པ་ཚབ་ལོ་ཙཱ་བ་དང་གསང་ཕུ་དགོན་པ།

པ་ཚབ་ལོ་ཙཱ་བ་དང་གསང་ཕུ་དགོན་པ།

པ་ཚབ་ལོ་ཙཱ་བ་ནི། ཕལ་ཆེར་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་དུས་མཉམ་པ་ལ། རྔོག་ལོ་ལས་པ་ཚབ་ཆུང་བ་ཡིན། ཁ་སང་བཤད་པ་ལྟར་བསྟན་པ་ཕྱི་དར་སྐབས་ལོ་ཙཱ་པ་བརྒྱ་དང་ལྔ་བཅུ་ང་བདུན་ཡས་མས་ཤིག་བྱུང[1]བ་ཐམས་ཅད་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེའི་ནང་ནས་ཀྱང་འགའ་ཞིག་ལྷག་ཏུ་དངོས་གནས་དྲང་གནས་བཀའ་དྲིན་ཆེན་པོ་ཡིན་པ་རེད། པ་ཚབ་ལོ་ཙཱ་པ་ནི་དབུ་མའི་འཆད་ཉན་ཕྱོགས་ལ་དམིགས་བསལ་གྱིས་བཀའ་དྲིན་ཆེ་བའི་མཁས་པ་ཆེན་པོ་ཞིག་སྟེ། ཁོང་དང་རྔོག་ལོ་གཉིས་ཀས་བོད་ཀྱི་མཚན་ཉིད་འཆད་ཉན་ལ་མཛད་རྗེས་རྒྱ་ཆེན་བཞག་ཡོད་པ་རེད།

བསྟན་པ་སྔ་དར་གྱི་བསམ་ཡས་སྒྲ་སྒྱུར་གླིང་དང་། ཕྱི་དར་གྱི་མཐོ་ལྡིང་གསེར་གྱི་ལྷ་ཁང་གཉིས་སུ་ནི་ལོ་ཙཱ་པ་རྣམས་ཀྱིས་གཙོ་བོ་སྒྲ་སྒྱུར་མཛད་འདུག་པས། འོ་ན། ལོ་ཙཱ་པ་ཚོས་བསྒྱུར་ཚར་པའི་གསུང་རབ་བསྟན་བཅོས་དེ་རྣམས་ལ་བོད་མིས་འཆད་ཉན་ཇི་ལྟར་བྱས་ཡོད་དམ། འཆད་ཉན་གནང་སྟེ་བོད་ལ་མཁས་པ་ཇི་འདྲ་བྱུང་ཡོད་དམ། བོད་ཀྱི་མཁས་པས་གཞུང་དེ་དག་ལ་བརྡར་ཤ་ཇི་འདྲ་བཅད་ཡོད་དམ་སོགས་འདྲི་ན་ནི། གསང་ཕུ་ནེའུ་ཐོག་དགོན་པ་གླེང་དགོས་ཏེ། གདན་ས་དེ་ནི་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་གྱུར་ཡོད།

གསང་ཕུ་ནེའུ་ཐོག་ནི་ཐོག་མར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་པ་ཡིན་ཞིང་། རྗེས་སུ་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས་གསང་ཕུའི་གདན་ས་བསྐྱངས་པས། གདན་ས་ཆེན་པོ་དེ་རུ། དབུ་མ་དང་ཚད་མའི་འཆད་ཉན་ཤིན་ཏུ་དར་བ་མ་ཟད། དེ་ནས་མཁས་པ་མང་པོ་བྱུང་སྟེ། བོད་ཀྱི་མཁས་པས་རྒྱ་གར་གྱི་གཞུང་ལ་འགྲེལ་བ་རྩོམ་པའི་སྲོལ་ཡང་ཤིན་ཏུ་དར་བ་རེད།

