཅོ་ལྔ། དགུ་གཏོར་འཆམས་འགྱེད་སོགས་ཀྱི་གཏན་བཞག་མ་རྩ་གནང༌། བྱང་གནམ་རུ་སྒར་དཔོན་ནང་གསོད་ཀྱིས་གཤིན་འདྲེ་མངོན་རྒྱུག་ཏུ་གྱུར་ནས་དེར་ཕྱོགས་མི་ནོར་ཀུན་ལ་གནོད་ཚབས་ཆེ་ཞིང་ཕྱོགས་ན་པ་བླ་སྤྲུལ་གདན་ཞུས་ཀྱིས་རིམ་གྲོ་སོགས་སྒྲུབ་པས། དེ་དག་ལའང་འདས་གྲོངས་སོགས་རྐྱེན་ཆགས་ཤིན་ཏུ་ཆེ་བས། སུས་ཀྱང་ཅི་བྱར་མ་རྙེད་པ་ན། སྐྱབས་མགོན་རིན་པོ་ཆེ་གདན་ཞུས་ཀྱི་ཟླ་བ་ལྔ་པའི་ཚེས་ཉེར་གཉིས་ལ་ཆིབས་བཏེགས། ཟླ་བ་དྲུག་པའི་ཚེས་གཅིག་རྟ་རྫི་ལ་བསང་ཁྲུས་སོགས་མཛད། སོས་སྣ་ གཞུང་དེར་བཞུགས་པ་ན། དེ་ནུབ་ཐོ་རེངས་ཁར་བརྟན་སྐྱོང་རྡོ་རྗེ་གངས་དཀར་ཤ་མེད་ཀྱིས་རྡོ་རྗེ་འཛིན་ཁྱེད་མཁའ་འགྲོའི་ཚོགས་དཔོན་དུ་གཤེགས་རེ་རན་ནའང༌། ད་སྟེ་ལོ་ལྔར་འདི་ལ་བརྟེན་ནས་བཞུགས་པར་མཛོད། །ཅེས་གྲི་ཐུང་རྩེ་ཤག་ཅིག་ཕུལ་བའི་ཐུགས་ཉམས་བྱུང་ཞིང༌། དེ་ལས་སད་པ་ན་སྔར་ནས་སྐུ་ཁམས་བྱིངས་མ་བདེ་བ་ཡོད་པ་སྐུ་ཡི་རྩིབས་ལོག་གཡོན་ཕྱོགས་གཅིག་ཏུ་བསྡུས་པ་བཞིན་བྱུང་འདུག་གསུངས་ཤིང༌། དེ་ནས་རིམ་གྱིས་ཤ་བྲག་ནས་ལུང་རིང་དུ་ཕེབས། ལམ་བར་སོ་སོའི་འདོད་སྐོང་དབང་ཆོས་ཞྭ་མཇལ་སོགས་གནང༌། དེར་སྒར་དཔོན་དེ་ཉིད་གསོན་ཁོགས་གཤིན་ཞུགས་ཀྱིས་ཀུན་ཀྱང་འཇིགས་སྣང་བཅས། སྔ་མའི་གསོན་དུས་ཇི་བཞིན་པ་ལྟ་བུ་ཞིག་བྱས་ཏེ་སྐུ་མདུན་དུ་བྱུང་བ་ན། བྱམས་པ་ཆེན་པོའི་སྐྱབས་འོག་ཏུ་བཙུད། ལས་རྒྱུ་འབྲས་ནས་བྱང་ཆུབ་སེམས་བསྐྱེད་བར་གྱི་ཆོས་གསུངས། འདོད་ཡོན་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབ་པ་བསྔོས་ཏེ་ཡིད་ཚིམས་པར་མཛད། མཐར་མ་དག་པའི་རྣམ་ཤེས་བླ་དང་ཕྲལ་སྟེ་དག་པའི་ཞིང་དུ་གནས་སྤར་བཅས། སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་ནས། དེ་ཕྱིན་ཡིད་ལུས་རྒྱུན་ཆད་དེ་གསོན་གཤིན་ཐམས་ཅད་བདེ་བ་ལ་བཀོད། དེ་ནས་ཚུར་རིམ་གྱིས་ཕེབས་ཏེ་ཚེས་བཅུ་གཅིག་ལ་གནམ་མཚོར་སྔ་ལམ་བཞིན་མེ་མདའ་དང་གྲི་སྤུས་ལྡན་བཅས་ཕུལ། ལར་གནམ་མཚོའི་ཕྱོགས་འདིར་སྔ་ཕྱི་ལན་གཉིས་ཕེབས་འདུག་པར་སྔ་མར་ས་གཞི་ལས་གཡུ་འབྲུག་ཞིག་ཐོག་མེད་དུ་ནམ་མཁར་སོང་བ་དང༌། རྗེས་མར་ཡང་འབྲུག་དེ་མཚུངས་ཞིག་རྔ་མའི་འོག་ནས་སྨུག་རླངས་སྦྲ་ཆེན་ཙམ་གྱིས་བཏེགས་ཏེ་ཡར་མཐོ་ཙམ་རེ་ཕྱིན་པ་དང༌། མར་ཅུང་ཟད་རེ་བབ་པ་སོགས་རྒྱུན་རིང་ཙམ་གྱི་མཐར་ནམ་མཁར་སོང་བར་གཟིགས། ཁ་སྐད་ལ་འབྲུག་གྱེན་དུ་སོང་བ་མཐོང་ན་ལེགས། མཐུར་དུ་བབ་པ་མཐོང་ན་ངན་ཟེར་སྲོལ་བཞིན། གྱེན་དུ་འགྲོ་བ་ལའང་ཡུན་འགོར་ཞན་ལ་ལེགས་ཉེས་ལྟས་ལྟ་རྒྱུ་ཡོད་ངེས་འདྲ་ཞེས་གསུངས། ཚེས་ཉེར་དགུ་རྒ་ལོ་དགོན་པར་ཕེབས། དབང་དང་རབ་གནས་སོགས་གནང༌། ཟླ་བ་བཅུ་པའི་ཚེས་བཞི་ལ་བདེ་ཆེན་ཡངས་པ་ཅན་དུ་ཕེབས། ཞིང་སྐྱོང་རྟེན་མདོས་གསུངས། འདུས་པ་ལ་མང་འགྱེད་བསྙེན་བཀུར་གནང༌། ཚེས་ཉེར་གསུམ་ཕོ་བྲང་དུ་ཕེབས། ཚེས་ཉེར་བདུན་ནས་སྐུ་ཁམས་ཤིན་ཏུ་ལྕི་བས་འཕྲལ་མར་སྒྲུབ་སྡེ་ལྷུན་གྲུབ་ཕོ་བྲང་དུ་ཕེབས། སྙེ་ཐང་ནས་མཁར་ནག་སྐུ་ལོག་མ་ལ་མཇལ་ཁ་དང་གསོལ་རས་བཅས་གནང༌། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བཞི་དགོན་དུ་འབྲུག་ཆེན་ཕེབས། ས་རྟ་ཟླ་བ་གསུམ་པའི་ཚེས་བརྒྱད་ནས་བཅོ་བརྒྱད་བར་བཀའ་བརྒྱད་སྒྲུབ་ཆེན་གསུངས་ཤིང༌། བར་མཚམས་སྔགས་མཛོད་དབང་ལུང་སོགས་ཆོས་སྦྱིན་འཛད་མེད་དུ་སྩལ། འདི་སྐོར་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་སྤར་བཞེང་བཞེད་གནང་ཡང༌། དེ་ངང་དུ་ལུས། འབྲུག་ཆེན་རིན་པོ་ཆེ་ནས་ཡབ་ཡུམ་བར་འགལ་འདུ་བསམ་མི་ཁྱབ་པའི་ཕྲིན་ལས་ཀྱང་སྐྱོང་བས་ཀར་འབྲུག་སྔར་གྱི་བཟང་སྲྀའི་རྗེས་སུ་ཉེ་བར་གྱུར། ལྷ་ཁང་གི་སྤྱན་གཟིགས་རིགས་གསར་ཚེམས་དང༌། ལྷ་ཆེན་ནང་གི་རྒྱལ་བ་རིགས་ལྔར་གདན་ཁྲི་གསར་བཀོད་དང་གཟུངས་འབུལ་བཅས་མཛད། སྨྲས་པ།

ཨོ་ཌི་ས་རར་མ་ཧཱ་ཌཱ་ཀི་ཐོག།

མྱུར་འགྲོ་སྔོན་པོ་དཔལ་གྱི་རི་ལ་སོང༌།།ལྷན་སྐྱེས་དབུ་རྒྱན་བཅོས་པའི་ཐབས་མ་རྙེད།།དམ་རྫས་དམ་ཚིག་སྒྲོལ་མ་ལས་བཙུན་པས།།

