མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྐུ་ཚེའི་ལོ་རྒྱུས།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྐུ་ཚེའི་ལོ་རྒྱུས།

དེ་ཡང་བོད་ཀྱི་མཁས་དབང་གྲགས་ཅན་དུང་དཀར་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་འཕྲིན་ལས་དཔལ་བཟང་པོ་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོ་སྟེ་ཕྱི་ལོ་ ༡༩༢༧ ལོའི་དགུན་ཁར་བོད་ལྗོངས་ཀོང་པོ་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་ཁོངས་ཇོ་མོ་ཤང་དུ་ཡབ་ཚེ་དབང་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་དགེ་མཚན་གྱི་ལྟས་བཟང་དུ་མ་བཅས་ཏེ་སྐུ་བལྟམས་ཤིང་ཆུང་ངུའི་མཚན་ལ་ཟླ་བ་ཞེས་གསོལ། ཕྱི་ལོ་ ༡༩༣༡ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་ཇོ་མོ་རྫོང་བཀྲ་ཤིས་ཆོས་གླིང་དགོན་གྱི་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང་།

དེ་དང་མཉམ་དུ་ཁྱབ་བདག་རྡོ་རྗེ་འཆང་སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་མཆོག་གིས་ཆོས་མིང་ལ་བློ་བཟང་སྐལ་ལྡན་འཕྲིན་ལས་རྒྱ་མཚོ་ཞེས་པའི་མཚན་གསོལ། དེ་ནས་ལོ་ཤས་རིང་ཡབ་ཡུམ་གྱིས་གཟིགས་སྐྱོང་གང་ལེགས་དང་བཅས་ཏེ། སྦྱོར་ཀློག་གི་སློབ་གཉེར་བརྩམས་པས་དཀའ་ཚེགས་ཅི་ཡང་མེད་པར་གང་བསླབས་ཐམས་ཅད་ཁོང་དུ་ཆུད་པར་མ་ཟད། དོན་དེ་དེ་བཞིན་དུ་རྟོགས་པར་གྱུར་པས། ཡབ་ཡུམ་དང་བཅས་པའི་ཁོར་ཡུག་གི་མི་ཐམས་ཅད་ཧ་ལས་པར་གྱུར།

ཕྱི་ལོ་ ༡༩༣༥ ལོའི་བོད་ཟླ་ ༥ ཚེས་ ༣ ཉིན་འཁྲུངས་ཡུལ་གཞིས་དགོན་བཀྲ་ཤིས་ཆོས་གླིང་དགོན་དུ་ཁྲི་སྟོན་མཛད་དེ་སེར་སྨད་ཀོང་པོ་ཁང་ཚན་གྱི་འདུལ་བ་འཛིན་པ་ངག་དབང་ཡོན་ཏན་ཀློག་གི་སློབ་དཔོན་ལ་བསྟེན་ནས་ཕྱི་ལོ་ ༡༩༣༦ ལོའི་ལོ་མཇུག་བར་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་ཤོག༌གྲངས་ ༢༠༠ བརྒྱ་ལྷག་ཙམ་དང་། དགོན་པའི་ཚོགས་འདོན་ཡོངས་རྫོགས་ཐུགས་འཛིན་མཛད། ཕྱིས་སུ་ཐུགས་འཛིན་ལ་བྱང་ཆའི་དབང་གིས་གསོལ་ཇ་ཞལ་དཀར་གང་མ་གྲང་གོང་ཕྱག་དཔེ་ཤོག་ལྷེ་མདུན་རྒྱབ་གཉིས་ཙམ་བློ་འཛིན་གནང་ཐུབ་པའི་བློ་རིག་ལྡན་པར་གྲགས། ཕྱི་ལོ་ ༡༩༣༦ ལོར་འཁྲུངས་ཡུལ་ཀོང་པོ་ནས་ལྷ་ལྡན་ཆོས་ཀྱི་ཞིང་སར་ཐོག་མར་ཕེབས་ཏེ་ཟླ་བ་ ༡༡ པའི་ནང་སེར་སྨད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་སེར་བྱེས་གཙང་པ་ཁང་ཚན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་དགེ་འདུན་བཤེས་གཉེན་དུ་བསྟེན་ནས་ལོ་ངོ་བཅུ་ལྷག་རིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་གནང་མུར་ཕྱི་ལོ་ ༡༩༣༩ ལོར་རིགས་ཆུང་ལངས་པ་དང་། ཕྱི་ལོ་ ༡༩༤༡ ལོར་ཕར་ཕྱིན་བཏང་གནང་བ། ཕྱི་ལོ་ ༡༩༤༢ ལོར་འཇང་དགུན་ཆོས་སུ་ཕེབས་པ་སོགས་ཕྱི་ལོ་ ༡༩༤༦ ལོའི་བར་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པ་མཛད་དེ་ལོ་དེར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པས་ཨང་བཞི་པ་བླངས་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ།

