ཡང་དག་དོན་ལྡན་དྲུག་ཅུའི་གསུང་གིས་ཆགས་སོགས་ཉེས་ཀུན་ལྷག་མེད་འཇོམས། །
རླབས་ཆེན་ཐབས་ཤེས་ཟུང་དུ་འཇུག་པས་ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན། །
འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པ་འཇམ་དབྱངས་ཆོས་རྗེའི་ཞབས་ལ་འདུད། །
ཕས་རྒོལ་ལོག་རྟོག་བྲག་རི་འཇོམས་པའི་བློ་གསལ་རྣམ་དཔྱོད་ཐོག་གི་མདའ། །
འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་འཕགས་ཚོགས་སྟག་སེང་འདུས་པའི་སྡེ།།
རྨད་བྱུང་ངོ་མཚར་འབུམ་གྱིས་ཕྱུག་འདིར་སུམ་རྩེན་པ་ཡང་སྨོན་པ་སྐྱེས། །
རབ་བརླིང་རྒྱུད་སྡེ་བཞི་ལ་བྱང་བའི་འབྲས་ལྡན་མགོ་ལྕོག་འདི་ན་ལྡེམ།།
རབ་མཛེས་དབྱངས་ཅན་མགྲིན་པར་བཞུགས་པའི་སྙན་སུམ་སྨྲ་མཁས་འདི་ན་འཛོམས།།
རབ་མང་ཤེས་རིག་ནོར་གྱིས་ཕྱུག་པའི་ལྔ་ཟུང་བང་མཛོད་འབྲས་དཀར་སྤུངས།།
ཉམ་ཐག་ལུས་ཅན་རྗེས་སུ་འཛིན་པའི་བཟོ་གསོའི་ཆར་སྤྲིན་སྟུག་པོ་འཁྲིགས།།
འགྲོ་རྣམས་བྱང་ཆེན་གནས་ལ་འགོད་པའི་ནང་རིག་འོ་མའི་དབྱར་མཚོ་རྒྱས། །
འདི་ནི་བཅུ་ཕྲག་རིག་པའི་མཛོད་ཆེན་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ།།
ཇི་སྲིད་འཁོར་བའི་ལྷག་མ་མ་རྫོགས་དེ་སྲིད་བསྟན་འགྲོའི་དཔུང་གཉེན་དུ། །
འཕགས་ནོར་བདུན་གྱིས་ཐུགས་རྒྱུད་ཕྱུག་པའི་བསྟན་འཛིན་སྐྱེས་བུས་ཡོངས་གང་སྟེ།།
མཐའ་ཀླས་འགྲོ་བའི་བསོད་ནམས་ཞིང་དུ་ཕན་བདེའི་དགེ་མཚན་རྒྱས་གྱུར་ཅིག །
ཉོན་ཤེས་ལོག་ལམ་མ་ལུས་དྲུང་ཕྱུང་སྟེ།།
དུས་གསུམ་གདུལ་བྱ་རྒྱ་མཚོ་འདྲེན་པའི་མགོན།།
ཐུབ་དབང་བསྟན་པའི་བདག་པོར་གུས་ཕྱག་འཚལ།།
མཐའ་འཁོབ་གངས་རིས་བསྐོར་བའི་བོད་ཡུལ་གྱི།།
བླང་དོར་མུན་པ་འཐིབས་པའི་གདུལ་བྱ་ལ།།
བརྩེ་བ་ལྷག་ཏུ་ཟབ་པའི་ལས་ཀྱི་རྗེ།།
ལྷ་གཅིག་སྤྱན་རས་གཟིགས་ལ་གུས་ཕྱག་འཚལ།།
ལུགས་གཉིས་མངའ་སྒྱུར་ས་སྐྱོང་སྲོང་བཙན་དང་།།
ཆོས་རིག་འདྲེན་མཛད་སློབ་དཔོན་ཐོན་མིའི་ཞབས།།
ཐུགས་རྗེའི་གཏེར་གྱུར་ཆོས་རྒྱལ་ལོ་པཎ་ལ།།
དད་དམ་གཙང་མས་སྒོ་གསུམ་གུས་ཕྱག་འཚལ།།
རབ་འབྱམས་གཞུང་གི་འཆི་མེད་བདུད་རྩིའི་བཅུད།།
རྣམ་དག་ཐུགས་ཀྱིས་ཅི་འདོད་སྩོལ་མཛད་པའི།།
ཐུགས་རྗེའི་ཟླ་བྲལ་མཚུངས་མེད་བཤེས་རྣམས་ལ།།
དད་དམ་གཙང་མས་སྒོ་གསུམ་གུས་ཕྱག་འཚལ།།
དུས་རབས་རླུང་གིས་སྐུལ་བའི་ཀོ་གྲུ་བཞིན།།
ངེས་མེད་ཡིད་རྟོན་བྲལ་བའི་རྒྱུད་རིམ་འདིས།།
དར་རྒུད་སྣ་ཚོགས་བྱུང་བའི་རིག་གཞུང་ཡང་།།
ངལ་བའི་ཨ་ཐང་ཆད་པ་ཐེངས་མང་བྱུང་།།
སྔོན་ཚེ་ལྷ་ཡི་སྐད་ལ་བསྒྲུན་གཟོད་པའི།།
སྐད་ཡིག་གསེར་གྱི་ཉིན་བྱེད་འོད་སྟོང་ཅན།།
དེང་འདིར་ཐན་པས་གཙེས་པའི་ལོ་ཏོག་བཞིན།།
ཉིན་བཞིན་མི་སྡོད་ཧ་ལམ་འཇིག་ལ་ཁད།།
ཚུལ་འདི་སྙིང་ལ་མི་བཟོད་སྐྱེས་ཆེན་འགས།།
རྣམ་དག་ལེགས་པའི་ལམ་སྟོན་མང་མོད་ཀྱང་།།
དེང་དུས་རང་རིགས་རྒན་གཞོན་ཆེས་གཡེང་ནས།།
དབྱངས་གསལ་བཀོལ་སྤྱོད་བྱེད་མཁན་དཀོན་ཙམ་སྣང་།།
དེ་འདྲའི་ཉ་ང་ཉག་ཕྲའི་གནས་སྟངས་འོག།
ལྷག་བསམ་འོད་དུ་འཚེར་བའི་སྐྱེས་ཆེན་འགས།།
ཡིག་གཟུགས་དུས་ཆེན་བསུ་བའི་ཉིན་མོ་ཞིག།
བཞི་པའི་སུམ་ཅུར་དངོས་སུ་གཏན་ལ་དབབ།།
འདི་ན་སྣ་ཚོགས་ཡི་གེའི་གཟུགས་རིས་ཡོད།།
འདི་ན་མཁས་དབང་དུ་མའི་རྗེས་ཤུལ་ཡོད།།
འདི་ན་ན་གཞོན་དུ་མའི་ཕུག་བསམ་ཡོད།།
འདི་ན་མི་རིགས་ཤིག་གི་རེ་བ་ཡོད།།
ལྗང་མྱུག་གིས།