པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་རྣམ་ཐར།

པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་རྣམ་ཐར།

 

པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། པཎ་ཆེན་སྐུ་ཕྲེང་བཞི་བ་ཡིན་ལ་རྗེ་ཙོང་བ་ཆེན་པོ་དང་ཁྱད་མེད་དུ་བསྔགས། ཁོང་ནི་སྤྱི་ལོ་ ༡༥༧༠ ལོར་ཡབ་འཚོ་བྱེད་ཚེ་རིང་དཔལ་འབྱོར་དང༌། ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་ཆོས་རྒྱལ་དཔལ་ལྡན་བཟང་བོ་གསོལ། དགུང་ལོ་གསུམ་པར་གཞན་གྱི་འཇམ་དཔལ་མཚན་མཚན་བརྗོད་གསུང་བ་རྣ་བྱང་དུ་སོང་ནས་བློར་ཡོང་སྟེ།ཉིན་རེར་མ་ཆག་པར་ཞལ་འདོན་གནང་། དགུང་ལོ་ལྔའི་སྟེང་སངས་རྒྱས་ཡེ་ཤེས་ལ་མཚན་བརྗོད་རྒྱུགས་ཕུལ་པས་དགྱེས་དབེན་ས་བའི་སྤྲུལ་སྐུར་ངོས་བཟུང་། མཚན་ལ་ཆོས་ཀྱི་རྒྱན་མཚན་དུ་གསོལ། དགུང་ལོའི་ལྔའི་སྟེང་སྨན་བླའི་མདོ་ཆོག་བློར་བཟུང་། རྡོར་གཅོད་ཡང་ཡང་བཀླགས་པས་བྱང་བ་དང་དུས་མཉམ་དུ་བློར་ཟིན། རང་ལོ་བཅུ་གསུམ་གྱི་སྟེང་རང་གི་ཕ་ཡུལ་གཙང་རོང་དང་ཁ་བྲལ་ཏེ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མཁན་སློབ་ཟུང་དུ་འབྲེལ་ཏེ་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་། མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བཏགས། ཡི་དམ་མང་བོའི་རྒྱུན་དུ་བསྒྲུབས་པས་རྨི་ལམ་དུ་ཞལ་གཟིགས་པ་དང་སྲུང་མ་རྣམས་ཀྱིས་ལས་ཚུལ་བཞིན་དུ་བསྒྲུབ་པར་ཞལ་གྱིས་བཞེས།

 

དགུང་ལོ་བཅུ་བཞི་ཐོག་དབྱངས་ཅན་མ་བསྒྲུབས་པས་ཞལ་གཟིགས།སྔོན་སྙན་ངག་སྦྱོང་མ་མྱོང་ཡང་བསྟོད་པ་གཟིགས་སྣང་མ་བརྩམས་ཤིང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བཞིན་ལམ་རིམ་ཆེ་འབྲིང་གཉིས་ཞག་བཅུ་སྐོར་གཅིག་ལ་བློར་བཟུང་སྟེ། རྗེ་རིན་པོ་ཆེར་རྒྱུགས་ཕུལ་བ་སོགས་ཀུན་གྱི་བསམ་ཡུལ་ལས་འདས་པའི་མཛད་པ་མང་དུ་བསྟན། དགུང་ལོ་བཅུ་དྲུག་སྟེང་། མགོན་པོ་ཞི་བ་ལྷའི་རྟོགས་བརྗོད་བརྩམས། རྒྱལ་བ་དགེ་འདུན་གྱི་གླེང་འབུམ་ལ་གཟིགས་པསམཚིག་དོན་མཐའ་དག་ཁོང་དུ་ཆུད། ལོ་དེར་བཀྲ་ཤིས་ལྷུན་པོར་སློབ་གཉེར་དུ་ཕེབས་ཏེ་སློབ་གཉེར་ཚུལ་བཞིན་གནང་ནས་མཁས་པའི་གྲགས་པ་འབར། ལྕགས་མོ་ཡོས་ལོར་པན་ཆེན་དམ་ཆོས་ཡར་འཕེལ་ལས་བསྙེན་པར་རྫོགས། དགའ་ལྡན་དུ་དཀའ་ཆེན་བཞི་དམ་བཅའ་བཞག་པས་གཞན་གྱིས་དོ་ཟླ་མེད་པ་ཞིག་ཏུ་གྱུར། མི་ཚེ་རི་ལ་སྐྱེལ་བའི་མི་ལ་རས་པ་ལྟ་བུའི་ཉམས་ལེན་མཛད་པར་དགོངས་པ་ལ་རྗེ་བླ་མ་རྨི་ལམ་དུ་ཞལ་གཟིགས་ནས་ས་གསུམ་བརྙེས་པའི་སེམས་དཔའ་ཡང་། ཐོས་པས་ངོམ་པ་མེད་ལ་ལྟོས།ཞེས་གསུངས་པ་ལ་ཐོས་བསམ་སྒོམ་གསུམ་ཆིག་དྲིལ་མཛད། ས་ཁྱི་ལོར་གངས་ཅན་ཆོས་འཕེལ་གྱི་མཁན་པོར་བྱོན།

