དེང་གི་ཡར་ཀླུངས་ལོ་རྒྱུས་ཞིབ་འཇུག་པ་ཚོར་སྤྲིངས།

དེང་གི་ཡར་ཀླུངས་ལོ་རྒྱུས་ཞིབ་འཇུག་པ་ཚོར་སྤྲིངས།

སྤྱིར་དེང་སང་ཁ་ཅིག་གིས་འདས་ཟིན་པའི་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་པ་ལས་མ་འོངས་པར་རྒྱང་ལྟ་བྱས་ན་ལེགས་ཚུལ་བཤད་མོད། འོན་ཀྱང་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ལ་དངོས་ཟུར་གང་རུང་ནས་ཕན་ཐོགས་ཡོད་པ་འདི་ལྟར་ཏེ། མཁར་ལས་འཛུགས་སྐྲུན་དུས་ནམ་ཞིག་ལ་དར་ཁྱབ་བྱུང་བ་དང་། ཤེས་རིག་གི་ཁྱབ་ཁོངས་གང་དུ་འདུ་མིན་ལྟ་བུ་རྣམས་ལ་བསྐྱར་ཞིབ་བྱས་པས་དགེ་མཚན་ལས་སྐྱོན་མི་འདུག། ད་རེས་ང་ཚོའི་ཁ་རྒྱུན་སོགས་སུ་(1)སྐུ་མཁར་ཐོག་མའམ་མཁར་ལ་སྔ་བ་ཡུམ་བུ་བླ་སྒང་ཞེས་པའི་སྐོར་ལ་དབྱེ་ཞིབ་ཅུང་ཟད་ཅིག་བྱའོ།།

ཆོས་འབྱུང་གི་ཁྲོད་ནས་བརྩམས་དུས་ཅུང་སྔ་བའི་གྲས་ཤིག་ཡིན་པ་ལྡེའུ་ཆོས་འབྱུང་ལས། དེ་ནས་སྐུ་མཁར་ཡུན་བུ་བླ་སྒང་ན་བཞུགས་པའི་དུས་སུ་གསེར་གྱི་སྤང་སྐོང་ཕྱག་རྒྱ་དང་། ཞེས་པ་དང་། ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་ལས། རྒྱལ་པོ་དེའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ལགས་ཏེ། ཕོ་བྲང་ཡུན་བུ་ལྷ་སྒང་གི་མཁར་གྱི་སྟེང་ན། ཞེས་པ་དང་། བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་གང་ལ་དཔྱད་གཞིའི་ཡིག་ཆ་ཚད་ལྡན་ཡིན་པར་གྲགས་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། རྗེ་འདིས་ཕོ་བྲང་ཡུམ་བུ་གླ་སྒང་བརྩིགས། ཞེས་པ་དང་། རྒྱལ་རབས་གསལ་བའི་མེ་ལོང་ལས། དེས་ཕོ་བྲང་འུམ་བུ་གླང་མཁར་བརྩིགས། ཞེས་ཁུངས་ལྡན་དུ་བརྗོད་པའི་ཡིག་ཆ་དེ་དག་ནང་དུ་སྐུ་མཁར་ཐོག་མའམ་མཁར་ལ་སྔ་བ་ཡུམ་བུ་བླ་སྒང་ཟེར་བ་མི་སྣང་ཞིང་། ལྷག་པར་དུ་བོད་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་མཁོ་བའི་རིན་ཐང་ཆེ་བའི་ཐང་ཡིག་སྡེ་ལྔའི་ཡ་གྱལ་རྒྱལ་པོ་བཀའི་ཐང་ཡིག་ལས། རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ༔ ཡུལ་ལ་སྔ་བ་ཡར་ཀླུངས་སོག་ཁ་རུ༔མཁར་ལ་སྔ་བ་ཤམ་པོ་དགུ་བརྩེགས་བརྩིགས༔ཞེས་སོགས་ནས། རྒྱལ་པོ་ཐོ་རི་སྙན་ཤལ་སྐུ་རིང་ལ༔ཡར་མོ་སྣ་བཞིར་སྣང་བའི་ལྷོ་ཕྱོགས་སུ༔ཕོ་བྲང་སྐུ་མཁར་ཡུམ་བུ་བླ་མཁར་བརྩིགས༔ཞེས་རྗེ་གཉའ་ཁྲི་བཙན་པོས་ཡུལ་ཡར་ཀླུངས་དབྱིབས་སོག་པ་འདྲ་བར་མཁར་ལ་སྔ་བ་ཤམ་པོ་དགུ་བརྩེགས་བརྩིགས་པ་དང་། རྒྱལ་པོ་ཐོ་རི་སྙན་ཤལ་(ཐོ་རི་གཉན་བཙན)སྐུ་རིང་ལ་ཡར་མོ་སྣ་བཞིར་སྣང་བའི་ལྷོ་ཕྱོགས་ཏེ་རྩེད་ཐང་གི་ཤར་ལྷོ་ཕྱོགས་སུ་ཕོ་བྲང་སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་པར་གསུངས། རྒྱལ་པོ་སྤུ་དེ་(པུ་དེ་)བཙན་པོའི་སྐུ་དུས་སུ་ཡང་མཁར་ཤམ་པོ་ཞེས་པ་ཞིག་ཡོད་པ་དང་འཕྱིང་བ་སྟག་རྩེའི་རྨང་རྡོ་རྣམས་དེའི་ཡིན་ཚུལ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་པོའི་སྐུ་མཁར་འཆིང་བ་སྟག་རྩེ་བརྩིགས།།ཤམ་པོ་མཁར་གྱི་རྩི་ཕབ་ནས་རྨང་རྡོ་བྱས།། ཞེས་སོགས་ལ་དཔྱད་ན་མཁར་ལ་སྔ་བ་ཤམ་པོ་དགུ་བརྩེགས་ཡིན་པར་སེམས་སོ།།

