དཔལ་བོ་དོང་ཨེ་ཆོས་སྡེ་ཆེན་པོའི་ལོ་རྒྱུས་ཉུང་བསྡུས་བཞུགས་སོ།།

དཔལ་བོ་དོང་ཨེ་ཆོས་སྡེ་ཆེན་པོའི་ལོ་རྒྱུས་ཉུང་བསྡུས་བཞུགས་སོ།།

༄༅། །དཔལ་བོ་དོང་ཨེ་ཆོས་ཀྱི་འབྱུང་གནས་སུ་གྲགས་པའི་ཆོས་སྡེ་ཆེན་པོའི་ལོ་རྒྱུས་ཉུང་བསྡུས་བཞུགས་སོ། །

བོ་དོང་ཨེ་དགོན་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ་ལ། འདིར་ཞིང་ཁམས་མཆོག་ཏུ་གྱུར་བ་མི་མཇེད་འཇིག་རྟེན་གྱི་ཁམས།  གླིང་ཁྱད་པར་ཅན་བདུན་གྱི་ཡ་གྱལ།  འཛམ་གླིང་ལྷོའི་ཕྱོགས་རྒྱལ་ཁམས་ངོ་མཚར་ཅན་པུར་རྒྱལ་བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཆེས་མཆོག་ཏུ་གྱུར་བ། དེ་ལས་ཀྱང་དབུས་གཙང་ཆོས་ཀྱི་ཆོལ་ཁ།  ས་ཡི་དགེ་བཅུ་ཚང་བའི་གཙང་སྟོད་གཡས་རུ་ཆ་སྨན་བཙུན་ཨུག་ཆོས་ཀྱི་བླ་རིའམ་ཇོ་མོ་ནགས་རྒྱལ་གྱི་མདུན་དུ།  ས་གྲུ་གསུམ། ཆུ་གྲུ་གསུམ། གཤིན་རྗེའི་དོང་ཁ། ཆོས་དབྱིངས་དྲག་པོའི་གཞལ་ཡས་ཁང་།  མ་མོ་རོལ་པའི་དུར་ཁྲོད་དང་རི་རྒྱུད་གཅིག་ཏུ་འབྲེལ་བའི་ཤར་ཕྱོགས་སུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྒྲུབ་ཁང་ཡོད་ཅིང་། དུར་ཁྲོད་དང་། སྒྲུབ་ཁང་། སྒྲུབ་ཆུ་བཅས་ད་ལྟ་ཡང་མཇལ་རྒྱུ་ཡོད་པའི་ས་དཔྱད་སྟེང་དུ་དགོན་ཆུང་ཞིག་བཏབ་ན་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་།  ནད་ཡམ་འཁྲུགས་རྩོད་དང་།  སད་སེར་བཙའ་ཐན་སོགས་འབྱུང་བཞིའི་གནོད་པ་ཞི་བར་དགོངས་ནས་དགེ་བའི་བཤེས་གཉེན་མུ་ཏྲ་བ་ཆེན་པོས་ས་གླང་ལོར་ཕྱག་བཏབ།