དུས་ཀྱི་འཕྲང་ལས་བསྟེན་པའི་སྐྱོར་མ་དང༌།།འཕོ་མེད་དགའ་བཞི་བསྐྱེད་རྟེན་མཐའ་རུ་ཕྱིན།།

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།ཟླ་བ་དགུ་པའི་ཚེས་གཅིག་ལ། ཟུར་མང་གར་དབང་དང༌། གུས་ཕྲན་རྣམས་ཞལ་མཇལ་དུ་ལྷགས་པ་མཚུར་མདོར་སླེབས། མགྲོན་གཉེར་བརྒྱུད་དར་བཏང༌། ཐབས་བསུ་ཐོག་རོལ་བཅས་གནང༌། ཚེས་གཉིས་རི་ཁྲོད་དུ་མཚན་དཔེའི་དཀྱིལ་འཁོར་མཇལ་ལ་རིངས་པས་ཕྱིན་སྟེ་ཞལ་མཇལ་དང༌། གསོལ་ཇ་བཞེས་འབྲས་བཅས་དགའ་སྟོན་གནང༌། ཚེས་བཞིར་སོར་འབྲང་པཀྴིའི་གསེར་འཁོར་ཆེན་མོ་ཕྱག་སྤར་གནང་བའི་ཞབས་ཕྱི་ལ་བཅར་བས། གར་དབང་ལ་དགྱེས་རྩེད་ཀྱིས་ཡར་ལམ་འོང་ལུགས་སོགས་གསན་དོན་མེད་པར་མངོན་མཁྱེན་་་་་མེད་དུ་གསུངས། ཚེས་དགུར་དྭགས་ལྷ་སྒོམ་པོའི་མཆོག་སྤྲུལ་ཕེབས་པ་དང་མཇལ་འཕྲད་མཛད། ཚེས་བཅུ་གསུམ་གུས་པ་ཁོ་ནར་ཐོག་མའི་ཆོས་ཀྱི་སྒོ་འབྱེད་དམ་གྲིབ་ཉེས་པ་ཀུན་སེལ་གྱི་བཀྲུ་བྱ་བ་དང༌། རྗེ་ན་རིམ་ཐུགས་དམ་རྟེན་ལུང་བསྟན་སྒྲོལ་མ་ཞལ་ཕྱེས་པའི་མདུན་ཇོ་ལུགས་སྒྲོལ་དཀར་དབང་ལུང་ཞིབ་རྒྱས་བཅས་བཀའ་དྲིན་ཆེན་པོས་སྐལ་བཟང་དུ་ཐོབ། ཚེས་ཉེར་བདུན་ནས་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་དབང་ཁྲིད་ལུང་བཅས་སྩལ་གནང་གིས་ཟླ་བ་བཅུ་གཅིག་པའི་ཚེས་བཅུར་མཐའ་རྒྱས་ཀྱིས་གྲུབ་སྟེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་དབུ་ཚུགས། ཚེས་ཉེར་ལྔར་ཀཿཐོག་སི་ཏུ་རིན་པོ་ཆེ་ཕེབས་པ་དང་མཇལ་འཕྲད་མཛད། ཚེས་ཉེར་དགུ་ལ་གུས་པས་ཞུས་ངོར་མ་མགོན་བླ་རྡོ་སྲོག་འཁོར་ཉིན་རྫོགས་སུ་གྲུབ་པར་རབ་གནས་བཅས་མཛད་པས་ཕྱག་ནས་རྣམས་སྟན་ལ་ཁབ་ཟུག་པ་བཞིན་འབྱར་བའི་ངོ་མཚར་ཁོ་བོ་ཅག་གི་མངོན་སུམ་དུ་གྱུར་ཅིང༌། བར་ལམ་དུ་རྗེ་དགུ་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོ་དང༌། འཇམ་མགོན་བླ་མའི་ངེས་དོན་སྒྲོན་མེ་ཤན་སྦྱར་གྱི་ཞིབ་ཁྲིད་དང༌། ཆོས་སྐུ་མཛུབ་ཚུགས། མ་རིག་མུན་སེལ། ཆོས་དྲུག་བདུད་རྩིའི་ཉིང་ཁུ་རྣམས་ལྗགས་ཁྲིད། ཀར་ལུགས་དཀྱིལ་འཁོར་རྣམས་ཀྱི་ཕྱག་བཞེས། ན་སྲུང་མདུད་མདུད་ཚུལ་དང༌། ཕྱག་འཚལ་ཚུལ་ཚུན་བཀའ་དྲིན་ཆེན་པོས་ཕ་མས་བྱིས་པ་སྐྱོང་བ་བཞིན་བསླབ་པར་མཛད། ཚེས་བཅོ་ལྔ་གཟའ་སྐར་ལེགས་པའི་ཉིན་ཐོག་མའི་ཆོས་འབྲེལ་ཕུལ་དགོས་བཀའ་ཕེབས་བཞིན། སངས་རྒྱས་རྡོ་རྗེ་འཆང་ལ་འབུལ་ནུས་ཀྱི་ཡོན་ཏན་སྤོབས་པ་བྲལ་བས་ཤིན་ཏུ་འཇིགས་ཀྱང༌། དམ་སྲིབ་ཉེས་སེལ་གྱི་སྐུ་ཁྲུས་དང༌། འཇམ་མགོན་ཟབ་གཏེར་གུ་རུ་དང༌། བཻ་རོའི་རྣམ་ཐར་ཞལ་གདམས་བཅས་ལུང་ཕུལ་མདོག་བྱས། ལོ་མཇུག་དུས་གཏོར་ལ་སྐུ་མདུན་དང༌། བཀའ་བཞིན་ཚེས་ཉེར་བརྒྱད་ཉེར་དགུ་ལ་དགོན་དུ་འཆམས་མཇལ་དང་འབྲེལ་འཇོག་འཚོགས་ལ་ཕྱིན་སྟེ། གནམ་སྟོང་དངོས་གྲུབ་ལེན་ཆོག་སྐབས་ཡར་སླེབས། ས་ལུག་ཟླ་བ་དང་པོའི་ཚེས་ནས་སྐུ་ཁམས་དངས་བསྐྱེད་ཆེ་བ་བྱུང༌། བར་ལམ་བླ་བྲང་དུ་མེ་དོགས་དང་མཛོད་ཁང་རིགས་ལ་རྐུན་དོགས་ཀྱིས་ཤེས་ལན་གྲངས་ཕེབས་བཞིན་དོགས་ཟན་ངང་བཀའ་ཕེབས་ལྟར་བྱུང་བས་ཞུས་གནང་དང༌། གྱིད་སྒོ་སྐོར་ལ་གཟིགས་རྟོགས་ཉམས་གསོས། འཇའ་ཚོན་པོད་དྲུག་སོགས་ཆོས་ཚན་འདོད་སྐོངས་བཅས། ཟླ་བ་གཉིས་པའི་ཚེས་བདུན་ལ་རྒྱུད་འབུམ་གྲུབ་ནས་ཆོས་མཚམས་དང༌། འདི་སྐབས་གུས་ཕྲན་སྒྲུབ་ཁང་གཟིམ་ཆུང་ཤོད་དུ་ཡོད་པ་ལ། ནུབ་གཅིག་སྐུ་རྩེད་ཀྱིས་གུས་རྩར་ན་བཟའ་སོགས་རྒྱུན་ལྡན་དེ་རིགས་མཆོད་བཞིན་སྐུ་ལུས་གཟུགས་གཞན་དུ་བསྒྱུར་ཏེ་ཟངས་ཐལ་གྱིས་ཕེབས་པར་མར་མེའི་ངོགས་ཡུན་རིང་དུ་མཇལ་ཡང་ཞལ་གཏན་ནས་མ་ཚོར་བ་ན་སླར་ཡང་སྐུ་ལུས་སྔར་ལྟར་བསྟན་པ་བཅས་མངོན་སུམ་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་ཆོས་ཚུལ་ཟུར་ཙམ་བསྟན་པའང་ཐུན་མོང་མིན་པའི་བཀའ་དྲིན་གྱིས་སྐྱོང་བའི་སྐལ་པ་བཟང་པོ་ཐོབ་ཅིང༌། ཚེས་བཅུ་དྲུག་ནས་སྐུ་མཚམས་ཀྱིས་ཟླ་བ་གསུམ་པའི་ཚེས་གཅིག་ལ་སྐུ་མཚམས་གྲོལ། ཕྱི་དྲོར་བཀའ་འགྱུར་རིན་པོ་ཆེའི་ལུང་འཕྲོས་རིམ་སྩོལ། བར་མཚམས་སུ་གུས་ནས། ཞྭ་དམར་མཁའ་སྤྱོད་དབང་པོའི་བཀའ་འབུམ། ར་ཤག་མ་མོ་སྒེང་ཤར་གྱི་གཞུང་པོད། སྨན་བསྡུས་ཨེ་ཝཾ། འཆི་མེད་ནོར་ཕྲེང་མ་བུ། འཇའ་ཚོན་བཀའ་འབུམ། ཀློང་གསལ་གུར་དྲག་ཡེ་འབར་གཞུང་པོད་སོགས་བཀླགས་ལུང་མཎྜལ་ཕུལ་ཁུལ་ཞུས། ཚེས་ཉེར་བརྒྱད་ལ་རྒྱལ་དབང་མཆོག་གི་གསུང་འབུམ་བཀའ་རྒྱ་སྐོར་དང༌། ཚེས་ཉེར་དགུ་ལ་མ་མགོན་ཞལ་སྦྱོར་དབང་དང༌། ཟླ་བ་བཞི་པའི་ཚེས་བཅུའི་ཚེར་སྐུ་མཚམས་ཀྱིས་ཚེས་བཅུ་གཅིག་ལ་གཏེར་གསར་ཚེ་སྒྲུབ་དབང་ཆེན་བཅས་གུས་རང་ཁེར་རྐྱང་ལ་བཀའ་དྲིན་དུ་སྩལ། ཚེས་བཅུ་གསུམ་ལ་མི་སྣ་མཇལ་ཁ་དང༌། འདོད་སྐོང་སྣེ་ལེན་གནང༌། ཟླ་བ་ལྔ་པའི་ཚེས་གསུམ་ཞབས་དྲུང་ཏེ་ལོ་རིན་པོ་ཆེ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་ཐུགས་སྨོན་མཛད། ཚེས་ལྔ་སྐྱེད་ཚལ་དར་གླིང་ཕོ་བྲང་དུ་ཕེབས། སྟག་རས་སྤྲུལ་སྐུ་སོགས་ཀྱི་ངོར་སྨིན་དབང་སོགས་བཀའ་ཆོས་བར་མེད་དང༌། ཚེས་བཅུར་བླ་གཞུང་གྲྭ་མང་སྤྱི་དང་དཔའ་བོ་རིན་པོ་ཆེ། གུས་ཕྲན་བཅས་པས་ཞབས་བརྟན་ཕུལ། ཕྱི་དྲོར་རྒྱལ་བཀའ་རིན་པོ་ཆེའི་འཕྲོས་མདོ་མང་ནས་གསུངས། ཟླ་བ་ལྔ་པ་བཤོལ་བའི་ཕྱི་མའི་ཚེས་བཅུ་ལ་རྒྱལ་བཀའ་རིན་པོ་ཆེ་ལེགས་པར་གྲུབ་པའི་སྨོན་ལམ་ཤིས་བརྗོད་བཅས་དང༌། གཏེར་སྟོན་རིན་པོ་ཆེའི་བླ་མ་དགོངས་འདུས་ཞལ་ཐང་རིགས་ལ་རྒྱབ་བྱང་དང༌། མེ་ཕྲེང་སྒོ་ནས་རབ་གནས་བཅས་མཛད། གུས་པས་བཀའ་བརྒྱད་གསང་རྫོགས། ཞྭ་དམར་ལྔ་པའི་བཀའ་འབུམ། རྗེ་བརྒྱད་པའི་འདུལ་ཊཱིཀ །ཇོ་ནང་རྗེ་བཙུན་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། རྒྱུད་སྡེ་རབ་འབྱམས་ཀྱི་དབང་བཅས་ཕུལ་འདུན་བགྱིས། ཟླ་བ་བརྒྱད་པའི་ཚེས་བཅོ་ལྔར་གར་དབང་སྤྲུལ་སྐུ། གླ་བྲ་ནོར་སྤྲུལ་སོགས་ལ་རྗེ་བཅུ་བཞི་པའི་བཀའ་འབུམ་ལུང་དང༌། སྨིན་གླིང་སྒ་རྗེའི་དབུ་མཛད་སོགས་ལ་ཞི་བྱེད་སྔ་ཕྱི་བར་གསུམ། གདམས་མཛོད་ལས་བཀའ་བརྒྱུད། རྙིང་མ། བཀའ་གདམས་སྐོར་རྣམས་ཀྱི་དབང་ལུང་ཡོངས་རྫོགས་སོགས་ཆོས་འཁོར་བར་མེད་དུ་བསྐོར་བར་མཛད། སྒྲུབ་སྡེར་ཕོ་བྲང་ཞིག་གསོས་གསར་བཟོ་སོགས་་་་་་་་ཀྱི་བསླབ་སྟོན་གནང༌། གུས་པར་རྗེ་དགུ་པ་དང༌། རྒྱལ་དབང་ཉིད་ཀྱི་བཀའ་འབུམ་ཕྱག་དཔེ་བཞུགས་རིགས་ཡོངས་རྫོགས་ཀྱི་ལུང་སོགས། ཆོས་ཚན་གང་ཞུས་མཐའ་དག་སྐུ་ཚེགས་ལ་མི་ལྟོས་པར་རེ་བ་ཡིད་བཞིན་དུ་གང་བར་མཛད་པའི་བཀའ་དྲིན་ཚེ་རབས་སུ་གཞལ་བར་མི་ནུས་པར་ཐོབ། ཟླ་བ་དགུ་པའི་ཚེས་ཉེར་གཅིག་རི་ཁྲོད་དུ་ཕེབས། ཁང་པར་རབ་གནས་སོགས་དགའ་སྟོན་མཛད། ཚེས་ཉེར་ལྔ་ནས་གུས་པར་དབང་ལུང་སྩལ་འབུལ་སོགས་དང༌། ཡེ་ཤེས་སྙིང་པོར་སྔགས་མཛོད་སྤར་གཞི་བྲི་རྒྱུ་གནང་ཞིང༌། ལྷོ་གྲོ་བོ་ལུང་གི་ཉམས་གསོའི་ཐེབས་དང༌། སློང་ཡིག་བཅས་སྩལ་བར་མཛད། སྐབས་ཤིག་སྒར་བསང་ཆེན་མོ་གསུངས་ཏེ་ཐང་ལྷའི་ནང་སླེབས་པ་ན་གློ་བུར་གཟིམ་ཆུང་དུ་གར་བྱུང་མེད་པའི་རླུང་འཚུབས་ཤིག་དང་སྦྲགས་བསང་མེའི་མེ་སྟག་ལྷ་ཤུག་དུད་པ་བཅས་ཁེངས་བྱུང་བས་མེ་སྟག་གིས་ན་བཟའ་བཞུགས་གདན་སོགས་ལ་ཕྲན་བུ་ཚིག་པའང་མངོན་སུམ་བྱུང་བ་སྒོ་དང་སྐར་ཁུང་སོགས་ལས་ནི་འོང་དོན་གཏན་ནས་མེད་པ་མ་ཟད་དེ་དག་ལ་སྐྱོན་ཕྲན་ཙམ་མེད་པ་འདིའང་ཡུལ་ལྷ་སོགས་མངོན་སུམ་ཞབས་པད་དུ་བཅར་བ་འདྲ་ཡང་འདི་རེད་ཅེས་གང་ཡང་མ་གསུངས་པས་བཀའ་འདྲི་ནི་ཞུ་མ་སྤོབས། བར་མཚམས་སུ། ཅོག་གྲྭ་རིན་པོ་ཆེ་ལས་བོད་མཁས་སྙན་འགྲེལ། ཤེལ་སྒང་ཕྲེང་སོགས་ཀྱི་ལུང་གསན། ཚེས་བདུན་གུས་པར་གསོལ་རས་གནང་སྐྱེས་དང་དབུགས་དབྱུང་བཅས་སྩལ་ཞིང༌། ལར་ནས་ཁྱེད་རང་ད་ལན་མི་རང་གཉིས་དོན་ལོ་ཤས་སྡོད་རྒྱུ་ཡོང་བ་ཞིག་གིས་རང་རེའི་དབང་ལུང་རྒྱུན་གང་ཡོད་ཐམས་ཅད་འབུལ་གནང་མཐར་ཕྱིན་པར་བྱུང་ན་པོ་པོ་ཡང་བློ་སེམས་བདེ་ཞིང༌། བསྟན་སྲིད་སྤྱི་བྱེའི་གལ་གནད་ཕན་ཐོགས་པ་ཞིག་ཡོང་བ་འདུག་ཅེས་སྔ་ཕྱི་ལན་གྲངས་གསུངས་ཀྱང༌། བདག་ཉིད་བསོད་ནམས་དམན་པས་གཞན་དབང་ཁོ་ནས་འདོད་དབང་དུ་བྱུང་ཐུབ་མ་སོང་ཐོག །ད་རེས་ཁྱེད་རང་འགྲོ་རྒྱུ་བྱུང་བ་དེས་བསམ་པ་བཞིན་མ་བྱུང༌། འོན་ཀྱང་འཕྲལ་དུ་ཡར་ཕྱིན་ཐུབ་པ་ཞིག་གྱིས་དང༌། ད་དུང་གཏེར་མཛོད་སོགས་དབང་ལུང་བྱ་འདུན་ཡིད་བཞག་བྱེད། ཁྱེད་ནས་ཀྱང་ཁམས་ཁུལ་ནས་སྟག་ཤམས། རཏ་གླིང་རྣམས་ཀྱི་ཆོས་བཀའི་དབང་ལུང་ཁྲིད་རྒྱུན་གང་བཞུགས་དང༌། རྗེ་གཉིས་པ། །དྲུག་པ། བདུན་པ་བཅས་ཀྱི་བཀའ་འབུམ་སྐོར་དཔེ་ལུང་རྒྱུན་གང་རྙེད། སངས་རྒྱས་མཉན་པའི་བཀའ་འབུམ་པོད་གཉིས་ཀྱི་དཔེ་རྒྱུན། རང་ཚང་མ་མགོན་གྱི་རྒྱུད་ཡོད་དོ་ཅོག་གི་ལུང་རྒྱུན། གསར་རྙིང་རྒྱུད་འབུམ་ནང་མ་བཞུགས་པའི་རྒྱུད་དང༌། འཁོར་ལྔའི་གཞུང་འདིར་མེད་རིགས་ཀྱི་དབང་ལུང་དཔེ་བཅས་རྩོལ་སྒྲུབ་ཐོག །རྒན་བུ་ལོ་ནས་མ་གཏུགས་ཀྱང༌། ནད་ཁམས་ཀྱིས་ཅི་འགྱུར་མ་ཤེས་པས། ཅིས་ཀྱང་ཁྱི་ལོ་ནང་ཡར་སླེབས་པ་ཞིག་རེམ་ཞེས་གསུངས་ཤིང་ཐུགས་ཕྲེང་ཚུལ་མཛད། རང་ནས་ཀྱང་དེ་བཞིན་གཞན་དབང་དུ་མ་གྱུར་ན་ཞུ་འོང་ཞུས་ཏེ་ཐོན་ཕྱག་མཇལ་དར་ཕུལ་བས། དར་ལན་གནང་ཞིང་དབུ་ཐོད་གཏུག །ལག་པ་ནས་བཟུང་སྟེ་བཀྲ་ཤིས་སྨོན་ལམ་བཅས་སྩལ། བཀའ་བསྟན་འདི་ལ་སྒྲུབ་བརྒྱུད་རིན་པོ་ཆེ་ཞེས་མིང་དོན་མཚུངས་པའི་བྱ་བས་ཕན་ཆ་རྒྱ་མི་ཆུང་བའི་སེམས་བསྐྱེད་ཅི་ནས་ཀྱང་གྱིས་ཞེས་ཕེབས་པར། རང་ཡང་སེམས་ཕྲེང་ཞིང༌། སྐྱབས་གཅིག་ཐུགས་རྗེའི་ཉི་མ་དང་བྱེ་བའི་མྱ་ངན་གྱིས་སེམས་ཁོང་་་་་་་་་་ཚུད་པས་སྡུག་བསྔལ་ལ་བཟོད་གླགས་མེད་པ་ཞིག་བྱུང་རུང༌། རྟེན་འབྲེལ་གྱི་ཁྱད་ཡོད་སྙམ་སྟེ་ལགས་སོ་ཞུས་པ་ལས་གཞན་གང་ཡང་ཞུ་མ་ནུས་ཏེ་དགོན་དུ་ཕྱིན། ཚེས་བརྒྱད་ལ་གཟིམ་ཆུང་ཁག་ལ་ཁྲུས་གསོལ་རབ་གནས་ཞིབ་མཇལ་བཅས་གྱིས་ཞེས་ཕེབས་བཞིན་དེ་རྩིས་བྱས། ཚེས་དགུ་སྔ་ཆར་འགྲོ་རྩིས་ལ། འདི་ནས་ལན་ཞིག་མ་ཡོང་བར་མ་འགྲོ་ཞེས་ཕེབས་བཞིན་སྒུགས་པས། ཉི་ཤར་ལ་བསྙེན་ཕྲེང་ངོ་མ་ལྷ་དར་གྱིས་ལྕིབས་ཏེ་གནང་བ་སྤྱི་བོར་ཕེབས་ཤིང༌། རང་གི་སྣག་སྙུག་དེའང་རི་ཁྲོད་དུ་དགེ་སློང་རྩར་ལུས་སོང་འདུག་པ་བཅས་རྟེན་འབྲེལ་ལེགས། ད་དུང་ལན་གཅིག་མཇལ་རྒྱུ་ཡོང་ལས་ཆེ་སྙམ་དགའ་གདུང་དང་བཅས་ལྷ་ས་བརྒྱུད་རང་ཡུལ་དུ་ལོག་པ་ན། ནག་ཆུ་ཙམ་དུ་སླེབས་སྐབས། ཕྱག་བྲིས་ཕེབས་པར། མཁྱེན་ནུས་བརྩེ་བའི་གཏེར་ཆེན་རིན་པོ་ཆེ།།སྙིང་གི་ནོར་བུ་དམ་པའི་ཞབས་དྲུང་དུ། །ཞུ་མཆིད། ཁོ་བོ་རྣམ་གཡེངས་ཆུ་རླུང་དྲག་པོའི་རྦར།།འཕྱན་པས་ཞིབ་འབུལ་སྨྲེང་བར་མ་ལྕོགས་ཀྱང༌།།སྐྱེ་ཚེ་ཀུན་ཏུ་མཛའ་བཅུག་གིས་སྦྲེལ་བའི།།གདུང་བའི་སེམས་དང་ཐལ་མོའི་གར་སྟབས་ཀྱིས།།མགྲིན་མཆིད་ཕུལ་བཞིན་དགྱེས་བརྩེས་རྟག་འཛིན་ཅིང༌།།མཆོག་གི་ཞབས་བརྟན་བདག་ཀྱང་ཚེ་རིང་གནས།།ཀརྨའི་བསྟན་ལ་ལྷན་ཅིག་བྱ་བ་བྱེད།།

མི་རིང་མྱུར་མཇལ་ཆོས་མཆོག་དགའ་སྟོན་ལ།།དལ་བདེ་སྐྱིད་པའི་ངང་ནས་སྤྱོད་པ་རུ།།སྙིང་ནས་སྨོན་བཞིན་འགྲུབ་པའི་ཐུགས་བསྐྱེད་ཞུ།།གཏེར་སྟོན་ཞུ་ཡིག་ཐུགས་དགོངས་ཞིབ་གཟིགས་ཀྱིས།།སྒྲུབ་བྱ་དང་བཅས་གསུང་ལན་གནང་བར་མཁྱེན།།

ཞུ་འདེགས་རྟེན་མཚོན་བཀྲ་ཤིས་ལྷ་དར་བཅས།།གྲོགས་མེད་ཁེར་ལུས་རྒན་བུ་ནད་པས་ཕུལ།།ཞེས་པ་སྐལ་པ་བཟང་པོའི་དཔྱིད་དུ་སྩལ་སོན་གྱུར། དཔའ་བོ་རིན་པོ་ཆེ། ཅོག་གྲྭ་སོགས་ལ་ཆོས་གླིང་སྐོར་དབང་ལུང་ཡོངས་རྫོགས་གནང༌། ཟླ་བ་བཅུ་གཅིག་པའི་ཚེས་དགུ་ལ་ཀཿཐོག་སི་ཏུ་རིན་པོ་ཆེ་ཕེབས། རྙིང་རྒྱུད་སྣ་སེལ་ཚུགས། ཚེས་བཅུ་གཉིས་ནས་རྙིང་རྒྱུད་ལུང་དང་མཆོག་གླིང་རྫོགས་ཆེན་སྡེ་གསུམ་དབང་ལུང་ཁྲིད་བཅས་གསན། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཅིག་ལ་གྲུབ་པས། མཎྜལ་ལེགས་འབུལ་རྒྱ་ཆེར་མཛད། སི་ཏུ་རིན་པོ་ཆེ་ལ་རྒྱལ་རྒྱམ་ལྷ་དགུའི་དབང་དང༌། སྦ་ལུགས། སྦ་མཁར་མའི་རྩ་གཞུང་སྐོར་གྱི་ལུང་དང༌། རྗེ་བཅུ་བཞི་པའི་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ལུང་སོགས་མཛད། ཚེས་ཉེར་བདུན་ཀཿཐོག་སི་ཏུ་རིན་པོ་ཆེ་ཆིབས་བཏེགས། དགུ་གཏོར་སོགས་སྔར་བཞིན་གསུངས། ལྕགས་སྤྲེལ་ལོ་གསར་ནས་སྐུ་མཚམས་བཞུགས་མུས། ཟླ་བ་གཉིས་པའི་ནང་མཛོད་ནག་ཤོད་དུ་གཏོར་སྒམ་ཆུང་ངུ་ཞིག་སྔར་ཡོད་བྱི་བས་གཏོར་བ། གཏོར་སྒྲོམ་གསར་བཟོས་གྱིས། རྟེན་གཏོར་གཟུངས་འབུལ་སོགས་ཕྱག་བསྟར་གྱིས་ཧོར་གོས་ཤུབས་སོགས་སྤུས་ནམ་ལྡན་པ་གསར་བཞེངས་ལ། གདན་འཁོར། གུར་འཁོར་སོགས་ཕྱག་བྲིས་དང༌། ཡིག་ཆ་རྙིང་པ་རིགས་ཡིག་སྐྱོན་དང༌། མན་ངག་གབ་འཁྲུགས་སུ་ཡོད་པ་ལ། སླད་ནས་བསྟན་པའི་བཙས་སུ་ཟིན་ཐོ་གསར་པ་བལྟས་ཆོག་མར་མཛད། རབ་གནས་སོགས་གྲུབ་ནས་ཚེས་ཉེར་བདུན་ལ་མཛོད་ནག་ཤོད་དུ་གདན་འདྲེན་བཞུགས་སུ་གསོལ་སྟེ། ཚེས་ཉེར་བདུན་ཕྱི་མ་ནས་མཁན་པོ་སོགས་ལ་ཉིན་གསུམ་གཏོར་སྒྲུབ་འཚོགས་བཅོལ། མི་ལའི་རྣམ་མགུར། དྭགས་པོའི་བཀའ་འབུམ། དུས་མཁྱེན་བཀའ་འབུམ། རྗེ་གསུམ་པའི་བཀའ་འབུམ་ལས་པོད་གསུམ། རྗེ་བརྒྱད་པའི་ཁྲིད་ཐུང༌། འདུལ་ཊཱིཀ །དགུ་པ་དང༌། བཅུ་གསུམ་པ། བཅུ་བཞི་པ་རྣམས་ཀྱི་བཀའ་འབུམ། འཇམ་མགོན་བཀའ་འབུམ་སོགས་ཀྱི་ལུང་དང་དབང་ཁྲིད་སོགས་རྒྱལ་ཚབ། དཔའ་བོ། ཅོག་གྲྭ་སོགས་ཀྱི་ཐུགས་བཞེད་བཞིན་བར་མེད་དུ་གནང༌། ཡངས་ཅན་དགོན་པ་ཉམས་གསོའི་རིམ་གྲོ་སོགས་ལ་ནན་ཞུས་ངོར། ཟླ་བ་དྲུག་པ་ཕྱི་མའི་ཚེས་བཅུ་གཅིག་ལ་མདོར་བསྡུས་ཀྱིས་ཕེབས་ཏེ། ཡངས་དགོན་ཞྭ་དམར་གཟིམ་ཆུང་དུ་བཞུགས། འདོད་སྐོང་རིགས་དང༌། ཚེས་ཉེར་གསུམ་ལ་སྡེ་སྤྱིའི་རིམ་གྲོ་སོགས་མཛད། རྒ་ལོ་དགོན་དུ་ཕེབས། སྨིན་ཁྲིད་བསླབ་སྟོན་སོགས་བློ་ཡིད་ཚིམ་པར་སྩལ་ནས་སླར་ཡང་ཡངས་ཅན་ཕེབས་ནས་རྟེན་མདོས་སོགས། ཚེས་ཉི་ཤུ་རྗེ་དུས་མཁྱེན་སྒྲུབ་གནས་རྟ་རྫིའི་དར་ཡོལ་ཕུག་ཏུ་ཕེབས། ཐུན་བཞི་བསྔོ་སྨོན་སོགས་ཟབ་རྒྱས་དང༌། རྟ་རྫིར་གཞི་བདག་རྟེན་བཀོལ། དབུ་རིར་འབུམ་པར་ཞབས་བཀོད་ནས་བུམ་གཏེར་སོགས་གནང༌། སླར་མཚུར་ཕུར་ཕེབས་ཏེ་དར་གླིང་དུ་ཉིན་ཤས་ཐུགས་སོང་ལྟ་བུར་བཞུགས་ནས་ཟླ་བ་བརྒྱད་པའི་ཚེས་བཅུར་སྒྲུབ་སྡེར་ཕེབས། མཆོག་གླིང་སྐུ་ཚ་ཚང་གསར་བླ་ཆབ་སྤྲུལ་སྐུ་བསམ་གཏན་རྒྱ་མཚོ་ལས། མཆོག་གླིང་གཏེར་ཆོས་དེ་སྔ་དབང་ལུང་མ་གསན་རིགས་ཕྱག་དཔེ་གང་འབྱོར་གྱི་དབང་ལུང་རྣམས་དང༌། ཀློང་ཆེན་པའི་ངལ་སོ་སྐོར་གསུམ། གསུང་ཐོར་བུ། བྱང་གཏེར་བཀའ་བརྒྱད་རང་ཤར་སོགས་ཀྱི་ལུང་རྣམས་གསན། ལར་གལ་ཆུང་ཆོས་ལ་བྱེད་པའི་སྙིགས་དུས་ཀྱི་འདྲེན་པ་ཁེངས་སེམས་ཅན་ཕལ་གྱི་རྣམ་ཐར་དང་མི་འདྲ་བར། གཞན་གྱི་ཡོན་ཏན་ཕྲ་མོ་ལའང་དགྱེས་ཚུལ་གྱི་གུས་འདུད་དང༌། ཆོས་ལ་ཆོག་ཤེས་མེད་པར་བསྟན་པ་རིན་པོ་ཆེའི་བཤད་སྒྲུབ། སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་རྒྱུན་མི་ཉམས་ཤིང་སྤེལ་བའི་ཐུགས་བསྐྱེད་ཁོ་ནས་གསན་བསམ་ངོམས་པ་མེད་པར་མྱ་ངན་ལས་འདའ་བར་ཉེ་བའི་བར་དུ་ཟོལ་ཟོག་དམ་སེལ་སོགས་ཀྱི་སྐྱོན་དང་བྲལ་ཞིང༌། ཆོས་སྤྱོད་ཀྱི་རྣམ་ཐར་གཙང་མ་མངའ་ཕྱིན། རིགས་རུས་གྲགས་འབྱོར་ཙམ་ལ་མ་ལྟོས་པར་སྨིན་གྲོལ་གྱི་རྒྱུན་གང་ལ་མངའ་བའི་བླ་མ་ཐམས་ཅད་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་བཀུར་སྟེ་ཆོས་ཚུལ་བཞེས་རིགས་ཞིབ་པར་གསན་ཐོ་སོགས་སུ་གསལ་བ་ལས། འདིར་ཞིབ་པར་འགོད་དུ་མི་ལོང་ལ། དེ་ལྟར་གསན་ནས་ཀྱང་དེང་སོང་གི་ཆོས་ཞུས་པའི་དྲིན་རྩི་ཕར་ལ་བྱེད་ཅིང༌། ཆོས་དང་བླ་མ་ལ་དབང་ཟ་བ་དེ་ལྟར་མ་ཡིན་པ། བཤེས་གཉེན་རྣམས་ལ་བྱས་པ་བཟོ་བའི་གཏང་རག་ལེགས་འབུལ་གྱ་ནོམ་པ་སྤྲོ་བར་མཛད་ཅིང༌། ངོས་ལྐོག་མེད་པར་དམ་ཚིག་གི་གཞུང་དང་འབྲེལ་བས་གུས་འདུད་ཟོལ་མེད་ལྷུར་བཞེས་པ་ལས། དག་སྣང་འབྱང་བས་ཀུ་རེའི་ཕྱིར་ཡང་སྐྱོན་དང་སྨོད་པར་ལྟ་བའི་ཚིགས་གཅིག་ཀྱང་འབྱོན་པར་མི་མངའ་ཞིང༌།