ཕྱི་ལོ་ ༡༩༤༧ ལོའི་ཟླ་བ་ ༣ ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་པར་མཛད་པས། ཕྱི་ལོ་ ༡༩༥༠ ལོར་སྔགས་རམས་པའི་མཚན་རྟགས་བཞེས་ཏེ་ཨང་གཉིས་པའི་མཚན་གནས་ཐོབ་སྟེ་མདོ་སྔགས་གཉིས་ཀྱི་མཁས་པའི་ཅོད་པན་གྱིས་མཛེས་པར་བྱས་ཤིང་། དགའ་ལྡན་ཁྲི་པའི་མཚན་ཐོའི་ནང་དུ་ཁོང་གི་མཚན་ཡང་བཞེས། ཕྱི་ལོ་ ༡༩༥༢ ལོའི་ཡས་མས་སུ་ཀོང་པོ་སྒར་པ་གྲྭ་ཚང་དུ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་བཤད་ཁྲིད་གནང་། ཕྱི་ལོ་ ༡༩༥༤ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་དགེ་སྐོས་གནང་། ཕྱི་ལོ་ ༡༩༥༡ ལོ་ནས་ཕྱི་ལོ་ ༡༩༥༥ བར་ལྷ་ལྡན་འཕྱོངས་རྒྱས་འབུམ་ཐང་དུ་སྙན་ངག་དང་སུམ་རྟགས་སོགས་ཐ་སྙད་རིག་གནས་ལ་སློབ་གཉེར་མཛད་པ༌དང་ཆབས་ཅིག་གོ་སྐབས་ནམ་བྱུང་ལ་༸རྒྱལ་བའི་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་དང་། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་། དགའ་ལྡན་ཁྲི་རིན་པོ་ཆེ་ལྷུན་གྲུབ་བརྩོན་འགྲུས་སོགས་བླ་མ་བཅུ་ལྷག་ཙམ་དགེ་བའི་དགེ་བཤེས་དུ་བསྟེན་ནས་ཆོས་འབྲེལ་ཞུ་གནང་མཛད་པ་དང་། མཁས་དབང་ཚ་སྤྲུལ་རིན་པོ་ཆེ་ངག་དབང་བློ་བཟང་གི་དྲུང་ནས་སུམ་རྟགས་དང་། སྙན་ངག་ཆ་ཚང་གི་སློབ་ཁྲིད་དང་། མཁས་དབང་སྙེ་མོ་ཡེ་ཤེས་ཆོས་འཕེལ་གྱི་སྐུ་མདུན་ནས་སྐར་རྩིས་སྐོར་ལེའུ་ཁ་ཤས་བཅས་གསན་བཞེས་མཛད་པ་དང་ཆབས་ཅིག་ཏུ་ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཆེན་མོའི་དཀར་ཆག་བཟོ་སྒྲིག་གནང་།

བོད་ལ་དུས་འགྱུར་མི་ཟད་པ་བྱུང་རྗེས་ཕྱི་ལོ་ ༡༩༥༦ ལོར་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཨུ་ཡོན་དང་། ནང་བསྟན་མཐུན་ཚོགས་དྭགས་ཀོང་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་མཚན་གནས་བཞེས། ཕྱི་ལོ་ ༡༩༥༧ ལོར་ཀོང་པོ་སང་སིང་སྒར་ངམ་ཐེག་ཆེན་ཆོས་འཁོར་གླིང་དུ་བླ་མ་མཆོད་པའི་བཀའ་ཁྲིད་ཁ་ཆེམས་རླུང་འཁོར་མ་ཕྱག་ཆེན་དང་འབྲེལ་བ་དང་། ལམ་རིམ་མྱུར་ལམ་དམར་ཁྲིད་ཆ་ཚང་སྩལ། རི་ཁ་དགོན་དུ་སྐུ་ཚད་ཐོག་བརྩེགས་གཉིས་ཡན་ཟིན་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་བཞེངས་གནང་མཛད། ཕྱི་ལོ་ ༡༩༥༨ ལོ་ནས་ཕྱི་ལོ་ ༡༩༥༩ བར་ལྷ་ལྡན་འཕྱོངས་རྒྱས་འབུམ་ཐང་དུ་མུ་མཐུད་རིག་གནས་ཆུང་བ་ཁག་ལ་སློབ་གཉེར་མཛད།

ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་སྐབས་བགྲོ་གླེང་འབུལ་མཁན་གདན་ས་གསུམ་གྱི་བླ་སྤྲུལ་དགེ་བཤེས་གྲགས་ཆེ་བ་བཅུ་དྲུག་འདེམས་བསྐོས་གནང་བ་ལྟར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་མངོན་པ་མཛོད་ཀྱི་བགྲོ་གླེང་འབུལ་གནང་མཛད། ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༨ པར་ལྷ་ལྡན་གཙུག་ལག་ཁང་དུ་མི་རིགས་དང་ཆོས་ལུགས་སྐོར་གྱི་སྲིད་བྱུས་སློབ་སྦྱོང་ལ་ཕེབས་དགོས་བྱུང་བའི་ཁར། དེའི་རིང་ཆབ་སྲིད་སློབ་སྦྱོང་ཚོགས་ཆུང་གི་ཐུགས་འགན་ཡང་བཞེས་དགོས་བྱུང་། ཕྱི་ལོ་ ༡༩༦༠ ལོའི་ཟླ་བ་ ༤ པར་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་ཐུགས་འགན་བཞེས་ཤིང་། ཕྱི་ལོ་ ༡༩༦༠ ལོའི་ཟླ་བ་ ༩ པ་ནས་ཕྱི་ལོ་ ༡༩༦༥ ལོའི་ཟླ་བ་ ༡༢ པའི་བར་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་མི་རིགས་སྐད་ཡིག་ཚན་ཁག་ནང་སྔ་ཕྱིར་བོད་ཡིག་ཞིབ་འཇུག་འཛིན་གྲྭ་བཙུགས་ཏེ་ལོ་ངོ་ ༦ རིང་འཛིན་གྲྭ་ཁག་གཉིས་ལ་དགེ་རྒན་གྱི་ཐུགས་འགན་བཞེས་ཏེ་སུམ་རྟགས་དང་། སྙན་ངག ལོ་རྒྱུས། སངས་རྒྱས་ཆོས་ལུགས་སྐོར་བཅས་སློབ་ཁྲིད་གནང་སྟེ་རྒྱ་བོད་ཀྱི་སློབ་མ་དུ་མ་གསོ་སྐྱོང་མཛད་པར་མ་ཟད། སློབ་དེབ་རྩོམ་སྒྲིག་གི་ལས་འགན་ཐམས་ཅད་གཅིག་ལྕོགས་སུ་བཞེས། དེའི་རིང་གསུང་པོད་ ༼ཀ༽ པ། <<སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་>> ཅེས་ཡིག་འབྲུ་ཁྲི་བཅུ་དྲུག་ལྷག་ཡོད་པའི་སྙན་ངག་སློབ་དེབ་རྩོམ་སྒྲིག་མཛད།

ཕྱི་ལོ་ ༡༩༦༢ ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་གྱི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༦༣ ལོར་ <<ལོ་ཚིགས་དྭངས་ཤེལ་མེ་ལོང་>> ལྗགས་རྩོམ་གནང་འགོ་ཚུགས་པ་དང་། དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོའི་ <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>> དང་། མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་ <<མི་དབང་རྟོགས་བརྗོད་>> གཉིས་དཔེ་ཁྲིད་གནང་སྐབས་དེ་དག་གི་ནང་གི་མིང་ཚིག་མཆན་འགྲེལ་གསོག་འཇོག་གནང་འགོ་བརྩམས་པ་ཞིག་ཡིན། ཕྱི་ལོ་ ༡༩༦༤ ལོར་ <<དུང་དཀར་ཚིག་མཛོད་ཆེན་མོ་>> ཡི་ཐོག་མའི་ཐ་སྙད་བསྡུ་རུབ་དང་ཚིག་འགྲེལ་རྩོམ་འབྲི་གནང་འགོ་ཚུགས་ཤིང་། མཐའ་མ་དགོངས་པ་མ་རྫོགས་བར་ལོ་ངོ་ ༣༤ རིང་ཚིག་མཛོད་ཆེན་མོ་འདི་ཉིད་རྩོམ་སྒྲིག་གནང་ཡོད་སྟབས། དུང་དཀར་ཚིག་མཛོད་ཆེན་མོ་འདིར་མཛད་པ་པོ་ཁོང་གི་སྐུ་ཚེ་གཅིག་གི་ཟུངས་ཁྲག་བསྡུས་ཡོད་ལ། འདི་ནི་བོད་རིག་པའི་ཤེས་བྱ་ཀུན་འདུས་ཀྱི་དེབ་ཐེར་ཞིག་ཀྱང་ཡིན་པར་མ་ཟད། མཁས་དབང་འདི་ཉིད་ལའང་བོད་རིག་པའི་ཚིག་མཛོད་གསོན་པོ་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་དེ་མཚན་སྙན་ཡོངས་སུ་གྲགས།

ཕྱི་ལོ་ ༡༩༦༦ ལོའི་ཟླ་བ་ ༦ པར་བོད་ལྗོངས་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་དུ་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལས་དོན་ཚོགས་ཆུང་ནང་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༦ ལོའི་ཟླ་བ་ ༨ པ་ནས་ཕྱི་ལོ་ ༡༩༧༡ ལོའི་ཟླ་བ་ ༢ བར་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་བྱང་ཕྱོགས་གྲོང་ལྷན་གཉིས་པའི་ནང་ངལ་རྩོལ་བསྒྱུར་བཀོད་ཅེས་དོན་དུ་རྒྱའི་སུན་བཙིར་སྣ་ཚོགས་ཀྱི་འོག་ནས་སྡུག་སྦྱོང་མནར་གཅོད་ཕོག་སྟེ་སྐུ་ངལ་ཤུགས་ཆེ་མྱོང་དགོས་བྱུང་། འོན་ཀྱང་ཉེས་མིང་གང་དག་ལ་བརྟེན་ནས་ངལ་རྩོལ་སྒྱུར་བཀོད་བྱ་ཡུལ་དུ་གྱུར་མིན་མི་གསལ།