ཕྱིས་ཀྱི་ཆོས་འབྱུང་དང་རྒྱལ་རབས་རྩོམ་མཁན་རྣམ་པས་མོ་བཏབ་རྩིས་ཕབ་ཀྱིས་མཁར་ལ་སྔ་བ་ཡུམ་བུ་བླ་སྒང་ཡིན་པར་ཐག་བཅད་ཡོད་ན་མ་གཏོགས་ད་དུང་ཞིབ་འཇུག་གསལ་དག་ཅིག་གནང་དགོས་འདུག་སྙམ།

སྤྱིར་ལོ་རྒྱུས་ལ་དཔང་རྟགས་མེད་པའི་ཚོད་དཔག་བྱེད་མི་ཉན་ན་ཡང་། རྗེ་གཉའ་ཁྲི་བཙན་པོ་དང་། གྲི་གུམ་བཙན་པོ། སྤུ་དེ་(པུ་དེ་)གུང་རྒྱལ། རྒྱལ་པོ་སྟོང་རི་སྟོང་བཙན་(སྟག་རི་གཉན་གཟིགས་)བཅས་ཀྱི་མཁར་རྣམས་སྔ་བ་ཡོད་ཀྱང་ཡུམ་བུ་བླ་སྒང་ལ་ཕྱིས་སུ་སྐུ་མཁར་ཐོག་མའམ་མཁར་ལ་སྔ་བ་ཞེས་ཟེར་དོན་ནི། ཡར་ཀླུངས་སོག་ཁ་ཡུལ་སྤྱིའི་མིང་དང་། ཡར་མོ་སྣ་བཞི་ཡུལ་བྱེ་བྲག་པ་ཞིག་གི་མིང་ཡིན་པའི་དབང་དུ་བྱས་ན། རྗེ་གཉའ་ཁྲི་བཙན་པོའི་སྐུ་དུས་ཀྱི་མཁར་ཤམ་པོ་དགུ་བརྩེགས་དེ་རྒྱལ་པོ་ཐོ་རི་སྙན་ཤལ་དུས་སུ་ཉམས་གསོ་གནང་སྟེ། ཕོ་བྲང་ཡུམ་བུ་བླ་སྒང་ཞེས་མིང་བཏགས། དཔེར་ན། རྒྱལ་པོ་སྲོང་བཙན་སྐུ་དུས་ཀྱི་དམར་པོ་རི་སྟེང་གི་སྐུ་མཁར་ལ་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་དང་།ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱལ་པོ་བཀའི་ཐང་ཡིག་སོགས་ལས་ཕོ༷་བྲ༷ང་པོ༷་ཏ༷་ལ༷་ཞེས་པ་མེད་ཅིང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཕོ་བྲང་ཁྲི༷་རྩེ༷་དམ༷ར་པོ་དང་། ཏུན་ཧོང་གི་གཏེར་ཡིག་ན་ཕོ་བྲང་ཁྲི་རྩེ་ཞེས་བྱུང་། རྗེས་སོར་ཕོ་བྲང་ཉམས་གསོ་མཛད་དེ་ནང་ཆོས་དང་འབྲེལ་བའི་ཐ་སྙད་ཕོ་བྲང་པོ་ཏ་ལ་ཞེས་བྱུང་བ་ལྟར་ཡིན་སྲིད་པར་མ་ཟད་སྤང་སྐོང་ཕྱག་བརྒྱ་སོགས་འབབ་སའམ་འབུལ་བའི་མཁར་རམ་གནས་ཐོག་མར་ཡུམ་བུ་བླ་མཁར་དུ་ཡིན་པའི་ཚུལ་གྱིས་རྗེས་སོར་ཉ་ཉུང་མཉམ་བསྲེ་ངང་མཁར་ཐོག་མ་ཡུམ་བུ་བླ་སྒང་ངམ་མཁར་ལ་སྔ་བ་ཡུམ་བུ་བླ་སྒང་ཞེས་འགྱུར་བའི་ཕྱིར་རོ།།

(1)སྐུ་མཁར་ཡུན་བུ་བླ་སྒང་། ཕོ་བྲང་ཡུན་བུ་ལྷ་སྒང་། ཕོ་བྲང་འུམ་བུ་བླ་སྒང་། ཡུམ་བུ་བླ་མཁར། ཡུམ་བུ་བརླ་སྒང་། ཡུམ་བུ་བླ་སྒང་། ཡུམ་བུ་གླ་སྒང་། ཡུམ་བུ་ལྷ་ཁང་། རིག་སྨྱོན་གྱིས་ཕོ་བྲང་པོ་ཏ་ལའི་ཉེ་འདབས་སུ་སྔོན་བྲིས་དེར་འཕྲི་སྣོན་བྱས་ཏེ་བཀོད་པའོ།།

 

བརྒྱུད་སྐུལ།

མཆན་སྤེལ།