གང་གསན་པ་དེ་དག་ཐོས་ལོ་ཙམ་དུ་མ་ལུས་པར། མཁྱེན་རབ་ཀྱི་འཇུག་པས་སྒྲོ་འདོགས་ཆོད་ཅིང༌། མན་ངག་གི་ངེས་ཤེས་འདྲང་བར་མཛད་པས། མཁས་གྲུབ་ཏུ་རློམ་པ་སུས་ཀྱང་མཁྱེན་རྟོགས་ཀྱི་གཏིང་མི་དཔོག་ལ། ཞབས་པད་དུ་བཅར་བ་ཙམ་གྱིས་ཁེངས་པ་བསྙིལ་ཞིང་མི་འཕྲོག་པའི་དད་པ་བསྐྱེད་པའི་ངོ་མཚར་རྣམ་དཔྱོད་མཚུངས་ཟླ་མེད་པ་མངོན་སུམ་དུ་གྲུབ་པ་འདི་དག་བྱུང་བ་སྟེ། དེ་ཡང་གཙོ་བོར་བསྒོམ་བྱུང་གི་ཤེས་རབ་ཀློང་བརྡོལ་དུ་གྱུར་པ་ཡིན་ཅིང༌། ཆོ་ག་ཕྱག་བཞེས་ཕྲ་མོ་ཚུན་ཡང་རང་རང་གི་ལུགས་ལྟར་ཞིབ་ཏིག་ནན་ཏན་གནང་བས་རྒྱུད་ལུང་མན་ངག་ཕྱག་བཞེས་ཡ་མ་བྲལ་བ་ལས། གང་བྱུང་དེས་ཆོག་གླུ་བརྒྱ་ངག་གཅིག་སོགས་མ་དགོས་པའི་ཚུལ་གཅིག་པུ་འདིའང༌། དེང་སོང་ཙམ་ན་བསྟན་པ་འདི་ལ་འགྲན་ཟླ་མེད་པའི་ཡོན་ཏན་དུ་མངོན་ནོ། །ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ལ་སི་ཏུ་རིན་པོ་ཆེ། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ། གུས་ཕྲན་བཅས་པར་ཕྱག་བྲིས་སྩལ་གནང་ལས། གུས་པར་གསུངས་ཤོག་གནས་ཚུལ་ཞིབ་རྒྱས་མཐར། བུ་རིན་པོ་ཆེ་ལ་གཟིགས་སྐྱོང༌། ལྟ་གྲུབ་ལོད་མི་ཤོར་བ་དང༌། ཨ་ར་ཁ་ཆེ་མི་རེད་པ། སྒྲུབ་པའི་རྒྱལ་མཚན་གྱི་ཏོག་འོང་བབས་ཀྱི་བཀའ་དྲིན་གྱིས་ཀྱང་ཞུ་ཞུ་ཞུ།

ཤིན་ཏུ་མཛའ་བའི་སྙིང་གི་ཉི་ཟླ་ཟུང༌།།ཤིན་ཏུ་དག་པའི་མཁའ་ལ་ཟུང་འགྲོགས་ཤིང༌།།གདོད་ནས་འབྲལ་མ་མྱོང་བའི་རྟེན་འབྱུང་གིས།།དགྱེས་ཞལ་མྱུར་དུ་མཇལ་བའི་རྟེན་འབྲེལ་ཞུ།།ཞེས་ཕེབས་ཤིང༌། དེ་འབྲེལ་འཇམ་མགོན་སྤྲུལ་སྐུ་རིན་པོ་ཆེ་ལའང་ཕྱི་ནང་བཀའ་བསླབ་བཅས་གནང་འདུག །ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་བླ་བྲང་སྐུ་མདུན་བཅས་པའི་འགྲོས་སྒོ་བཏང་ཐེབས་ལག་སྣེ་རིགས། ཕྱག་ཁང་ལས་བྱེད་སྐུ་མདུན་པ་རྣམས་ལ་རྩིས་བསྩལ་གྱིས་ཕྱི་ནང་མཚམས་དམ་པོར་བཅད། ཚེས་གཉིས་ནས་གཏེར་ཆེན་རྗེས་བཀའ་ལུང་བཞིན་དགོངས་འདུས་མེ་ཕྲེང་ལ་བརྟེན་པའི་ཚོགས་མཆོད་གཏེར་སྲུང་གཏོར་བསྔོས་བཅས་ནན་ཏན་ཐོབ། ཟབ་གཏེར་བརྡའ་བྱང་གཏེར་སྒྲུབ་ཀྱིས་ཐུགས་ཆེན་རྒྱུད་དང་སྒྲུབ་ཐབས་བཅས་སྟོད་ཆ་རིགས་ཕབ་ཟིན་མཚམས་ལུས་པ། ཚེས་གསུམ་བརྡའ་བཀྲོལ་རིལ་བུ་བཞེས་པས་ཡུད་ཙམ་དྲན་མེད་དུ་སོང་མཚམས། དེ་ལས་སད་འཕྲལ་བརྡའ་ཤར་བ་བཞིན་སྤ་ལེ་སྤོ་ལར་བྲིས་པས་རྒྱུད་རྫོགས་ཕྲིན་ལས་ཀྱི་བར་ཆ་རྣམས་ཀྱང་བྲི་ཐུབ་པར་བྱུང༌། ཚེས་བདུན་ཕྱི་དྲོ་བརྡའ་འགགས་པས་བཤོལ། ཚེས་དགུར་སླར་ཡང་ཐོ་ཁ་གསོས་བཅུག་སྟེ། ཐུགས་ཆེན་ཡེ་ཤེས་སྒྲོན་མེ་ཐུན་གཉིས་རེ་དཔེའི་སྟེང་ནས་གསུངས་ཤིང༌། དཔེ་གཞན་རྣམས་མཆོད་གཞིའི་སྟེང་དུ་བཀོད་ནས་སྒྲུབ། གནམ་གང་ལ་བཏང་རག་ཁྱུག་ཙམ་དང༌། བསང་བཅས་གསུངས་ནས་མཚམས་ཅུང་ཟད་ལྷོད་པར་མཛད། འདི་དོན་ཞིབ་པར་མ་མངོན་ཀྱང༌། བསྟན་འགྲོ་གེགས་ཆགས་ཆེས་པས་རྟེན་འབྲེལ་མཐར་ཕྱིན་བྱུང་ཡོད་མ་འདྲ། ལྕགས་བྱ་ཟླ་བ་དང་པོའི་ཚེས་ནས་སྔར་འགྲོས་མཚམས་རྒྱ་དེ་མུས་སུ་སྒྲོལ་ཕུར་ལྗགས་བསྙེན་དང༌། ཚེས་བཅུ་ནས་ཀྲོང་སར་ཞབས་རིམ་ཚེ་གསང་སྒྲུབ་ཆེན་མཛད་ནས་མཚམས་ཐོ་བླངས། ཟླ་བ་གསུམ་པའི་ཚེས་བརྒྱད་ནས་རི་ཆེ་གནམ་ལྕགས་སྤྲུལ་སྐུ། ཀོང་པོ་བདེ་དགོན་བླ་མ་སོགས་ཕྱོགས་ཀྱི་དད་འདུས་རྣམས་ཀྱི་འདོད་སྐོང་དུ། རྗེ་དགུ་པའི་གསུང་འབུམ་སོགས་དབང་ལུང་ཁྲིད་གསུམ་རྒྱུན་མ་ཆད་པར་སྩལ། འབྲུག་ཆེན་ཁྱུགས་ཙམ་ཕེབས་ཏེ་མཇལ་འཕྲད་གནང༌། ཟླ་བ་དྲུག་པའི་ཚེས་གཉིས་ལ་དཔའ་བོ་རིན་པོ་ཆེར་ཕྱག་བྲིས་གནང་རྒྱུའི་བསླབ་སྟོན་སྩལ། སྒར་གྲྭ་མང་ནས་ཞབས་བརྟན་ཕུལ་ཞིང༌། སྣ་མཁར་བ་སྤྱི་ནས་གདན་ཞུས་དང༌། ཕྱག་མཛོད་ནས་ནན་ཏན་ཞུས་ངོར། ཟླ་བ་བདུན་པའི་ཚེས་བཅུ་བདུན་ལ་སྣ་མཁར་དུ་ཕེབས།

འོང་སྐོར་སོགས་ལ་འདོད་སྐོང་དུ་གཟིགས་མོ་དང༌། ཚེས་བཅུ་དགུར་ཡུལ་ལྷའི་རྩེར་གཞི་བདག་རྟེན་བཀོལ་དང༌། སྤྱི་རིམ་སོགས་གནང་ནས་ཟླ་བ་བརྒྱད་པའི་ཚེས་བཞི་ལ་རི་ཁྲོད་དུ་ཕེབས། འདི་ནས་གཟུང་སྐུ་ཁམས་མ་བདེ་བ་ཆེ་ཙམ་གྱིས། དྭངས་དུ་བ་སྣ་ཚོགས་ལས། དྭངས་བསྐྱེད་ཐོན་པ་གཏན་ནས་མ་བྱུང༌། ཚེས་བརྒྱད་ལ་དཔལ་སྤུངས་ནས་བྱམས་མགོན་རིན་པོ་ཆེའི་ཕྱག་བྲིས་དང༌། གནང་རྟེན་རྙིང་རྒྱུད་ཕྱག་དཔེ་ཚར་གཉིས་བཅས་བང་མི་ཆེད་བཏང་འབྱོར། དགའ་ལྡན་བྱམས་པའི་ཞིང་བཀོད་སོགས་ལྷ་བྲིས་པ་མགོན་ལུར་བྲི་རྒྱུར་བསྩལ་སྟེ་བསླབ་བཀོད་གནང༌། ཚེས་ཉེར་དྲུག་དགོངས་འདུས་ཞལ་ཐང་བཅུ་གསུམ་ཁ་སྐོང་ལ་རྒྱབ་བྱང་དང༌། ཚེས་ཉེར་དགུ་ཞལ་སྦྱོར་བླ་རྡོ་སྲོག་འཁོར་ཆ་གཉིས་གྲི་སྙིང་དུ་བཅུག་སྟེ་སྦྱང་ཁྲུས་རབ་གནས་བཅས་མཛད། ཟླ་བ་བཅུ་པའི་ཚེས་བཞི་ནས་མཚམས་རྒྱའི་རྣམ་པས་བཞུགས་ཤིང༌། ཚེས་སུམ་ཅུ་ལ་ཕྱག་ཁང་མེ་ཤོར་སྐྱོན་ཤིན་ཏུ་ཆེ་བ་བྱུང་ཡང༌།ཞལ་ནས།

ཁྱུང་ཚད་ཐབ་ནས་མེ་རྐྱེན་བླ་བྲང་གི།།ཕྱག་ཁང་ལྟེ་བ་རྗེས་མེད་ལྟ་བུར་འབར།། ཡིག་ཆ་ཕྱར་དང་ལོ་གསར་ཆས་རྣམས་དང༌།།

དབུ་གུར་ཆེན་མོ་ལ་སོགས་འཇའ་བཞིན་ཡལ།།དཀོན་མཆོག་དྲིན་གྱིས་གཙུག་ལག་ཁང་དངོས་ལ།།སྐྱོན་མེད་བྱུང་ཞིང་རྒྱུ་གྱོང་ཆེར་ཕོགས་ཀྱང༌།།རྩ་རྩེའི་ཟིལ་མཚུངས་རྨི་ལམ་ལྟ་བུ་ལ།།བདེན་འཛིན་ཆགས་སེམས་བོར་ནས་ལོ་འགའ་ཐལ།།འོན་ཀྱང་གཉིས་སྣང་བག་ཆགས་མ་ཟད་པས།།དགུ་ཆེན་ཕྱིར་དར་རྒྱུ་གྲོ་འགྲོ་རྡིལ་ཚད་༡༦༠ སྐོར།།ལོ་གསར་ཆས་བཅས་ད་ལྟ་འཚབས་བཞིན་དང༌།།