ཕྱི་ལོ་ ༡༩༧༤ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཡིག་ཚགས་ཁང་དང༌། གསར་བརྗེ་འགྲེམས་སྟོན་ཁང་དུ་ཡིག་ཚགས་དཀར་ཆག་རྩོམ་སྒྲིག་མཛད། ཕྱི་ལོ་ ༡༩༧༥ ལོའི་ཟླ་བ་ ༨ པར་ཟི་ཁྲོན་ཞིང་ཆེན་ཁྲེན་ཏུ་གྲོང་ཁྱེར་དུ་ <<བོད་རྒྱ་ཚིག་མཛོད་ཆེན་མོ་>> རྩོམ་འབྲིའི་ཁོངས་སུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༦ ལོར་ལྷ་ལྡན་ནོར་བུ་གླིང་ཁར་བོད་ལྗོངས་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ <<ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་>> རྩོམ་འབྲི་མཛད། ཕྱི་ལོ་ ༡༩༧༧ ལོའི་ཟླ་བ་ ༣ ནས་ཕྱི་ལོ་ ༡༩༧༨ ལོའི་ཟླ་བ་ ༤ བར་བོད་རང་སྐྱོང་ལྗོངས་སྲིད་གྲོས་རིག་གནས་ལོ་རྒྱུས་རྩོམ་འབྲི་ཁང་དུ་ཕྱག་ལས་གནང་བ་བཅས་ཕྱི་ལོ་ ༡༩༥༩ ལོ་ནས་ ༡༩༧༨ བར་ལོ་ངོ་ ༢༠ ཙམ་རིང་རྒྱ་ནག་དམར་གཞུང་གི་དམ་དྲག་ལྟ་སྐུལ་འོག་ཕྱག་ལས་གནང་དགོས་བྱུང་།

ཕྱི་ལོ་ ༡༩༧༨ ལོའི་ཟླ་བ་ ༥ པར་བསྐྱར་དུ་རྒྱ་ནག་པེ་ཅིན་དུ་ཕེབས་ཏེ་ཕྱི་ལོ་ ༡༩༨༤ ལོའི་བར་ལོ་ ༦ རིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་བོད་ཡིག་སློབ་དཔྱོད་ཁང་དུ་དགེ་རྒན་གྱི་ཕྱག་ལས་གནང་སྟེ་ཤེས་ལྡན་གྱི་མི་སྣ་དུ་མ་གསོ་སྐྱོང་མཛད། སྐབས་དེར་གཙོ་བོ་སློབ་ཁྲིད་དང་། སློབ་དེབ་རྩོམ་འབྲི། དཔྱད་གཞིའི་ཡིག་ཆ་ཕྱོགས་སྒྲིག་བཅས་མཛད་དེ་མཛད་འཕྲིན་ཡར་ཟླ་ལྟར་འཕེལ། ཕྱི་ལོ་ ༡༩༨༠ ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པའི་མཚན་ཐོབ་འབུལ་བཞེས་གནང་། དེའི་རིང་གསུང་པོད་ ༼ང༽ པ། <<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་>> དང་། གསུང་པོད་ ༼ཆ༽ པ། <<དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་>> གཉིས་རྩོམ་སྒྲིག་མཛད་དེ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་སྦྲགས་རྒྱ་ཡིག་དང་། དབྱིན་ཡིག་ཏུ་བསྒྱུར་ནས་འགྲེམས་སྤེལ་བྱས།

ཕྱི་ལོ་ ༡༩༨༥ ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་མཚན་གནས་འབུལ་བཞེས་བསྐྱངས། ལོ་དེར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཚན་འཛིན་དབུ་འཛིན་དུ་བསྐོ་གཞག་ཞུས་པ་དང་། ལོ་དེར་འཇར་མན་དུ་སྐོང་འཚོགས་གནང་བའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུར་ཕེབས་པ་དང་། ཡང་ལོ་དེར་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ལྷ་སར་བོད་ལྗོངས་སློབ་ཆེན་དུ་ཕྱག་ལས་སྤོ་བསྒྱུར་མཛད་དེ་བོད་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༥ ལོར་གསུང་པོད་ ༼ཁ༽ པ། གསར་གཏོད་རང་བཞིན་ལྡན་པའི་ <<བོད་ཀྱི་དཀར་ཆག་རིག་པ་>> ཞེས་པའི་ཆེད་རྩོམ་ <<སྦྲང་ཆར་>> དུས་དེབ་ཐོག་འགྲེམས་སྤེལ་གནང་།