བོ་ཞེས་བོད་ཀྱི་བདེ་སྐྱིད་འབྱུང་མིང་ཅན། །

དོང་ཞེས་ཐེག་ཆེན་ལམ་གྱི་མཚན་འཆང་བ། །

ཨེ་ཞེས་བྱ་བ་ཆོས་འབྱུང་གྲུ་གསུམ་སྟེང་། །

མདོ་སྔགས་བསྟན་པའི་གཙུག་ལག་ཁང་ཆེན་གནས། །

ཞེས་གསུངས་པ་ལྟར་དགོན་དེ་ཉིད་ཀྱི་མཚན་ལ་བོ་དོང་ཨེ་དགོན་ཞེས་གྲགས་སོ། །

དང་པོ།   དགོན་གནས་ཇི་ལྟར་ཕྱག་བཏབ་དང་མཁན་པོ་སྔ་རབས་པའི་སྐབས།

དགོན་གནས་འདི་ནི་དགེ་བའི་བཤེས་གཉེན་མུ་ཏྲ་ཆེན་པོས་རབ་བྱུང་དང་པོའི་ས་གླང་(སྤྱི་ལོ་1049)ལོར་ཕྱག་བཏབ་པ་ཡིན་ནོ། །སྐབས་དེར་ཇོ་བོ་རྗེ་དབུས་ལ་ཕེབས་ནས་ལོ་ལྔ་ཙམ་སོང་མཚམས་ཡིན། དཔལ་དེ་ཁོ་ན་ཉིད་འདུས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་ནི། གདན་ས་ཐམས་ཅད་ཀྱི་ཡང་རྩེ་དཔལ་ལྡན་བོ་དོང་ཨེ་ཆོས་འབྱུང་བའི་རྒྱ་མཚོ་ཆེན་པོ་མཁས་པའི་ངང་པ་ཅན་དེ་ཡིན་པས། དེའི་ལོ་རྒྱུས་ནི་གཉན་ལོ་ཙཱ་བ་དར་མ་གྲགས་དེ་ཉིད་ཀྱིས་རྒྱ་གར་དུ་དམ་པའི་ཆོས་དང་ལོ་ཙཱ་བ་སློབ་པར་བྱོན་པས་སྤྱིར་རིག་པའི་གནས་ལྔ་ལ་མཁས། སྒོས་སུ་རྒྱ་མཚོའི་མཐའི་སྐད་རིགས་ལ་མཁས་པར་གྱུར་པས། བོད་དུ་ངའི་ཡོན་ཏན་གྱི་ཆེ་བ་འདོན་མཁན་དགོས་པར་འདུག་དགོངས་ནས་རྒྱ་གར་ཤར་ཕྱོགས་པའི་ཡུལ་དེའི་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་རང་གི་མངའ་འོག་གི་པཎྚི་ཏ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་པཎ་ཆེན་འབུམ་ཕྲག་གསུམ་པ་རྒྱལ་པོས་བོད་ལ་ཐེགས་པར་གསོལ་ནའང་པཎྚི་ཏ་བྱོན་མ་འདོད་པས། ལོ་ཙཱ་བས་སྒྲོན་མ་ཡིད་ཀྱི་ལྕགས་ཀྱུ་སྒྲུབ་ནས་པཎྚི་ཏའི་སེམས་བཀུག   པཎྚི་ཏས་ནམ་ཕྱེད་ལ་བཞེངས་ནས་འགྲོ་འགྲོ་བོད་ལ་འགྲོ་གསུངས་ནས་བོད་དུ་བྱོན་ནས་གཙང་དུ་འགྲོ་དོན་རྒྱས་པར་བྱུང་། དེའི་དུས་སུ་བཤེས་གཉེན་མུ་ཏྲ་པ་ཆེན་པོ་ཟེར་བ་ཞིག་གིས་བོ་དོང་ན་དགོན་ཆུང་ཞིག་བཏབ་ཡོད་པ་ན་པཎྚི་ཏ་ལུང་བསྟན་ལ་བྱོན་ཕྱག་ཕྱིར་བཤེས་གཉེན་པས་ཀྱང་བྱོན། དགོན་པ་ཕ་གི་སུའི་ཡིན་གསུངས། བཤེས་གཉེན་པས་དགོན་ཆུང་ཕ་གི་བདག་གི་ཡིན་ཞེས་ཞུས་པས། ཕ་གི་དགོན་ཆུང་དུ་མི་འོང་དགོན་ཆེན་དུ་འོང་གསུངས། བླ་མ་དགྱེས་ན་འབུལ་ཞུས་པས་རུང་གསུངས་ཤིང་(སྤྱི་ལོ་༡༡༠༠)ཙམ་ལ་པཎྚི་ཏ་འབུམ་ཕྲག་གསུམ་པ་ལ་ཕུལ་ནས་གཙུག་ལག་ཁང་རྒྱ་བསྐྱེད་དང་། བཤད་གྲྭ་ལེགས་པར་བཙུགས་ནས་ཆོས་མངོན་པ་ལ་སོགས་པའི་འཆད་ཉན་གནང་། དེར་བོད་ཀྱི་བན་དེ་ཐམས་ཅད་འདུས་ཏེ་ཆོས་ཉན་པས་ཆོས་སྡེ་ཆེན་པོ་འགྱུར། དེ་རྗེས་མཐུན་སྟོབས་ཀུན་དགའ་རྡོ་རྗེ། འཇད་པ་སྟོན་སྐྱབས། དེའི་ཕྱིས་སུ་བོ་དོང་བ་བརྩོན་འགྲུས་རྡོ་རྗེ་དང་། བོ་དོང་རིན་ཆེན་རྩེ་མོས་(སྤྱི་ལོ་༡༢༠༠)ནང་ལ་བྲག་རམ་དུ་བཤད་གྲྭ་བཙུགས་ནས། དབུས་གཙང་དུ་མཁས་པ་ཁྲི་ཁྲག་ལྷག་ཙམ་བྱུང་།  མངོན་གྲ་པ་རྡོ་རྗེ་རིན་ཆེན། ཞང་བསོད་ནམས་རིན་ཆེན། བླ་ཞིག་བྱང་ཆུབ་རྡོ་རྗེ། འཇམ་དབྱངས་འཁོན་སྟོན། རིན་ཆེན་དཔལ་བཟང་། བྱང་སེམས་རིན་ཆེན་མགོན་པོ་སོགས་ཀྱིས་གདན་ས་བསྐྱངས་པས་དེ་ཡན་ཆད་ལ་མཁན་པོ་སྔ་རབས་པར་གྲགས་ཤིང་། བསྟན་འགྲོར་དགེ་བའི་འཕྲིན་ལས་རྒྱ་ཆེར་བྱུང་བར་མངོན་ཡང་ཞིབ་པ་འདིར་མ་སྨྲོས་སོ།།

