དཔལ་ས་སྐྱའི་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུ་ཡི་རྣམ་ཐར།

དཔལ་ས་སྐྱའི་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུ་ཡི་རྣམ་ཐར།

༼ མདོ་ལ་མཁས་པ་གཡག་གཞོན་རོང་གསུམ།༽

 

༡༽ ཀུན་མཁྱེན་གཡག་སྟོན་པ་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་གྱི་རྣམ་ཐར།

འཁྲུངས་ཡུལ།  གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་དང་འདབས་ཉེ་བ་ས་སྐྱ་འཕྲང་ཞེས་བྱ་བ། འཁྲུངས་དུས།  བོད་རྒྱལ་ལོ་ ༡༤༧༧ ལོ་སྟེ་ཕྱི་ལོ་1350ལོའི་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་གི་ལོ། ཡབ་དང་ཡུམ།  ཡབ་རྩེ་ཐང་ག་གི་བྱང་ཆུབ་རིན་ཆེན།

རབ་ཏུ་བྱུང་དུས།  དགུང་ལོ་བཅུའི་ཐོག་སྟེ་རབ་བྱུང་དྲུག་པའི་ས་མོ་ཕག་གི་ལོ།

དགེ་ཚུལ་མཁན་པོ།  ༼མཆན།  ཁུངས་ལྡན་ཡིག་ཆ་མ་རྙེད་པས་དགོངས་མཁན་རྣམས་ཀྱིས་ལམ་སྟོན་གནང་རོགས།༽ དགེ་སློང་མཁན་པོ།  ༼མཆན།  ཁུངས་ལྡན་ཡིག་ཆ་མ་བརྙེད་པས་དགོངས་མཁན་རྣམས་ཀྱིས་ལམ་སྟོན་གནང་རོགས།༽

གདན་ས།  གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱ་དགོན།

བཤེས་གཉེན་གཙོ་བོ།  མཁན་ཆེན་བརྩོན་འགྲུས་དཔལ། གོ་འཇོ་ཡེ་ཤེས་དཔལ།

སློབ་མ་གཙོ་བོ།  རང་སྟོན་ཤེས་བྱ་ཀུན་རིག །རེད་མདའ་བ་གཞོན་ནུ་བློ་གྲོས།   གཞོན་ནུ་རྒྱལ་མཆོག་སོགས།

བརྩམས་ཆོས།  རྒྱལ་ཡུམ་ཤེར་ཕྱིན་གྱི་དགོངས་འགྲེལ་པོད་དགུ་སོགས་མཛད་ཅིང་ཤེར་ཕྱིན་གཡག་ལ་ཐུག་ཅེས་བཤད་སྲོལ་ཡོད། འདས་ལོ།  བོད་རྒྱལ་ལོ་ ༡༥༤༡ ལོ་སྟེ་ཕྱི་ལོ་ 1414 ལོ་རབ་བྱུང་བདུན་པའི་ཤིང་ཕོ་རྟའི་ལོ།

 

༢༽ སྨྲ་བའི་སེངྒེ་ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་གི་རྣམ་ཐར།

འཁྲུངས་ཡུལ།  མདོ་ཁམས་རྒྱལ་མོ་ཚ་བ་རོང་། འཁྲུངས་དུས།  བོད་རྒྱལ་ལོ་ ༡༤༩༤ ལོ་སྟེ་ཕྱི་ལོ་ 1367 ལོའི་རབ་བྱུང་དྲུག་པའི་མེ་མོ་ལུག་ལོ། ཡབ་ཡུམ།  ཡབ་གེ་གོང་རྒྱལ་པོ། ཡུམ་རྒྱ་གར་སྨན།

རབ་ཏུ་བྱུང་དུས།  དགུང་ལོ་ཉེ་གཉིས་བཞེས་པ་རབ་བྱུང་བདུན་ས་ཕོ་འབྲུག་གི་ལོ། དགེ་ཚུལ་མཁན་པོ།  དཔལ་གྲོ་སའི་མཁན་ཆེན་མཁས་བཙུན་ཀུན་དགའ་རྒྱལ་པོ། དགེ་སློང་མཁན་པོ།  དཔལ་གྲོ་སའི་མཁན་ཆེན་མཁས་བཙུན་ཀུན་དགའ་རྒྱལ་པོ།