ཕྱི་ལོ་ ༡༩༨༦ ལོར་ལྷ་ས་བོད་རིག་པའི་གྲོས་མོལ་ཚོགས་འདུ་དབུ་བཞུགས་གྲས་སུ་ཕེབས་པ་དང་། ཚོགས་འདུའི་ཐོག་བོད་རིག་པའི་ཞིབ་འཇུག་སློབ་ཚོགས་ཀྱི་དབུ་འཛིན་གཙོ་གྲས་སུ་བསྐོ་གཞག་ཞུས་པ་དང་། ལོ་དེར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཚན་འཛིན་དབུ་འཛིན་དུ་བསྐོ་གཞག་ཞུས། གསུང་པོད་ ༼ཇ༽ པ། <<བོད་ཀྱི་སློབ་གསོ་རིག་པའི་འཕེལ་རྒྱས་སྐོར་>> ཞེས་པའི་ཆེད་རྩོམ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དུས་དེབ་ <<བོད་ལྗོངས་ཞིབ་འཇུག་>> ཐོག་འགྲེམས་སྤེལ་གནང་སྟེ། ཆེད་རྩོམ་དེར་ཕྱི་ལོ་ ༡༩༩༠ ལོར་རྒྱལ་ཁབ་སློབ་ཨུད་ནས་ཕུལ་བྱུང་ཆེད་རྩོམ་རིམ་པ་གཉིས་པའི་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་ཐོབ། རབ་བྱུང་བཅུ་བདུན་པའི་མེ་ཡོས༌ཕྱི་ལོ་ ༡༩༨༧ ལོར་ཧང་ག་རིར་རྒྱལ་སྤྱིའི་ཆའོ་མ་རིག་གཞུང་དཔྱད་གླེང་ཚོགས་འདུར་བཞུགས་པ་དང་། ལོ་དེར་བོད་ལྗོངས་མི་དམངས་སྲིད་གཞུང་ནས་རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་པའི་མཚན་ཐོབ་ཕུལ་བ་དང་། ལོ་དེར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་སྐུ་གཞོན་པར་བསྐོ་གཞག་བྱུང་བ་དང་། རྒྱལ་ཁབ་མི་དོན་ལས་ཁུངས་ནས་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་པའི་མཚན་གནས་ཀྱང་ཕུལ།

ཕྱི་ལོ་ ༡༩༨༨ ལོར་ <<དུང་དཀར་ཚིག་མཛོད་ཆེན་མོ་>> རྩོམ་སྒྲིག་གི་ལས་གཞི་དེ་དངོས་སུ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་དགུ་པའི་དཔེ་སྐྲུན་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གནད་ཞིབ་འཇུག་རྣམ་གྲངས་སུ་གཏན་འཁེལ་བྱུང་སྟེ་རྩོམ་འབྲི་མཛད་འགོ་ཚུགས། <<བོད་ཡིག་དཔེ་རྙིང་དཔར་སྐྲུན་སྐོར་གླེང་བ་>> ཞེས་པའི་ཆེད་རྩོམ་རྩོམ་འབྲི་མཛད། ལོ་དེར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དུ་བསྐོ་གཞག་ཞུས། ཕྱི་ལོ་ ༡༩༨༩ ལོའི་ལོ་མཇུག་ཏུ་ཁྲེང་ཏུའུ་རུ་རྒྱལ་སྤྱིའི་གེ་སར་རིག་གཞུང་ཚོགས་འདུ་ཐེངས་དང་པོར་བཞུགས་པ་དང་། ཕྱི་ལོ་ ༡༩༩༠ ལོར་ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་མཚན་འཛིན་དབུ་འཛིན་གྱི་མཚན་གནས་འབུལ་བཞེས་བསྐྱངས་པ་དང་སྦྲགས་ཞིབ་འཇུག་ཁང་དེའི་ཞིབ་འཇུག་མི་སྣ་རྣམས་ལ་སྣེ་ཁྲིད་མཛད་དེ་ཀན་ལྷོ་དང་། མཚོ་སྔོན། ཟི་ཁྲོན་སོགས་ཀྱི་གནའ་ཤུལ་གྲགས་ཅན་གཙོ་གྲས་ཁག་གཅིག་ལ་དུས་ཡུན་ཟླ་བ་གསུམ་ཙམ་རིང་རྟོག་ཞིབ་དང་སྦྲགས་ས་གནས་དངོས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས།

ཕྱི་ལོ་ ༡༩༩༡ ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རྩལ་ཨུ་ཡོན་ལྷན་ཁང་ནས་བོད་ལྗོངས་སློབ་གསོའི་ཕུལ་བྱུང་བྱས་རྗེས་ཅན་གྱི་གཟེངས་བསྟོད་ལག་ཁྱེར་འབུལ་བཞེས་མཛད། ཕྱི་ལོ་ ༡༩༩༢ ལོའི་ཟླ་བ་ ༨ པར་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་སྐོང་འཚོགས་གནང་བའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ཐེངས་དྲུག་པར་ཕེབས་ཏེ་ཚོགས་འདུའི་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ལྷན་ཚོགས་ཀྱི་ལས་འཛིན་དུ་བསྐོ་གཞག་ཞུས། ཕྱི་ལོ་ ༡༩༩༣ ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་འཚོགས་བཞུགས་སྐབས་བཀའ་མངགས་མཛད་པ་ལྟར་པེ་ཅིན་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་ཟླ་ངོ་གསུམ་ལྷག་རིང་སློབ་ཁྲིད་མཛད། ལོ་དེར་ནོར་ཝེའི་རྒྱལ་སའི་སློབ་གྲྭ་ཆེན་མོར་ནང་པའི་ཆོས་ཀྱི་མཚན་ཉིད་རིག་པའི་སྐོར་སློབ་ཁྲིད་ཟླ་བ་གཉིས་ལྷག་རིང་མཛད།