སོགས་གུས་ཕྲན་ལ་ཕྱག་བྲིས་ཕེབས་བཞིན། ཟླ་བ་༡༡ པའི་ཚེས་གསུམ་ནས་ཕྱག་ཁང་ཕྱི་ནང་ཉམས་གསོའི་མགོ་ཚུགས། ཕོ་བྲང་ཐོག་གི་ཨར་སྒ་བཅས་པར། མཚུར་ནང༌། ཤེ་མ། མི་སེར། གྲྭ་མང༌། སྐུ་ངོ་སོགས་ཐམས་ཅད་ལ་ཁང་པ་སོ་སོར་ཤོག་ཁྲ་བཅས་བསྒོས་ནས་འཕྲལ་ཐོན་དགོས་པའི་བཀོད་ཁྱབ་དང༌། འདི་རིགས་ལས་འཇུག་མ་ལུས་པ་ཞིག་བྱུང་ན་ཞེས་སོགས་ཐུགས་ཁུར་དང༌། ཡུན་རིང་མི་བཞུགས་པའི་གསུངས་ཚིག་རྒྱུན་ཆགས་སུ་གནང༌། དགུ་གཏོར་ཕྱར་དར་ཚེམས་རྒྱུ་དང༌། ལོ་གསར་ཆས་འཁོར་གསར་སྒྲིགས་རྣམས་ཀྱི་ལས་མགོ་བཙུག །ཅོག་གྲྭ་རིན་པོ་ཆེ་ལ་དགོན་དུ་ཁྲུས་དང་རབ་གནས་གནང་བཅོལ། ཚེས་བཅུ་བཞི་ནས་མཚམས་ཐོ་བཞག་སྟེ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གསུངས། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་དངོས་གྲུབ་ལེན་ཆོག་བཅས་ཐོ་ནང་མ་བསྡུས། སྡེ་རྒྱལ་ཐའི་ཇི་སོགས་ལ་མཇལ་ཁ་དང་ཆོས་འབྲེལ་འདོད་སྐོང་བཅས་དང༌། ཚེས་གཉིས་བླ་བྲང་ལས་བྱེད་རྣམས་ལ་ཕྱི་ནང་ལས་དོན་བཀའ་བསླབ་ཞིབ་པར་གནང༌། ཚེས་གསུམ་ཐོ་ཁ་གསོས་ནས་བླ་མ་དགོངས་འདུས་བསྙེན་པ་གསུངས་ཤིང༌། ཞབས་བརྟན་མཁའ་འགྲོ་གསང་འདུས་སོགས་ཚུགས། བླ་བྲང་ནས་ཀྱང་ཞབས་རིམ་ཧུར་བསྐྱེད་ཞུས། འདི་སྐོར་འཇམ་ཚུལ་སོགས་ཞབས་གྲས་ནང་མ་ལ། ཁམས་ཕྱོགས་གསེར་ལྡན་འབབ་པའི་འགྲམས། མི་རྩ་ཧྲག་ཅིང་ཆོས་དང་ལྡན་པའི་རིགས་རྒྱུད་དུ་སྐྱེ་བ་ལེན་པར་འདུག་ཅེས་ལན་ཁ་ཤས་གསུངས་ཤིང༌། སྔོན་དུ་གུས་རང་ཞབས་དྲུང་དུ་ཡོད་སྐབས་བླ་བྲང་ལས་བྱེད་སོགས་ལ་ཐུགས་སུན་ཚུལ་གྱིས། ད་ནི་ལས་ངན་ལུས་ངན་དགོན་གོག་འཁོར་ངན་འདི་འདྲའི་ལུས་སུ་ནམ་ཡང་མི་སྐྱེ་བར་ཤོག་ཅེས་ཕེབས་པར། སུས་ནས་དེ་འདྲའི་ཐུགས་བསྐྱེད་གཏན་ནས་མི་གནང་བར་ཅིས་ཀྱང་ཞུ་ཞེས་ཞུས་པར། ཨ་ཅང་སེམས་ཆད་པས་ཁ་ནས་ཐལ་བ་རེད། ཚེ་འདིས་སྐྱེ་བ་ཆད་པ་ཞིག་ཨེ་ཐོན་བསམ་ཡང་དེ་ནི་ཐོན་མ་སོང༌། དེས་ན་ལུས་རྟེན་གཞན་དུ་སྲིད་པར་སྦྱོར་ཡང་བག་ཆགས་ངན་གོམས་ཀྱིས་བསྟན་པ་འདི་ལ་སླར་འཁོར་བ་ལས་གང་དུ་འགྲོ་ཞེས་གསུངས་པར། འོ་ན་སྐུ་ཚེ་འདི་རྗེས་སྐྱེ་བ་གང་འདྲ་ཞིག་ཏུ་བཞེས་ཡོང་དར་ན་ཞུས་པས། ཁམས་ཕྱོགས་དེ་ས་སྐྱིད་ཁྱད་པར་ཁམས་པའི་མི་དེ་ཕོ་རུས་ཆེ་ཞིང་མི་རྩ་བཟང་བར་འདུག །དེ་འདྲ་ཞིག་ཏུ་སྐྱེས་ན། ཁོ་བོ་རྩལ་ཤེད་མ་རྫོགས་པར་ཀརྨ་དགོན་ལྟ་བུར་སྡོད་རྒྱུ་བྱུང་ན་ལེགས་པོ་ཞིག་ཡོང་བ་མི་འདུག་གམ། ལར་སྔར་ལོ་ནས་ཕྱི་མའི་སྣང་ཚུལ་ཐར་ཐོར་ཞིག་ཤར་འདུག་པ་ཡི་གེར་བཀོད་ནས་རྟེན་སྒམ་རྟ་སྒམ་འདི་ནང་ད་ལྟ་བཞག་ཡོད་ཅེས་ཕེབས་པ་ལ་བཀའ་འདྲི་ཞུ་འདུན་ཆེ་ཡང༌། ཞིབ་པར་ཞུ་ནུས་པ་མ་བྱུང༌། ཚེས་བཅུ་གསུམ་ལ་དཔལ་སྤུངས་བོད་མི་ཕྱིར་སློག་གདོངས། གུས་རྩར་ཕྱག་བྲིས་ཕེབས་ནང༌། གནས་ཚུལ་ཕྲན་བུ་ཞུ་རྒྱུ་མཆིས་ཀྱང༌། རྒྱ་མ་གྲོལ་བས་དེར་ཟད་ཅེས་འདུག་པའང་སྐུ་མྱ་ངན་ལས་འདའ་བའི་ཚུལ་སོགས་ཡིན་པར་འདུག་ཅིང༌། ཚེས་བཅོ་བརྒྱད་ལ་ཐོ་བསྡུས་ཏེ་ཀ་གདུང་འདྲེན་མི་སོགས་ཁྲོམ་རིགས་ཕྱག་ཞབས་སུ་བཏང༌། ཕྱར་དར་གསར་པ་རིགས་ལེགས་གྲུབ་བྱུང་ཞིང༌། ལོ་མཇུག་དུས་གཏོར་ཚེས་སུམ་ཅུ་བཏང་རག་བཅས་དགུ་ཆེན་གྲུབ། ཆུ་ཁྱི་མཚུར་ཟླའི་༡ ཚེས་གཅིག་ལ་ཐོ་རེངས་སྙན་གསན་རྒྱ་གླིང་སོགས་ཁ་ཤར་ཕྱོགས་སུ་བསྐོར་ཏེ་བཏང་བཅོལ་མཛད། ཉི་མ་རྩེ་ཤར་ཕྱིས་ནང་མཚམས་ཐོ་བཞག །མཚམས་འོག་ཏུ་ཡོད་པའི་མདུན་འདུག་སྐོར་ནས་དར་བཏང་སོགས་བྱས། ཐུན་བཞི་ཆགས་མེད་མཛད་ཅིང༌། ཚེས་ལྔ་ནས་ཐོར་ཐུན་སྲོད་ཐུན་གཉིས། སྔ་དགོང་ཐུན་གཉིས་རྣམས་ལ་བཀའ་རྒྱ་ཅན་གྱི་བསྙེན་པ་གསུངས། འདི་སྐོར་ནས་སྐུ་ཁམས་ལྷག་པར་མ་བདེ་བ་བྱུང༌། སྒྲུབ་སྡེ་ནས་དམ་གྲིབ་ཉེས་སེལ་གྱི་སྒོ་ནས་བཀྲུ་བྱ་བ་གླུད་བསྔོ། དམ་གླུད་སོགས་གྲངས་མང་དང༌། དགོན་པར་ཞབས་འཕར་བཀའ་འགྱུར་དག་ཚར་ཚུགས། མཚུར་ལུགས་ཆོ་འཕྲུལ་གཤོལ་ཟླ་ཕྱི་མའི་ཚེས་བདུན་ལ་མཚམས་ལྷོད་ནས། དགོན་གྱི་རྒྱུད་སྡེ་བློ་འདོན་སྒྲོལ་མ་ཚེ་རིང་མ་སོགས་འདོན་རྒྱུག་བླངས་ཤིང༌། བཅའ་བསྒྲིགས་སྐོར་རྒྱུན་དུ་དོ་དམ་གནང་མུས་སུ། དབུ་ཆོས་རིགས་ལ་སླར་ཡང་བཀའ་ནན་གནང༌། འཚོགས་མང་ནས་རྣམ་འཇོམས་གཟུངས་འུར་འདོན་གནང་ཤིང་བསྙེན་བཀུར་ཟབ་རྒྱས་སུ་སྩལ། བར་མཚམས་སུའང་ཕྱོགས་ན་འབྱོན་པའི་སྐུ་གཅར་ཞུ་མི་རིགས་ལ། མཇལ་ཁ། དབང་ལུང་ཁྲིད་སོགས་འདོད་སྐོང་རིགས་མ་ཆགས་པར་མཛད། ཟླ་བ་གཉིས་པའི་ཚེས་གཅིག་ལ་རྒྱལ་ཚབ་རིན་པོ་ཆེ་ཕེབས། སྔོན་དུ་དབང་ལུང་གང་བཞུགས་ཕལ་ཆེར་བུམ་པ་གང་བྱོའི་ཚུལ་དུ་གནང་གྲུབ་པའི་སྐུ་ཡོན་མཎྜལ་གཟབ་རྒྱས་དང༌། ཞབས་བརྟན་བཅས་ཕུལ། ཚེས་དྲུག་ཕོ་བྲང་ཉམས་གསོས་ལ་དགོན་དུ་བསང་གསོལ་ཨརྒ་སྤོ་ཆོག་བཅས་ལ་དགེ་སློང་འཇམ་ཚུལ་མངགས་བཏང་མཛད། ཚེས་བཅུ་དྲུག་ལ་སྐུ་ཞབས་ཀྲོང་སར་ཞབས་བརྟན་དུ་ཚེ་སྒྲུབ་གསུངས། ཨར་ལས་རྣམས་ལ་གསོལ་རས་སོགས་རྒྱ་ཆེར་སྩལ། ཕྱག་ཁང་ཉམས་གསོ་དང་བླ་བྲང་བཏང་ཐེབས་བཅས་པའི་ལག་སྣེ་ཕོངས་མེད་དུ་གནང༌། ཟླ་བ་གསུམ་པའི་ཚེས་བཅུར་སྒྲུབ་གྲྭར་གསང་ཐིག་ཡབ་བཀའ་དང་འབྲེལ་བར་འཇའ་ཚོན་མཁའ་འགྲོ་གྲིབ་སེལ། ཡུམ་ཀའི་ཚོགས་བསྐང་བཤགས་དང་འབྲེལ་བའི་ཚོགས་འཁོར་བཅས་བཏང༌། ཚེས་བཅུ་གཅིག་འབྲུག་ནས་ཀྲོང་སར་ཨ་ཞེ་གཤེགས་པའི་སྒྲིབ་སྦྱང་སྲེག་སོགས་མཛད། གྲྭ་མང་ནས་ཞབས་བརྟན་ཕུལ། ཚེས་བཅུ་བདུན་ལ། སི་ཏུ་རིན་པོ་ཆེ། ཟུར་མང་གར་དབང་བཅས་ལ་ཕྱག་བྲིས་དང༌། ཞབས་བརྟན་ཡིག་བརྒྱ། དམ་གྲིབ་ཉེས་སེལ། གདུགས་དཀར་བཅས་གྲངས་མང་སྒྲུབ་དགོས་ཁམས་ཕྱོགས་ཀར་དགོན་ཁག་ལ་ཞབས་འཕར་འགྲུབ་ཐབས་གསུངས་ཤིང༌། དེ་མཉམ་འཇམ་མགོན་སྤྲུལ་སྐུ་རིན་པོ་ཆེ་དང༌། ཀཿཐོག་སི་ཏུ་རིན་པོ་ཆེ། གུས་ཕྲན་བཅས་པར་ཕྱག་བྲིས་སྩལ་འབྱོར་བཅས་གུས་པར་ཕེབས་ཚོགས་འཇམ་ཚུལ་ནས་བྲིས་པར་དེང་སྐབས་ཡིག་འབྲི་མ་ཐུབ་པས་གཞན་ཚུལ་ཞིབ་པར་འབུལ་ཐུབ་མ་སོང་ཞེས་སོགས་ཡིག་མཐའ་འདུམ་འཕྲོས་སུ་ཕྱག་བྲིས་ངོ་མར། ཕ་རྒན་བདག་ཀྱང་ཡུན་རིང་སྡོད་དཀའ་བས། སྔར་འཕྲོས་ཡིད་འཇོག་འཕྲལ་བསྐྱོད་གྲུབ་དགོས། ཁོ་བོའི་སྐྱེ་བ་གཞན་ཚུན་སྐྱབས་འཇུག་བསླབ་རེམ། ཨཱཿཞེས་གནང་འདུག་པའང་མ་འོངས་ཡོངས་སྤྲུལ་ཚུན་གྱི་ལུང་བསྟན་དུ་མངོན། ཚེས་བཅོ་བརྒྱད་འཇམ་ཚུལ་སོགས་ནས་ཟབ་བདུན་རྡོ་རྗེ་མཁའ་འགྲོའི་གདུགས་དཀར་གཏོར་ཟློག །ཚེས་བཅུ་དགུ་ཞབས་འཕར་གྲོ་ལོད་གཏོར་མ་འཕངས། དུས་མཆོད་རྣམ་སྲས་ལུས་པ་གསུངས། ཚེས་ཉེར་གཉིས་ཨ་སྒ་བརྡུང་མི་རིགས་ལ་མང་འགྱེད་སྩལ། ལས་སྣེ་རྣམས་ལ་གཙུག་ལག་ཉམས་གསོ། ཕྱི་ནང་དོ་དམ། དགོན་གྱི་བཅའ་བསྒྲིགས་བཅས་ཞབས་ཏོག་ངོས་ལྐོག་ཐུབ་པའི་ནན་ཏན་དགོས་རྒྱུའི་ཕྱི་མཐའ་གཟིགས་པའི་བཀའ་བཀོད་ཞིབ་ལྷུགས་སུ་སྩལ། གམ་འཁོད་རྣམས་ཀྱི་ཡིད་གསོས་སུ་རེ་ཞིག་མི་སྐྱོན་པའི་ཚུལ་གསུངས་ཤིང༌། ཚེས་ཉེར་ལྔ་དུས་མཆོད་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་བཏང༌། ཐུགས་དགྱེས་པའི་རྣམ་འགྱུར་བཅས་མཛད་པར་ཕྱི་ནང་འགྲུབ་རྐྱེན་རེའང་བྱུང་བས་སྐུ་ཁམས་ཅུང་དུབ་པ་བྱུང༌། འདི་ཉིན་ནས་ཁ་བ་ཆེར་བབས་ཤིང༌། ཡུལ་ལུང་གི་ཁ་དོགས་ཉམས་པ་སོགས། དེར་ཕྱོགས་རང་བཞིན་གནས་མཇལ་ཡོང་བའི་མི་རྣམས་ཀྱང་དོན་མེད་དུ་སྙིང་སྟོང་བློ་མི་བདེ་བ་ཞིག་ཡོང་གིན་འདུག་ཟེར། ཡང་དགོན་རྗེ་དྲུང༌། རྩེ་སྤྲུལ་བཅས་པའི་ཞུ་ཡིག་རེ་འབྱོར་བར་སོ་སོར་གསུང་ལན་གནང༌། ཚེས་ཉེར་དྲུག་ཡང་སྐུ་ཁམས་དེ་མུས་ཀྱིས་ཐུགས་དམ་ཞལ་འདོན་སྐོར་སོགས་མ་ཆགས་པར་གནང་མུས་ལས་ཧ་ཅང་ཞན་པའི་བསྙུང་གཟེར་སོགས་གང་ཡང་མེད་པར། ཕྱག་བྲིས་སོགས་ཞལ་ཐང་ཆུང་ངུ་མང་པོ་ཡོད་པའི་སྒམ་ལས་ཐང་ཆུང་རྣམས་ཁ་ཕྱེས་གསུངས་ཏེ་ཉེར་གནས་རྣམས་ལ་ལྟར་བཅུག །རིན་པོ་ཆེ་རང་གིས་ཀྱང་ཕྲན་བུ་རེ་གཟིགས་ཚུལ་མཛད། ད་དོན་འགྲུབ་པ་རེད། འཕྲོ་བརླག་མ་ཤོར་བ་བསྡུས་ཞེས་གསུངས་ཏེ་གཟུགས་སྐུ་བསྡུ་བའི་བརྡར་མཛད། ཕྱི་དྲོར་ཀཿཐོག་སྤྲུལ་སྐུ་ཀུན་བཟང་སྐུ་མདུན་དུ་བཅར་བས་ཐུགས་དགྱེས་ཉམས་ལྷག་པར་གནང༌། འདི་ཉིན་ཡང་འགྲུལ་རྐྱེན་བཅས་སྐུ་ཁམས་དུབ་པས་གསུང་འཕྲོས་གནང་དཀའ་བ་ཙམ་གྱིས། འཇིག་རྟེན་འདིར་སྣང་གི་བྱ་བཞག་ལ་ཟིན་པ་མེད་ཚུལ་དང༌། ཕྱི་ནང་གི་གནས་སྣང་འགྱུར་བ་གང་ལ་དགོངས་ཀྱང་ཡུན་དུ་བཞུགས་པ་ལ་དགོས་དོན་མི་སྣང་ཞིང༌། དོན་བརྒྱུད་ཀྱི་བསྟན་པའི་རྩ་བ་ཉག་ཕྲ་བས་ཐུགས་ཕྲེང་ཅུང་ཟད་ལས། གཞན་ཐུགས་དགོངས་ལྷག་མ་མེད་ཚུལ་གྱི་བཀའ་ཕེབས་པས། བློ་མ་བདེ་ཡང་འཕྲལ་དེར་ཞིང་གཞན་ལ་གཟིགས་རྒྱུའི་དགོངས་པ་མ་རྟོགས་པས་སླད་ནས་ཞབས་བརྟན་གསོལ་འདེབས་ཞུ་རྩིས་ཀྱིས་རང་གནས་སུ་ལྡོག །དགོངས་མོར་ཐུགས་དམ་སོགས་རྒྱུན་བཞིན་གསུངས་ཤིང༌། དགེ་སློང་འཇམ་ཚུལ་ལ་ཞལ་ཆེམས་ཕྱག་བྲིས་བཀའ་རྒྱ་བཅས་དེ་ཡི་སྔོན་ཙམ་ནས་གནང༌། དེ་ནུབ་སྲོད་ལ་ཞལ་ལག་བཅས་མཛད་དེ་གཟིམ་ཕྱི་ཙམ་དུ་གྱུར། སྐུ་གསང་ལ་བྱོན་ནས་ཚུར་ཕེབས་བཞུགས་གདན་ལ་འཁོད་པ་དང་བསྙུན་གཞི་འཕར་བའི་རྣམ་པར་བསྟན་ཅིང༌། དེ་འཕྲལ་ལྷ་ཐོག་ལྷ་རྗེ། མཚུར་རྩིས་པ། རུ་ཨེམ་ཆི་རྣམས་ནས་སྨན་བཅོས་སོགས་ཕུལ་ཡང་ཅི་བྱ་མེད་པར་ནམ་ཕྱེད་བྱི་བའི་ཆུ་ཚོད་དང་པོར་ཟིན་པ་དང༌། ཞབས་སྐྱིལ་ཀྲུང༌། སྐུ་གཡས་ཕྱོགས་སུ་ཅུང་ཟད་བསྙེལ་སྟབས་ཀྱིས། ཟག་པ་ཀུན་ཟད་ཞི་བ་འོད་གསལ་མཐའ་དབུས་མེད་པ་ཆོས་སྐུ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་པར་གྱུར་ཏོ། །འདི་ནི་ལམ་དུས་རྣལ་འབྱོར་པ་རྣམས་ཐུགས་དམ་གསལ་འདེབས་སོགས་ཀྱིས་འཆི་བ་འོད་གསལ་མ་བུ་འདྲེས་པའི་རང་ངོར་རྩོལ་བཅས་ཀྱིས་མཉམ་པར་འཇོག་པ་ལྟ་བུ་མ་ཡིན་པར་ཁང་ཁྱིམ་སོགས་གནས་ནས་གནས་སུ་འགྲོ་བ་བཞིན། མཆོག་གི་སྤྲུལ་སྐུ་འདི་སྣང་བསྡུས་པའི་དེ་མ་ཐག་པར་རང་བཞིན་ལྷུན་གྱིས་གྲུབ་པའི་འཁོར་ཚོགས་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་གདན་དྲངས་ཏེ་འོག་མིན་ཆེན་པོ་སོགས་དག་པའི་ཞིང་དུ་ཏ་ལེར་བྱོན་པ་ནི་འཕགས་ཆེན་རྣམས་ཀྱི་ཆོས་ཉིད་དེ། དེས་ན་འདི་ནུབ་དགོན་དུ་ཡོད་པ་ཁ་ཤས་ཀྱི་ན་བུན་གསེབ་ནས་འོད་དཀར་པོ་སྣམ་བུ་བརྐྱང་བ་ལྟ་བུ་སྒྲུབ་སྡེའི་ཡང་ཐོག་ཏུ་ཟུག་པ་མཐོང་འདུག་པའང་ཞིང་ཁམས་གཞན་གྱི་སྟོན་པར་གཤེགས་པར་མངོན་མོད། འོན་ཀྱང་འཕགས་ཆེན་རྣམས་ཀྱི་རྣམ་ཐར་ནི་མིག་འཕྲུལ་བཞིན་བསམ་མི་ཁྱབ་པའི་གནས་ལ་དབང་འབྱོར་བའི་ཕྱིར། གཞན་སྣང་ཙམ་དུ་སྐུ་ཡི་གཟི་བྱིན་ཞལ་རས་འཛུམ་མདངས་སོགས་མ་ཉམས་པར་འོད་གསལ་ཆོས་སྐུའི་དབྱིངས་སུ་ཐུགས་དམ་ལ་བཞུགས་པས། ཞག་གསུམ་གྱི་རིང་བཅས་བཅོས་མེད་པ་དེ་གར་བཞག །འཇམ་མགོན་རྡོ་རྗེ་འཆང་གི་བཀའ་ལུང་བཟློག་མེད་མངོན་དུ་གྱུར་ཏེ། དམ་གྲིབ་རང་གི་རྐྱེན་གྱིས་གློ་བུར་དུ་གཤེགས་སྟབས། སྨིན་གླིང་རྡོར་སེམས་ཀྱི་དཀྱིལ་འཁོར་མཆོད་པ་བཤམས་ཏེ། གཟིམ་ཆུང་སྒོར། མཁན་བླ་མ་ལེགས་བཤད་ཕུན་ཚོགས། ཀཿཐོག་སྤྲུལ་སྐུ་ཀུན་བཟང༌། དགེ་སློང་འཇམ་ཚུལ། དྲུང་ཟུར་སྤྲུལ་སྐུ་རྣམས་ནས་འཇམ་འདོན་གྱིས་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་བཤགས་སྦྱངས། ཚོགས་བསགས། དབང་ལེན་སོགས་ཞུས། ཉེར་དགུའི་ཐོ་རངས་ནས་བསྟན་པ་བུ་གཅིག་པའི་རྒྱུད་དང༌། བཏགས་གྲོལ་རིགས་བཀླགས་ཤིང༌། ཐུགས་རྗེ་འགྲོ་དོན་ལ་བསྐུལ་བའི་གསོལ་འདེབས་སྨོན་ལམ་རིགས་ནན་ཏན་དུ་བྱས་པས། དེ་སྐབས་ཤར་ཕྱོགས་ནས་རི་ཉིལ་བ་ལྟ་བུའི་ཐུག་ཆོམ་འུར་ལྡིར་གྱི་སྒྲ་ཆེན་པོ་ཤར་ནས་ཤར་དུ་བརྒྱུད་དེ་སོང་བ་ལྷོ་རྒྱུད་ཚུན་ཁམས་དབུས་ཀྱི་མི་ཀུན་གྱིས་ཐོས་གསལ་དུ་གྱུར་པའང༌། འོད་གསལ་ལས་བཞེངས་ཤིང་སྤྲུལ་པའི་སྐུ་རིན་པོ་ཆེ་ཤར་ཕྱོགས་བོད་ཆེན་པོའི་ལྗོངས་སུ་ཕེབས་པར་ཐུགས་བརྩེ་གཏད་པའི་བརྡའ་བྱུང་བ་དང་བསྟུན། སྐུ་གདུང་རིན་པོ་ཆེར་གཟུངས་སྔགས་ཀྱིས་སྒྲུབ་པའི་བུམ་ཆུས་ཁྲུས་གསོལ་དང༌། རྒྱུད་དགུ་སོགས་ཀྱི་གནས་ཡིག་རྣམས་མ་འདྲེས་པར་ཕུལ། ཀ་ཤི་ཀ་ཡི་རས་གཙང་མ་ག་བུར་སོགས་སྨན་སྣ་དྲི་བཟང་པོས་སྦགས་པས་སྐུ་ཡི་ཆ་ཐམས་ཅད་ལེགས་པར་དཀྲིས། དབུ་ལ་མཐོང་གྲོལ། ཕྱག་ཏུ་རྡོར་དྲིལ་སོགས་ལོངས་སྤྱོད་རྫོགས་པའི་ཆས་རྣམས་ཕུལ་ཏེ་ཚོམས་ཆེན་འོག་མར་གདན་དྲངས་ཤིང་མཆོད་པའི་རྣམ་གྲངས་དུ་མ་བཅས་ཉིན་ཤས་བཞུགས་སུ་གསོལ། འདུས་སྡེ་བྱིངས་སོགས་ཉེར་འཁོར་གྱི་དད་འདུས་སློབ་རིགས་རྣམས་ནས་གདུང་མཇལ་དང༌། རང་རང་འབྱོར་འཁོས་གང་ལྕོགས་ཀྱི་མཆོད་འབུལ། དབང་ལེན། ཐུགས་ཡིད་བསྲེས་ཤིང་མཉམ་པར་བཞག་པ་དང༌། གསོལ་འདེབས། སྨོན་ལམ་སོགས་བྱས། ལྷ་གདན་སོགས་ཕྱོགས་འགྱང་གི་མི་རྣམས་ཀྱི་མཐོང་ཆོས་སུ། མྱ་ངན་ལས་འདས་པའི་ནུབ་མོ་ཚེས་ཉེར་དྲུག་ནས། མཚུར་ཕུའི་སྟེང་ཕྱོགས་ཀྱི་ནམ་མཁར་འཇའ་ཚོན་གྱི་གུར་མིག་མང་རིས་སུ་བྲིས་པ་མངོན་གསལ་དུ་བྱུང་འདུག་པ་དང༌། སླད་ནས་དད་ལྡན་དམ་ཚིག་ཅན་ལ་བྱིན་རྟེན་གདུང་ཚྭ་ཉར་བ་ལས་རིང་བསྲེལ་དངོས་སུ་འཕེལ་བ་སོགས་སྐུ་གདུང་རིན་པོ་ཆེས་ཀྱང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་མཐའ་ཡས་པས་སྣང་བ་དང་མི་སྣང་བའི་འགྲོ་བ་གྲངས་ཀྱི་མི་ལང་བའི་དོན་མཛད། མཐར་གདུང་ཚྭ་འབུལ་རྒྱུ་སོགས་མ་འོངས་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་ཡུན་དུ་བཞུགས་པའི་བཅའ་ཚགས་ལེགས་པར་བསྡམས་ཏེ་མཆོད་པའི་བཀོད་པ་བཅས་ཡང་དག་པར་བྱས་ཤིང༌། གདན་ས་ཆེན་པོའི་གཙུག་ལག་ཁང་དུ་འདུས་སྡེ་ཚོགས་མང་ནས་དགུང་ཚིག་མ་ཡོལ་བར། བླ་མཆོད་དང༌། རང་ལུགས་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་མཆོད་བསྟར་ཆགས་སུ་མཛད། གདུང་མདུན་དུའང་དམ་ལྡན་སློབ་ཚོགས་རྣམས་ཀྱིས་བདུན་ཕྲག་སོ་སོར་སྨིན་གླིང་རྡོར་སེམས། དགོངས་འདུས་སྐོང་ཆོག །རྒྱལ་རྒྱམ་ལྷ་དགུ། པདྨ་བཛྲ། ཐུགས་སྒྲུབ་སྔགས་གསོ། ཀར་གླིང་ཞི་ཁྲོ། རྔོག་ལུགས་ཀྱཻ་རྡོར་ལྷ་དགུ། བླ་སྒྲུབ་བདེ་ཆེན་ཐིག་ལེ་དང་འབྲེལ་བའི་མགུར་མཚོ་སོགས། འཁོར་ལོའི་མགོན་པོའམ་མཆོད་ཅིང་གསོལ་བ་གདབ་པ་དང༌། ཐུགས་དམ་གནད་བསྐུལ་གྱི་སྨོན་ལམ་བཅས་ནན་ཏན་དུ་མཛད། བླ་བྲང་གཞུང་ནས་གོང་མའི་དགོངས་རྫོགས་མ་དེབ་བཞིན། ཆོས་འཁོར་ཆེན་པོ་རྣམས་དང༌། ཁམས་དབུས་ཀྱི་བླ་སྤྲུལ་ཆེ་ཕྲ། དགོན་སྡེ་རྣམས་ལ་དགོངས་རྫོགས་མཆོད་སྦྱིན་ཚོགས་བསགས་བཅས་གནང་ཞིང༌། དེ་འབྲེལ་འཇམ་མགོན་སྤྲུལ་སྐུ་རིན་པོ་ཆེ་སོགས་ཁམས་དབུས་ཀྱི་སློབ་རིགས་སོ་སོས་མཆོད་འབུལ་མཁོས་བསྟུན་གང་ལྕོག་རྒྱ་ཆེར་དང༌། ཁྱད་པར་ལྷོ་འབྲུག་ཆོས་རྒྱལ་ཆེན་པོས་བཏང་ཕོད་གཞན་འགྲན་མེད་པའི་མཆོད་འབུལ་གཟབ་རྒྱས་དང༌། སྐུ་གདུང་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོ་བཞུགས་ཡུལ་མཆོད་སྡོང་ཆེན་པོའི་ནང་ཤིང་ཙནྡན་དང༌། ཕྱི་གཡོགས་གསེར་དངུལ་རིན་པོ་ཆེའི་ཕྲ་ཚོམ། བཟོ་བོ་རྣམས་ལ་གླ་ཆས་གསོལ་རས་བཅས་ཕོངས་མེད་དུ་བསྩལ་བའི་མགོ་འཛིན་བན་ཆན་མཁན་པོ་དང༌། མཚུར་ཕུ་བླ་གཞུང་ནས་མཐུན་འགྱུར་བཅས་བསོད་ནམས་རླབས་པོ་ཆེ་ཡི་བཀའ་དྲིན་དོན་གཉིས་ལྷུན་གྲུབ་ཏུ་སྩལ་ཞིང༌། དེ་འབྲེལ་ལུང་ཟིན་མཁའ་འགྲོ་ཨོ་རྒྱན་མཚོ་མོ་ལགས་ནས་ཀྱང་སྒོ་གསུམ་བླ་མའི་ཞབས་ཏོག་ཏུ་དམིགས་པས་དམ་ཚིག་གཙང་ཞིང་ཐུགས་བཞེད་མཐར་འཆོལ་བར་མཛད་པ་ནས། སྐུ་གདུང་རིན་པོ་ཆེའི་མདུན་ཕྱག་ཆེན་སྔོན་འགྲོ་འབུམ་བཞི་ནས་རྩམ་ཆོས་སྤྱོད་སྒྲུབ་པ་ཉམས་ལེན་གཙོ་བོར་བཟུང༌། བདོག་པ་ཅི་མཆིས་ཡོད་དགུ་རྩལ་སྤྲུགས་ཀྱིས་་་་ཞག་ནང་འདྲ་སྐུ་རིན་པོ་ཆེ་གཞེངས་པས། དད་དམ་སྨོན་ལམ་མཐུ་ཡིས་བྱིན་བརླབ་གཟི་བྱིན་མཚུངས་པ་མེད་པ་བསྟན་འགྲོའི་བསོད་ནམས་ཀྱི་ཞིང་དུ་གྲུབ་པར་གྱུར་ཏོ། །མདོར་ན་ཀུན་མཁྱེན་རྡོ་རྗེ་འཆང་ཉིད་ཀྱི་ཞལ་ནས། ཁོ་བོ་སངས་རྒྱས་རྡོ་རྗེ་འཆང་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞབས་རྡུལ་སྤྱི་བོར་རེག་པའི་བཀའ་དྲིན་ལ་བརྟེན་ནས། རིག་གནས་དང༌། དབུ་ཕར་འདུལ་མཛོད། སྔགས་ཕྱི་ནང་གི་སྐོར་དུ་མའི་བཤད་རྒྱུན་དང༌། ཁྱད་པར་དོན་བརྒྱུད་ཀྱི་སྨིན་གྲོལ་ཚངས་སྤྲུགས་སུ་ཐོབ་ཤིང༌། ཐུགས་རྗེའི་ཡེ་ཤེས་བདག་རྒྱུད་ལ་འཕོས་པའི་དབང་ཆེན་ཐོབ། དེ་རྣམས་ཀྱང་གལ་ཆུང་ངུ་མ་བྱས་པར། རང་ལུགས་རྩ་གསུམ་གྱི་བསྙེན་པ་ཚད་ལྡན་མ་འགྲུབ་ཀྱང༌། དད་པའི་ཤིང་རྟ་ལ་བརྟེན་ནས་གསོལ་འདེབས་ཀྱི་ཚུལ་དུ་གྲངས་ཀྱི་བསྙེན་པ་གཙོ་བོར་བཏོན། བསྐྱེད་རྫོགས་ཀྱི་རིམ་པ་གོ་ཡུལ་མོས་པ་ལམ་བྱེད་ཙམ་རེ། ཉམས་བཞེས་ཀྱི་བརྒྱུད་པ་མ་བཅད་པའི་ཞབས་འདེགས་སུ་རློམས་པའི་རེ་བ་བྱས། ཁྱད་པར་ཟབ་གསང་མཐར་ཐུག་བློ་འདས་ཕྱག་རྒྱ་ཆེན་པོ་དང༌། དེའི་མྱུར་ལམ་གྱི་ཁྱད་ཆོས་ཟབ་ལམ་ནཱ་རོ་ཆོས་དྲུག་ལའང་འབྲེལ་འཇོག་ཙམ་བགྱིས། གྲུབ་པའི་ལག་རྟགས་ཐོན་པ་མ་མཆིས་ཀྱང༌། རང་རྒྱུད་ཆོས་དང་འདྲེས་པས་བློ་ལས་སུ་རུང་ཞིང༌། སྤང་གཉེན་གཉིས་མགོ་མཉམ་པ་ཙམ་དང༌། ཀུན་རྫོབ་བྱང་སེམས་ལ་བློ་བརྟན་པས། སེམས་ཅན་བློས་སྤངས་དང༌། རྣམ་དཀར་ཅི་བགྱིས་རང་དོན་དུ་དམིགས་པའི་ཉེས་པས་མ་གོས་ཤིང༌། དགྲ་གཉེན་མགོ་མ་ཉམས་ཙམ་གྱི་བློ་མ་བཅོས་པ་ཤར། དོན་གྱི་གནས་ལུགས་ལ་གོ་ཉམས་ལེགས་པར་རྙེད། བསྟན་པ་རྒྱ་མཚོ་མཐའ་དག་འགལ་མེད་དུ་གོ། འདིར་སྣང་ལ་བདེན་འཛིན་རགས་པ་ཞིག་པས་སྣང་བ་འདི་ཀུན་མདངས་ཀྱི་རྨི་ལམ་ལྟ་བུར་མཐོང༌། ནོར་རྫས་ཟང་ཟིང་དང༌། གཏམ་བཟང་ངན་ལ་ཞེན་བློ་མེད། སྒོ་གསུམ་གྱི་སྤྱོད་ལམ་གང་བྱས་ཐམས་ཅད་མཁའ་ལ་རླུང་དམ། ཆུ་ལ་རི་མོ་བྲིས་པ་བཞིན་ལས་བག་ཆགས་བསོགས་པའི་རྗེས་ངན་མི་དོད་ཙམ་སྣང༌། ཉམས་ལེན་གྱི་མཐིལ་གཤིས་ལུགས་བརྗོད་མེད་ཀྱི་རིག་པ་སོ་མའི་སྟེང་དུ། ཡེངས་མེད་ཙམ་དུ་འཇོག་པ་ལས། བློས་དཔྱད་དང༌། དགག་སྒྲུབ་བཟོ་བཅོས་ཀྱི་ལྷན་པ་གདབ་མི་དགོས་པའི་ཁུལ་དུ་མཆིས། དེ་ལས་མཆོག་ཏུ་གྱུར་པའི་ཡོན་ཏན་ནམ་མཁའི་པདྨོ་བཞིན་དུ་གྱུར། དུས་ཟད་འདི་ལྟ་བུར་ཁོ་བོ་ཡང་བཀའ་བརྒྱུད་རྡོ་རྗེ་འཆང་གི་ཕྲེང་བའི་བཞུགས་གྲལ་གྱི་གཤམ་དུ་བཞག་ནས། དོན་རྒྱུད་ཀྱི་ཁུངས་སུ་བྱེད་པ་ཤར་ཚེ། རྒྱུད་ལ་སྡོམ་པ་གསུམ་ལྡན་དུ་ཚང་དགོས་མོད། ཚངས་པར་སྤྱོད་པའི་བརྟུལ་ཞུགས་བཟང་པོའི་དྲི་ཙམ་ལས་ཀྱང་རིང་དུ་གྱུར་ཅིང༌། ཉེས་བརྒྱའི་འདམ་དུ་ཚུད་པ་མཐོང་ཆོས་སུ་གྱུར་པ་འདི་ལྟར་ལགས། འོན་ཀྱང་གསང་སྔགས་མོས་པས་སྤྱོད་པ་ཙམ་གྱི་དབང་དུ་བྱས་ན། ཉོན་མོངས་རང་ག་མའི་ལུགས་སུ་མ་གྱུར་ཙམ་གྱི་ལྷ་སྔགས་ཆོས་ཉིད་དུ་ཤེས་པའི་རྒྱས་འདེབས་བག་རེ་བ་དང༌། ཀུན་རྫོབ་སྤྱི་སེམས་ཀྱི་དུས་གནད་གནང་བཀག་ཤེས་པས། དགོས་པར་འབྲེལ་བ་མ་གཏོགས་རྡོ་རྗེ་ཐེག་པའི་ཚངས་སྤྱོད་ལ་བསྙེན་པ་ལྷུར་ལེན་པའི་ཁུལ་དུ་བྱས། ཞེས་གསུངས་པ་བཞིན་གོང་དུ་རགས་རིམ་ཙམ་སྨྲོས་པའི་རྩ་གསུམ་རྣམས་ཀྱི་སྨིན་ཁྲིད་ཇི་ལྟར་གསན་པ་དེ་རྣམས་ཀྱང་ཞུས་ལོ་ཙམ་དུ་མ་ལུས་པར། དེ་བཞིན་གཤེགས་པས་རྗེས་སུ་གདམས་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ནན་ཏན་དུ་མཛད་ཅིང༌། སྡེ་སྣོད་གསུམ་གྱི་ཉམས་བཞེས་དང༌། ཁྱད་པར་རྡོ་རྗེ་ཐེག་པའི་རིམ་གཉིས་ཀྱི་ཏིང་འཛིན་ལས་སྐད་གཅིག་ཀྱང་གཡེལ་བ་མེད་པས་ལམ་གྱི་སྲོག་བཟུང༌། སྔ་ཕྱིར་བསྙེན་སྒྲུབ་མཛད་པའི་གྲངས་ཞིབ་པར་མ་ངེས་ཀྱང༌། བར་སྐབས་ཕྱག་ཐོར་བཀོད་པ་ནི།