གདན་ས།  མཁས་ཤིང་གྲུབ་པ་བརྙེས་དུ་མའི་བསྟི་གནས་འཕན་པོ་ན་ལེནྡྲ་དགོན་པ། བཤེས་གཉེན་གཙོ་བོ།  ཐམས་ཅད་མཁྱེན་པ་གཡག་སྟོན་སངས་རྒྱས་དཔལ། ཏཱ་དབེན་བློ་གྲོས་རྒྱལ་མཚན། དམར་སྟོན་ཐམས་ཅད་མཁྱེན་པ། མཁས་བཙུན་རིན་ཆེན་རྣམ་རྒྱལ་སོགས། སློབ་མ།  ཀུན་མཁྱེན་གོ་བོ་རབ་འབྱམས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།  མཉམ་མེད་ཤེས་རབ་རྒྱལ་མཚོ་སོགས་ཤིན་ཏུ་མང་ཞིང་། དམ་པ་འདི་དང་། བཅོམ་ལྡན་རིག་པའི་རལ་གྲི་དང་། ཕྱྭ་བ་ཆོས་ཀྱི་སེང་གེ་གསུམ་ལས་དངོས་སློབ་མང་བོད་ལ་མེད་པར་གྲགས།

བརྩམས་ཆོས།  མདོ་སྔགས་དུ་མའི་འགྲེལ་བ་འགྲེལ་བཤད་པོད་བཅུ་ལྷག་ཕྱོགས་བསྒྲིག་བྱས་ཡོད་ཅིང་ད་དུང་བོན་གྱི་ལྟ་གྲུབ་དང་འགྲེལ་བའི་བརྩམས་ཆོས་ཁ་ཤས་འདིའི་ནང་མ་འདུས་པའང་ཡོད་ས་རེད། འདས་ལོ།  བོད་རྒྱལ་ལོ་ ༡༥༧༦ ལོ་སྟེ་ཕྱི་ལོ་ 1449 ལོ་ས་མོ་སྦྲུལ་གྱི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཐོ་རེངས་དགའ་ལྡན་དུ་གཤེགས་སོ།།

 

༣༽ དཔལ་ལྡན་རྗེ་བཙུན་རེད་མདའ་བ་ཆེན་པོ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར།

འཁྲུངས་ཡུལ།  གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་དང་ཉེ་བར་རེ་མདའ་ཁབ་སོར་གྲགས་པ་དེར། འཁྲུངས་དུས།  བོད་རྒྱལ་ལོ་ ༡༤༧༦ ལོ་སྟེ་ཕྱི་ལོ་ 1349 ལོ་རབ་བྱུང་དྲུག་པའི་ས་མོ་གླང་གི་ལོ། ཡབ་ཡུམ།  ཡབ་རེད་མདའི་བློན་ཆེན་བཀྲ་ཤིས་རྒྱལ་མཚན། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ།

རབ་ཏུ་བྱུང་དུས།  དགུང་ལོ་བཅོ་བརྒྱད་ཀྱི་ཐོག་སྟེ་མེ་ཕོ་རྟ་ལོ། དགེ་ཚུལ་མཁན་པོ།  ས་བཟངས་པཎ་ཆེན། དགེ་སློང་མཁན་པོ།  ལྡོག་ལྷོད་པ་མཁན་ཆེན་ཀུན་དགའ་དཔལ་བཟང་པོ།

གདན་ས།  གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ། བཤེས་གཉེན་གཙོ་བོ།  དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྟོན་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ། མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ། སློབ་མ་གཙོ་བོ། རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ལས་སྟོད་པ་མཁན་ཆེན་བུདྡྷ་ཤྲཱི་སོགས་ཤིན་ཏུ་མང་།