ཕྱི་ལོ་ ༡༩༩༤ ལོར་ཨི་ཊ་ལིར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་གྲོས་ཚོགས་ཀྱི་ཚོགས་འདུ་སྐབས་བདུན་པར་བཞུགས་ཤིང་། ཚོགས་འདུ་གྲོལ་རྗེས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཡ་གླིང་ཤར་ཕྱོགས་རིག་གནས་ཞིབ་འཇུག་ཁང་ནས་མགྲོན་འབོད་ཞུས་པ་ལྟར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་མཉམ་འབྲེལ་ཞིབ་འཇུག་སྐོར་གྱི་ལྷན་ཚོགས་སུ་ཞུགས། དེ་རྗེས་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་དབྱིན་ཀྲུང་རིག་གནས་ཞིབ་འཇུག་ལྷན་ཚོགས་ཟེར་བས་མགྲོན་འབོད་ལྟར་བོད་ཀྱི་གནའ་རབས་རིག་རྩལ་འགྲེམས་སྟོན་ཁང་དུ་མཉམ་འབྲེལ་ཞིབ་འཇུག་གི་ཐད་གྲོས་མོལ་དང་ལྟ་སྐོར་མཛད།

དེ་ལྟར་དུང་དཀར་བློ་བཟང་འཕྲིན་ལས་མཆོག་བོད་རིག་པའི་མཁས་པའི་ཁྱུ་མཆོག་ཅིག་ཡིན་སྟབས། སྔ་རྗེས་སུ་འཇར་མན་དང་། ནོར་ཝེ། ཨི་ཊ་ལི། ཨའོ་སི་ཀྲོ་ལི་ཡ། ཧྥ་རན་སི། དབྱིན་ལན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སློབ་ཁྲིད་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་འདུར་ཐེངས་མང་ཕེབས་ཏེ་ཕུལ་བྱུང་གི་དཔྱད་རྩོམ་དུ་མ་སྒྲོགས་སྦྱང་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་ལ་ངོ་སྤྲོད་གནང་སྟེ་མཛད་རྗེས་གཟེངས་སུ་ཐོན་པ་བྱུང་ཡོད།

ཕྱི་ལོ་ ༡༩༩༥ ལོའི་ཟླ་བ་ ༤ བར་སྔ་རྗེས་སུ་འབྲོག་མི་བྱམས་པ་བློ་གྲོས་དང༌། དགེ་བའི་བཤེས་གཉེན་ཡེ་ཤེས་དབང་ཕྱུག བཀྲས་ལྷུན་དཀའ་ཆེན་བློ་བཟང་ཕུན་ཚོགས། ཚེ་དབང་། དགེ་སློང་བློ་བཟང་བསྟན་འཛིན་སོགས་ལ་གསང་འདུས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་ཆ་ཚང་དང༌། འབྲོག་མི་བྱམས་པ་བློ་གྲོས་སོགས་ལ་སྔགས་རིམ་ཆེ་མོའི་བཤད་ལུང་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན།  འཇམ་དབྱངས་དཀར་པོའི་རྗེས་གནང༌། ངག་དབང་ཆོས་བག་དང་ཚུལ་ཁྲིམས་རབ་རྒྱས་སོགས་ལ་སྔགས་རིམ་ཆེན་མོའི་བཤད་ལུང་སྩལ།

མཁས་པའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས་དམ་པ་འདི་ཉིད་སྐུ་འཚོ་བཞུགས་སྐབས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། རྒྱལ་སྤྱིའི་བོད་རིག་པ་སློབ་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་ཨུ་ཡོན། སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་བཅས་གནང་།

གཞན་ཡང་སྐུ་ཚེ་སྨད་དུ་སྔ་རྗེས་སུ་ཀྲུང་གོ་རྒྱལ་ཡོངས་ལོ་རྒྱུས་ཞིབ་འཇུག་ཚོགས་པ་དང་། ཀྲུང་གོ་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཚོགས་པ། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཚོགས་པ། ཀྲུང་གོ་གྲངས་ཉུང་མི་རིགས་གནའ་རབས་སྐད་ཡིག་ཞིབ་འཇུག་ཚོགས་པ། ལྷོ་ནུབ་མི་རིགས་ཞིབ་འཇུག་མཐུན་ཚོགས། གྲུང་གོ་རྒྱལ་ཡོངས་ནང་བསྟན་ཆོས་ཚོགས། བོད་རང་སྐྱོང་ལྗོངས་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པ། བོད་ལྗོངས་སློབ་གསོ་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཞིབ་འཇུག་ཚོགས་པ་མང་པོ་ཞིག་གི་སྒྲིག་ཁོངས་སུ་ཐུགས་འགན་བཞེས་ཏེ་ཨུ་ཡོན་ལས་འཛིན་དང་། ཐབས་ཇུས་འདྲི་ཡུལ་དུ་གདན་ཞུ་གནང་བ་ལྟར་ལམ་སྟོན་གྱི་སྒྲོན་མེ་ལྟ་བུར་གྱུར་ཡོད་པར་མ་ཟད། སྐུ་ཚེ་གཅིག་རིང་བོད་ཀྱི་རྩ་ཆེའི་ཆོས་རིག་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་སླད་ཐུགས་ནུས་ཡོད་རྒུས་རྨད་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད།