ཨོཾ་སྭསྟི། ཡེ་ཤེས་རྒྱ་མཚོར་རྟག་ཏུ་སྙོམས་ཞུགས་ཀྱང༌།།སྲིད་འགྲོ་ཉམས་ང་སྤྱན་གྱིས་མི་འདོར་ཞིང༌།།རྡོ་རྗེ་གསུམ་གྱི་ཆོ་འཕྲུལ་མཁའ་འདྲ་བའི།།བདག་གི་བླ་མ་སྐུ་གསུམ་སྟོན་པར་འདུད།།སྒྱུ་མ་ཆེན་པོ་གཟུགས་སྐུར་བཞེངས་པའི་གར།།དུ་མའི་རྣམ་འགྱུར་ཞལ་ཕྱག་ཅིར་ཡང་སྟོན།།ཐབས་དང་ཤེས་རབ་འགྱུར་མེད་སྡོམ་པ་ཆེ།།བདེ་ཆེན་རྡོ་རྗེ་རྩ་གསུམ་ལྷ་ལ་འདུད།།བྱིས་པའི་སྐྱེ་བོ་ཉིང་འཁྲུལ་འཆིངས་བ་ཅན།།བསྐྱེད་རྫོགས་ཟབ་མོའི་ཆ་ཤས་ཕྲ་གྱུར་ཀྱང༌།།མོས་པའི་དད་པ་ཁོ་ན་གཞིར་དྲངས་ཏེ།།ལྷག་པའི་ལྷ་ཡི་སྙིང་པོ་ཉུང་ཟད་ཅིག།