 བོ་དོང་ཨེའི་མཁན་ཐོགས་དང་པོ་པཎ་ཆེན་འབུམ་ཕྲག་གསུམ།

གཉིས་པ།  འཇམ་དབྱངས་བདུན་རྒྱུད་སོགས་ཀྱི་སྐབས།

དེ་རྗེས་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས་ལུང་བསྟན་ཅིང་ངོ་ཆེན་དུ་ཕེབས་ནས།  དེ་ནས་གདན་རབ་ཉི་ཤུ་པ་ལ་ཆོས་རྗེ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་བྱོན་དཔལ་ལྡན་ས་སྐྱར་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད་ནས། རྒྱ་བལ་ལ་ལན་བདུན་བགྲོད་པ་ནས་རྒྱལ་བའི་བསྟན་པ་ཐུན་མོང་རིག་གནས་དང་བཅས་པ་གསལ་བར་མཛད་ཅིང་། ཆོས་སྲུང་བཀྲ་ཤིས་འོད་འབར་གདན་དྲངས་ནས་བོ་དོང་པའི་ཆོས་བདག་ཏུ་མངའ་གསོལ། དེ་ནས་བོ་དོང་ཨེའི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་བཤད་སྲོལ་བླ་ན་མེད་པ་མཛད་ཅིང་། དེའི་རྗེས་སུ་ནམ་མཁའ་དཀོན་མཆོག་དང་ནམ་མཁའ་རྡོ་རྗེ་གཉིས་བྱོན། དེའི་རྗེས་སུ་ཆོས་རྗེ་དཔང་ལོ་ཙཱའི་དབོན་པོ་ལོ་ཆེན་བྱང་ཆུང་རྩེ་མོ་ཞེས་བྱ་བ་བྱོན་ནས་བོ་དོང་དུ་ཆོས་འཁོར་རྒྱ་ཆེར་བསྐོར། དེའི་དབོན་པོ་ལོ་ཆེན་གྲགས་པ་རྒྱལ་མཚན་བྱོན་ནས་གཞོན་ནུའི་དུས་སུ་རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱང་ནས་ཆོས་རྗེ་ལོ་ཆེན་བྱང་རྩེའི་མདོ་སྔགས་ཀྱི་ཡོན་ཏན་ཐམས་ཅད་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟ་བུ་མ་ཚང་བ་མེད་པ་མངའ་ཞིང་མདོ་རྒྱུད་ཀྱི་བཤད་པ་དང་ཡིག་ཆ་མང་དུ་མཛད།

