སློབ་གྲྭ་ ༡༠༨ འཛུགས་སྐྲུན་གནང་མཁན་བསོད་ནམས་འཇམ་དབྱངས་ལགས་ངོ་སྤྲོད།

སློབ་གྲྭ་ ༡༠༨ འཛུགས་སྐྲུན་གནང་མཁན་བསོད་ནམས་འཇམ་དབྱངས་ལགས་ངོ་སྤྲོད།

སློབ་གྲྭ་ ༡༠༨ འཛུགས་སྐྲུན་གནང་མཁན་བསོད་ནམས་འཇམ་དབྱངས་ལགས་ངོ་སྤྲོད།

 

༄༅། །རང་ཡུལ་བོད་དུ་སློབ་གྲྭ་བརྒྱ་དང་བརྒྱད་གསར་དུ་འཛུགས་སྐྲུན་གནང་ནས། བོད་ཕྲུག་ཁྲི་སྟོང་མང་པོར་ཤེས་ཡོན་གྱི་གོ་སྐབས་སྐྲུན་མཁན་བོད་མི་རིགས་ཀྱི་རླབས་ཆེན་གྱི་དཔའ་རྒོད་སྐུ་ཞབས་བསོད་ནམས་འཇམ་དབྱངས་གླིང་ནི། དབུར་སྟོད་འབྲི་གུང་ཀ་ཚལ་ཡུལ་གྱི་འཇམ་དབྱངས་གླིང་ཞེས་པའི་ཁྱིམ་ཚང་ཕུན་སུམ་ཚོགས་པ་གཅིག་ཏུ་ཕྱི་ལོ་ ༡༩༤༥ ལོར་འཁྲུངས། སྐུ་ན་ཆུང་དུས་ཀ་ཚལ་དགོན་དུ་བོད་ཡིག་དང་ཆོས་དཔེ་སོགས་ལ་སྦྱངས། ཕྱི་ལོ་ ༡༩༥༩ ལོར་བཙན་འབྱོར་དུ་ཕེབས་ནས་མ་སུ་རིར་སློབ་སྦྱོང་གནང་། དེ་ནས་ཡོ་རོབ་ Denmark ཏུ་མཐོ་རིམ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༨ ལོར་ Sweden དུ་བོད་ཀྱི་ཁང་པ་དང་སློབ་རིགས་ཚོགས་པ་བཙུགས། བོད་དུ་ཕེབས་སྐབས་རང་ཡུལ་བོད་དུ་རྗེས་ལུས་ཀྱི་རྣམ་པ་མཐོང་ནས། དེ་ནས་རང་ཡུལ་ལ་བཅངས་པའི་བརྩེ་སེམས་དང་ལ་རྒྱ་མེ་བཞིན་འབར།

ཕྱི་ལོ་ ༡༩༨༧ ལོ་ནས་ཁོང་གིས་ཕྱོགས་གཅིག་ནས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་དཔལ་འབྱོར་རོགས་འཚོལ་དང་། ཕྱོགས་གཞན་ནས་རྒྱ་གཞུང་དང་ས་གནས་དཔོན་པོ་བཅས་ལ་ཐབས་ཤེས་སྣ་ཚོགས་ཀྱིས་ཆོག་མཆན་ཞུས་ནས། བོད་དུ་ ༡༩༩༤ ལོར་ཁོང་གིས་ཀ་ཚལ་སློབ་གྲྭ་ཞེས་པ་བཙུགས་པའི་སྒོ་དབྱེ་མཛད་སྒོ་ཚོགས། སློབ་གྲྭ་དེར་ཐོག་མར་སློབ་ཕྲུག་ ༢༥༠ ནས་རིམ་བཞིན་འཕར་ནས་གཅིག་སྟོང་ལྔ་བརྒྱ་ཙམ་དུས་གཅིག་ལ་སློབ་སྦྱོང་བྱེད་བཞིན་ཡོད། དེ་དག་ཚང་མར་སློབ་ཡོན་ཅི་ཡང་མི་དགོས་པར་མ་ཟད། སློབ་ཕྲུག་ཚོར་དུས་གསུམ་གྱི་ཞལ་ལག་ནར་གཏོང་དང་། དུས་བཞིའི་གྱོན་ཆས་དང་སློབ་ཆས་ཡོངས་རྫོགས་ཀྱི་མཐུན་རྐྱེན་གནང་བཞིན་ཡོད། སློབ་གྲྭ་དེ་གཅིག་པུ་ནས་ཀྱང་ད་ལྟ་བར་སློབ་མ་སྟོང་ཕྲག་མང་པོ་ཐོན་ཡོད། དེ་ནས་ཐོན་པའི་སློབ་མ་རྒྱ་ནག་སོགས་མཐོ་སློབ་ལ་འགྲོ་མཁན་དག་ལ་སློབ་ཡོན་སོགས་རོགས་རམ་གནང་བཞིན་ཡོད། ཡི་གེ་སློབ་སྦྱོང་དེ་ཙམ་མ་ནུས་པ་རྣམས་ཀྱི་ཆེད་ལག་ཤེས་སློབ་གྲྭ་ཟུར་དུ་བཙུགས་ནས་ཤིང་བཟོ་དང་། འཚེམ་བཟོ། ལྷ་བྲིས་མཚོན་བྲིས་སོགས་བསླབས་གནང་ཡོད།

