པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་སྙིང་བསྡུས།

པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་སྙིང་བསྡུས།

དེ་ཡང་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ། མདོ་སྔགས་རམས་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་ནི། རབ་བྱུང་བརྒྱད་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་ 1478 ལོར་ལྷོ་ཁ་རྩེད་ཐང་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ནང་པར་ལམ་པ་བྱ་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། སྐུ་གཞོན་ནུའི་དུས་ནས་རྩེད་ཐང་དགོན་པའི་ཆོས་གྲྭར་ཞུགས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ཆེན་པོ་བསོད་ནམས་བཀྲ་ཤིས་ཀྱི་མདུན་ནས་རབ་ཏུ་བྱུང་བསྒྲུབས་པས། མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ།

དེ་ནས་གསང་ཕུར་ཕེབས་ནས་སློབ་གཉེར་མཛད། ཚད་མའི་དོགས་གཅོད་ཞུ་བ་དང་སྦྲགས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རམ་འབྱམས་པ་སོགས་བསྟེན་ནས་ལོ་ཤས་རིང་གཞུང་དང་། རིག་གནས་སོགས་ལ་གསན་སྦྱོང་གནང་། དགུང་ལོ་བཅུ་དྲུག་གི་སྐབས་སུ་ལྷ་སར་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད་དེ་ལོ་ངོ་བཅུ་གཉིས་རིང་ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་བླ་མར་བསྟེན་ནས་ཕར་ཕྱིན་དང་། ཚད་མ། དབུ་མ། འདུལ་བ། མཛོད་བཅས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པར་གནང་། ཞ་ཞོར་གསང་སྔགས་ཀྱི་ཆོས་ཀྱང་མང་དུ་གསན།

དགུང་ལོ་ཉི་ཤུར་ཕེབས་སྐབས་འོད་སྣའི་བླ་མ་སངས་རྒྱས་བཟང་པོ་དང་། རིན་ཆེན་ཆོས་བཟང་གཉིས་ཀྱི་དྲུང་ནས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས། མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་ཐོན་ནས་དགེ་བཤེས་མཁས་པའི་ཡང་རྩེར་སོན། དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བརྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཇི་སྙེད་གསན་ཏེ་གསང་བ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད།

དགུང་ལོ་སུམ་ཅུ་ཐམ་པར་རྩེད་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་སྐོར་གནང་། རྗེ་ཡབ་སྲས་ཀྱི་གསུང་དང་གཞུང་ཆེན་རྣམས་ཐུགས་རྒྱུད་ལ་བྱང་བའི་ཉམས་ཐོན། དགུང་ལོ་སོ་གཅིག་ལ་རྒྱུད་སྟོད་ལ་ཆོས་ཞུགས་མཛད་ནས་རྗེ་ཆོས་ལྡན་བློ་གྲོས་ཀྱི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཧ་ཅང་མང་པོ་གསན་པས་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན། རྒྱུད་སྡེ་སྤྱིའི་རྣམ་བཤད་ཀྱང་བརྩམས། དགུང་ལོ་སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲི་ལ་ཕེབས་ནས་ལོ་ངོ་བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཉན་གནང་། དགུང་ལོ་སོ་དྲུག་ནས་དབུ་བཙུགས་ཏེ་གསང་འདུས་བསྐྱེད་རྫོགས་དང་། ཕར་ཕྱིན། དབུ་མའི་སྤྱི་དོན། འདུལ་བའི་རྣམ་བཤད། མཛོད་ཊཱིཀྐ་ཆོས་འབྱུང་སོགས་སྔ་རྟིང་དུ་ལྗགས་རྩོམ་གནང་། དགུང་ལོ་ཞེ་བདུན་པར་རྒྱུད་ཀྱི་ཁྲི་ལས་བཤོལ།