བརྩམས་ཆོས།  འཛམ་གླིང་མཛེས་པའི་རྒྱན་མཆོག་བཀའ་ཆེན་བཞི། །རྩ་འཇུག་བཞི་གསུམ་ཐེག་ཆེན་རྒྱུད་བླ་དང་། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སོགས། །རྣམ་བཤད་བྱས་པའི་གཞུང་ལུགས་བཅུ་ཕྲག་གཅིག །གཞན་ཡང་བོད་ཡུལ་འགྱུར་བའི་བསྟན་བཅོས་དང་། །མདོ་དང་རྒྱུད་སྡེ་ཕལ་ཆེར་ལེགས་པར་བལྟས། །རང་གཞན་གྲུབ་མཐའི་དེ་ཉིད་འབྱེད་པ་ལ། །མཁས་པའི་མདུན་སར་མི་འཇིགས་སྤོབས་པ་ཐོབ། །ཅེས་ཉིད་ཀྱིས་གསུང་པར་ལྟར་ཤིན་ཏུ་མང་། ལྷག་པར་དུ་འདི་བ་ནས་འཇུག་པའི་འཆད་ཉན་ཤུགས་ཆེར་དར་ནས་དབུ་མ་རེ་ལ་ཐུག་ཅེས་བཤད་སྲོལ་ཡོད། འདས་ལོ། བོད་རྒྱལ་ལོ་ ༡༥༣༩ ལོ་སྟེ་ཕྱི་ལོ་ 1412 ལོའི་རབ་བྱུང་བདུན་པའི་ཆུ་ཕོ་འབྲུག་གི་ལོ།

 

༼ སྔགས་ལ་མཁས་པ་ངོར་རྫོང་ཚར་གསུམ།༽

 

༤༽ ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར།

འཁྲུངས་ཡུལ།  གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ། འཁྲུངས་དུས།  བོད་རྒྱལ་ལོ་ ༡༥༠༩ ཕྱི་ལོ་ 1382 ལོ་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱིའི་ལོ། ཡབ་ཡུམ།  ཡབ་དཔོན་ཚང་གྲུབ་པ་ཡོན་ཏན། ཡུམ་དགེ་བསྙེན་མ་བསོད་ནམས་དཔལ་འདྲེན།

རབ་ཏུ་བྱུང་དུས། དགུང་ལོ་དགུའི་ཐོག་སྟེ།  རབ་བྱུང་བདུན་པའི་ལྕགས་མོ་ལུག་གི་ལོར་རབ་ཏུ་བྱུང་། དགེ་ཚུལ་མཁན་པོ།  ཆོས་རྗེ་ཡེ་ཤེས་རྒྱལ་མཚན། དགེ་སློང་མཁན་པོ།  ཆོས་རྗེ་ཡེ་ཤེས་རྒྱལ་མཚན།

གདན་ས།  ངོར་ཨེ་ཝཾ་ཆོས་ལྡན་གྱི་དགོན་པ། བཤེས་གཉེན་གཙོ་བོ།  ཆོས་རྗེ་ཡེ་ཤེས་རྒྱལ་མཚན།  སློབ་དཔོན་བུདྡྷ་ཤྲཱི། གཡག་སྟོན་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་སོགས། སློབ་མ་གཙོ་བོ། མུས་ཆེན་དཀོན་མཆོག་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེངྒེ། པཎ་ཆེན་ཤཱཀྱཱ་མཆོག་ལྡན་སོགས། འདས་ལོ།  བོད་རྒྱལ་ལོ་ ༡༥༨༣ སྟེ་ཕྱི་ལོ་ 1456 ལོའི་རབ་བྱུང་བརྒྱད་པའི་མེ་ཕོ་བྱི་བའི་ལོའི་ས་ཟླའི་ཉེར་ལྔར་གཤེགས།

