པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲས་ལྷུན་དགོན།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲས་ལྷུན་དགོན།

བཀྲ་ཤིས་ལྷུན་པོ་དགོན་ནམ། མཚན་རྒྱས་པར། བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཞུ། དེ་ཡང་བཀྲ་ཤིས་ལྷུན་པོ་ནི་ལྷ་དང་བླ་མས་ལུང་བསྟན་པའི་མཚན་ཡིན་ཞིང་། དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་པ་ནི། རྗེ་དགེ་འདུན་གྲུབ་པ་ཉིད་ཀྱིས་མཚན་གསོལ་གནང་བ་ཞིག་ཡིན། བཀྲས་ལྷུན་དགོན་ནི། ཉི་ཟེར་རིའམ་རྒྱབ་རི་གླང་ཆེན་འགྱིང་འདྲའི་འདབས་མྱང་ཆུ་དང་ཡར་ལུང་གཙང་པོའི་འདུས་སོ། གཞིས་རྩེ་བསམ་གྲུབ་རྩེའི་ནུབ་ངོས་ཉི་མ་རིའི་ལྷོ་འདབས་སུ་ཆགས་ཤིང་། དེ་ནི་གཙང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཡིན། གདན་ས་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་སློབ་༸རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་མཆོག་གིས་ཕྱི་ལོ་ ༡༤༤༧ ལོར་ཕྱུག་གཞུང་དར་རྒྱས་པ་དཔོན་བསོད་ནམས་དཔལ་བཟང་གིས་མཐུན་རྐྱེན་སྦྱར་ཏེ་ས་ཡི་དགེ་བཅུ་ཚང་བའི་གནས་དེར་བཀྲ་ཤིས་ལྷུན་པོའི་ཆོས་སྡེ་འདི་ཉིད་ཐོག་མར་ཕྱག་བཏབ་གནང་མཛད། ༸རྒྱལ་བ་དགེ་འདུན་གྲུབ་པ་མཆོག་ནི། ཕྱི་ལོ་ ༡༣༩༡ ལོར་གཙང་གི་སྲས་གུར་མེ་ཞེས་པའི་འབྲོག་ཁྱིམ་དུ་སྐུ་འཁྲུངས་ཤིང་། སྐུ་གཞོན་ནུའི་དུས་ནས་གསན་བསམ་སློབ་གཉེར་ལ་སྦྱང་བརྩོན་ཤིན་ཏུ་ཆེ་ལ། སྐུ་ནར་སོན་ནས་རྗེ་ཙོང་ཁ་པ་སོགས་རྩ་བའི་བླ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་། རིག་པའི་གནས་བཅུ་ལ་མཁས་པའི་སྙན་གྲགས་ཅན་གྱི་སྐྱེས་ཆེན་ཞིག་ཏུ་གྱུར། དེ་ཡང་རྗེ་དགེ་འདུན་གྲུབ་པ་སྣར་ཐང་ནས་འཇམ་དཔལ་མཚན་བརྗོད་ཞལ་འདོན་དུ་གསུང་བཞིན་ཡར་མར་ཕེབས་སྐབས་ད་ལྟའི་བཀྲ་ཤིས་ལྷུན་པོ་དགོན་པ་གནས་ཆགས་ཡུལ་དེར་ཕེབས་འབྱོར་སྐབས།

ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །

ཞེས་པའི་ཚིག་མཚམས་དང་རྟག་ཏུ་འཁེལ་བས་ཐོག་མའི་རྟེན་འབྲེལ་འགྲིག །གཞན་ཡང་རྭ་ལོ་ཙཱ་བ་ཁྲོ་ཕུར་བཞུགས་པའི་སྐབས་ཤིག་རི་རྩེར་སྐྱོ་སངས་དུ་བྱོན་པའི་ཚེ་ཤར་དུ་ཕྱག་མཛུབ་བསྟན་ཏེ། མ་འོངས་པ་ན་ས་ཕྱོགས་ཕ་ཀིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་གིས་དགོན་པ་བཀྲ་ཤིས་ཀྱི་མིང་ཅན་ཞིག་བཏབ་སྟེ་འགྲོ་དོན་དཔག་མེད་འབྱུང་བ་འདུག་ཅེས་གསུངས། ཡང་རྗེ་དགེ་འདུན་གྲུབ་པ་མཆོག་དབུས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་དགེ་འཕེལ་དབུ་རྩེར་སྐུ་མཚམས་སུ་བཞུགས་པའི་སྐབས་ཤིག་མནལ་ལམ་དུ། ད་ལྟའི་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདྲ་བ་ཞིག་གི་རྩེ་མོར་རྗེ་ཙོང་ཁ་པ་དང་། སྐེད་པར་སེམས་དཔའ་ཆེན་པོ་འདུལ་འཛིན་པ། གཤམ་དུ་རྗེ་རང་ཉིད་བཅས་བཞུགས་ཡོད་པ་ལ་འདུལ་འཛིན་པས། དགེ་འདུན་གྲུབ་པར་རྣ་བ་གཏད་ནས་ཉོན་དང་། ཙོང་ཁ་པ་ཆེན་པོས་རང་རེ་ལ་ལུང་བསྟན་མང་པོ་གནང་གི་འདུག་ཅེས་གསུངས་པས། གསུང་གི་སྒྲ་དབྱངས་མང་པོ་སྒྲོག་པའི་ཁྲོད། དགེ་འདུན་གྲུབ་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་གྱུར་ཅིག །ཅེས་གསུངས་པ་ཞིག་གསལ་བར་གསན་པས་སྐུ་ལུས་ཀྱི་བ་སྤུ་གཡོས། དེ་བཞིན་རྗེ་ཤེས་རབ་སེང་གེ་བསམ་གྲུབ་རྩེ་ནས་སྣར་ཐང་དུ་ཕེབས་པའི་སྐབས་སུ་བཀྲ་ཤིས་ལྷུན་པོ་ཆགས་སའི་ཕྱོགས་དེར་ཕྱག་མཛུབ་བསྟན་ནས། གནས་ཕ་གིར་དགེ་འདུན་གྲུབ་མགོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པའི་ཉམས་ཤིག་ང་ལ་རྟག་ཏུ་འོང་གི་འདུག །ཅེས་ཉེ་གནས་ལ་གསུངས་པ་སོགས་སྔོན་ནས་རྟེན་འབྲེལ་དེ་ལྟ་བུ་འགྲིགས།

དེ་ནས་རྗེ་ཤེས་རབ་སེང་གེ་དགོངས་པ་གཞན་དོན་དུ་ཕེབས་རྗེས་དགོངས་རྫོགས་མཆོད་འབུལ་ལ་དམིགས་ཏེ་ཐུབ་དབང་གི་ལུགས་སྐུ་ཞིག་བཞེངས་པར་དགོངས། སྦྱིན་བདག་ཕྱུག་པོ་དར་རྒྱས་ཞེས་པ་དང་། རྡོ་རིང་པ། བྲང་ཚལ་པ། རྒྱ་བར་བ་སོགས་ཀྱིས་གསེར་གྱི་གའུ་རེ་ཕུལ་བས་ཐོག་དྲངས་གསེར་ཟངས་ཀྱི་འབུལ་བ་མང་པོ་དང་། ནས་ཁལ་སྟོང་གཅིག་ལྷག་ཙམ་ཉིན་གཅིག་ཁོ་ནར་ཕུལ་བ་བཅས་ཀྱིས་གཞིས་ཀ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་བཟོ་བོ་མཁས་པ་སྣར་ཐང་པ་ཆོས་སྐྱོང་དར་གྱིས་ལུགས་ཐོག་མར་བཏང་བ་མ་འཐེབས་པས། རྗེ་ཉིད་ཀྱིས་ཐུབ་པའི་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ཞེས་བྱ་བ་ལྗགས་རྩོམ་གནང་སྟེ། ཐོག་མར་ལུགས་ཕུད་ལ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་བཞེངས་གནང་མཛད། དེ་ནས་ལུགས་བཏང་བས་སྟོན་པའི་སྐུ་བརྙན་རྒྱབ་མཐོ་ཉེར་ལྔ་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་ངོ་མཚར་ཅན་ཞིག་བྱོན། རྟེན་དེའི་ཐུགས་ཀར་རྒྱལ་བ་ཙོང་ཁ་པ་ཆེན་པོས་དབུས་བླ་མ་དང་། སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོས་གཏམས་པའི་དངུལ་གྱི་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་བརྙན་ཞིག་དང་། རྗེ་ཤེས་རབ་སེང་གེའི་དབུ་ཐོད་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་བཅས་བཞུགས། སྐུའི་སྨད་ཆར་གཟུངས་སྔགས་དང་འདུལ་བའི་གླེགས་བམ། རྗེ་ཙོང་ཁ་པའི་མཐང་གོས་བཅས་རྟེན་འབྲེལ་ཁྱད་པར་ཅན་དུ་མ་བཅས་ལ་དམིགས་ཏེ་དུས་ཡུན་ལོ་གཅིག་ཙམ་ལ་ཐུབ་པ་བདུད་འདུལ་མ་ཞེས་ཞུ་བ་དེ་ཉིད་ཡོངས་སུ་འགྲུབ་པར་གནང་བའོ།།