  མཁན་ཐོག་ཉེར་གསུམ་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ།

གསུམ་པ།      བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་སྐབས།

དེའི་གདན་སར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནི། ཡབ་ཞ་མ་ལོ་ཙྭ་བ་སེང་གེ་རྒྱལ་པོའི་རིགས་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་པོ་དང་བཅས་པའི་རབ་བྱུང་དྲུག་པའི་མེ་འབྲུག་སྟེ་(སྤྱི་ལོ་༡༣༧༦)ལོར་གཙང་ལ་སྟོད་ལྷོ་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་ལྔ་བ་ནས་སློབ་སྦྱོང་གི་དབུ་བརྩམས་ཤིང་། གྱམ་བསམ་གཏན་གླིང་དང་།  དཔལ་མངོན་དགའི་ཆོས་གྲྭ་ཆེན་པོ་སོགས་སུ། དགེ་རྒན་དམ་པ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགུང་ལོ་བདུན་པ་ལ་རབ་བྱུང་དགེ་ཚུལ་སོགས་རིམ་པར་ནོད། དེ་ནས་བོ་དོང་ཨེར་ཕེབས་ནས་བཤེས་གཉེན་ཆོས་ཀྱི་རྡོ་རྗེ་ལས་ཚད་མ་རྣམ་འགྲེལ་གསན་ཞིང་དགུང་ལོ་བཅུ་དྲུག་པར་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་མཛད་ནས་སྙན་གྲགས་ཀྱི་དབྱར་རྔ་ཐོག་མ་ལྡིར། ལོ་ཆེན་གྲགས་རྒྱན་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རྣམས་ལས་དབུ་ཕར་འདུལ་མཛོད་སོགས་གཞུང་མདོ་རྒྱུད་བསྟན་བཅོས་ཁག་ལ་ཐོས་བསམ་རྒྱ་ཆེར་མཛད། དགུང་ལོ་ཉེར་གཅིག་ལ་བོ་དོང་ཨེའི་བྱང་ཤར་གྱི་ལྕོག་ཏུ་སྐུ་མཚམས་དམ་པར་བཅད་ནས་དབྱངས་ཅན་མའི་ཞལ་མངོན་སུམ་དུ་གཟིགས་པ་དང་རྗེ་བཙུན་ལྷ་མོའི་བསྟོད་པ་བུང་བའི་གླུ་དབྱངས་སོགས་བརྩམས་གནང་། དགུང་ལོ་ཉེར་གསུམ་ལ་དབུས་ཕྱོགས་དང་ལྷོ་ཁ་རྩེད་ཐང་གི་ཆོས་སྡེ་ཆེན་པོ་དང་། གསང་ཕུ། བདེ་བ་ཅན་ལ་སོགས་པར་གཞུང་པོ་ཏི་བཅོ་ལྔའི་གྲ་སྐོར་མཛད། སྙན་པའི་གྲགས་པས་ས་སྟེང་ཁྱབ་པར་འགྱུར། དེ་ནས་དགུང་ལོ་ཉེར་དྲུག་པ་ལ་བོ་དོང་ཨེའི་ཁྲིར་ཕེབས་ནས་གདན་ས་མཛད་ཅིང་། དེ་རྗེས་བཞད་བསམ་འགྲུབ་སྒང་དགའ་ནས་ཡིན་པ་གྲགས་པ་ནམ་མཁའ་རིན་ཆེན། མཁན་ཆེན་འཇིགས་མེད་གྲགས་པ། བཤེས་གཉེན་བློ་གྲོས་རྒྱལ་མཚན། འཇམ་དབྱངས་དོན་ཡོད་རྣམ་རྒྱལ་རྣམས་ཀྱིས་གདན་ས་མཛད་ཅིང་། གོང་གི་དཔང་ལོ་ནས་འཇམ་དབྱངས་དོན་ཡོད་རྣམ་རྒྱལ་བར་གྱི་མཁན་ཐོག་བརྒྱད་ཡོད་པའི་ནམ་མཁའ་རིན་ཆེན་ཕུད་པའི་གཞན་རྣམས་ལ་རྒྱལ་སྲས་ཐོགས་མེད་ཀྱིས་ལུང་དུ་བསྟན་པའི་འཇམ་དབྱངས་བདུན་རྒྱུད་གྲགས་སོ། །བོ་དོངཔཎ་ཆེན་ནི་རིག་པའི་གནས་ཕྱི་མ་བཞི་དང་། ནང་རིག་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ལོ་ཆེན་གྲགས་པ་སོགས་སྐྱེས་བུ་དུ་མ་ལས་མང་དུ་གསན་ཞིང་མཁས་པའི་ཕུལ་དུ་འགྱུར། སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ཚུལ་བཟུང་ནས་གླང་པོ་ཆེ་རབ་བརྟན་བདུན་གྱི་ཁུར་དུ་བཀལ་བའི་གླེག་བམ་ཚོགས་བསྣམས་ནས་གླེག་བམ་རྣམས་ཀྱི་ལུང་རྫོགས་པར་གནང་སྟེ་བཤད་སྒྲུབ་དག་གི་བསྟན་པའི་བདག་པོ་གྱིས་ཤིག་ཅེས་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཞ་ལུ་བུ་སྟོན་གཉིས་རྨི་ལམ་དུ་བྱོན་ནས་དཔལ་དེ་ཁོ་ན་ཉིད་འདུས་པ་བརྩམ་པར་བསྐུལ་ཞིང་། དཔལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྣལ་འབྱོར་མ་གཉིས་ཀྱིས་ཞལ་བསྟན་ནས་ཀྱང་། བོ་དོང་ཨེ་རུ་དགུང་ལོ་སུམ་ཅུ་རྩམ་ནས་དཔལ་དེ་ཁོ་ན་ཉིད་འདུས་པ་བརྩོམ་པར་བསྐུལ་ཏེ། ཡི་གེ་པ་ཉི་ཤུ་ཙམ་ལ་རང་རང་གི་གནས་མི་འཆོལ་བར་ཆུ་བོ་ཆེན་པོ་དལ་གྱིས་འབབ་པ་བཞིན་དུ་ཀུན་ཏུ་རྩོམ་པར་མཛད་པ་ནི།  དེ་ཉིད་འདུས་པའི་རྒྱ་མཚོ་ཆེན་པོ་འཇུག་པའི་སྒོ་བཞི། རིག་པའི་གནས་ལྔ། རིམ་པར་ཕྱེ་བ་སུམ་བརྒྱ་དྲུག་ཅུ། ངེས་པའི་མན་ངག་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་གླེག་བམ་བརྒྱ་ཕྲག་ལྷག་བརྩོམ་པར་མཛད་ནས་མདོ་སྔགས་ཀྱི་ཆོས་བསྐོར་བླ་ན་མེད་པ་བསྐོར་ནས་བཀའ་བབས་ཉེར་གསུམ་ལ་སོགས་པ་བསྟན་འཛིན་གྱི་བུ་སློབ་བསྐྱངས་ཤིང་། འཇིག་རྟེན་གྱི་སྤྲོས་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དགུང་ལོ་སུམ་ཅུ་སོ་སྔ་པ་ལ་དཔལ་མོ་ཆོས་སྡིངས་དགོན་ཕྱག་བཏབ།  ཁ་བ་ཅན་དུ་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ཀྱི་བྱེ་བྲག་དཔལ་དེ་ཉིད་འདུས་པ་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དར་བར་མཛད་ཚུལ་ནི། རྗེ་ཉིད་ཀྱིས་བོ་དོང་ཨེ་ལ་སོགས་པའི་གདན་ས་རྣམས་སུ་སློབ་མ་མཁས་པ་དམར་ཁམས་པ་གྲགས་བཟང་དང་། དོལ་པ་རྒྱལ་མཚན་གྲགས། མཁས་གྲུབ་དགེ་ལེགས་དཔལ་བཟང་། བོ་དོང་གི་བློ་བརྟན་བཞི་པ་ལ་སོགས་པར་བོ་དོང་དུ་རྗེ་རང་གིས་ཆོས་འཁོར་བསྐོར་བའི་རྗེས་སུ་བློ་བརྟན་བཞི་པ་སོགས་ཀྱིས་མངའ་རིས་དང་། ལ་སྟོད་བྱང་། ཡར་འབྲོག་མངོན་དགའ། སྙེ་མོ་སོགས་ལ་བཤད་པ་དང་གྲྭ་