༥༽ རྫོང་པ་ཀུན་དགའ་རྣམ་རྒྱལ་མཆོག་གི་རྣམ་ཐར།

འཁྲུངས་ཡུལ།  བར་དབུས་གཙང་རུ་བཞིའི་ནང་གསེས་གཡོ་རུ། འཁྲུངས་དུས།  བོད་རྒྱལ་ལོ་ ༡༤༩༩ ལོ་སྟེ་ཕྱི་ལོ་ 1372 ལོ་རབ་བྱུང་དྲུག་པའི་ཆུ་ཕོ་བྱི་བའི་ལོ།  སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རེངས། ཡབ་ཡུམ།  ཡབ་རྒྱལ་བ་ཤེས་རབ། ཡུམ་དཔལ་ལྡན་རྡོ་རྗེ་བདེ་མ།

རབ་ཏུ་བྱུང་དུས།  དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པ་རབ་བྱུང་བདུན་པའི་ས་ཕོ་སྟག་གི་ལོ།

དགེ་ཚུལ་མཁན་པོ།  གནས་ལྔ་རིག་པའི་པཎྚི་ཏ་དཔལ་ཐུ་བཙུན་བསོད་ནམས་རྣམ་པར་རྒྱལ་བ། དགེ་སློང་མཁན་པོ།  གནས་ལྔ་རིག་པའི་པཎྚི་ཏ་དཔལ་ཐུ་བཙུན་བསོད་ནམས་རྣམ་པར་རྒྱལ་བ།

གདན་ས།  གངས་དཀར་ཆོས་སྡེ། བཤེས་གཉེན་གཙོ་བོ།  རྗེ་བཙུན་བྲག་ཐོག་པ་བསོད་ནམས་བཟང་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།  ཀུན་མཁྱེན་རྫོང་དཀར་བ་སངས་རྒྱས་འཕེལ་སོགས། སློབ་མ་གཙོ་བོ།  བདག་ཆེན་བསོད་ནམས་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ།  ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས། འདས་ལོ།  བོད་རྒྱལ་ལོ་ ༡༥༣༦ ལོ་སྟེ་ཕྱི་ལོ་ 1436 ལོའི་རབ་བྱུང་བདུན་པའི་མེ་ཕོ་འབྲུག་གི་ལོ།

༦༽ ཚར་ཆེན་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།

འཁྲུངས་ཡུལ།  རྨུ་གཤོང་དགེ་བའི་ཚལ། འཁྲུངས་དུས།  བོད་རྒྱལ་ལོ་ ༡༦༢༩ ལོ་སྟེ་ཕྱི་ལོ་ 1502 ལོ་རབ་བྱུང་བརྒྱད་པའི་ཆུ་ཕོ་ཁྱིའི་ལོ། ཡབ་ཡུམ།  ཡབ་ཆོས་རྒྱལ་རིན་ཅེན་དཔལ་བཟང་། ཡུམ་བོན་པོ་དབེན་རྩ་ཁ་པའི་སྲས་མོ་བཀྲ་ཤིས་ཨ་མཚོ།

རབ་ཏུ་བྱུང་དུས།  དགུང་ལོ་སོ་གཅིག་བཞེས་པ་རབ་བྱུང་དགུ་བའི་ཆུ་ཕོ་འབྲུག་གི་ལོ། དགེ་ཚུལ་མཁན་པོ།  ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དགེ་སློང་མཁན་པོ།  བསྟན་པའི་མངའ་བདག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ།

གདན་ས།  འདར་གྲོང་མོ་ཆེ་དགོན། མཁས་གྲུབ་དུ་མའི་བསྟི་གནས་འཕན་པོ་ནཱ་ལེནྡྲའི་དགོན་པ།  ཞ་ལུ་གསེར་བཀང་གི་ཆོས་གྲྭ་སོགས། བཤེས་གཉེན་གཙོ་བོ།  རྡོ་རིང་ཀུན་སྤངས་ཀུན་བཟང་ཆོས་ཀྱི་ཉི་མ།  ངོར་ཆེན་དཀོན་མཆོག་ལྷུན་གྲུབ།  སྒོ་རུམ་པ་ཆེན་པོ་སོགས་བཤེས་དྲུག་ཅུ་རྩ་བཞི་མཉེས་པར་བྱས།