དེའི་སྔོན་ལ་མཚོན་ན། བསྟན་པ་ཕྱི་དར་གྱི་སྐབས་སུ། བོད་རང་གི་མཁས་པའི་ནང་ནས་དབུ་ཚད་ཀྱི་བསྟན་བཅོས་རྩོམ་མཁན་སྔ་ཤོས་ཕལ་ཆེར་རོང་ཟོམ་ཆོས་བཟང་ཆགས་ཡོད་དེ། རོང་ཟོམ་ཆོས་བཟང་གིས་བསྟན་བཅོས་མང་པོ་ཞིག་བརྩམས་པ་ན། བོད་ཀྱི་མཁས་པ་མང་པོས། བོད་ཅིག་གིས་གཞུང་མང་པོ་འདི་འདྲ་བྲིས་ན་མི་འགྲིག་ཟེར་ནས་དགག་པ་རྒྱག་ཏུ་ཡོང་བའི་ལོ་རྒྱུས《དེབ་ཐེར་སྔོན་པོ》རུ་བྲིས་པར་བལྟས་ན། བོད་མིས་སྐབས་དེ་དུས་བསྟན་བཅོས་མང་པོ་རྩོམ་གྱི་མེད་པ་གསལ་བས། རོང་ཟོམ་ཆོས་བཟང་ནི་སྲོལ་རྒྱུན་དེ་ལས་བརྒལ་ཏེ། དབུ་ཚད་ཀྱི་བསྟན་བཅོས་རྩོམ་མཁན་གྱི་ཐོག་མ་ལྟ་བུར་གྱུར་མེད་དམ་སྙམ།

དེའི་རྗེས་སུ། གསང་ཕུ་ནེའུ་ཐོག་དགོན་པ་རུ། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་མཆོག་གིས《ཚད་མ་རྣམ་ངེས་ཀྱི་ཊཱིཀ》སོགས་བསྟན་བཅོས་མང་དུ་མཛད་དེ་བོད་མིས་བསྟན་བཅོས་རྩོམ་པའི་སྲོལ་ཇེ་ཡངས་སུ་བཏང་བར་མ་ཟད། གདན་ས་དེ་རུ་རྔོག་ལོའི་སློབ་མ་ཕྱྭ་པ་ཆོས་ཀྱི་སེང་གེ་དང་། ཕྱྭ་པའི་སློབ་མ་སེང་ཆེན་བརྒྱད་སོགས་བྱུང་ཞིང་། ཁོང་རྣམས་ཀྱི་ལྟ་གྲུབ་ཀྱང་ཐ་དད་དུ་གྱུར་པས་གནས་གཅིག་ཏུ་ལྟ་གྲུབ་མི་འདྲ་བའི་མཁས་པ་མང་པོ་འཛོམས་པ་རེད།

དབུ་མའི་ལྟ་གྲུབ་ཐད་ནས་གསང་ཕུའི་མཁས་པ་ཁོང་ཅག་རྒྱ་གར་གྱི་དབུ་མ་རང་རྒྱུད་པའི་ཤིང་རྟ་ཆེན་པོ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྗེས་འབྲངས་ལྟ་བུ་ཡིན་ཏེ། 《དབུ་མ་ཤེས་རབ་སྒྲོན་མེ》བསླབ་གཞིར་བཟུང་ནས་དེའི་ལུགས་གཙོ་བོར་བསྐྱངས་ཡོད་ལ། སྤྱིར་ན་ཕྱྭ་པ་སོགས་ནི་ཚད་མའི་མཁས་པ་ཆེན་པོ་ཤ་སྟག་རེད།