ཚང་བཙུགས། ཕར་ཚད་སོགས་ཀྱི་ཡིག་ཆ་མཛད་ནས་དར་བ་མཛད་པ་དང་། རྗེ་ཐམས་ཅད་མཁྱེན་པ་རང་གིས་བོ་དོང་དང་། ཤེལ་དཀར། གླང་འཁོར། ཆོས་སྡིངས་སོགས་ཆོས་སྡེ་དུ་མར་དབང་བསྐུར། རྒྱུད་བཤད། རྒྱུད་སྡེ་བཞིའི་སྒྲུབ་མཆོད་གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་དང་བཅས་པ་བཙུགས། དེ་ཙམ་མ་ཟད་མངའ་རིས་ནས་ཡར་འབྲོག་གི་བར་དུ་ཐམས་ཅད་མཁྱེན་པ་རང་གིས་ཞབས་ཀྱི་འཁོར་ལོ་བསྐོར་ནས་དབང་བསྐུར་རྒྱུད་བཤད་མན་ངག་བསམ་གྱིས་མི་ཁྱབ་པ་བྱིན་ནས་རྡོ་རྗེ་ཐེག་པའི་བསྟན་པ་ཆེས་དར་ཞིང་རྒྱས་པར་མཛད། གཞན་ཡང་མངས་རིས་སུ་དགོན་པ་གསར་འདེབས་ཤིན་ཏུ་མང་པོ་བྱུང་ཞིང་གསང་སྔགས་ཀྱི་བཤད་པ་དང་ཕྱག་ལེན་དར་བར་བྱུང་། ལ་སྟོད་ལྷོར་རྗེ་ཉིད་ཀྱི་གདན་ས་བཤེས་གཉེན་བློ་གྲོས་རྒྱལ་མཚན་པས་རྒྱུད་གྲྭ་ཕུག་ཆོས་འཁོར་གླིང་བཏབ་པ་དང་བཤད་པ་དང་ཕྱག་ལེན་བཙུགས། ཡར་འབྲོག་མངོན་དགར་སྔགས་རབ་འབྱམས་པ་འཇམ་དཔལ་གྲགས་པས་རྒྱུད་བཤད་དང་སྒྲུབ་མཆོད་ཀྱི་ཕྱག་ལེན་མཐའ་ཡས་པ་བཙུགས་ཤིང་དེའི་དགོན་ཕྲན་མང་པོར་ཆོ་ག་ཕྱག་ལེན་གྱི་མེ་ལྕེ་འབར་བ་ལྟར་ཤིན་ཏུ་དར་བར་གྱུར་བ་སོགས་དེ་ཙམ་ཞིག་བསྟན་པའི་རྩ་བར་བྱུང་བ་ཡིན་གྱི་འདུས་ཆེན་གྱི་བསྟན་འཛིན་མ་ལུས་པ་དང་དགོན་པ་མ་ལུས་པ་བྱུང་ཚུལ་ཐམས་ཅད་བྲི་བར་མི་ནུས་སོ། །མདོར་ན་བོ་དོང་སྐྱེས་བུ་བདུན་ལ་སོགས་པར་བསྟན་པ་གཏད་ནས་སྔར་ཕན་གདན་ས་རྒྱུད་པས་གདན་ས་བཟུང་། སྤྲུལ་སྐུ་རྒྱུད་པས་འཆད་ཉན་སྤེལ་ནས། གསུང་རབ་ཁྱད་དུ་འཕགས་པ་དེ་ཉིད་འདུས་ཆེན། ལྟ་བ་ཁྱད་དུ་འཕགས་པ་ཟབ་གསལ་ཟུང་འཇུག་སོགས་ཁྱད་འཕགས་པ་བཅུ་གཅིག་གི་སྒོ་ནས་འདུས་ཆེན་གྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་གོང་དུ་སྤེལ་ནས་དར་སྤེལ་མཛད་ཅིང་། དམ་པ་ཉིད་སྐུ་མྱ་ངན་ལས་འདས་རྗེས་རྟེན་དུ་ལྷོ་བྱང་མངའ་གསུམ་གྱི་དད་ལྡན་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་རྡོ་རྗེ་དང་། བོ་དོང་ཨེའི་གདུལ་བྱ་རྣམས་ཀྱིས་རྟེན་དུ་འཇིགས་བྲལ་དུད་སྐུ་མ་བྱིན་ཅན། ཡར་འབྲོག་སྒང་གསུམ་སོགས་དབུས་ཕྱོགས་ཀྱི་དད་ལྡན་རྣམས་ཀྱིས་རྟེན་དུ་འཇིགས་བྲལ་ང་ཐིམ་མ་སོགས་བཞེངས་པ་དང་། སྐུ་གདུང་གི་རིང་བསྲེལ་དཔག་ཏུ་མེད་པ་བཅས་གང་ལ་གང་གདུལ་གྱིས་ནམ་མཁའ་ཇི་སྲིད་གནས་པའི་བར་དུ་འགྲོ་དོན་མཛད་ཅིང་བཞུགས་པ་ཡིན་ནོ། །

