དཔལ་ལྡན་ས་སྐྱ་པཎྜི་ཏའི་གཏམ་སྙན་བཞུགས་ཁྲིའི་ལོ་རྒྱུས་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།

དཔལ་ལྡན་ས་སྐྱ་པཎྜི་ཏའི་གཏམ་སྙན་བཞུགས་ཁྲིའི་ལོ་རྒྱུས་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན།

འཇམ་དབྱངས་རྣམ་འཕྲུལ་བསྟན་འཛིན་ཡོངས་ཀྱི་རྒྱན། །

འཛམ་གླིང་ཆེ་རྒུས་གཙུག་གིས་མཆོད་པའི་གནས། །

བསིལ་ལྗོངས་ཐུགས་རྗེས་སྐྱོང་བའི་སྐུ་དྲིན་ཅན། །

མཚུངས་མེད་ཆོས་རྗེ་ཁུ་དབོན་རྟག་ཏུ་རྒྱལ། །

ཞེས་ཤིས་པར་བརྗོད་པའི་ཚིག་གིས་དགེ་ལེགས་སུ་བྱས་ཏེ་འདིར་དཔལ་ལྡན་ས་སྐྱ་པཎྜི་ཏའི་གཏམ་སྙན་བཞུགས་ཁྲི་ཞེས་གྲགས་པ་འདིའི་ལོ་རྒྱུས་དང་། ཉམས་གསོ་ཇི་ལྟར་བྱས་ཚུལ་ཅུང་ཟད་བརྗོད་ན། དེ་ཡང་གཏམ་སྙན་བཞུགས་ཁྲི་ཞེས་གྲགས་པའི་རྒྱུ་མཚན་ནི། འཇམ་མགོན་ས་སྐྱ་པཎ་ཆེན་དབུས་ཕྱོགས་སུ་ཡུན་རིང་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་པའི་དུས། རབ་བྱུང་བཞི་པའི་ཤིང་མོ་ལུག་སྤྱི་ལོ་ ༡༢༣༥ ལོའི་བོད་ཟླ་གསུམ་པའི་ཚེས་དྲུག་ཉིན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དེ་ཉིད་ཡབ་ཆོས་རྗེ་ས་པཎ་གྱི་སྐུ་ཡི་གཅུང་པོ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་། ཡུལ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་ཡབ་དགུང་ལོ་ལྔ་བཅུ་ང་གཉིས་བཞེས་པའི་ཐོག་གཡས་རུ་ངམ་རིང་གི་ཀླུ་ཁང་དུ་སྐུ་འཁྲུངས་ཚུལ་གྱི་གཏམ་བཟང་འབུལ་མཁན་བང་ཆེན་གྱིས། ད་ལྟ་བཞུགས་ཁྲི་ཡོང་པའི་ས་འདིར་ས་པཎ་གཙོ་འཁོར་མཇལ་ནས་གཏམ་སྙན་ཞུས་པའི་ཚེ།ས་སྐྱ་པཎྜི་ཏ་ཆེན་པོས། དེ་རིང་གཏམ་དེ་ཤིན་ཏུ་སྙན།