དགུང་ལོ་ཞེ་བརྒྱད་པར་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་བཀའ་ལྟར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་ལོ་ངོ་དྲུག་རིང་མཛད། དགུང་ལོ་ང་གཉིས་ལ་ཕེབས་པ་ས་གླང་ལོ་སྟེ་སྤྱི་ལོ་ 1529 ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་ཐོག་བཅོ་ལྔ་པའི་ཐུགས་འགན་ལོ་ངོ་བདུན་བཞེས་རིང་མདོ་སྔགས་ཀྱི་འཆད་ཉན་རྒྱུན་མི་ཆད་པར་མཛད། དགུང་ལོ་ང་བརྒྱད་པར་དགའ་ལྡན་ཁྲི་པའི་ལོ་དུས་གཙང་སྟེ་ལོ་བརྒྱད་རིང་དགའ་ལྡན་དགོན་དུ་ཟུར་བཞུགས་ཐོག་འབྲས་སྤུངས་ཀྱི་ཁྲིར་ཕེབས་ཤིང་། དེ་བཞིན་དུ་སེ་ར་ཐེག་ཆེན་གླིང་དང་། སྟོད་ལུང་སྐྱོར་མོ་ལུང་དང་། ཕག་མོ་ཆོས་སྡེ། ཉི་སྡིངས། འོད་སྣ། ཆོས་སྡེ་རིན་ཆེན་གླིང་སོགས་ཞལ་འཛིན་མཛད་པས་རྣམ་དཀར་གྱི་འཕྲིན་ལས་ཤིན་ཏུ་ཆེ་བ་བྱུང་། དགུང་ལོ་རེ་དྲུག་པར་རེ་ཞུས་བཞིན་ལོ་ངོ་བཞིའི་རིང་འབྲས་སྤུངས་སྤྱི་མཁན་གནང་། དེ་ནས་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་སྟོད་ལུང་ནས་ངོས་འཛིན་ཞུས་ཏེ་དབུ་སྐུ་གཙུག་ཕུད་བཞེས་ནས་དགེ་བསྙེན་གྱི་སློབ་དཔོན་མཛད་དེ། ༸རྒྱལ་བ་བསོད་ནམས་རྒྱ་མཚོ་ཞེས་མཚན་གསོལ། དགུང་ལོ་རེ་དགུ་པ་ནས་དགུང་ལོ་དོན་བདུན་བར་སེ་རའི་མཁན་པོ་གནང་།
རྗེ་འདི་ཉིད་ཀྱི་གསུང་རྩོམ་ལ་མཚོན་ན། 1) རྒྱུད་སྡེ་སྤྱིའི་རྣམ་བཤད་དང་། 2) གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག 3) ཕར་ཕྱིན་གྱི་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། 4) ཕར་ཕྱིན་གྱི་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། 5) དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། 6) བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། 7) འདུལ་བའི་སྤྱི་དོན་ལུང་རིགས་ཉི་མ། 8) མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། 9) ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་དགོངས་པ་རབ་གསལ། 10) འདུལ་བའི་ཆོས་འབྱུང་། 11) བསྟན་རྩིས་རིན་ཆེན་ཕྲེང་བ། 12) དེབ་ཐེར་དམར་པོ་གསར་མ། 13) དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་སོགས་ལོ་རྒྱུས་དང་། བསྟན་རྩིས། གཞུང་ཆེན་པོའི་འགྲེལ་བཤད་དོགས་གཅོད་སོགས་ཆོས་ཚན་བཅུ་བཞི་དང་པོད་དྲུག་ཙམ་ལྗགས་རྩོམ་མཛད། མཐར་དགུང་གྲངས་དོན་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་སྟག་སྤྱི་ལོ་ 1554 ལོར་དཔལ་ལྡན་འབྲས་སྤུངས་སུ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་བཅས་སོ།།  །།

 

(པཎ་ཆེན་བསོད་ནམས་གྲགས་པའི་འདས་མཆོད་ཉིན་བཀའ་དྲིན་རྗེས་དྲན་གྱི་སླད་དུ་རྣམ་ཐར་སྙིང་བསྡུས་ཕྱོགས་བསྒྲིགས་དང་བཅས་ཏེ་བཀོད་པ་ལགས་སོ།།)

པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་མདོར་བསྡུས།

 

 

པཎ་ཆེན་བསོད་ནམས་གྲགས་པ་ནི།   སྤྱི་ལོ་1478ལོར་ལྷོ་ཁ་རྩེད་ཐང་དུ་ནང་པ་ར་ལམ་པའི་སྲས་སུ་སྐུ་འཁྲུངས།  ཀུན་མཁྱེན་བུ་སྟོན་གྱི་སྐུའི་སྐྱེ་བར་གྲགས།   སྐུ་ན་གཞོན་པའི་དུས་ནས་རྩེད་ཐང་དགོན་པའི་ཆོས་གྲྭར་ཞུགས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད།  རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པ་ཞེས་གསོལ།   དེ་ནས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རབ་འབྱམས་པ་སོགས་བསྟེན་ནས་ལོ་ཤས་རིང་གཞུང་དང་རིག་གནས་སོགས་ལ་གསན་སྦྱོང་མཛད།   དགུང་ལོ་བཅུ་དྲུག་པར་ལྷ་སར་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ཆོས་གྲྭར་ཞུགས།

ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་།   གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ།   རྩེད་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་བླ་མར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་ཞིང་།   ཞོར་ལ་བཀའ་གདམས་ཀྱི་ཆོས་སྐོར་མང་པོ་དང་། གསང་སྔགས་ཀྱི་ཆོས་ཀྱང་མང་དུ་གསན།  དགུང་ལོ་ཉི་ཤུ་པར་འོད་སྣའི་བླ་མ་སངས་རྒྱས་བཟང་པོ་ལས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།   མདོ་ཕྱོགས་ཀྱི་གསན་བཞེས་མཐར་ཕྱིན་ནས་མཁས་པའི་ཡང་རྩེར་སོན།  དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ།   རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བསྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་སྔགས་ཀྱི་ཆོས་སྐོར་ཇི་སྙེད་གསན་ཏེ་རྡོ་རྗེའི་ཐེག་པའི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སུམ་ཅུ་པར་རྩེད་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་སྐོར་མཛད།  དགུང་ལོ་སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྒྱུད་སྟོད་པའི་འཆད་ཉན་སྤེལ།   དགུང་ལོ་ཞེ་བརྒྱད་པར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་ལྟར་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་མཛད།   དེ་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོར་བཞུགས། དགུང་ལོ་ང་གཉིས་པ་སྟེ། སྤྱི་ལོ1529ལོར་དགའ་ལྡན་གྱི་ཁྲི་ཐོག་བཅོ་ལྔ་པར་ཕེབས་ཏེ་ལོ་བདུན་གྱི་རིང་ལ་མདོ་སྔགས་ཀྱི་འཆད་ཉན་རྒྱུན་མི་འཆད་པར་མཛད།   དགུང་ལོ་དྲུག་པ་ནས་ལོ་ངོ་བཞིའི་རིང་འབྲས་སྤུངས་སྤྱི་མཁན་གནང་།   རྒྱལ་དབང་སྐུ་ཕྲེང་གསུམ་པ་སྟོད་ལུང་ནས་ངོས་འཛིན་ཞུས་ཏེ་དགེ་བསྙེན་གྱི་སློབ་དཔོན་མཛད་ཅིང་མཚན་གསོལ།   དགུང་ལོ་རེ་དགུ་པ་ནས་དགུང་ལོ་དོན་བདུན་བར་སེ་རའི་མཁན་པོ་གནང་།   

རྗེ་འདི་ཉིད་ཀྱི་བརྩམས་ཆོས་ལ།   གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་མཁས་པའི་ཡིད་འཕྲོག་དང་།   རྒྱུད་སྡེ་སྤྱིའི་རྣམ་བཤད།   ཕར་ཕྱིན་གྱི་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ།  ཕར་ཕྱིན་གྱི་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ།  དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ།  །དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ།  འདུལ་བའི་སྤྱི་དོན་ལུང་རིགས་ཉི་མ།  མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ།   མངོན་པ་ཀུན་བཏུས་ཀྱི་འགྲེལ་པ།   ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ།  འདུལ་བའི་ཆོས་འབྱུང་།  བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན།  རྒྱལ་རབས་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོ་གསར་མ།  དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ།   བསྟན་རྩིས་རིན་ཆེན་ཕྲེང་བ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་བསྟན་བཅོས་མང་པོ་བཞུགས་པ་ལས་པོ་ཏི་དྲུག་ནི་རྩེ་པོ་ཏ་ལར་བཞུགས།  

དགའ་ལྡན་དང་འབྲས་སྤུངས་སུ་འདི་པའི་གསུང་གི་པར་ཤིང་བཞུགས་མོད།   ཆ་ཚང་མིན་རྩད་མ་ཆོད།   རྗེ་འདིས་མཛད་པའི་བཀའ་པོད་ལྔའི་སྐོར་གྱི་གཞུང་འགྲེལ་དང་།   སྤྱི་དོན་དང་།   མཐའ་དཔྱོད་རྣམས་ནི་པཎ་ཆེན་བསོད་གྲགས་པའི་ཡིག་ཆ་ཞེས་གྲགས་ཆེ་ཞིང་།   དགའ་ལྡན་ཤར་རྩེ་གྲྭ་ཚང་དང་འབྲས་སྤུངས་བློ་གསལ་གླིང་གི་ཡིག་ཆ་ཡིན། དགུང་ལོ་དོན་བདུན་པ་སྟེ།   སྤྱི་ལོ་1554ལོར་སྐུ་གཤེགས།   སྐུ་གདུང་མཆོད་རྟེན་འབྲས་སྤུངས་སུ་བཞུགས།   སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ལ་མངའ་རིས་སྤྲུལ་སྐུ་རིན་པོ་ཆེ་ཞུ།  ཁོང་གི་རྣམ་ཐར་ཅུང་ཟད་ཞིབ་མོ་ནི་ཉིད་ཀྱི་དངོས་སློབ་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད་བྱ་བ་འབྲས་སྤུངས་དཔར་རྙིང་ལྡེབ་མ་བཅུ་དགུ་ཅན་ཞིག་བཞུགས་པ་དང་།   སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་སོགས་སུ་གསལ་ལོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།