དུས་དེ་ནས་བཟུང་རིམ་བཞིན་ལྷ་ས་དང་། ནག་ཆུ། ཀོང་པོ། ལྷོ་ཁ། དྭགས་པོ། ཨ་མདོ། ཁམས་ཁུལ། གཙང་ཁུལ་སོགས་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་སློབ་གྲྭ་བརྒྱ་དང་བརྒྱད་བརྒྱབ་པའི་འཇུག་བསྡོམས་མཛད་སྒོ་ཡང་ཕྱི་ལོ་ ༢༠༠༨ ལོར་ཚོགས་ནས་ད་བར་བོད་ཕྲུག་ཁྲི་ཕྲག་ཁ་ཤས་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཡོད་པར་མ་ཟད། ཁམས་ཡུལ་ཊུ་དུ་གངས་རྡིབ་ཀྱི་འབྲོག་པ་མང་པོར་དཀའ་ངལ་ཆེན་པོ་ཕྲད་སྐབས་སུ། འབྲི་གཡག་སྟོང་ཕྲག་ཉེར་ལྔ་ཙམ་ཉོས་ནས་འབྲོག་ཁུལ་ལ་སྦྱིན་འདུག་པར་མ་ཟད། བོད་དུ་ཨེ་ཙིའི་ནད་དུག་སྐོར་གྱི་ཤེས་ཡོན་སྐོར་བསྐྱོད་ཀྱི་ཚོགས་པ་བཙུགས་ནས་ལྷ་ས་དང་། ནག་ཆུ། ལྷོ་ཁ། ཀོང་པོ་སོགས་ལ་ཤེས་བྱ་ཁྱབ་སྤེལ་གྱིས་བོད་ཕྲུག་ན་གཞོན་ཚོར་ལམ་སྟོན་སློབ་གསོ་ལོ་མང་རིང་འབུལ་བས། ལས་ཀའི་རྩིས་ཁྲའི་ནང་རྒྱ་སྒོར་ཁྲི་བཞི་བརྒྱ་ལྔ་བཅུ་ཟིན་འདུག

ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་བོད་མི་རིགས་ལ་དུང་ཞེན་དང་། བོད་མི་རིགས་ལ་ཤིན་ཏུ་གཅེས། ཁོང་གིས་འདི་འདྲ་ཞིག་གསུངས་ ༼བོད་མི་རིགས་འདི་འཛམ་གླིང་ཡར་ཐོན་ཅན་གྱི་མི་རིགས་གཞན་བཞིན་དུ་ཡོང་བ་དེ་ཤེས་ཡོན་ལ་ཐུགས་ཡོད་པས། ངས་མི་ཚེ་འདིར་དེ་རང་གི་ཐོག་ལས་ཀ་བྱེད་ཀྱི་གསུངས་༽ བྱུང་། ཁོང་གི་བཀའ་མོལ་དེ་དང་མཛད་བཟང་དེས་མཁྱེན་ཡོན་དང་ལྷག་བསམ་བཅས་མཚོན་ནུས།

རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་སྤྱི་ཚོགས་སུ་སློབ་གྲྭ་དང་དགོན་པ་མི་སྒེར་བཅས་པར་རོགས་རམ་གནང་བ་ཧ་ཅང་མང་པོ་ཡོད་འདུག་ཀྱང་ད་ལན་འདིར་བྲིས་མེད། ངོ་མ་བོད་མི་རིགས་ལ་ཕན་རླབས་ཆེ་བ་དང་རྒྱ་ཆེ་བའི་ཕྱག་ལས་དེ་འདྲ་གནང་ཐུབ་པ། གཞིས་བྱེས་གཉིས་ནང་༸རྒྱལ་དབང་དང་པཎ་ཆེན་གོང་དུ་ཕུད་གཞན་ཁོང་ལས་ལྷག་པ་སུ་གཅིག་མ་མཐོང་། ཁོང་གི་གམ་དུ་བཅར་བ་ལྷ་རམས་པའི་མིང་ཙམ་འཛིན་པ་དགེ་བཤེས་གུང་རུའི་ཉི་མས་ཕྱི་ལོ་ ༢༠༢༠ ལོར་བྲིས།

 

ཡོང་ཁུངས། དབུར་སྟོད་སྲོང་བཙན་སྐྱིད་སྡུག་གི་ངོ་དེབ།

བརྒྱུད་སྐུལ།

མཆན་སྤེལ།