གསང་ཕུ་རུ་ལེགས་ལྡན་འབྱེད་ཀྱི་ལུགས་བསྐྱངས་པར་སྨྲས་པ་ནི་གཙོ་བོའི་དབང་དུ་བྱས་ཀྱི་གསང་ཕུའི་མཁས་པ་ཐམས་ཅད་དེའི་ལུགས་རྐྱང་བ་འཛིན་མཁན་མ་ཡིན་ཏེ། རྨ་བྱ་བྱང་བརྩོན་ལ་སོགས་པས་དཔལ་ལྡན་ཟླ་བ་གྲགས་པ་ཁས་ལེན་པར་མ་ཟད། ཕྱྭ་པ་ཆོས་ཀྱི་སེང་གེའི་སློབ་མ་གྲགས་ཅན་གཞན་ཞིག་ཀྱང་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ལ་ཤིན་ཏུ་མོས་པས། ལེགས་ལྡན་གྱི་ལྟ་བ་ཁས་མི་ལེན་པར་འདུག

ཕྱྭ་པ་ཆོས་ཀྱི་སེང་གེས་དཔལ་ལྡན་ཟླ་བ་ལ་སྐྱོན་བརྗོད་མང་དུ་བྱས་པར་གྲགས་ཤིང་། ཁོང་ནི་རང་ལུགས་ཡོད་ཅིང་སྤོབས་པ་ཆེ་བའི་མཁས་པ་གཞན་དྲིང་མི་འཇོག་པ་ལྟ་བུ་ཞིག་ཏུ་མཐོང་།

མཁས་གྲུབ་རིན་པོ་ཆེའི《དབུ་མའི་སྟོང་ཐུན》གྱི་དབུ་ན། རྒྱ་གར་རྩོད་པའི་འཇིག་རྟེན་ནའང་དཔལ་ལྡན་ཟླ་བའི་མཚན་ནས་བཟུང་སྟེ་དགག་པ་རྒྱག་ཕོད་མཁན་མ་བྱུང་ན། བོད་ལ་ལས་དཔལ་ལྡན་ཟླ་བའི་མཚན་ནས་སྨོས་ཏེ་བཀག་པ་ནི་བླུན་པོའི་དེ་ཉིད་བསྟན་པ་ཙམ་དུ་བཤད་ནས་ཕྱྭ་པ་ཆོས་ཀྱི་སེང་གེར་ཟུར་ཟ་གནང་ཡོད་ནའང་། ཕྱྭ་པ་ཆོས་ཀྱི་སེང་གེ་ཁོང་ནི་ལེགས་ལྡན་འབྱེད་ཀྱི་ལུགས་ལ་མོས་ཤིང་། དཔལ་ལྡན་ཟླ་བ་མཐའ་གཅིག་ཏུ་དགག་མཁན་དེ་འདྲ་ཡིན་ས་རེད།

གསང་ཕུ་རུ་ཐོས་བསམ་སློབ་གཉེར་རྒྱས་བཞིན་པའི་སྐབས་དེ་འདྲ་ཞིག་ལ། པ་ཚབ་ལོ་ཙཱ་པ་ཡང་རྒྱ་གར་ནས་ཚུར་བྱོན་ཏེ། འཕན་པོ་རུ་གདན་ས་བཟུང་ནས་བཞུགས་པ་རེད། ཁོང་གིས་དཔལ་ལྡན་ཟླ་བའི《དབུ་མ་ཚིག་གསལ》དང་། 《དབུ་མར་འཇུག་པ》བསྒྱུར་གནང་བར་མ་ཟད། ད་རུང་། 《དབུ་མ་ལ་འཇུག་པའི་རང་འགྲེལ》དང་། 《བཞི་བརྒྱ་པའི་འགྲེལ་པ》《རིགས་པ་དྲུག་ཅུ་བའི་འགྲེལ་པ》སོགས་ཟླ་བའི་གསུང་གཞན་མང་པོའང་བསྒྱུར་ཏེ། དབུ་མ་ཐལ་འགྱུར་པའི་གྲུབ་མཐའ་བོད་དུ་དར་བར་བྱས།