དེ་ནས་ཐུབ་པ་བདུད་འདུལ་མའི་བཞུགས་གནས་གཏན་མི་འཁེལ་བའི་མཚམས་དེར་སྔོན་གྱི་རྟགས་རིམ་བྱུང་དང་གཅིག །གཉིས་ནས་ས་བཀྲ་ལེགས་པ། གསུམ་དུ་གནས་དེར་ཕྱུག་གཞུང་དར་རྒྱས་པའི་ས་ཁོངས་ཡིན་པ་བཅས་ཀྱིས། མཐར་ཐུབ་པའི་བཞུགས་ཡུལ་གནས་དེར་བསྐྲུན་རྒྱུར་ཐུགས་ཐག་བཅད། ཕྱུག་གཞུང་དར་རྒྱས་པས་སྦྱིན་བདག་ཞུ་རྒྱུར་ཁས་བླངས། རྗེ་དགེ་འདུན་གྲུབ་པ་དགུང་གྲངས་ ༥༧ ལ་ཕེབས་པའི་ལོར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་ལོ་ ༣༩ པ་སྟེ། ཕྱི་ལོ་ ༡༤༤༧ ལོར་བཀྲས་ལྷུན་དགོན་ཕྱག་བཏབ་གནང་མཛད་ནས་སྔ་རྗེས་སུ་ལོ་ངོ་བཅུ་གཉིས་འགོར།

ཕྱི་ལོ་ ༡༦༠༠ ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཆོས་སྡེ་འདི་རྒྱས་སྐྲུན་མཛད་པ་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་རྒྱས་སྐྲུན་གནང་སྟེ་དེང་གི་གཞི་ཁྱོན་འདི་ལྟ་བུ་བྱུང་ཤིང་། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་གསེར་ཕིབས་དང་། རྒྱལ་མཚན། གཉྫིར་བཅས་ཀྱི་སྟེང་དུ་མཛེས་པའི་རྣམ་པ་ནི་བརྒྱ་བྱིན་རྣམ་པར་རྒྱལ་བའི་ཁང་བཟང་ཕྱོགས་འདིར་འཕོས་པ་ལྟ་བུའི་བརྗིད་ཉམས་དང་ལྡན་ལ། ལྟ་བས་ཆོག་མི་ཤེས་པ་ཞིག་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་ལྗོངས་ཀུན་ནས་མཛེས་པའི་རྒྱན་དུ་གྱུར་ཅིང་། གཞིས་རྩེའི་ནུབ་ངོས་ཉི་མ་གདོང་གི་རི་རྒྱུད་རྒྱབ་རི་གླང་ཆེན་འགྱིངས་པ་དང་འདྲ་བའི་ལྷོ་འདབས་སུ་རྔམ་བརྗིད་དང་ལྡན་པར་གནས་ཡོད།