སྲས་དེ་ཁྱད་དུ་འཕགས་པ་ཞིག་ཡོང་ངེས་གསུངས་ནས་གནས་དེར་དགའ་སྟོན་རྟེན་འབྲེལ་རྒྱ་ཆེན་པོ་མཛད། ཆོས་ཁྲི་བརྩེགས་པའི་སྟེང་དུ་བཞུགས་ནས་ཆོས་གསུངས། དེ་ནས་བཟུང་ས་པཎ་གཏན་སྙན་བཞུགས་ཁྲི་ཞེས་གྲགས་པ་བྱུང་། རྗེས་སུ་ས་སྐྱ་པཎྜི་ཏ་ཉིད་ཀྱིས་ཆོས་ཁྲི་དེའི་སྟེང་ནས་ཆོས་མང་པོ་གསུངས་པས་སློབ་མ་འབུམ་ཕྲག་ལོངས་པ་གནས་དེར་འདུས་ཤིང་། འབུམ་སྒྲོས་ལེགས་ཞེས་པ་སོགས་མཆོད་རྟེན་མང་པོ་བཞེངས་པའི་ཤུལ་ད་ལྟ་ཡང་མཇལ་དུ་ཡོད། དེ་ལྟར་ཡིན་པའི་སྒྲུབ་བྱེད་གྲོང་མི་རྒན་པོའི་ཁ་ཟེར་ལ་རེ་མི་དགོས་པར་ལོ་རྒྱུས་ཀྱི་ཡིག་ཆ་ཁུགས་ལྡན་གྱི་ནང་དུ་བཞུགས་ཁྲིའི་ངོ་བོ་དང་། གནས་ཡུལ། གཞན་གྱིས་དད་གུས་བསྙེན་བཀུར་ཇི་ལྟར་བྱེད་ཚུལ་སོགས་རྩོད་པ་མེད་པ་གསལ་པོར་བསྟན་ཡོད་དེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དབུས་གཙང་གནས་ཡིག་དད་པའི་ས་བོན་ལས། ལྷོ་ཁ་ཁྲ་འབྲུག་ནས་གྱེན་དུ་ཕྱིན་པ་ན་ས་སྐྱ་པཎྜི་ཏའི་གཏམ་སྙན་བཞུགས་ཁྲི་ཞེས་པ་ཡོད་ཅེས་གསུངས་པས། ཆོས་ཁྲི་དེ་ཁྲ་འབྲུག་གཙུག་ལག་ཁང་ནས་གྱེན་དེད་དུ་ཡོད་པ་གསལ་པོར་བསྟན་ཅིང་། རྒྱལ་མཆོག་ལྔ་པའི་དབུ་བླ་བཅོ་བརྒྱད་མཁྱེན་རབ་བྱམས་པའི་རྣམ་ཐར་ལས། ཁྲ་འབྲུག་དང་ཡུམ་བུ་བླ་མཁར་སོགས་ལ་གནས་མཇལ་དུ་ཕྱིན། ལམ་དུ་འཇམ་མགོན་ས་སྐྱ་པཎྜི་ཏ་དབུས་ཕྱོགས་སུ་ཡུན་རིང་བཞུགས་དུས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་འཁྲུངས་པའི་གཏམ་སྙན་འབུལ་མཁན་བྱུང་དུས་བཞུགས་སའི་གཏམ་སྙན་བཞུགས་ཁྲིར་གྲགས་པ་དེར་བསྡད། ཆོས་བཤད། དེ་དུས་ཤིང་འབྲས་སྟེར་སྦྱིན་བྱེད་མི་མང་པོ་བྱུང་བས་རྟེན་འབྲེལ་ལེགས་པར་སེམས།


བཞུགས་ཁྲིའི་སྟེང་དུ་དར་དཀར་གྱི་ཅོད་པན་ཆེན་པོ་བཙུགས། གནས་མཇལ་དང་ཕྱག་མཆོད་ཀྱང་རྒྱས་པར་བྱས། ཞེས་དང་། ས་ཆེན་ཀུན་དགའ་བློ་གྲོས་ཀྱི་མཛད་རྣམ་ལས། ཁྲ་འབྲུག །ཡུམ་བུ་བླ་མཁར། རྟག་ཆེན་འབུམ་པ་བར་གནས་མཇལ་ལ་ཕྱིན། གཏམ་སྙན་བཞུགས་ཁྲིར་གནས་གསར་རྗེས་ཐབ་བསུ་རྒྱ་ཆེར་འདུག །དེར་བསྡད་ནས་ཆོས་རྒྱལ་འཕགས་པ་སོགས་ཀྱི་ཆོས་འབྱུང་རྒྱས་པར་བཤད་པས་ཐུགས་དགྱེས་པོ་བྱུང་སོང་། ཞེས་དང་། ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་ལས། ཡར་ཀླུང་དབོན་རིན་པོ་ཆེ་ནས་གདན་འདྲེན་ཞུས་པར་ཕེབས་ལམ་དུ་ཆོས་རྒྱལ་འཕགས་པ་སྐུ་འཁྲུངས་པའི་གཏམ་སྙན་ས་པཎ་གྱིས་གསན་པའི་གཏམ་སྙན་ཆོས་ཁྲི་ལ་བཀྲས་བཏགས་ཀྱི་དར་ལྕོག་ཅིག་གནང་། ཞེས་གསུངས།གཞན་ཡང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས་གཙོས་ས་སྐྱའི་གདུང་རྒྱུད་རིན་པོ་ཆེའི་སྐྱེས་ཆེན་དུ་མ། དཔལ་བསམ་ཡས་ཀྱི་ཁྲི་འཛིན་དང་དབུས་ཕེབས་ཆེན་མོའི་སྐབས་སོགས་ཁྲ་འབྲུག་དང་ཡུམ་བུ་བླ་མཁར་སོགས་ལ་གནས་མཇལ་དང་འབྲེལ། ཆོས་ཁྲི་རིན་པོ་ཆེ་འདིར་ཡང་ཕྱག་མཆོད་འབུལ་བ་དང་ཆོས་གསུངས་ཚུལ་སོགས་ཀྱིས་མཚོན་འདིའི་ལོ་རྒྱུས་གསལ་བའི་ལུང་ཚོགས་མང་དུ་སྣང་མོད་རེ་ཞིག་འདི་ཙམ་ཞིག་གིས་འཐུས་པར་བྱས། དེས་ན་བཞུགས་ཁྲི་འདི་ཉིད་ཆོས་རྒྱལ་འཕགས་པ་སྐུ་འཁྲུངས་པའི་ལོ་ནས་ད་ལྟ་རབ་བྱུང་བཅུ་བདུན་པའི་མེ་གླང་འདི་ཡན་ལ་ལོ་བདུན་བརྒྱ་དྲུག་ཅུ་རེ་གཉིས་སོང་བའི་ལོ་རྒྱུས་ལྡན་ཡོད་པ་ཞིག་ཡིན།