འོན་ཀྱང་པ་ཚབ་ལོ་ཙཱ་པའི་དྲུང་དུ་སློབ་ཚོགས་མང་པོ་མ་འདུས་པ་ན། ཁ་སང་ངས་པོ་ཏོ་བ་ལ་སློབ་མ་གླང་རི་ཐང་པ་དང་ཤ་ར་པ་གཉིས་ཡོད་པར་བཤད་པ་ལས། ཤ་ར་པ་ལ་སློབ་ཚོགས་མང་བས། པ་ཚབ་འདི་འདྲའི་མཁས་པ་ཆེན་པོ་ཞིག་གི་མདུན་དུ་སློབ་མ་མང་པོ་མ་འདུས་ན་གྱོང་གུན་ཆེ་དགོངས་ནས། ཁོང་རང་གི་སློབ་མ་མང་པོ་ཞིག་པ་ཚབ་ཀྱི་སར་སློབ་སྦྱོང་བྱེད་དུ་བཏང་།

དེ་ལྟར་གསང་ཕུ་རུ་དབུ་མ་རང་རྒྱུད་པའི་ལྟ་བ་གཙོ་བོར་བཟུང་ཞིང་། འཕན་པོ་རུ་དབུ་མ་ཐལ་འགྱུར་པའི་ལྟ་བ་གཙོ་བོར་བཟུང་སྟེ་ཐོས་བསམ་མཛད་པས། སྐབས་དེའི་ཤེས་རིག་ནི་དེ་འདྲའི་ཚ་ཚ་འུར་འུར་ཞིག་རེད།

དེས་ཀྱང་མི་ཚད། གསང་ཕུའི་གདན་ས་གཅིག་པུའི་ནང་དུའང་། ཕྱྭ་པ་ཆོས་ཀྱི་སེང་གེ་དང་ཁོང་གི་སློབ་མ་རྣམས་ལས་འགའ་ཞིག་སློབ་དཔོན་ལེགས་ལྡན་གྱི་ལྟ་བ་ལ་མོས་ཤིང་། ལ་ལ་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ལ་འཐད་པ་སོགས་བྱུང་བས། གདན་ས་གཅིག་ཏུ་དབུ་མའི་གྲུབ་མཐའ་མི་འདྲ་བ་སོ་སོའི་ཕྱོགས་འཛིན་མཁན་གྱི་མཁས་པ་དུས་གཅིག་ཏུ་བྱུང་བ་རེད། དེ་འདྲ་ནི་བོད་ལ་མཚོན་ན། གསང་ཕུ་མ་གཏོགས་གཞན་དུ་དཀོན་པས། གསང་ཕུ་ནི་དངོས་གནས་དྲང་གནས་ཤེས་རིག་གི་གླིང་ག་ཆེན་པོ་ཞིག་སྟེ། བོད་ཀྱི་ནཱལེནྡྲ་གཉིས་པ་ལྟ་བུ་ཞིག་ཏུ་གྱུར་མྱོང་བ་འདྲ།