དེ་ལྟར་དམ་པ་འདི་ཉིད་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་དང་གུས་བཀུར་ཞུ་ཡུལ་དུ་གྱུར་པའི་བོད་རིགས་པའི་མཁས་དབང་གྲགས་ཅན་ཞིག་གི་ངོས་ནས་འཛམ་གླིང་གི་གྲགས་ཅན་མི་སྣའི་མཚན་དེབ་ཆེན་མོའི་ནང་ལའང་འཁོད་ཡོད་ལ། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་ནས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་རྒྱལ་ཁབ་ཕྱི་ནང་དུ་བོད་རིག་པའི་ཆེད་ལས་མི་སྣ་ཧ་ཅང་འབོར་ཆེན་གསོ་སྐྱོང་གནང་བར་མ་ཟད། བོད་ཀྱི་སློབ་གསོ་དང་རིག་གནས་བྱ་གཞག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐད་ལེགས་སྐྱེས་ཤིན་ཏུ་ཆེན་པོ་ཕུལ་གནང་ཡོད།

ཕྱི་ལོ་ ༡༩༩༦ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་བགྲེས་ཡོལ་འབུལ་བཞེས་གནང་ཡང་ལྗགས་རྩོམ་མཛད་མུ་མཐུད་མཛད་པ་སོགས་བོད་མི་རིགས་དང་། བོད་ཀྱི་ཆོས་རིག་སོགས་ཀྱི་སླད་དུ་རླབས་ཆེན་གྱི་མཛད་བཟང་སྐྱོང་མུར་བསྙུན་གཞི་བཞེས་སྔ་ཕྱིར་ལྷ་སའི་དམག་མིའི་སྨན་ཁང་དང་། པེ་ཅིན་གྱི་ཇི་ཧྲུའི་ཐན་ཟེར་བའི་སྨན་ཁང་བཅས་སུ་སྨན་བཅོས་ཕུལ་ཡང་དྲག་སྐྱེད་མ་བྱུང་བར་བརྟེན་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པས་འགྲོ་གྲོན་བཏང་སྟེ་ཨ་རིར་སྨན་བཅོས་ཞུ་སླད་དུ་གདན་ཞུ་གནང་སྟེ་སྨན་བཅོས་ཞུས་ཀྱང་དྲག་ངོ་མ་བསྟན་པར་མཐར་དགུང་གྲངས་བདུན་ཅུར་ཕེབས་པ་མེ་གླང༌ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༧ ཚེས་ ༢༢ དང་། བོད་ཟླ་ ༥ ཕྱི་མའི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཨ་རིའི་གྲོང་ཁྱེར་ལོ་སན་ཅི་ (Los angeles) རུ་སྐུ་ཞི་བར་གཤེགས་ཤིང་། སྐུ་གདུང་ཡང་འཁྲུངས་གཞིས་ཀོང་པོ་བཀྲ་ཤིས་ཆོས་གླིང་དགོན་དུ་གདན་འདྲེན་ཞུས་ནས་མཆོད་སྡོང་བཞེངས་ནས་བཞུགས་པ་བཅས་སོ།།

མཁས་དབང་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་རྗེས་འཇུག་གི་སློབ་མར་ཆ་མཚོན་ནའང་། བོད་ཀྱི་རྩོམ་རིག་ལ་གསར་ལམ་འབྱེད་མཁན་དོན་གྲུབ་རྒྱལ་དང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ལྷག་པ་ཕུན་ཚོགས་སོགས་གྲགས་ཅན་གྱི་སློབ་མ་ཡང་དུ་མ་ཞིག་གསོ་སྐྱོང་གནང་ཡོད་ལ། ལྷག་པར་དམ་པ་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་ཕྱག་དཔེ་དང་མི་འབྲལ་ཞིང་། ལས་འབྲས་སྤྱན་འབྲས་ལྟར་བརྩི་བ། ལྗགས་རྩོམ་ཆད་མེད་སྤེལ་བ། ཤེས་རིག་བརྒྱུད་སྤེལ་གནང་བ། ཤེས་ལྡན་གསོ་སྐྱོང་གནང་བ་སོགས་ཀྱིས་བོད་ཀྱི་ཆོས་རིག་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་སླད་དུ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད། དེར་བརྟེན་མཁས་མཆོག་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་ལྔ་སོང་མཚམས་ཕྱི་ལོ་ ༢༠༠༢ ལོར་སྔ་རྗེས་སུ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་མི་རིགས་དཔེ་སྐྲུན་ཁང་སོ་སོ་ནས་དུང་དཀར་ཚིག་མཛོད་ཆེན་མོ་དང་། དམ་པ་གང་ཉིད་ཀྱི་གསུང་འབུམ་པོད་བརྒྱད་པར་སྐྲུན་ཞུས་ཡོད།