དེ་ལྟ་བུའི་བཞུགས་ཁྲི་རྩ་ཆེན་དེ་ཉིད་རིག་གནས་གསར་བརྗེའི་ནང་གཏོར་བཤིག་བཏང་སྟེ་རྗེས་ཤུལ་ཙམ་ལས་མི་འདུག་པ་དེ་ཉིད་དེ་མུས་སུ་ལུས་ན་རིང་པོར་མི་ཐོགས་པར་ལོ་རྒྱུས་རྩ་སྟོངས་འགྲོ་ངེས་བློ་ཡིས་མ་བཟོད་པར། ཕྲན་ནས་འབྲེལ་ཡོད་གོང་རིམ་ལ་ཆོག་མཆན་ཞུས་ཐོབ་ལྟར་རྒྱུ་ཡོན་སྦྱོར་ཏེ་བོད་མེ་བྱི་སྤྱི་ལོ་ ༡༩༩༦ ལོ་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ས་སྐྱ་པཎྜི་ཏ་སྐུ་འཁྲུངས་པའི་དུས་ཆེན་དགེ་བའི་ཉིན། རྩིས་ལུགས་དང་བསྟུན་པའི་བཅོས་རིམ་རྟེན་འབྲེལ་ལེགས་བསྒྲུབ་ཀྱིས་ཉམས་གསོའི་དབུ་བཙུགས། ས་རྡོ་ཞིག་ཧྲལ་རྣམས་གཙང་སེལ་བྱེད་སྐབས་སྔོན་གྱི་རྩིག་རྨང་དང་། སྒོ་ཐེམ། དབུས་སུ་བཞུགས་ཁྲི་རྒྱབ་ཡོལ་བཅས་པའི་རྩིག་པ་དོན་ནས་ཡིད་ཆེས་ངེས་རྙེད་བྱུང་སྟེ་བཞུགས་ཁྲི་རྙིང་པའི་ས་རྡོ་ཚང་མ། ད་ལྟའི་བཞུགས་ཁྲི་གསར་པ་འདིའི་ནང་དུ་བཞུགས་སུ་གསོལ་ཏེ་རྔམ་བརྗིད་ཆེ་བའི་སེངྒེས་བཏེག་པའི་ས་ཁྲི་འདི་ཉིད། ཁྲི་འདུ་བསྐལ་བཟང་དགོན་གྱི་དགེ་སློང་བསོད་ནམས་ཚེ་འཕེལ་ལགས་ཀྱིས་གསར་བཞེངས་གནང་བ་རེད། ཕྱི་ཡི་ཁང་པའང་ཁོང་དང་། །ནཱ་ལེནྡྲའི་གྲྭ་ངག་དབང་ཕུན་ཚོགས་ལགས་ཟུང་གིས་ཐོག་མཐའ་བར་གསུམ་དུ་ལས་འགན་བཞེས་ནས་སྔར་ལས་ཅུང་ཟད་རྒྱ་བསྐྱེད་དེ་ལྕགས་རི་དང་བཅས་པ་ལེགས་གྲུབ་བྱུང་།