དུས་ཕྱིས་སུ། ཕར་བལྟས་ཚོད་ལ་དགོན་པ་མང་པོ་ཞིག་ཏུ་མཚན་ཉིད་སློབ་སྦྱོང་གི་སྲོལ་ཡོད་ནའང་། དོན་དངོས་སྟེང་དགོན་པ་དང་དགོན་པའི་སློབ་སྦྱོང་གི་ཁོར་ཡུག་མི་འདྲ་བ་ཡིན་ལ། དགོན་པ་ལ་ལར་ནི་མཚན་ཉིད་སློང་སྦྱོང་ཙམ་ཡོད་ཀྱང་། སློབ་སྦྱོང་གི་ལམ་སྲོལ་ཐད་ནས་གཙུག་ལག་ཁང་རྣལ་མའི་མཚན་ཉིད་ཚང་གི་མ་རེད། ལྷག་པར་བར་སྐབས་ཤིག་ནས་བཟུང་། དགོན་པ་རེ་རེ་དགེ་བཤེས་གཅིག་གམ། བླ་མ་གཅིག་གམ། སྤྲུལ་སྐུ་གཅིག་གིས་བདག་བྱེད་པའི་སྲོལ་བྱུང་སྟེ། དེ་ཚོ་ལ་ཞབས་ཕྱི་བསྒྲུབ་རྒྱུ་དང་། དེ་ཚོའི་མཚན་སྙན་སྤེལ་ཐབས། དེ་ཚོ་ལ་གདུལ་བྱ་བསྡུ་རྒྱུ་སོགས་ནི་དགོན་པའི་གྲྭ་མང་གི་འོས་འགན་ཀུན་གྱི་གཙོ་བོར་གྱུར་པས། དགེ་འདུན་པ་སྒེར་རེ་རེའི་མི་ཚེའི་མདུན་ལམ་ནི་གལ་ཆུང་ལྟ་བུར་ཆགས་པ་རེད། (དེ་འདྲའི་དགོན་སྡེ་དག་ཏུ་གྲྭ་པ་ཚོར་སློབ་སྦྱོང་གི་གོ་སྐབས་ཅུང་ཟད་རེ་ཐོབ་ནའང་། གང་བསླབས་པ་ཐམས་ཅད་དཔྱོད་པའི་ཤེས་རབ་ཡར་རྒྱས་ཀྱི་རྐྱེན་དུ་འཁྱེར་རྒྱུ་མ་ཡིན་པར། དགོན་པའི་དབང་འཛིན་མཁན་གཙོ་བོ་དེ་ལ་བརྟག་དཔྱད་མེད་པར་མོས་གུས་སྐྱེ་བའི་རྒྱུ་རུ་འགྲོ་དགོས་ཏེ། དེ་ལྟར་སོང་ཡོད་ན་བསླབས་འབྲས་བཟང་བར་རྩི་ཞིང་། མ་སོང་ན་བསླབས་འབྲས་ངན་པར་རྩི་ཡི་འདུག )

དགོན་པ་དེ་རིགས་ཀྱི་ནང་དུ། སློབ་གཉེར་པ་ཚོས་སློབ་སྦྱོང་ཅི་བྱས་རྣམས་ཀྱང་མི་གཅིག་ཁས་ལེན་པའི་ཆེད་དང་། སྤྲུལ་སྐུ་གཅིག་ཁས་ལེན་པའི་ཆེད་ཙམ་དུ་བརྩིས་ཤིང་དེ་ལྟར་གྱུར། དེ་ལྟ་བུའི་དགོན་པའི་སློབ་གསོ་ལ་ནི“ཀླད་པ་བཀྲུ་བའི་སློབ་གསོ”ཡི་རྟགས་ཚང་བ་ཡིན། དེ་འདྲའི་དགོན་སྡེ་ཚོའི་ནང་དུ། ཤེས་བྱ་ཁ་གཡར་བ་རེ་སྦྱོང་གི་ཡོད་མེད་གང་ལྟར་ཀྱང་ཤེས་རིག་སློབ་གླིང་རྣལ་མ་ཞིག་གི་མཚན་ཉིད་ཚང་གི་མ་རེད།

སྔ་མོའི་གསང་ཕུ་ལྟ་བུར་ཆ་བཞག་ན། ངེས་དོན་གྱི་མཁས་པ་རྣམ་པས་ལོ་ཤས་རིང་གདན་ས་བཟུང་ནས་སྐྱོང་གི་ཡོད་ལ། ཤེས་བྱ་རིག་པའི་གནས་ལ་སློབ་གཉེར་བྱེད་དུས་དང་དཀའ་བའི་གནས་ལ་སྒྲོ་འདོགས་གཅོད་པའི་ཚེ། རང་རང་གི་ཤེས་རབ་ཀྱི་གྲུབ་དོན་ལྟར་རང་ལུགས་འཛིན་ཆོག་པའི་རང་དབང་གི་གླིང་ག་ལྟ་བུ་ཡིན་པར་མཐོང་བས། དེ་ལ་སློབ་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་གི་རྟགས་ཚང་བར་སྙམ། དེའི་རྗེས་སུ་རྗེ་ཙོང་ཁ་པ་བྱོན་པའི་སྐབས་ཡས་མས་ཏེ། ཕག་གྲུའི་སྲིད་དབང་གི་སྐབས་དེ་ཡང་བོད་སྤྱི་ལ་མཚོན་ན། ཤེས་རིག་དར་པའི་ལོ་རྒྱུས་ཀྱི་གནས་སྐབས་ཧ་ཅང་ཡག་པོ་ཞིག་ཏུ་སྙམ།