སློབ་མ་གཙོ་བོ།  འཇམདབྱངས་མཁྱེན་བརྩེའི་དབང་ཕྱུག །མཻ་ཏྲི་བྱམས་པ་དོན་འགྲུབ་རྒྱལ་མཚན།རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སོགས། འདས་ལོ།  བོད་རྒྱལ་ལོ་ ༡༦༩༤ ལོ་སྟེ་ཕྱི་ལོ་ 1567 ལོ་རབ་བྱུང་བཅུ་པའི་མེ་མོ་ཡོས་ལོའི་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔར་ཞི་བར་གཤེགས།

༼ མདོ་སྔགས་གཉིས་ལ་མཁས་པ་གོ་ཤཱཀ་སྟག་གསུམ།༽

 

༧༽ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་རྣམ་ཐར།

འཁྲུངས་ཡུལ།  སྨར་ཁམས་སྒང་གི་ཆར་གཏོགས་པ་འབོམ་གྱི་ཡུལ།  གོ་འཇོ་རབ་གསལ་གྲོང་ཟིལ་བ་ཚང་། འཁྲུངས་དུས།  བོད་རྒྱལ་ལོ་ ༡༥༥༦ ལོ་སྟེ་ཕྱི་ལོ་ 1429 ལོ་ས་མོ་བྱའི་ལོའི་ཧོར་ཟླ་བརྒྱད་པའི་སྐར་མ་ལྷག་མཚམས། ཡབ་ཡུམ།  ཡབ་རུ་ཚ་ཞང་སྐྱབས། ཡུམ་རྒྱལ་བ་སྨན།

རབ་ཏུ་བྱུང་དུས།  དགུང་ལོ་བཅུའི་ཐོག་སྟེ་རབ་བྱུང་བདུན་པའི་ས་མོ་ལུག་གི་ལོ། དགེ་ཚུལ་མཁན་པོ།  འདུལ་འཛིན་བསོད་ནམས་འོད་ཟེར། དགེ་སློང་མཁན་པོ།  ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ།

གདན་ས།  རྟ་ནག་གསེར་གླིང་དང་ངོར་ཨེ་ཝཾ་དུའང་ཁྲི་རབས་ལྔ་པར་བཟུང་སྟེ་དགུང་ལོ་བཞིར་བཞུགས། བཤེས་གཉེན་གཙོ་བོ།  ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་མཁྱེན་སངས་རྒྱས་འཕེལ། རང་སྟོན་ཤེས་བྱ་ཀུན་རིག་སོགས། སློབ་མ།  མཚུངས་མེད་ཀྱི་སྐྱེས་ཆེན་གསུམ། ཚོགས་པ་ཆེན་པོའི་གཙུག་རྒྱན་ལྔ། སྔར་ཚར་གྱི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་ལྔ། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་བཅུ་གཉིས། ཕྱིས་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་དྲུག ཉི་ཟླ་ལྟ་བུའི་མཁས་པའི་སྐུ་སྐྱེ་གཉིས། གྲུབ་པའི་དབང་ཕྱུག་བདུན། གསུང་སྒྲོས་ཚུལ་བཞིན་འཛིན་པའི་མཁས་པ་སོ་གསུམ་སོགས་བགྲང་གིས་མི་ལང་བར་བསྐྲུན་པར་མཛད་དོ།།

བརྩམས་ཆོས།  གྲགས་ཆེ་བ་ལྟ་བ་ངན་སེལ་དང་ཐེག་མཆོག་གནད་ཀྱི་ཟླ་ཟེར་སོགས་པོད་བཅུ་གསུམ་བཞུགས་ཤིང་། རྒྱུད་བླའི་འགྲེལ་བ་སོགས་གང་མང་ཞིག་དུས་ཀྱི་འཕོ་འགྱུར་གྱིས་བརླགས་སོང་བར་བཤད། འདས་ལོ།  བོད་རྒྱལ་ལོ་ ༡༦༡༦ ལོ་སྟེ་ཕྱི་ལོ་ 1489 ལོ་རབ་བྱུང་བརྒྱད་པའི་ས་མོ་བྱའི་ལོ་ཧོར་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་བདེ་བ་ཅན་དུ་གཤེགས་སོ།།