བཟླས་པའི་རྣམ་གྲངས་ཙམ་ཞིག་སྤེལ་བ་འདི།།གང་ཟག་གཞན་ངོ་འབྲིད་ཕྱིར་མ་ཡིན་ཏེ།།རྨོངས་པ་བདག་གི་བརྗེད་ངེས་ངལ་གསོ་ཕྱིར།།རིམ་པ་བཞིན་དུ་ཡི་གེར་བཏབ་པ་ལགས།།ཞེས་པ་ནས་མཐར་ཆགས་སུ་སྩལ་བ་བྲིར་མི་ལོང་ཡང༌། རགས་བསྡུས། དགུང་གྲངས་བཅུ་གསུམ་བར་གུ་རུའི་ཐུགས་སྒྲུབ་བདུད་འདུལ་རྒྱལ་པོའི་བསྙེན་སྒྲུབ་ཞག་བཅོ་ལྔ་ནས། ལོ་བསྟར་རྗེ་བཙུན་གོང་མ་རྣམས་ཀྱི་སྔར་སྲོལ་བཞིན་ཇོ་ལུགས་སྒྲོལ་དཀར་གྱི་བསྙེན་སྒྲུབ་ཟླ་རེས་ཉུང་མཐའ་བརྟེན་པས་ཕལ་ཆེར་ཆགས་མེད། རང་ལུགས་མ་མགོན་གྱི་བསྙེན་སྒྲུབ་དེ་མཚུངས། རཏྣའི་ཚེ་སྒྲུབ་གསང་འདུས་བསྙེན་ཚད་མཐར་ཕྱིན་ལན་གྲངས་བརྒྱད། འཕགས་མའི་སྙིང་ཐིག་བསྙེན་སྒྲུབ་ལན་གཉིས། ཟབ་བདུན་ཕུར་པའི་བསྙེན་སྒྲུབ་རྒྱས་པ། ཕྱག་ཆེན། ཆོས་དྲུག །རྫོགས་ཆེན་དཀོན་སྤྱི་བཅས་པའི་སྔོན་འགྲོ་སོ་སོ་ནས་འབུམ་ལྔ། དཀོན་སྤྱིའི་ཕྱི་ནང་གསང་བ་ཡང་གསང་ལས་སྦྱོར་ཚེ་སྒྲུབ་བཅས་པའི་བསྙེན་ཆེན། ཁ་སྐོང་སྦྱིན་སྲེག་བཅས། བདེ་མཆོག་དང༌། ཕག་མོའི་ཕྱི་ནང་གསང་གསུམ། རྒྱལ་རྒྱམ་ལྷ་དགུའི་ཕྱི་ནང་གསང་བ་དྲིལ་སྒྲུབ་བཅས་རྟགས་ཐོན། མར་ལུགས་དགྱེས་པ་རྡོ་རྗེའི་བསྙེན་ཆེན། སྨིན་གླིང་རྡོར་སེམས། ཆོས་དབང་བླ་མ་གསང་འདུས། ཀར་གླིང་ཞི་ཁྲོ། ཉང་གཏེར་བཀའ་བརྒྱད། ཆོས་གླིང་ཕུར་པ་རྣམས་ཀྱི་བསྙེན་སྒྲུབ་ཚད་ལྡན། སྔ་ཕྱིར་བླ་མ་དགོངས་འདུས་བསྙེན་སྒྲུབ་ལན་གསུམ། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བསྙེན་སྒྲུབ་ལས་གསུམ། ཡོངས་དགེ་མི་འགྱུར་རྡོ་རྗེའི་ཟབ་གཏེར་གྲོ་ལོད་བསྙེན་བསྒྲུབ་ཆ་ཚང༌། འཇམ་དབྱངས་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཕུར་པ། གཤིན་རྗེ། རྟ་མགྲིན། ཡང་དག །བདུད་རྩི། ཕུར་པ། མ་མོ་བཅས་པའི་བསྙེན་སྒྲུབ་དང༌། གསང་ཐིག་ཕུར་པའི་བསྙེན་སྒྲུབ་ལན་གྲངས། འཇམ་མགོན་ཟབ་གཏེར་གྲོ་ལོད་ཧཱུྃ་སྒྲུབ་ཀྱི་བསྙེན་སྒྲུབ། གསང་ཐིག་ཡབ་བཀའ་ཡུམ་བཀའ་སོ་སོའི་བསྙེན་སྒྲུབ་ལས་གསུམ། རྩ་གསུམ་དགོངས་འདུས་བསྙེན་སྒྲུབ་ལས་སྦྱོར་ཚེ་སྒྲུབ་དང་བཅས་པ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོར་བརྟེན་པའི་སྔོན་འགྲོ་བཅས་བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས། དམ་གྲིབ་ཉེས་པ་ཀུན་སེལ། གཙུག་གཏོར་གདུགས་དཀར་ལྗགས་བཟླས་ཚད་ལྡན། ཟུར་གཏེར་ཕུར་པ་ཡང་གསང་བཅུད་དྲིལ་གྱི་བསྙེན་སྒྲུབ་ཐེང་གཅིག །ཚེ་སྒྲུབ་འཆི་མེད་སྲོག་ཏིག་བསྙེན་སྒྲུབ་རྒྱས་བསྡུས་ལན་གསུམ་བཅས་དུས་གྲངས་རྟགས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བར་མཛད། རྒྱུན་གྱི་ཐུགས་དམ་ཉམས་བཞེས་ཆགས་མེད་བཅད་དཀྲིགས་སུ་མཛད་པ་ཡང༌། ཐོར་ཐུན་ལ་ཕྱག་ཆེན་སྔོན་འགྲོའི་སྐྱབས་འགྲོ། མཎྜལ། མ་ནམ་བཞི་སྐོར། ཚིག་རྐང་དྲུག་པ་རྣམས་ཉེར་གཅིག་རེ། ཡིག་བརྒྱ་ལྔ་བཅུ། ཡིག་དྲུག་བརྒྱ་བརྒྱད། གུ་རུའི་བླ་སྒྲུབ་བདུད་འདུལ་རྒྱལ་པོའི་བསྙེན་པ་སུམ་བརྒྱ་བརྒྱད། ཐུན་བཞིའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཀར་མཁྱེན་སུམ་བརྒྱ་བརྒྱད། ཕག་མོའི་བསྙེན་པ་སུམ་བརྒྱ་བརྒྱད། བདེ་མཆོག་བསྙེན་པ་སུམ་བརྒྱ་བརྒྱད། སྒྲོལ་དཀར་ཡིག་བཅུ་སུམ་བརྒྱ་བརྒྱད་རེ་བཅས། འཇམ་དབྱངས། སྨན་བླ། རྣམ་འཇོམས། སྨེ་བརྩེགས། ཉང་གཏེར་མིག་འབྱེད། རྣམ་རྒྱལ་མ་རྣམས་ཀྱི་བསྒོམ་བཟླས་བསྙེན་པ་བརྒྱ་བརྒྱད་རེ། ཐེག་ཆེན་གསོ་སྦྱོང་བཅས། ནང་སྔ་གཏོར་མ་བརྒྱ་རྩ། བྲུལ་གཏོར། འབྱུང་བཞི། ཛམ་ལྷ་རིགས་གསུམ། ཆུ་སྦྱིན་བཅས་དང༌། དགོངས་མོར་གསང་སྔགས་ནང་གཏོར། ཆོས་སྐྱོང་སྤྱི་སྒེར་གྱི་བསྐང་གསོལ། མ་མགོན་བསྙེན་པ་སུམ་བརྒྱ་བརྒྱད། བསུར་བསྔོ་དང༌། དགོངས་ཐུན་ཐུགས་དམ། ཕུར་པ་སུམ་བརྒྱ་བརྒྱད། གྲོ་ལོད་བསྙེན་པ་ལྔ་བརྒྱ། སེང་གདོང་བསྙེན་པ་བརྒྱ་བརྒྱད། རྒྱལ་རྒྱམ་གསང་སྒྲུབ་བསྙེན་པ་ཡོངས་བསྡོམས་སྟོང་ལྷག་རེ། ཚེ་གསང་བསྙེན་པ་སུམ་བརྒྱ་བརྒྱད། ཀུན་བཟང་སྨོན་ལམ་རྒྱལ་ཁམས་བདེ་བའི་སྨོན་ལམ་སོགས་བསྔོ་སྨོན་དང༌། ཕུང་པོ་གསུམ་པའི་མདོ། སྤྱི་བཤགས་བཅས། ཡིག་བརྒྱ་བརྒྱ་རྩ་ལས་མི་ཉུང་བ། རྒྱུན་བར་ཐུགས་ལྕོག་དང་བསྟུན་པའི་ཡིག་དྲུག་སོགས་རྒྱུན་བཟླས་གནང་བ། མ་ཎི་དུང་ཕྱུར་ལྷག་ཙམ། སིདྡྷི་དུང༌། སྒྲོལ་མ་བྱེ་ཆེན་ལྔ། ཨ་མི་དྷེ་ཝ་བྱེ་ཆེན་གསུམ། མགོན་པོའི་བསྙེན་པ་བྱེ་བ་བཞི། གསོལ་འདེབས་དུས་གསུམ་སངས་རྒྱས་འབུམ་ཐེར་གསུམ་སོགས་གསུངས་ཤིང༌། ཆོས་དྲུག་ལས་གཏུམ་མོའི་རླུང་སྦྱོང༌། སྒྱུ་ལུས། བར་དོ། རྨི་ལམ་འོད་གསལ་གཙོས། དེ་འབྲེལ་གསར་རྙིང་རྫོགས་རིམ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལྟར་ཉམས་བཞེས་བཅས། དེ་དག་ལ་བརྟེན་པའི་ལམ་རྟགས་ཀྱི་ཡེ་ཤེས་ཡོན་ཏན་རྣམས་ནི་དེ་བཞིན་གཤེགས་པ་ཉག་ཅིག་གི་སྤྱོད་ཡུལ་ལས། ཚུར་མཐོང་ཙམ་དུའང་རྩ་གསུམ་ལྷག་པའི་ལྷ་ཡིས་ཡེ་ཤེས་ཀྱི་སྐུས་དངོས་སུ་ཞལ་སྟོན། དབང་བསྐུར། གདམས་པ་སྩལ་བའི་ཚུལ་ནི། སྔོན་ལི་ཐང་པང་ཕུག་ཏུ་བཞུགས་སྐབས་གྲུབ་ཆེན་པཀྴིས་དངོས་སུ་གདམས་པར་སྩལ་བས་ཡོན་ཏན་མགོན་པོའི་སྐོར་མཛད་པ་ནས་བཟུང༌། རྟག་པར་དག་སྣང་དང་མི་འབྲལ་བས། སྙན་བརྒྱུད་ཡི་གེ་མེད་པའི་ཆོས་སྐོར་མཐའ་ཀླས་པའི་གདམས་མཛོད་ཐུགས་རྒྱུད་ལ་རྫོགས་ཤིང༌། ཀུན་མཁྱེན་མཐོང་བ་དོན་ལྡན། རྗེ་མི་བསྐྱོད་ཞབས་དང༌། དབང་ཕྱུག་རྡོ་རྗེ་རྣམས་ལས་བཀའ་འབུམ་ཉེ་བརྒྱུད་དུ་གསན་པའི་ལུང་རྒྱུན་ཀྱང་བཞུགས་པ་ལས། རྗེ་དགུ་པའི་བཀའ་འབུམ་ཙམ་ལས་བདག་ཅག་བསོད་ནམས་ཀྱི་མཐུས་སྤེལ་མཛད་མ་གྲུབ་ལ། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཉམས་ཁྲིད་དཔལ་ལྡན་དུས་གསུམ་མཁྱེན་པས་དངོས་སུ་བསྩལ་བའི་མན་ངག་བྱིན་རླབས་ཀྱི་རྒྱུན་ཐུན་མོང་མ་ཡིན་པ་བཞུགས་པས། འདི་ལས་ཟབ་ཁྲིད་ཐོབ་པ་ཀུན་ལ་བྱིན་རླབས་དྲོད་རྟགས་དངོས་སུ་བསྐྱེད་པས་ཡིད་ཆེས་ཀྱི་ངེས་པ་སྟེར་ནུས་པ་དང༌། ཨོ་རྒྱན་ཡབ་ཡུམ་འབྲལ་བ་མེད་པས་རྟག་པར་བྱིན་གྱིས་བརླབས་ཤིང༌། སྨན་སྒྲུབ་གནང་བའི་སྐབས་ཤིག་སྨན་ཕུད་ལས་གུ་རུ་བདེ་བ་ཆེན་པོའི་སྐུ་རང་བྱོན་པ་རྒྱན་རྫོགས་ངོ་མཚར་ཅན་འཁྲུངས་པ་དང༌། དཔལ་མགོན་པོ་བྲན་བཞིན་དུ་འཁོར་ཞིང་མ་བཅོལ་བར་ཡང་ཕྲིན་ལས་མཐའ་དག་སྒྲུབས་པ་སོགས་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་རྣམས་ཀྱི་ངོར་ཆུང་ངུའི་དུས་ནས་གཞན་སེམས་མཁྱེན་ཅིང༌། ལྷ་མིག་དག་པས་སྐྱེ་གནས་ཚེ་ཚད་སོགས་མངོན་སུམ་དུ་མ་འདྲེས་པར་གཟིགས་ཤིང༌། རང་ཉིད་ཀྱི་སྔོན་གནས་རྗེས་སུ་དྲན་པ་དང༌། མ་འོངས་པའི་འབྱུང་འགྱུར་བཅས་དུས་གསུམ་ས་ལེར་གཟིགས་པས་སྐྱེས་རབས་སརྒ་བཅུ་པ་དང༌། མ་འོངས་འདའ་བའི་ཞལ་ཆེམས་སོགས་ཐུན་མོང་མིན་པའི་བཀའ་ལུང་ངོ་མཚར་བ་ཀུན་གྱི་སྤྱོད་ཡུལ་དུ་གྲུབ་པ་འདི་ལྟར་ལགས་ཤིང༌། རྣམ་པ་ཀུན་ཏུ་རང་གི་ཡོན་ཏན་བུམ་ནང་གི་མར་མེ་བཞིན་གསང་བ་བསྲུང་བས་ཇི་བཞིན་མི་གསུངས་ཤིང༌། རྫུ་འཕྲུལ་གྱི་བཀོད་པ་སོགས་བསྟན་པར་མི་མཛད་ཀྱང༌། རང་བཞིན་ཞལ་འཕྲོས་སུ། ཁོ་བོའི་རྨི་ལམ་དུ་ཧོར་གླིང་འཁྲུགས་པ་ཆེན་པོ་ཞིག་བཀྱེ་འདུག་པ། ཁོང་རྒྱ་ཚ་ཞལ་དཀར་ཡིན་སྣང་གིས་འཁོར་གསུམ་བཅས་གཡུལ་དུ་ཆས་འགྲོ་གི་འདུག་པར། སེམས་ལ་འཇིགས་སྣང་ཚད་མེད་ཞིག་ཡོད་འདུག་པས། དཔའ་ཡ་མེད་རྒྱ་ཚ་ཟེར་བ་འཇིགས་སྐྲག་བག་ཚག་ཏན་ནས་མེད་པ་ཞིག་ཡིན་དར་མི་འདུག་ཅེས་གསུངས་པའང་སྔོན་གནས་རྗེས་དྲན་ལས་མ་འདས་ཤིང༌། ཡེ་ཤེས་གཏད་ཙམ་གྱིས་བྱིན་རླབས་འཕོ་བའི་ཚུལ་ཡང་སྔ་ཕྱིར་སྐུ་མདུན་དུ་གཟིམ་ཁྱི་ཧ་བ་གཉིས་ཡོད་པ། ཤི་སོང་སྐབས་གཉིས་ཀ་ནས་ཐུགས་དམ་བཞུགས་ཏེ། གམ་སྡོད་ཀྱི་མི་རྣམས་ངོ་མཚར་གྱིས་ཧ་ལས་པར་གྱུར་པ་དང༌། ལྷ་ཁང་གི་ཀ་བ་ཡོ་བ་ཕྱག་མདས་སྲང་ཞིང༌། སྒྲུབ་སྡེའི་གཟིམ་སྤུག་ཤོད་དུ་མཆོད་གཏོར་རྣམས་བྱི་བས་ཟོས་པ་ལ་བཀའ་ཤོག་བསྒྲགས་པས་དེ་ཕྱིན་བྱི་བས་གནོད་པ་གཏན་ནས་མེད་པ་དང༌། སྐབས་ཤིག་ཚོགས་འཁོར་ཞིག་མཛད་སྐབས་ཚོགས་ཆང་ཕོར་བ་གང་དོ་གིས་མྱོས་མིན་ཞིག་གླེང་བས། རྡོ་རྗེ་འཆང་གི་ཞལ་ནས་ངེས་པར་བྱས་ན་ཆང་བྱས་ཀྱང་ཆུ་རེད། རྫ་བུམ་གང་དོ་བཏུང་ཡང་མྱོས་ཟེར་བ་ག་ལ་ཡོད་གསུངས་པས། ཐམས་ཅད་ཀྱིས་ཆང་གིས་མི་མྱོས་པ་མི་སྲིད་ཅེས་ཞུས་པས། འོ་ན་ཁྱེར་ཤོག་དང་ཁོ་བོས་མི་མྱོས་པ་བྱ་ཡི་གསུངས་ནས། ནམ་རྒྱུན་ཆང་ཐིག་པ་གཅིག་མཆོད་པའི་སྲོལ་མེད་ནའང། དེ་ཉིན་ལྟར་སྣང་ཁ་ཕོ་རུས་གནང་བ་ལྟ་བུས་ཆང་རག་རྫ་བུམ་ཆེན་པོ་ཞིག་གི་གསུམ་སྟབས་གཅིག་ཏུ་གསོལ་བས། མཆོད་ཞལ་གང་བཞེས་པའི་ཉམས་ཙམ་ཡང་མེད་པ་ནི་སྔར་གྱི་གྲུབ་ཆེན་བིར་ཝ་པའི་རྣམ་ཐར་ལྟར་ལགས་ཤིང༌། ཡང་ཀཿཐོག་ཀུན་བཟང་སོགས་འདུས་པ་འགའ་ལ་གྲོ་ལོད་ཧཱུྃ་སྒྲུབས་ཀྱི་སྨིན་དབང་མཛད་སྐབས་དབང་རྫས་མར་མེ་མཚན་ཐུབ་ཆེན་པོ་སྡོང་བུ་ལྔ་སྤར་ཏེ་མར་ཁུ་ཞུ་བ་སྟེམས་ཀྱིས་ཁེངས་པ་མགོ་ཐོག་ཏུ་བག་ཙ། ཀུན་བཟང་ནས་ཐོ་ཕོག་པ་ལྟ་བུས་མར་མེ་རྒྱལ་དབང་རིན་པོ་ཆེའི་སྐུ་སྤང་ཐོག་ནས་ཁྲི་རྩ་བར་འགྲིལ་བྱུང་བ་ན། མར་ཁུ་ཐིག་པ་གཅིག་ཀྱང་མ་བོ་བར་ཡར་བཞེས་པ་དང༌། དུས་ཕྱིས་བྱང་ཆུབ་ཀྱི་སེམས་དཔའ་གཟུང་རང་དབང་ཐོབས་ཤིང༌། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སོགས། རྩ་རླུང་དང་སྣང་སེམས་རང་དབང་བསྒྱུར་བའི་རྟགས་སུ་མངོན་པར་བཅས་ཞིབ་པར་བདག་འདྲས་བརྗོད་པར་ལྟ་ཅི་བསམ་པའི་སྤྱོད་ཡུལ་ལས་འདས་ཤིང༌། མ་དག་ལས་སྣང་འཁྲུལ་ཤེས་དབང་གིས་དམ་པའི་ཡོན་ཏན་ཕལ་ཆེར་སྐྱོན་དུ་མཐོང་བ་ལས་ཇི་བཞིན་སྟོན་ཀྱང་མཇལ་བར་མི་འགྱུར་རོ།།