བཞི་པ།  མཁན་ཐོག་ཕྱི་མ་སྤྱི་དང་རྡོ་རྗེ་ཕག་མོ་རིམ་བྱོན་གྱི་སྐབས།

དེ་རྗེས་རྗེ་ནམ་མཁའ་དཀོན་མཆོག་དང་། རྗེ་ནམ་མཁའ་རྡོ་རྗེ་གཉིས་ཀྱིས་འབུམ་ཕྲག་གསུམ་པའི་ཁྲིར་བཞུགས་ནས་འཕྲིན་ལས་བསྐྱངས། དེ་ནས་སྨྲ་བའི་སེང་གེ་ཞེས་པ་དང་། རྗེ་ཤེས་རབ་རྒྱལ་མཚན། ཐམས་ཅད་མཁྱེན་པ་ནམ་མཁའ་རིན་ཆེན། གཞན་ཡང་མཁན་ཐོག་འགའ་ཞིག་གི་མཚན་ངོས་འཛིན་གསལ་པོ་མ་ཐུབ་པ་ཁྱོན་མཁན་ཐོག་ལྔ་ཙམ་བྱོན་ཞིང་། དེ་རྗེས་སྡིངས་མ་བ་བསླབ་གསུམ་བསྟན་པའི་རྒྱལ་མཚན། མཁས་གྲུབ་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་དཔལ་ཨེའི་ཆོས་གྲྭ་ཆེན་པོའི་གདན་སར་བཞུགས་ནས་ལོ་ཤས་བསྐྱངས། དེ་རྗེས་འཆི་མེད་འོད་ཟེར་གྱིས་གདན་ས་བསྐྱངས་པར་མངོན་ཞིང་། ཁོང་ནི་བདེ་མཆོག་འཁོར་ལོ་སྡོམ་པའི་རྣམ་སྤྲུལ་རིམ་པར་བྱོན་ཞིང་། ལྷག་པར་བོ་དོང་གི་སྒྲུབ་རྒྱུད་འཛིན་པ་ལ་འཕྲིན་ལས་ཀྱི་འཇུག་སྒོ་མཆོག་ཏུ་ཡངས་པ་འཆི་མེད་སྐུ་ཕྲེང་རིམ་བྱོན་གྱི་གསུམ་པར་བྱོན་ཞིང་། ཤས་ཆེར་བྱ་བྲལ་གྱི་རྣམ་པས་བོ་དོང་གི་གདན་ས་སྟོད་སྨད་གང་སར་ཕེབས་པ་ཞིག་ཡིན། དེ་རྗེས་མཁན་ཐོག་གཉིས་ཙམ་གྱི་མཚན་ངོས་བཟུང་མ་ཐུབ་པས་འདིར་བརྗོད་པར་དཀའ། དེ་ནས་བོ་དོང་གི་རིང་ལུགས་འཛིན་པ་ལ་ཐུགས་སྐྱེད་དང་སྨོན་ལམ་ཕུལ་དུ་བྱུང་བས། སྐུ་ཐོག་རེ་རེའི་འཕྲིན་ལས་ཀྱང་ཆ་ཤས་ཕྲ་མོ་ཀྱང་དེ་ཉིད་འདུས་པའི་རིང་ལུགས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། ཡར་འབྲོག་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེ་ནས་བཟུང་།  ད་ལྟའི་བདེ་ཆེན་ཆོས་ཀྱི་སྒྲོན་མེ་བར་སྐུ་ཕྲེང་བཅུ་གཉིས་ཕེབས་ཤིང་།  བར་ལམ་སྣོད་བཅུད་རྒུད་པ་སྣ་ཚོགས་ཀྱིས་བོ་དོང་པའི་བསྟན་པ་སྤྱི་དང་བྱེ་བྲག་གདན་ས་འདི་ཉིད་ལ་ཉམས་རྒུད་ཆེན་པོ་བྱུང་ཡང་སྐྱེ་འགྲོའི་ལས་བསོད་དང་། གདུལ་བྱའི་བསྐལ་བས་མ་ཆུན་པས་ཉམས་རྒུད་བྱུང་།  ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཀྱི་གཟི་འོད་འབར་བ་མང་དུ་བཞུགས། ལྷག་པར་གཡུ་རྩི་ཅན་གྱི་རྒྱ་ཕིབས་དང་། བོ་དོང་ཇོ་བོ། རྟེན་གཙོ་དུས་གསུམ་སངས་རྒྱས་ཐོག་རྩེགས། དགའ་ལྡན་ལྷ་ཁང་། དཔང་ལོ་ཙྭ་བ་བློ་གྲོས་བརྟན་པའི་གཟིམ་ཆུང་བོ་དོང་གཟིམ་ཁང་། ཡེ་ཤེས་མཆོད་རྟེན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གཟིམ་ཆུང་བོ་དོང་བླ་བྲང་དཀར་པོ། རྡོ་རྗེ་ཕག་མོ་སྐུ་འཕྲེང་རིམ་བྱོན་གྱི་གཟིམ་ཆུང་བོ་དོང་བླ་བྲང་། ལྷ་མོ་སྒང་གི་ལྷ་མོ་དམ་སྦྱར་མ་སོགས་སྣོད་བཅུད་གང་ནས་ཁྱད་པར་འཕགས།

 སྤྱི་ལོ་༡༩༥༨ལོར་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆེན་པོ་མཆོག་བོ་དོང་ཨེའི་འདུས་སྤྱི་ནས་ཕེབ་རྒྱུའི་གསོལ་བ་བཏབ་པ་བཞིན་བོ་དོང་ཨེ་དགོན་པར་ཆིབས་སྒྱུར་གནང་ནས་འདུ་ཁང་དང་མཆོད་རྟེན་སོགས་ལ་རབ་གནས་གནང་བའི་སྐལ་བ་བཟང་པོར་ཐོབ། དེ་ནས་རིག་གསར་སྐབས་སྤྱི་ལོར་༡༩༦༦་ལོར་བོ་དོང་ཨེ་དགོན་པའི་ནང་རྟེན་སོགས་ཉམས་ཆགས་སུ་ཕྱིན་རུང་། འདུ་ཁང་ཉམས་ཆགས་གང་ཡང་བྱུང་མེད་དེ་ནས་ལོ་གསུམ་ཙམ་ནས་འབྲུ་ཁང་ལོ་བཅུ་ཙམ་བསྡད་ནས་སྤྱི་ལོར་༡༩༧༨་ལ་འདུ་ཁང་སོགས་ཚང་མར་གཏོར་སྐྱོན་བྱུང་། རིག་གནས་གསར་བརྗེའི་ཁྲོད་མི་ལོ་དགུ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་རིན་བྲལ་གྱི་རིག་དངོས་གང་མང་རྩ་མེད་དུ་ཕྱིན་ཡོད། དུས་འགྱུར་གྱི་དབང་གིས་བསྟན་པ་སྤྱི་དང་བྱེ་བྲག་འདུས་ཆེན་གྱི་བསྟན་པ་འདི་ཉིད་ལའང་ཉམས་ཆགས་ཆེན་པོ་བྱུང་ཡོད།