འདི་སྐབས་ས་ཁུལ་དེ་གའི་གྲོང་ཚོའི་ལས་དམངས་རྣམས་ནས་རྒྱབ་སྐྱོར་གང་གཟབ་གནང་བ་དང་ནོར་བུ་རིའི་གཏེར་འདོན་ལས་བཟོ་མང་པོ་ནས་དད་ཞེན་ཆེན་པོས། དཔལ་འབྱོར་དང་། ངལ་རྩོལ་ཞལ་འདེབས་མང་དུ་བྱུང་བ་རྣམས་བཞུགས་ཁྲི་ཁང་དེ་གར་དཀར་ཆག་ཏུ་འགོད་རྒྱུ་ཡིན། །དེ་ཡང་ཇི་སྐད་དུ། བདེ་བཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེངྒེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སངས་རྒྱས་སྲས་དང་བཅས་པས་གང་དུ་སྤྱོད་ལམ་རྣམ་བཞི་མཛད་པའི་གནས་ཐམས་ཅད་ཀྱང་འགྲོ་བའི་ཕྱག་མཆོད་ཀྱི་ཡུལ་དང་བསོད་ནམས་གསོག་པའི་རྟེན་ཡིན་ཞིང་། ཁྱད་པར་ཆོས་གནང་བའི་བཞུགས་ཁྲི་ནི་སངས་རྒྱས་ཀྱི་བསྟན་པ་འཆད་རྩོད་རྩོམ་པས་སྤེལ་ཞིང་གདུལ་བྱའི་འགྲོ་བ་རྣམས་ལ་མཐོ་རིས་དང་ཐར་པའི་ལམ་སྟོན་པའི་ཆོས་འཁོར་བསྐོར་ས་ཡིན་པས་ཤིན་ཏུ་རྩ་ཆེན་ཡིན། ལྷག་པར་དུ་ཨོ་རྒྱན་སངས་རྒྱས་གཉིས་པས་ཀློང་གསལ་མཁའ་འགྲོའི་སྙན་བརྒྱུད་ལས། ས་སྐྱ་ལོ་ཙཱ་ཀུན་དགའི་མིང་། །འཕགས་པའི་མིང་ཅན་གཉིས་བྱུང་ནས། །བོད་འབངས་སེམས་ཅན་བདེ་ལ་ཕན། །སངས་རྒྱས་བསྟན་པ་ལྔ་བཅུ་འཛིན། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན། །ཞེས་སྤྲུལ་གཞི་ཕྲིན་ལས་དང་བཅས་པ་ལུང་བསྟན་པའི་ཆོས་རྗེ་ཁུ་དབོན་དཔོན་སློབ་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཁྲི་བྱིན་ཆེན་འདི་ནི་བཤད་སྒྲུབ་ཀྱི་བསྟན་སྲོག །ས་ཡི་བཅུད། ཡུལ་གྱི་གཡང་ཆགས་པའི་བླ་རྡོ་ལྟ་བུ་ཡིན་པ་མ་ཟད། རྒྱ་བོད་འབྲེལ་བའི་ཐད་ཀྱི་རིག་དངོས་འགངས་ཆེན་ཞིག་ཀྱང་ཡིན་ཕྱིར། དད་ལྡན་ཆོས་བྱེད་རྣམས་ཀྱིས་ཕྱག་མཆོད་སྐོར་བ་ལ་འབད་ཅིང་། འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཀྱང་བདག་གཅེས་རྒྱབ་སྐྱོར་གནང་འོས་ཆེར་བར་སེམས་སོ། །


སྨྲས་པ། ཆོས་རྒྱལ་འཕགས་པ་འཁྲུངས་ཚུལ་བཟང་པོའི་གཏམ། །གཏམ་དེ་ཆོས་རྗེའི་སྙན་དུ་གསོལ་བའི་དུས། །དུས་མཁྱེན་ལུང་བསྟན་མཛད་དེ་ཀུན་ལ་སྙན། །སྙན་གྲགས་རྟེན་དུ་བཞུགས་ཁྲི་འདི་ཡང་བསྐྲུན། །ཇི་སྲིད་གདུལ་བྱའི་འགྲོ་ཁམས་མ་ཟད་པ། །དེ་སྲིད་འདུལ་བྱེད་རྒྱལ་བའི་ཕྲིན་ལས་གནས། །ཨེ་མ་གྲོལ་བ་བཞི་ལྡན་རྟེན་མཆོག་འདིའི། །ཕྲིན་ལས་ཉམས་མེད་སྔོན་བཞིན་གྲུབ་འདི་མཚར། །འདིར་འབད་ལེགས་བྱས་མཐུ་ཡིས་འབྲེལ་ཐོགས་གཙོས། །འགྲོ་ཀུན་ལེགས་ལམ་དགེ་བཅུའི་དཔལ་ལ་སྤྱོད། །རྒྱལ་བསྟན་ལེགས་བཤད་འཆད་རྩོད་རྩོམ་པ་རྒྱས། །སྲིད་ཞིའི་ལེགས་ཚོགས་འགྲན་བཞིན་འཕེལ་གྱུར་ཅིག །ཅེས་པ་འདི་ནི་ནཱ་ལེནྡྲའི་དགེ་མིང་ཚུལ་རྒྱན་པས་ཉམས་གསོ་གྲུབ་སྐབས་བྲིས་པ་བཀྲ་ཤིས། །

འགྲེལ་བཤད་ཡོང་ཁུངས། རྒྱལ་ཡོངས་ས་ཆེན་དྲ་བ།

བརྒྱུད་སྐུལ།

མཆན་སྤེལ།