དེ་ལྟར་ཐོས་བསམ་སྒོམ་གསུམ་བསྙེན་སྒྲུབ་ཡན་ལག་དང་བཅས་པ་ལ་བརྩོན་པས་ལམ་རིམ་གྱིས་སྦྱང་པའི་ཚུལ་སྟོན་པ་དེ་རྣམས་ཀྱང་རང་དོན་གདོད་ནས་སྤང་རྟོགས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མཛད་པའི་ཕྱིར་གསར་དུ་བསྒྲུབ་པར་བྱ་བ་འགའ་ཡང་མེད་མོད། གཞན་དོན་འཇིག་རྟེན་འདི་ཡི་རྒུད་པ་སེལ་ཞིང་འགྲོ་རྣམས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་ཕྱིར་དང༌། བདག་འདྲ་བླ་མིང་སྟོན་པར་ཁས་འཆེས་པ་དག་གིས་སྙན་གྲགས་ཟང་ཟིང་གི་ཕྱིར་དུ་འཆད་ཉན་ཅི་དགར་བྱ་བ་མི་དབང་བས། ཐོག་མ་ཉིད་དུ་བརྒྱུད་ལྡན་གྱི་བླ་མ་ལས་དབང་ལུང་ནོད་ཅིང་དམ་ཚིག་སྲུང་བ་དང༌། དེ་ཉིད་བསྙེན་སྒྲུབ་ཀྱིས་བདག་ཉིད་ལས་སུ་རུང་བར་བྱས་ཏེ། རིམ་གྱིས་འཆད་སྤེལ་བྱ་བ་ནི་བསྟན་པའི་རྒྱུན་དང༌། སྐྱེས་བུ་དམ་པ་སྦྱངས་པ་སྔོན་སོང་འདི་རྣམས་ཀྱིས་བསྙེན་སྒྲུབ་ཉམས་བཞེས་འདི་ཙམ་དགོས་ན། བདག་ལྟ་བུས་ཅིའི་ཕྱིར་མི་དགོས་ཞེས་བླ་སློབ་ཀུན་གྱི་མིག་ལྟོས་ལ་ཕན་པའི་མཛད་པ་སྟེ། ཡོངས་འཛིན་དམ་པ་རྣམས་ལས་ཚིགས་བཅད་གཅིག་ཙམ་གང་གསན་པ་མཐའ་དག་ཉམས་སུ་བཞེས་ཤིང་དེ་དག་ཀྱང་ལན་རེ་འཆད་སྤེལ་མ་གྲུབ་པ་གཏན་ནས་མེད་ལ། ཁྱད་པར་རིས་མེད་གདུལ་བྱ་སྤྱི་དང༌། རང་ལུགས་ཆོས་སྡེ་བཅས་པའི་སློབ་རིགས་དད་འདུས་དབྱར་མཚོ་བཞིན་རྒྱུན་ཆད་མེད་པ་ལ་གཞི་བྱེས་ཀུན་ཏུ་སྐུ་ཁམས་འཁྲུགས་པ་དང༌། སྐུ་མཚམས་བཅད་རྒྱ་དམ་པོའི་སྐབས་བཅས་ལས། སོ་སོའི་མོས་བསྟུན་གྱིས་ཞུས་ངོར། གཤིན་པོར་གནས་ལུང་སྒྲིབ་སྦྱང་བྱང་བསྲེག་བསྔོ་སྨོན་རིགས་དང༌། སྤྱི་དོན་ཁྲོམ་དབང༌། ཞྭ་མཇལ། སྒོམ་ལུང༌། རྐྱེན་སེལ། ཐུན་མོང་བློ་ལྡོག་རྣམ་བཞི། ཀུན་རྫོབ་སེམས་བསྐྱེད་སོགས་ཀྱི་ཁྲིད་དང༌། དགེ་སྒྲུབ་སྡིག་སྤང་གི་བསླབ་བྱ་སོགས་རྒྱུན་ཆད་མེད་པར་སྩལ་ཞིང༌། གཙོ་བོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཚར་གཉིས། བསྟན་འགྱུར་ལུང་ཡོད་རིགས་པོད་སུམ་ཅུ་སྐོར་ཚར་གཅིག །བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་སྨིན་གྲོལ་རྒྱབ་བརྟེན་བཅས་ལན་ལྔ། རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་ལན་གཉིས། གདམས་ངག་རིན་པོ་ཆེའི་མཛོད་ཕལ་ཆེར་དང༌། བཀའ་རྙིང་གདམས་སྐོར་རྣམས་ལན་གྲངས་དུ་མ། ཤེས་བྱ་མཛོད་རྩ་འགྲེལ་བཤད་ལུང་ཚར་གཉིས། འཇམ་མགོན་བཀའ་འབུམ་ཡོངས་རྫོགས་ཀྱི་སྨིན་ལུང་ལན་གསུམ། མི་ལའི་རྣམ་མགུར་ཚར་གཉིས། དྭགས་པོའི་བཀའ་འབུམ་ཚར་ལྔ། དུས་མཁྱེན་བཀའ་འབུམ་ཚར་གསུམ། རང་བྱུང་བའི་བཀའ་འབུམ་ལས་པོད་གསུམ་ཚར་གཉིས། ཕྱག་ཆེན་རྒྱ་གཞུང་དང༌། རྗེ་བརྒྱད་པའི་ཁྲིད་ཐུང་པོད་གཉིས་ཚར་གསུམ། འདུལ་ཊཱིཀ་ཚར་གཅིག །རྗེ་དགུ་པ་དང༌། རྗེ་བཅུ་གསུམ་པའི་བཀའ་འབུམ་སྤར་བྲིས་ཁ་སབ་བཅས་ཚར་གསུམ། ཐེག་མཆོག་རྡོ་རྗེའི་བཀའ་འབུམ་ཚར་གཉིས། རྒྱལ་དབང་རང་གི་བཀའ་འབུམ་ཚང་མ་ལན་གཉིས། དགོངས་འདུས་སྨིན་བྱེད་ཡོངས་རྫོགས་ལན་གཉིས། གཞུང་པོད་ལུང་ཡོངས་རྫོགས་ལན་གཅིག །ཆོས་དབང་བླ་མ་གསང་འདུས་དབང་ལུང་ཕལ་ཆེར་ལན་གསུམ། རྡོར་གླིང་ཧཱུྃ་སྐོར་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ལན་གཉིས། ཀར་གླིང་ཞི་ཁྲོའི་དབང་ཆེན་ལན་གསུམ། གཞུང་པོད་ལུང་ལན་གཉིས། སྨིན་དབང་འབྲིང་པོ་དང་གཏོར་དབང་སོགས་ལན་དུ་མ། འཇའ་ཚོན་པོད་དྲུག་དབང་ལུང་ཡོངས་རྫོགས་ལན་བདུན། ཆོས་གླིང་ཟབ་གཏེར་བཀའ་འབུམ་སྐོར་བཅས་དབང་ལུང་ལན་གཅིག །སྟག་ཤམ་འོད་ཆོག་བདུད་འདུལ་དྲག་མོའི་དབང་ལུང༌། མཚོ་རྒྱལ་རྣམ་ཐར་བཅས་ཀྱི་ལུང༌། ཡོངས་དགེའི་གཏེར་ཆོས་སྐོར་གྱི་སྨིན་གྲོལ་ལུང་བཅས་ལན་དུ་མ། ཀློང་ཆེན་མཛོད་བདུན་ལན་གཉིས། སྲོང་བཙན་བཀའ་འབུམ། རྩེ་ལེའི་བཀའ་འབུམ། ཆགས་མེད་རི་ཆོས། རྒྱབ་ཆོས་བཅས་དང༌། ཀར་གཅོད་སྐོར་ཡོངས་རྫོགས། བཀའ་ཐང་ཤེལ་བྲག །ཐང་ཡིག་སྡེ་ལྔ། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཚར་གཉིས་རེ་བཅས་མཐོང་ཐོས་རག་རིམ་དང༌། དཀོན་སྤྱིའི་དབང་ལུང་ཁྲིད་གསུམ། ལྕེ་བཙུན་སྙིང་ཏིག་དབང་ལུང་ཁྲིད་གསུམ། ཀར་ལུགས་རྒྱུད་སྡེ་རྣམས་ཀྱི་དབང་ལུང་ལན་དུ་མ། གཞན་ཡང་དབང་ལུང་འདོད་སྐོང་རྒྱུན་ཆགས་མཛད་རིགས་རེ་རེ་ནས་སྨོས་སུ་མི་ལོང་ཞིང༌། ཕྱག་རྒྱ་ཆེན་པོ་སྔོན་དངོས་ཀྱི་ཁྲིད་དང༌། ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་རྣམས་ནི་ལན་གྲངས་དུ་མ་རྒྱུན་ཆགས་སུ་མཛད་པ་ལྟ་བུ་བཅས་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་རྣམ་གྲོལ་ལ་འགོད་པའི་ཕྲིན་ལས་ཀྱི་ཕ་མཐའ་སུས་ཀྱང་གཞལ་བར་མི་ནུས་ལ།

དེ་ལྟ་བུའི་སྨིན་གྲོལ་འབོག་པ་དེ་དག་འཆད་སྤེལ་ཉམས་བཞེས་ཀྱི་བརྒྱུད་པ་འཛིན་པའི་སློབ་མའང༌། སི་ཏུ། རྒྱལ་ཚབ། དཔའ་བོ། ཏྲེ་ཧོ། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་སོགས་ཆོས་བརྒྱུད་འདི་ཉིད་ཀྱི་ཡབ་སྲས། གདན་ས་གོང་འོག་གི་གདན་འཛིན། ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཆེ་ཕྲ་རྣམས་སུ་བཞུགས་པའི་གར་དབང༌། རས་ཆུང༌། ཁྲ་ལེབ། སངས་རྒྱས་མཉན་སྤྲུལ། བྱ་བཏང་སོགས་བླ་སྤྲུལ་ཆེ་ཕྲ་རིགས་མ་ལུས་པ་ལྟ་བུ། བཀའ་བརྒྱུད་བསྟན་པའི་ཆུ་མགོ་དྭགས་ལྷ་སྒམ་པོའི་མཆོག་སྤྲུལ་རིན་པོ་ཆེ་དང༌། འབྲུག་ཆེན། ཡོངས་འཛིན། ཆོས་མགོན། ཅོག་གྲྭ་སོགས་དཔལ་ལྡན་འབྲུག་པའི་གདན་ས་ཕན་ཚུན་གྱི་བསྟན་འཛིན་སྐྱེས་མཆོག་དུ་མ། གསང་ཆེན་རྙིང་མའི་བསྟན་གཞི་ཆེན་པོ་སྨིན་གླིང༌། ཀཿཐོག་སོགས་ནས་སྔ་འགྱུར་བཀའ་གཏེར་གྱི་བརྒྱུད་འཛིན་མཁན་སློབ་དང༌། སྔགས་རིགས་འཛིན་པའི་སློབ་ཚོགས་འདུས་པ་གྲངས་ཀྱིས་མི་ལོངས་པ་བཅས། མདོར་ན་མངའ་རིས་དབུས་གཙང༌། འབྲས་ལྗོངས། ལྷོ་མོན། སྤུ་ཀོང༌། བྱང་འབྲོག །མདོ་ཁམས། རྒྱ་འཇང༌། ཧོར་སོག་ཚུན་གསུང་གི་བདུད་རྩིའི་སྨིན་གྲོལ་དུ་གྱུར་པ་བརྗོད་པར་མི་ནུས་ཤིང༌། སློབ་ཚོགས་དེ་དག་ཡུལ་རིས་དང་བཅས་པས་བསྐུལ་ངོར་སྩལ་བའི། གསོལ་འདེབས་སྨོན་ལམ། བསང་གསུར། སྒོམ་བཟླས། ཟིན་བྲིས། ཁྲིད་ཡིག་ཞལ་གདམས་སོགས་དང༌། སླད་ནས་ཨོ་རྒྱན་རྡོ་རྗེ་འཆང་དང༌། འཇམ་མགོན་བླ་མ་རིན་པོ་ཆེའི་བསྟན་པའི་ཉམས་གསོའི་ཞབས་འདེགས་ཁོ་ན་ལ་ཐུགས་ཁུར་ལྷུར་བཞེས་ཀྱིས་མཛད་པའི་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཟིན་སོགས། མཚམས་སྦྱོར། ཆོག་སྒྲིགས་ཅི་རིགས་མཛད་པ་བཅས། སྡེབ་ལེགས་ཀྱི་ཚིག་སྦྱོར་ཟབ་དོན་བྱིན་རླབས་ཀྱིས་མཛེས་པའི་གསུང་གི་གསང་བ་བསམ་མི་ཁྱབ་པ་ལས། སྐུ་ན་ཕྲ་དུས་ཀྱི་གསུངས་ཐོར་བུ་རྗེ་དབོན་རྣམ་གཉིས་ཀྱིས་བཀའ་དྲིན་ཆེན་པོས་ཐུགས་ཚགས་མཛད་པ་ལས། བར་དེར་གསུངས་རྩམ་མཛད་པ་ཕལ་ཆེར་ཞུ་བ་པོ་སོ་སོར་དེ་ཉིད་དུ་གནང་བ་ལས་སྐུ་མདུན་དུ་དཔེ་བཤུ་སོགས་ཀྱིས་ཉར་ཚགས་ཤེས་པ་ཡེ་མ་བྱུང་བས་ཕྱོགས་མཐར་སོང་རིགས་བསྡུ་ཐུབ་པ་མ་བྱུང་ཡང༌། ཕྱིས་སུ་གསེར་རོང་ལྷ་རྩེ་བའི་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ནས་མི་ཕྱེད་པའི་དད་པ་བརྟན་པོས་སྐུ་ཚེ་མཐར་འཁྱོལ་ཞབས་པད་དུ་བཅར་ཞིང༌། མཛད་ཆོས་རིགས་ལ་ཡི་གེ་བ་སོགས་ཀྱི་སྲི་ཞུ་ལྷོད་མེད་དང༌། རྒྱུ་མཚན་ཤེས་པས་སླར་ཡང་དཔེ་བཤུ་སོགས་ཀྱིས་ངལ་བ་ལ་མ་ལྟོས་པར་བསྡུས་ཤིང་ཉར་བས། བཀའ་འབུམ་དུ་གྲགས་པ་འདི་ཉིད་ནི་དགེ་སློང་རང་གི་བཀའ་དྲིན་ལས་བྱུང་ཞིང་དེ་འབྲེལ་བཀའ་འབུམ་འདི་ལ་ས་བཅད་ཞིག་གནང་གྲུབ་ཅེས་ཞུས་པར།

༡ གཞོན་ནུའི་དུས་ཀྱི་རྩོམ་ཐོར་བུའི་སྐོར་ཕྱོགས་གཅིག་ཏུ་བྱས་པ་དབྱར་གྱི་ནེའུ་གསིང་སིལ་མ།