དགུང་ལོ་སོ་གཅིག་པ་ལྕགས་པོ་བྱིའི་ལོར་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད་དེ་དད་ལྡན་མང་ཚོགས་ལ་ཆོས་དང་ཟང་ཟིང་གིས་ཚིམ་པར་བྱས། ༡༦༡༣ ལོ་ནས་བཟུང་ལོ་ངོ་དྲུག་ལྷག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་དབུ་མཛད་དེ་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་པ་དང་དགེ་བཤེས་ལྷ་རམས་པའི་ལུགས་སྲོལ་ཐོག་མར་བཏོད་པ་སོགས་བསྟན་འགྲོ་ལ་ཕན་པའི་བྱ་བཞག་མང་དུ་བསྐྲུན། ༡༦༢༩ ལོར་དགའ་ལྡན་གསེར་ཁྲིར་བཞུགས་ཏེ་རྒྱལ་བསྟན་དར་རྒྱས་ལ་ནུས་པ་བླ་ལྷག་ཏུ་བཏོན། ༡༦༤༤ ལོར་སེ་ཆེན་ཆོས་རྗེ་མེས་རྒྱལ་ནང་ཁུལ་དུ་མངགས་ནས་ཆིང་གོང་མ་དང་དགེ་ལུགས་པའི་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་ཆགས་ཤིང༌། གོང་མ་ཧྲིན་ཀྲིས་རྒྱལ་དབང་སྐུ་ཕྲེང་ལྔ་བ་ཁོང་གཉིས་ལ་བསྔགས་བརྗོད་ཀྱི་ཡི་གེ་དང་འཚམས་རྟགས་བཅས་ཕུལ། ཁོང་གིས། གཅིག་གིས་དད་རྫས་མེ་ལ་བསྲེགས། །གཅིག་གིས་དད་རྫས་མཁར་དུ་བརྩིགས། །ངའི་དད་རྫས་དཀོན་མཆོག་སོ་ཅན་གྱི་ཁ་ན། །ཞེས་དགེ་བཤེས་ཕུ་ཆུང་བ་དང་། སྤྱན་སྔ་བས་གཙུག་ལག་ཁང་དང་རྟེན་གསུམ་བཞེངས། ཁོང་གིས་དགེ་འདུན་ལ་བསྙེན་བཀུར་བྱས། མཐར་དགུང་ལོ་གོ་གསུམ་པ་སྤྱི་ལོ་ ༡༦༦༢ ལོར་སྐུ་གཤེགས། ཁོང་གིས་མི་ཚེ་གང་བོར་དབུས་གཙང་དང་མངའ་རིས། མདོ་སྟོད་སྨད། རྒྱ་ནག་ལྷོ་མོན་སོགས་ས་ཆ་མང་པོར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང༌། འཆད་རྩོད་རྩོམ་གསུམ་གྱིས་ནང་བསྟན་སྤེལ་བ་སོགས་མཛད་འཕྲིན་བླ་ན་མེད་པ་མཆིས་སོ། །གསུང་རྩོམ་ལ་གསང་འདུས་རིམ་ལྔའི་འགྲེལ་པ་སོགས་པོད་ལྔ་བཞུགས་སོ།།

པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར།

འཁྲུངས་ཡུལ་ནི་གཙང་སྟོད་ལྷན་དྲུག་བརྒྱ་བའི་སྤེའུ་ཞེས་པའི་ཡུལ་དུ་ཡབ་དྲུང་འཚོ་བ་ཀུན་དགའ་འོད་ཟེར་དང་ཡུམ་འཚོ་རྒྱལ་གཉིས་ཀྱི་སྲས་སུ་བོད་ཀྱི་རབ་ཆུང་བཅུ་པའི་ལྕགས་རྟ་ (༡༥༧༠) ལོར་འཁྲུངས་ཤིང་རབ་ཆུང་བཅུ་གཅིག་པའི་ཆུ་སྟག་ (༡༦༦༢) ལོ་བར་དགུང་ལོ་གོ་གསུམ་བཞུགས། དགུང་ལོ་ལྔ་ལ་ཕེབས་སྐབས་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་པའི་སྤྲུལ་སྐུར་ངོས་འཛིན་ཞུས་ཏེ་མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞིའི་ཐོག་དབེན་དགོན་གྱི་ཁྲིར་བཀོད། དགུང་ལོ་སོ་གཅིག་པ་རབ་ཆུང་བཅུ་པའི་ལྕགས་གླང་ (༡༧༠༡) ལོར་བཀྲ་ཤིས་ལྷུན་པོར་མཁན་པོ་མཛད། དགུང་ལོ་སོ་གཅིག་པ་རབ་ཆུང་བཅུ་པའི་ལྕགས་གླང་ (༡༧༠༡) ལོར་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད། དགུང་ལོ་ཞེ་བཞི་པ་ཆུ་གླང་ (༡༧༡༣) ལོ་ནས་ལོ་དྲུག་གི་རིང་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང་། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་ཐོན་པའི་དགེ་བཤེས་ཆུ་ཚད་མཐོ་ཤོས་རྣམས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྒྱུ་དང་། ཨང་རིམ་བྱ་དགའ་གནང་རྒྱུ་སོགས་དགེ་བཤེས་ལྷ་རམས་པའི་ལུགས་སྲོལ་ཐོག་མར་གསར་གཏོད་གནང་ཞིང་། གཞུང་ཆེན་པོ་ལྔའི་སློབ་གཉེར་གོང་འཕེལ་གཏོངའགྲོ་རྒྱུར་བསྐུལ་མ་ཆེན་པོ་ཐེབས་བྱུང་། རབ་ཆུང་བཅུ་པའི་ཆུ་ཁྱི་ (༡༧༢༢) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངོས་འཛིན་མཚན་གསོལ་མཛད་དེ་འཕྱོང་རྒྱས་ནས་འབྲས་སྤུངས་སུ་གདན་གྲངས་ཤིང་སྐུ་གོང་མའི་ཁྲིར་བསྐོས་པའི་འགན་བཞེས་གནང་། སེ་འབྲས་གཉིས་ཀའི་མཁན་པོ་གཅིག་ལྕོགས་ལོ་དྲུག་རིང་མཛད། བོད་ཀྱི་རབ་ཆུང་བཅུ་གཅིག་པའི་ལྕགས་འབྲུག་ (༡༦༤༠) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་གྲོས་མོལ་གནང་སྟེ་སེ་ཆེན་ཆོས་རྗེ་གདོང་བྱང་ཤར་ཧྲིན་ཡང་དུ་མན་ཆུའི་གོང་མ་དང་པོ་ཧྲུན་ཀྲི་ (顺治) ལ་འཚམས་འདྲིའི་ཡེ་གེ་དང་རྟེན་བཅས་བསྐུར་བ་གནང་ཞིང་། རབ་ཆུང་བཅུ་གཅིག་པའི་ཤིང་སྤྲེལ་ (༡༦༤༤) ལོར་གོང་་མ་ཧྲུན་ཀྲི་ཁྲིར་འཁོད་རྗེས་ཏཱ་ལའི་བླ་མ་དང་པན་ཆེན་རིན་པོ་ཆེ་གཉིས་ཀར་བསྔགས་བརྗོད་ཡེ་གི་དང་མཚམས་རྟགས་བཅས་ཕུལ། གསུང་རྩོམ་རང་ཉིད་ཀྱི་རྣམ་ཐར་སོགས་པོད་ལྔ་ཡོད།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།

 

 

6330_2010012209585718yWj.jpg

པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ནི།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཚན་ནི། པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་།  པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་བོ།  པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་བ་བློ་བཟང་དོན་འགྲུབ།  པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།  པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས།  པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།  པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་དབང་ཕྱུག  པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་ཉི་མ།  པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།  པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་བཅས་སོ།།

 

བརྒྱུད་སྐུལ།

མཆན་སྤེལ།