༼མཆན། འཁྲུངས་ཡུལ་ལ་སྨར་ཁམས་སུ་འདོད་མཁན་ཞིག་དང་། གོ་འཇོར་འདོད་མཁན་གཉིས་འདུག་ཀྱང་ཆོས་ཀྱི་བློ་གྲོས་པས་ཕྱི་མར་ངོས་འཛིན་མཛད་འདུག་པས་རེ་ཞིག་ཁོ་བོས་ཀྱང་དེ་དང་བསྟུན། མཐའ་གཅིག་ཏུ་མ་ངེས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་འཚོལ་དགོས།༽

༨༽ གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་ཐར།

འཁྲུངས་ཡུལ།  དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭའི་ཞོལ་འདབས་སུ་གྱུར་པ་གསང་མདའ་བང་རིམ་ཞེས་བྱ་བ། འཁྲུངས་དུས།  བོད་རྒྱལ་ལོ་ ༡༥༥༥ ལོ་སྟེ་ཕྱི་ལོ་ 1428 ལོ། རབ་བྱུང་བདུན་པའི་ས་ཕོ་སྤྲེལ་ལོ། ཡབ་ཡུམ།  ཡབ་དཔོན་དྲུང་དམག་དཔོན་ནམ་མཁའ་དཔལ་འབར། ༼མཆན། ཁ་ཅིག་དེའི་སྐུ་མཆེད་གསང་ཕུའི་སློབ་དཔོན་དཔལ་ལྡན་བཟང་པོ་ཡབ་ཏུ་བཤད།༽ ཡུམ་རིག་འཛིན་མཁའ་སྤྱོད་མའི་སྤྲུལ་པར་གྲགས་པ་ཤཱཀྱ་བཟང་མོ།

རབ་ཏུ་བྱུང་དུས།  དགུང་ལོ་བཅུ་གསུམ་བཞེས་པ་རབ་བྱུང་བདུན་པའི་ལྕགས་ཕོ་སྤྲེལ་ལོ། དགེ་ཚུལ་མཁན་པོ།  སྨྲ་བ་ཐམས་ཅད་ཀྱི་རྒྱལ་པོ་རོང་སྟོན་ཤེས་བྱ་ཀུན་རིག དགེ་སློང་མཁན་པོ།  སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ངོར་ཆེན་ཀུན་དགའ་བཟང་པོ།

གདན་ས།  གསེར་མདོག་ཅན་གྱི་ཆོས་གྲྭ། བཤེས་གཉེན་གཙོ་བོ།  སྨྲ་བའི་སེང་གེ་རང་སྟོན་ཤེས་བྱ་ཀུན་རིག ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སློབ་མ་གཙོ་བོ།  རྗེ་དཔོན་ཤཱཀྱཱ་རྒྱལ་མཚན། རྡོ་རིངས་ཀུན་སྤངས་ཆེན་པོ།   རྗེ་བཙུན་ཀུན་དགའ་དོན་གྲུབ་སོགས།

བརྩམས་ཆོས། པོད་ཆེན་དྲུག་གི་བཙོས་མདོ་སྐོར་དང་། རྒྱུད་བརྟག་གཉིས་གསང་འདུས་སོགས་སྔགས་སྐོར། སྙན་ངག་མེ་ལོང་མ་སོགས་རིག་གནས་ཏེ། མདོ་རྒྱུད་རིག་གནས་དང་བཅས་པའི་འགྲེལ་བ་འགྲེལ་བཤད་པོད་ཉེར་བཞི་བཞུགས། འདས་ལོ།  བོད་རྒྱལ་ལོ་ ༡༦༣༤ ལོ་སྟེ་ཕྱི་ལོ་ 1507 ལོ་ཧོར་ཟླ་དྲུག་པའི་ཚེས་ལྔ།