༢ བསྟོད་ཚོགས་སྐོར་དད་གསུམ་ཡིད་ཀྱིས་བསྐུལ་བའི་མགྲིན་རྔ།

༣ རྒྱལ་བ་རྣམས་ཀྱི་ཞབས་པད་ལ་བསྔགས་བརྗོད་བྱ་དཀའི་རྒྱན་གྱི་རེའུ་མིག་ཏུ་སྤེལ་བའི་སྐོར་བྱིས་པ་དགའ་བྱེད་མེ་ཏོག་ཆུན་པོ།

༤ རྣམ་ཐར་སྐོར་ངོ་མཚར་དཔལ་གྱི་བེའུའི་འཛུམ་ཕྲེང༌།

༥ བླ་མའི་རྣལ་འབྱོར་སྐོར་བྱིན་རླབས་སྤྲིན་གྱི་བླ་བྲེ།

༦ གསར་རྙིང་བཀའ་གཏེར་ལྷག་པའི་ལྷ་རྣམས་ཀྱི་སྒོམ་ཟླས་ཀྱི་སྐོར་སྣ་ཚོགས་ནོར་བུའི་ཆར་རྒྱུན།

༧ རྩ་གསུམ་སྒྲུབ་ཕྲིན་ཆོག་བསྒྲིགས་སྐོར་དངོས་གྲུབ་འབྱུང་བའི་བུམ་པ་བཟང་པོ།

༨ སྨིན་བྱེད་དབང་གི་མཚམས་སྦྱོར་སྐོར་རྡོ་རྗེ་བདུད་རྩིའི་ཆུ་གཏེར།

༩ རྩ་བ་གསུམ་སོགས་ཀྱི་བསྙེན་སྒྲུབ་ཉེར་མཁོའི་ཟིན་བྲིས་སྐོར་རྨོངས་པའི་མིག་འབྱེད་གསེར་གྱི་ཐུར་མ།

༡༠ བླ་མ་ལྷ་དང་མཁའ་འགྲོ་མཉེས་བྱེད་སྲེག་བླུག་གི་ཆོ་གའི་སྐོར་སྒྲིབ་འཇོམས་ཡེ་ཤེས་མེའི་གུར་ཁྱིམ།

༡༡ མཆོད་སྐོང་མདོས་ཀྱི་ཆོ་ག་སྣང་སྲིད་བདེ་ཆེན་རོལ་པའི་དཀྱིལ་འཁོར།

༡༢ དྲག་པོ་མངོན་སྤྱོད་ཀྱི་ལས་འཕང་མནན་དམོད་པའི་སྐོར་བསྟན་དགྲ་བརླག་བྱེད་རེག་འཇོམས་མེ་ཡི་སྤུ་གྲི།

༡༢ རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་སྐོར་དཔའ་བོ་རྣམ་པར་རོལ་པའི་དགའ་སྟོན།

༡༤ ཡུལ་གཞིའི་གནས་བདག་རྣམས་ཀྱི་བསང་གསོལ་མཆོད་ཕྲིན་སྐོར་ཡིད་བཞིན་རེ་བ་སྐོང་བའི་དཔག་བསམ་ལྗོན་ཤིང༌།

༡༥ ཡུལ་དམ་པ་རྣམས་ཀྱི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་སྐོར་ལྷ་ཡི་བུ་སྐྱ་རེངས་གཞོན་ནུའི་ཤིང་རྟ།

༡༦ བཀའ་བསྒོ་བདེན་ཚིག་སྐོར་རྡོ་རྗེའི་རི་དབང༌།

༡༧ རྒྱལ་བའི་སྲས་པོ་རྣམས་ཞི་དབྱིངས་ལས་འགྲོ་དོན་ལ་བསྐུལ་བའི་གསོལ་འདེབས་སྐོར་འགྲོ་མགོན་ཐུགས་རྗེ་བསྐུལ་བའི་ཕོ་ཉ།

༡༨ རིས་མེད་བསྟན་འཛིན་སྐྱེས་བུ་རྣམས་གར་འཁྲུངས་བརྟག་པ་དང་ངོས་འཛིན་སྐོར་གྱི་ཡི་གེ་ལྷག་བསམ་གཙང་མའི་མེ་ལོང༌།

༡༩ རིས་མེད་བསྟན་འཛིན་རྣམས་ཀྱི་མཚན་ཡིག་ཞབས་བརྟན་སྐོར་བསམ་འགྲུབ་ལྷ་ཡི་རྔ་བོ་ཆེ།

༢༠ གནས་ཡིག་དཀར་ཆག་གི་སྐོར་རྣམ་དཀར་རྒྱ་མཚོ་འཕེལ་བྱེད་ཟླ་བའི་དཀྱིལ་འཁོར།

༢༡ ཤིས་པར་བྱེད་པའི་མཆོད་བརྗོད་ཀྱི་སྐོར་རྫོགས་ལྡན་སྤྲིན་གྱི་ལྡིང་ཁང༌།

༢༢ ཡུལ་དམ་པ་རྣམས་དང་བར་མ་བཅས་ལ་ཕུལ་བའི་ཞུ་ཕྲིན་དང་འབུལ་ཡིག་ཆབ་ཤོག་གི་སྐོར་འཆི་མེད་བུ་མོའི་ཏམ་བུ་ར།

༢༣ བཅའ་བ་ཆོས་ཁྲིམས་ལ་སོགས་པ་གནང་བཀག་གདམས་པའི་ཡི་གེའི་སྐོར་ཚངས་པ་ཆེན་པོའི་སྒྲ་དབྱངས།

༢༤ ལོག་སྨོན་གྱི་རྒོལ་བ་ཕྱིར་བཅོས་ཀྱི་ཡི་གེའི་སྐོར་ངན་འགྲོའི་ཤུལ་ལམ་འགེགས་པའི་སྒོ་ཆེན།

༢༥ ཚོམས་བུ་ཚོགས་སུ་སྒྲུབ་པའི་སྐབས་སུ་ཉེ་བར་མཁོ་བའི་གཏོང་ཐུན་སྐོར་རྨ་བྱ་གཞོན་ནུའི་ཟློས་གར།

༢༦ ཉེ་བར་མཁོ་བའི་ཡི་གེ་སྣ་ཚོགས་འདུས་པའི་སྐོར་ཕན་བདེ་འཇོ་བའི་བང་མཛོད།

༢༧ གཞན་གྱི་དྲི་བ་ཁག་གི་ལན་ལྡོན་དུ་བྲིས་པ་སྦྲང་རྩིའི་ཆུ་རྒྱུན།

༢༨ ཞལ་གདམས་སུ་བཏགས་པའི་སྨྱོན་ཚིག་ནམ་མཁའི་སྤྲིན་སྒྲ།

༢༩ ཟབ་མོའི་རྣམ་བཤད་སྐོར་མདོ་སྔགས་དགོངས་བཅུད་སྙིང་པོར་དྲིལ་བ།

༣༠ དཔེ་ཐོག་བྲོ་བརྡུང་གི་སྣང་ཚུལ་སོགས་གང་དྲན་ཡི་གེར་བཏབ་པ་རང་མཚངས་སྟོན་པའི་གླུ་ཆུང་ནམ་མཁའི་མེ་ཏོག་གཞོན་ནུའི་ལྡིང་ཁང༌།

༣༡ དོན་གཉེར་ཅན་རྣམས་ཀྱི་ངོར་བྱས་པའི་སྨོན་ལམ་སྐོར་བསམ་འགྲུབ་ལྷ་ཡི་ལྗོན་ཤིང༌།

༣༢ ཐུན་མིན་བཀའ་རྒྱའི་སྐོར་གྲུབ་གཉིས་འདོད་འཇོའི་རྡོ་རྗེའི་རྒྱ་མདུད་བཅས་མཚན་བཟང་སོ་གཉིས་ཀྱི་གྲངས་ངེས་སུ་མཛད།

གཞན་ཡང་གདན་ས་ཆེན་པོ་འོག་མིན་མཚུར་མདོའི་གནྡྷོ་ལར་སྔ་ཕྱིའི་ཉམས་གསོས་དང་འབྲེལ། དགུ་གཏོར། ཚེས་བཅུ། ཕུར་སྒྲུབ། གྲྭ་ཚང་དུས་གཏོར་སོགས་ཀྱི་སྤྱན་གཟིགས་འཆམས་ཆས་སོགས་གསར་བསྐྲུན་དང༌། གསེར་ཟངས་ལས་གྲུབ་པའི་གུ་རུ་དང༌། སྐྱེས་རབས་དཔག་བསམ་འཁྲི་ཤིང་ཞལ་ཐང་སོགས་བྲིས་འབུར་གྱི་སྐུ་རྟེན་ཆེ་ཕྲ་བརྗོད་ལས་འདས་པ། གསུངས་རབ་ཀྱི་པུསྟ་ཀ་སྤར་བྲིས་ཁྱོན་བསྡོམ་སྟོང་ཕྲག་བརྒལ་བ། རིན་ཆེན་གཏེར་མཛོད་ཆེན་མོ་གཙོས་པའི་ཆོས་སྦྱིན་འཛད་མེད་སྤར་གྱི་འདུ་འགོད། ཡོངས་འཛིན་རྗེ་དབོན་རྣམ་གཉིས་ཀྱི་གདུང་རྟེན་སོགས་ཐུགས་རྟེན་དང༌། རིན་ཆེན་དང་པོ་ལས་གྲུབ་པའི་དཀྱིལ་འཁོར་པ་རྣམས་མཆོད་པའི་ཡོ་བྱད་བཅས་འབྱོར་ལྡན་ཁེངས་པ་འཕྲོག་པའི་རྟེན་བཞེངས་བསམ་གྱིས་མི་ཁྱབ་པ་དང༌། འོག་མིན་ཀརྨ། ཤར་ཕྱོགས་སྤུངས་རི་སོགས་ཕྱོགས་མཐའི་ཆོས་སྡེ་ཆེ་ཕྲ་ཀུན་ལ་མཆོད་ཐེབས། ཉམས་གསོ། རྟེན་གསུམ་འདུ་འགོད་སོགས་རྒྱ་ཆེར་མ་གནང་བ་མེད་ཅིང༌། སྨན་སྡོང་དགོན། དགེ་རྒྱལ་དགོན་སོགས་ངེས་དོན་སྒྲུབ་རྒྱུད་ཀྱི་རིང་ལུགས་འཛིན་པའི་དགོན་སྡེ་ལྔ་ཙམ་གསར་འདེབས་ལ། བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་རྣམ་ཐར་གཙང་མའི་རྗེས་སུ་སློབ་པའི་བསླབ་གསུམ་གྱི་བཅའ་ཁྲིམས་ཉམས་པ་མེད་པའི་བཀའ་བཀོད་བཅས། དུས་དང་རྒྱུན་གྱི་སྒྲུབ་པའི་མཆོད་ཐེབས། རྟེན་གསུམ། ཡོ་བྱད་འདུ་ཁང་སོགས་ཀྱི་མཐུན་རྐྱེན་བཅས། དགོས་དགུ་ཡིད་བཞིན་སྩལ་ཞིང༌། ཐ་ན་དབུལ་པོ་སློང་མོ་བ་ཚུན་ལ་གསོལ་རས་སོགས་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་དུས་རྟག་ཏུ་འགྱེད་པར་མཛད་ཅིང༌། འཁོར་གྱི་ལོག་སྒྲུབ་དང་གདུལ་བྱའི་འདོད་མང་ལ་སྐྱོ་ངལ་མེད་པར། མཆོག་དམན་ཀུན་དང་མཐུན་པར་སྤྱོད་པའི་ཐབས་མཁས་ཀྱིས་གཞན་སེམས་བསྲུང་ཞིང༌། རྣམ་པ་ཀུན་ཏུ་གསར་འགྲོགས་དང་ཕྲག་དོག་མེད་པས་ཕྱི་ཐག་རིང་བ་སོགས་བསྡུ་དངོས་བཞི་དང་འབྲེལ་བའི་རྒྱལ་སྲས་ཀྱི་སྤྱོད་པ་བསམ་མི་ཁྱབ་པས་དངོས་བརྒྱུད་ནས་བྱང་ཆུབ་ཆེན་པོའི་ལམ་ལ་སྦྱོར་བར་མཛད་པའི་ཕྲིན་ལས་བཅས། མདོར་ན་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་ཆེན་པོས་འབྲེལ་ཚད་དོན་དང་ལྡན་ཅིང༌། སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པའི་མེ་རོ་གསོ་བའི་བཀའ་དྲིན་དང་རྣམ་ཐར་ཕྱི་མའི་དུས་འདི་ཙམ་ན་འགྲན་ཟླ་དང་བྲལ་བ་ཉིད་དོ།།

སླར་སྨྲས་པ། གང་གི་རྩལ་ནི་སྐད་ཅིག་གཅིག་གིས་ཞིབ་མོར་འབྱེད་པའི་ཤེས་རབ་དང༌། །མི་གཡོ་ཏིང་འཛིན་བྱེ་བ་ཕྲག་བརྒྱར་དབང་བསྒྱུར་དེ་བཞིན་འགྲོ་བའི་བློར། །ཡང་ཡང་འབེབས་ལ་ངལ་བས་ཅི་བྱ་ཐུགས་རྗེའི་ཡེ་ཤེས་གཏད་ཙམ་གྱིས། །དམིགས་པ་མེད་པའི་བདེ་ཆེན་སྩོལ་འདི་བདག་གི་བླ་མའི་རྣམ་ཐར་སྟེ། །གང་ཞིག་བཅོས་ན་ལྕགས་ཀྱང་གསེར་ལ་རྡོ་ཡང་དངུལ་དུ་བསྒྱུར་ནུས་ཀྱི། །

མ་བཅོས་ཚུལ་ཁྲིམས་མཉམ་པ་ཉིད་ལས་མི་མཉམ་ཡོན་ཏན་མཁའ་འདྲ་བ། །རྒྱལ་བ་དགྱེས་པའི་ཉིན་མོར་བྱེད་ལ་མཚན་མོར་རྒྱུ་དག་མིག་ཚ་ཡང༌། །དུས་འདིར་འཆོས་བཞིན་བཟང་མཐར་ཕྱིན་ན་དེར་ཡང་བསྔགས་པས་མེ་ཏོག་འཐོར། །ཀུན་ཏུ་ངལ་བས་མི་ཚེ་རིང་པོར་བླ་མ་བསྟེན་བྱས་ཆོས་མཉན་ཅིང༌། །གཞུང་མང་བརྒྱ་ཕྲག་སྦྱངས་མཐར་ཕྱིན་པས་ཁེངས་ལྡན་རྣམས་ཀྱིས་ཟླ་མེད་པ། །

མ་བརྩོན་རིག་པའི་གམ་སྟབས་གཅིག་གིས་རྒྱལ་བའི་བསྟན་ལ་འཆད་རྩམ་གྱི། །འགྱིང་འགྲོས་ངོམས་འདིས་དེང་སོང་ཁྱེད་ལ་མཁས་རྣམས་ཕྲག་དོག་ཅིའི་མི་སྐྱེ། །འཁོར་བའི་འཇིགས་སྐྲག་ཤེས་བཞིན་ཤེས་ལ་དཔའ་བོའི་གམ་པ་ཕྱིར་མི་སྤོ། །འགྲོ་བའི་སྡུག་བསྔལ་གཟིགས་ཤིང་གཟིགས་པས་ཐུགས་རྗེའི་ཕྱག་གིས་མི་ལྷོད་པར། །བསྟན་དང་འགྲོ་བའི་དོན་ལ་དོན་གྱིས་བསྙེངས་པ་མེད་པའི་ཕྲིན་ལས་སྒོ། །མཐའ་ཡས་འབྱེད་ལ་རྒྱལ་དང་རྒྱལ་བའི་སྲས་ཀྱི་ཕྲིན་ལས་ཁྱེད་ཀྱིས་བཟླུམས། །དེ་སླད་ཁྱེད་ནི་འགྲོ་བའི་ཁུར་གྱིས་མྱ་ངན་མཚོ་ལས་ཡོངས་མི་འདའ། །དེ་སྲིད་ཞི་བའི་བདུད་རྩིའི་ཆུ་གཏེར་འགྲོ་ཁམས་སྲིད་འདིར་མི་འཛད་ན། །དྲེ་ཚུལ་ཤེས་པའི་མིག་བུ་ཕྲ་ཡང་ཀུན་ཏུ་ལྟ་འདོད་མོས་པའི་བློས། །དེ་སྙེད་ཀུན་མཁྱེན་བླ་མའི་ཕྲིན་ལས་སྤེལ་བའི་བྱེད་པོར་བདག་འགྱུར་ཤོག།  །ཅེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྗེ་བཙུན་འཁོར་ལོའི་མགོན་པོ་བཅོ་ལྔ་པ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ནོས་ཏེ། གདམས་ངག་གི་བདུད་རྩི་ངོམས་མེད་དུ་བཏུང་བའི་སྐལ་བཟང་ཐོབ་པ་སློབ་བུའི་ཐ་ཤལ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་འོད་ཟེར་རམ། བློ་གྲོས་མི་བཟད་བྱམས་པའི་གོ་ཆ་འོད་ཟེར་དྲི་མ་མེད་པའི་དཔལ་ཞེས་བགྱི་བས་སྒྲུབ་བརྒྱུད་མཆོག་གི་རིང་ལུགས་ལ་སྨན་པའི་བློས་བཀའ་འབུམ་ཡོངས་རྫོགས་སྤར་དུ་བཞེངས་པའི་ཉེ་ཐོག་དེར་འདི་ལྟར་སྦྱོར་ཞེས་རང་གི་ཉེ་གནས་ཀརྨ་ཕུན་ཚོགས་ནས་ནན་ཏན་གྱིས་བསྐུལ་བའི་རེ་བ་རྫོགས་སླད་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་རང་གནས་ལྷུན་གྲུབ་བསམ་གཏན་ཡིད་འོང་གླིང་གི་སྐྱེས་མོས་ཚལ་དུ་རབ་བྱུང་བཅུ་དྲུག་པའི་ནང་གསེས་ཆུ་བྱ་ལོའི་ཧོར་ཟླ་བདུན་པའི་དབང་ཕྱོགས་ཀྱི་ཚེས་བཅུ་གཟའ་སྐར་དགེ་བའི་ཉིན་གྲུབ་པར་བགྱིས་ཏེ་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བནྟུ། ཞེས་ཀར་རབས་རིམ་བྱོན་རྣམ་ཐར་སྤར་བསྐྲུན་ཞུ་སྐབས། ཞལ་བསྐང་ཆེད་དུ་མཁན་མིང་ཁྲ་འགུ་བས། རྒྱལ་དབང་མཆོག་གི་གསུང་འབུམ་དཀར་ཆག་ལས་རྣམ་ཐར་སྐོར་ཟུར་བཀོལ་ཞུས་པ་ལགས།

བརྒྱུད་སྐུལ།

མཆན་སྤེལ།