དེ་ལྟར་མཁས་པའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྐུ་ཚེ་གཅིག་རིང་གསུང་རྩོམ་མང་དུ་ལྗགས་རྩོམ་པ་རྣམས་ནི། གསུང་རྩོམ་པོད། ཀ༽ <<སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།>> ཁ༽ <<བོད་ཀྱི་དཀར་ཆག་རིག་པ།>> ག༽ <<གྲུབ་མཐའི་སྐོར་གྱི་རྣམ་བཤད།>> ང༽ <<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།>> ཅ༽ <<དཔྱད་རྩོམ་ཕྱོགས་བསྒྲིགས།>> ཆ༽ <<དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས།>> ཇ༽ <<སྐད་ཡིག་དང་སློབ་གསོ།>> ཉ༽ <<གླེང་གཞི་དང་གསུང་བཤད།>> བཅས་པོད་ཕྲེང་དུ་བསྒྲིགས་པ་བརྒྱད་དང་། དེ་མིན་གསུང་རྩོམ་གཙོ་བོ་ <<བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ་>> ལམ། ཡོངས་གྲགས་ <<དུང་དཀར་ཚིག་མཛོད་ཆེན་མོ་>> ཞེས་སུ་གྲགས་པ་བཅས་གསུང་འབུམ་པོད་དགུ་བཞུགས་ཡོད་པའི་བཀའ་རྩོམ་གལ་ཆེན་སུམ་བརྒྱ་ལྷག་ཙམ་ལྗགས་རྩོམ་གནང་ཡོད།

ད་དུང་གསུང་འབུམ་དུ་མ་འཁོད་པའི་གསུང་རྩོམ་དུ་མ་ཞིག་ཡོད་འདུག་ལ། བཀའ་ཁྲིད་གནང་བའི་སྒྲ་འཇུག་དུ་མ་ཞིག་ཀྱང་ཁ་ཐོར་གྱི་ཚུལ་དུ་བཞུགས་པའི་ཁྲོད་ནས་ <<སྤྱོད་འཇུག་གི་གཞུང་ངོ་སྤྲོད་དང་། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་སྐོར་གླེང་བ།>> ཞེས་པའི་གསུང་བཟང་ལེགས་བཤད་ཀྱིས་གཏམས་པ་སྒྲ་འཇུག་ནས་ཡིག་ཐོག་ཏུ་ཕབ་སྟེ་གསུང་འབུམ་ཕྱོགས་སྒྲིག་ཞུས་པ་འདི་ཉིད་དཔེ་མཚོན་ཞིག་ཡིན། གཞན་ཡང་དམ་པ་འདི་ཉིད་ཀྱིས།

དུང་དང་འོ་མར་འགྲན་པའི་ལྷག་བསམ་མཐུ། །

དམན་ཡང་དཀར་པོའི་བྱས་འབྲས་ཅུང་ཟད་ཅིག །

བློ་དང་འདུན་པ་བཟང་བའི་རང་རིགས་ཀུན། །

རྒྱལ་ཁའི་འཕྲིན་བཟང་ལས་དོན་འགྲུབ་ཕྱིར་འབད། །

ཅེས་སྩལ་བ་ལྟར་སྐུ་ཚེ་གཅིག་བོད་རྒྱལ་ཁབ་ལ་དགའ་ཞེན་དང་། བོད་མི་རིགས་ལ་དགའ་ཞེན། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤེས་རིག་ལ་དགའ་ཞེན་བཅས་མཛད་དེ་མི་རིགས་རིག་གནས་དང་བཅས་པ་དར་རྒྱས་གོང་འཕེལ་གཏོང་ཕྱིར་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་བོད་གངས་ཅན་ལྗོངས་ཀྱི་ཤེས་ཡོན་སློབ་གསོ་དང་། རིག་གནས་བྱ་གཞག་ཐད་ལེགས་སྐྱེས་ཤིན་ཏུ་ཆེན་པོ་འབུལ་གནང་མཛད་པར་མ་ཟད། དུང་དཀར་ཚིག་མཛོད་ཁོ་ནར་ཡང་སྔ་དུས༌ཕྱི་ལོ་ ༡༩༦༣ ལོ་ནས་མི་ལོ་ ༣༤ ལྷག་རིང་དུས་ཚོད་བར་གསེང་ནམ་ཡོད་ལ་མིང་ཚིག་འཚོལ་བསྡུ་དང་། དཔྱད་གཞི་འཚོལ་ཞིབ། ཚིག་འགྲེལ་རྩོམ་འབྲི་སོགས་མཛད་མཐར་སྨན་ཁང་དུ་བསྙུན་གཞི་ཧ་ཅང་ཛ་དྲག་གི་གནས་སྐབས་སུའང་དུང་དཀར་ཚིག་མཛོད་ཆེན་མོའི་མ་ཟིན་ཞུས་དག་མཛད་པར་མ་ཟད། སྐུ་ཁམས་སླར་གསོ་བྱུང་རྗེས་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་རེ་སྐོམ་པ་ཆུ་འདོད་ལྟར་མཛད་པ་དེ་ནི་རང་ཅག་ཕྱི་རབས་པ་རྣམས་ཀྱིས་རྗེས་སུ་ཡི་རང་དང་མིག་དཔེ་ཞུ་དགོས་པ་ཞིག་རང་དུ་ངེས་སོ།།   །།
དུང་དཀར་རྗེས་དྲན་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས།

 

བརྒྱུད་སྐུལ།

མཆན་སྤེལ།