ད་དུང་བཤད་རྒྱུར། ངས་བལྟས་ན། དབུ་མ་ཐལ་འགྱུར་པ་དང་རང་རྒྱུད་པ་ཞེས་པའི་ཐ་སྙད་ཐོག་མར་སྦྱོར་མཁན་ཡང་པ་ཚབ་ལོ་ཙཱ་པ་ཡིན་པ་འདྲ་བས། ཁྱེད་རྣམ་པས་ག་ལེར་བརྟག་དཔྱད་གནོངས་དང་ཧ་གོ་ཡི་རེད། ད་ལོར་ངས་དབུ་མའི་སྐོར་གྱི་རྩོམ་ཞིག་འབྲི་ཁུལ་བྱས་པ་དེའི་ནང་དུའང་པ་ཚབ་རེད་ཅེས་ཐག་བཅད་ཡོད།

རྗེ་རིན་པོ་ཆེའི《ལྷག་མཐོང་ཆེན་མོའི་ནང》དུ། དབུ་མ་ལ་ཐལ་འགྱུར་པ་དང་རང་རྒྱུད་པ་ཞེས་པའི་ཐ་སྙད་སྦྱོར་མཁན་ནི་བོད་ཕྱི་མའི་མཁས་པ་རྣམས་ཡིན་ཀྱང་། ཐ་སྙད་དེ་ལྟར་སྦྱར་བ《ཚིག་གསལ》གྱི་དགོངས་པ་དང་མཐུན་པས་བོད་ཀྱིས་རང་བཟོ་མིན་ཞེས་ཁས་བླངས་ཡོད་པ་རེད། འོན་ཀྱང་དེ་ལྟར་སྦྱོར་མཁན་གྱི་མཁས་པ་སུ་ཡིན་གསུངས་མེད་པས། དེ་མཁས་པ་སུ་ཡིན་ནམ་སྙམ་པའི་ཤེས་འདོད་ཅིག་བྱུང་སྟེ། ངས་ཡར་མར་གྱི་དཔེ་ཆ་ཅུང་ཙམ་བཀླགས་དུས། ཐལ་འགྱུར་པ་དང་རང་རྒྱུད་པའི་ཐ་སྙད་ཐོག་མར་སྦྱོར་མཁན་པ་ཚབ་ཡིན་པ་ཤེས་སོང་།

སྤྱིར་ན། པ་ཚབ་ཀྱི་རིང་ལ་ཐལ་འགྱུར་པའི་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་པ་ལས། དེའི་སྔོན་ལ་ནི་ནག་ཚོའི་འགྱུར་གྱི《འཇུག་པ》ཙམ་མ་གཏོགས། 《དབུ་མ་ཚིག་གསལ》བོད་ཡིག་ཏུ་འགྱུར་མེད་པས། ཐལ་རང་གི་ཐ་སྙད་ཐོག་མར་སྦྱོར་མཁན་པ་ཚབ་ལས་གཞན་འགྲོ་ས་མེད་པ་འདྲ་བས། ཁོང་ནི་བོད་ཀྱི་དབུ་མའི་ཤེས་རིག་ཐོག་ལ་དེ་ལྟ་བུའི་བཀའ་དྲིན་ཆེན་པོ་ཞིག་རེད།

 

《ཧི་མ་ལ་ཡའི་ཕར་ཚུར》ལས་བཤུས།

བརྒྱུད་སྐུལ།

མཆན་སྤེལ།