༩༽ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།

འཁྲུངས་ཡུལ།  གཙང་གཡས་རུའི་སྨད་ལོ་སྐྱབས་མཆོག་ཡབ་སྲས་འཁྲུངས་ཡུལ་དང་ཉེ་བ་ལང་འགྲོ་ཁང་དམར་ཞེས་བྱ་བ། འཁྲུངས་དུས།  བོད་རྒྱལ་ལོ་ ༡༥༣༢ ལོ་སྟེ་ཕྱི་ལོ་སྟེ་ 1405 ལོ་རབ་བྱུང་བདུན་པའི་ཤིང་མོ་བྱའི་ལོ་ས་ག་ཟླ་བའི་ཚེས་གསུམ་སྐར་མ་སྨིན་དྲུག་ལ་འཁྲུངས། ཡབ་ཡུམ། ཡབ་དོན་འགྲུབ་རྒྱལ་པོ། ཡུམ་ལྷ་མོ་སྐྱབས།

རབ་ཏུ་བྱུང་དུས།  དགུང་ལོ་ཉི་ཤུའི་ཐོག་སྟེ། རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ། དགེ་ཚུལ་མཁན་པོ།  བཤེས་གཉེན་སེང་གེ་རྒྱལ་མཚན། དགེ་སློང་མཁན་པོ།  རྣམ་ཐར་དུ་མི་གསལ་ཡང་རྣམ་ཐར་གྱི་བབས་ལ་གཞིག་ན་བཤེས་གཉེན་སེང་གེ་རྒྱལ་མཚན་ཉིད་ཨེ་ཡིན་སྙམ། ༼མཆན།  མཁྱེན་མཁན་ཡོད་ན་གསལ་བཤད་གནང་རོགས།༽

གདན་ས།  གཙང་ཐུབ་རྒྱལ་ཆོས་འཁོར་སྒང་། བཤེས་གཉེན་གཙོ་བོ།  ཆོས་རྗེ་བྱང་ཆུབ་སེམས་དཔའ།  སྨྲ་བའི་སེང་གེ་རོང་སྟོན་ཤེས་བྱ་ཀུན་རིག །འཇམ་དབྱངས་ཀུན་དགའ་ཆོས་བཟང་སོགས་ཡོངས་འཛིན་ཉི་ཤུ་རྩ་བདུན་ལེགས་པར་མཉེས་པར་བྱས། སློབ་མ་གཙོ་བོ། ཡོངས་འཛིན་འུག་ཚང་རིན་པོ་ཆེ། འཁོན་གདུང་མི་དབང་ནམ་མཁའ་རྒྱལ་མཚན། རྟ་ནག་རབ་འབྱམས་པ་སོགས་ཤིན་ཏུ་མང་།

བརྩམས་ཆོས།  མདོ་སྐོར་ལ་པོད་ཆེན་དྲུག་གི་གཙོས་བྱམས་ཆོས་གཞན་དང་བཞི་བརྒྱ་པ་སྤྱོད་འཇུག་སོགས་དང་སྔགས་སྐོར་ལ་བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་བཞིའི་འགྲེལ་བ་སྒྲུབ་ཐབས་སོགས་དང་། རིག་པའི་གནས་གཞན་སྒྲ་གཙོ་བོ་བྱས་པའི་རིག་གནས་སྐོར་ཤིན་ཏུ་མང་། འདས་ལོ།  བོད་རྒྱལ་ལོ་༡༦༠༤ལོ་སྟེ་ཕྱི་ལོ་1477ལོ་རབ་བྱུང་བརྒྱད་པའི་མེ་མོ་བྱའི་ལོ་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ།

 

རྩོམ་ཁུངས། དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།

བརྒྱུད་སྐུལ།

མཆན་སྤེལ།