ལྔ་པ།   བསྟན་པ་ཡང་དར་གྱི་སྐབས་སུ་དགོན་པ་སླར་གསོ་ཞུས་ཚུལ།

དེ་རྗེས་ཏང་གི་ཆོས་དད་རང་མོས་ཀྱི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་ནས་སྤྱི་ལོར་༡༩༨༧་ལོར་དགེ་བའི་བཤེས་གཉེན་དམ་པ་རྣམས་ཐུན་མོང་གིས་འགན་འཁུར་ནས་འདུ་ཁང་ཀ་བ་བཅུ་གཉིས་ཅན་ཞིག་ཉམས་གསོ་གནང་། ད་ལྟའི་སྐབས་སུའང་དགོན་དེ་ཉིད་སྔར་གྱི་གཙུག་ལག་ཁང་གི་རྣམ་པ་ཇི་བཞིན་རྒྱས་བསྐྲུན་གནང་དང་གནང་མུས་ཡིན་པ་མ་ཟད། བོ་དོང་ཨེ་ཆོས་སྡེའི་བཤད་གྲྭ་དང་། ཡར་འབྲོག་བསམ་སྡིངས་དགོན་འདུས་ཆེན་ཆོས་ཀྱི་སྒྲོན་མེ་བཤད་གྲུབ་དར་རྒྱས་སློབ་གླིང་དང་། སྤོང་རོང་དཔལ་མོ་ཆོས་སྡིངས་བཤད་གྲྭ་ལ་སོགས་པར་དཔལ་དེ་ཉིད་འདུས་པའི་གཞུང་ལུགས་ནས་བཤད་པའི་རྒྱུན་བཙུགས་ཤིང་བཤད་སྒྲུབ་ཀྱི་འཆད་ཉན་འཕེལ་བཞིན་ཡོད་པ་རེད།

 ད་ལྟའི་སྐབས་སུ་བསྟན་འགྲོ་སྤྱི་ལ་ཐུགས་བརྩེ་ཞིང་རྒྱལ་བའི་བསྟན་པ་རིས་མེད་དཀར་འཇམ་ཡུག་གཅིག་ཏུ་སྐྱོང་བའི་སྨོན་ལམ་གྱི་མཐུན་གྲུབ་ཅིང་།  གང་ན་ཉམས་ཤིང་རྒུད་པའི་རྟེན་གནས་བྱིན་ཅན་ཁག་ཉམས་གསོའི་འཕྲིན་ལས་རྨད་དུ་བྱུང་བ་སྐྱབས་རྗེ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨྲས་ན་༧ཉི་མ་རིན་པོ་ཆེ་མཆོག་དང་།   མཆོག་སྤྲུལ་ཀརྨ་གཞན་ཕན་མཆོག་གི་ཐུགས་རྗེའི་ཉི་འོད་འོག་ཏུ་སྔར་ལས་དར་ཞིང་འཕེལ་བ་མ་ཟད་མིག་སྔར་དཔལ་བོ་དོང་ཨེའི་བཤད་གྲྭ་སོགས་དཔལ་དེ་ཉིད་འདུས་པའི་གཞུང་ལུགས་ནས་བཤད་པའི་རྒྱུན་བཙུགས་ཤིང་བཤད་སྒྲུབ་ཀྱི་འཆད་ཉན་འཕེལ་བཞིན་འཆིས།

 བོ་དོང་ཨེའི་སྐུ་ཞབས་རྣམས་ཀྱིས་འགན་འཁུར་འོག་གཙོ་བོ་གཡུ་ཐོག་གྲོང་ཚོ་དང་། མཐའ་སྐོར་གྱི་གྲོང་ཚོ་ཁག་གི་ལས་ཀའི་ནུས་ཤུགས་འོག་སྔར་གྱི་གཙུག་ལག་ཁང་གི་རྣམ་པ་ཇི་བཞིན་རྒྱས་བསྐྲུན་གནང་དང་གནང་མུས་ཡིན་པས་དད་ལྣ་ཡོངས་ཀྱི་འདྲེན་བྱེད་ལམ་གྱི་དགའ་སྟོན་དུ་སྣང་བ་བཅས་དཔལ་བོ་དོང་ཨེ་ཆོས་སྡེའི་བྱུང་བ་ཉུང་བསྡུས་འདི་ཉིད་དཔལ་ཨེའི་བཙུན་པ་དྲྭ་མིང་གཙང་སྟོད་ཨེ་འབོད་པ་དེ་བྲིས་པ་དགེ་ལེགས་འཕེལ།

བརྒྱུད་སྐུལ།

མཆན་སྤེལ།