         དེ་ཡང་ཐོག་དབུབ་པའི་ཚེ་ནམ་མཁའ་ནས་ཀ་བ་ལྟར་གྱི་འཇའ་ཟུག་པ་སོགས་ཀྱི་རྟེན་འབྲེལ་འགྲིག ། འདུ་ཁང་གི་རྒྱ་ཁྱོན་ཀ་བ་བཞི་བཅུ་ཞེ་བརྒྱད་ཡོད་པ་དང་། འདུ་ཁང་ཁྱམས་སྟོད་ཀ་བསྟར་གཉིས་ལེགས་པར་གྲུབ་རྗེས་ གཙང་ཁང་དབུས་མར་རྗེ་དགེ་འདུན་གྲུབ་པས་བལ་བོད་ཀྱི་བཟོ་བོ་བཀུག་ནས་ནང་བཞུགས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་། རྗེ་བཙུན་ཙོང་ཁ་ཆེན་པོའི་དབུ་སྐྲ། རྗེ་དགེ་འདུན་གྲུབ་པའི་རྩ་བའི་བླ་མ་ཤེས་རབ་སེང་གེའི་དབུ་ཐོད་བཅས་གཟུངས་སུ་ཕུལ་ནས་བཞེངས་པའི་གསེར་ཟངས་ཀྱི་ཐུབ་དབང་བདུད་འདུལ་མ་བསམ་གྲུབ་རྩེ་ནས་གདན་དྲངས་ཏེ་རྟེན་གཙོར་བཞུགས་སུ་གསོལ། རྗེས་སུ་ཐུབ་པའི་གཡས་གཡོན་དུ་ཉན་ཐོས་གཉིས་དང་། གཡས་སུ་ཚེ་དཔག་མེད། གཡོན་དུ་སྨན་པའི་རྒྱལ་པོ། ཤར་ནུབ་གཉིས་སུ་བཀྲ་ཤིས་ལྷུན་པོའི་རྟེན་གཙོའི་གྲས་རྗེ་དགེ་འདུན་གྲུབ་པའི་ཕྱག་བཟོ་ཡིན་ཞེས་ཞུ་བའི་འཇིམ་སྐུ་ལས་གྲུབ་པའི་ཉེ་སྲས་བརྒྱད། གཙང་ཁང་ནུབ་ཏུ་གསེར་ཟངས་ཀྱི་བལ་བཟོའི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག །བྱམས་མགོན་གྱི་གཡས་གཡོན་གཉིས་སུ་རྗེ་དགེ་འདུན་གྲུབ་པའི་ཕྱག་བཟོའི་སྨན་འཇིམ་གྱི་འཇམ་དབྱངས་དང་སྤྱན་རས་གཟིགས། གཙང་ཁང་ཤར་དུ་སྒྲོལ་མ་ལྷ་ཁང་གི་རྟེན་གཙོར་གསེར་ཟངས་ཀྱི་སྒྲོལ་དཀར་ཡིད་བཞིན་འཁོར་དང་། སྒྲོལ་མ་རང་བྱོན་མཐོ་གང་པ་བྱིན་རླབས་ཅན་ཞིག་བཅས་བཞུགས།

         དེའི་སྐུ་རྒྱབ་ཏུ་སྒྲོལ་མ་གསུང་བྱོན་མའི་ལྡེབས་རིས་ཤིག་ཡོད་པ་དེས་རྗེ་དགེ་འདུན་གྲུབ་པ་དགོངས་པ་གཞན་དོན་དུ་ཕེབས་རྗེས་ཚོགས་གཞུང་ནས་རྗེའི་གསོལ་འདེབས་གསུང་བའི་སྐབས་དགེ་འདུན་གྲུབ་ཅེས་པའི་མཚན་མཚམས་སུ་དགེ་འདུན་ཡོངས་ཐུགས་སྐྱོ་ནས་མཚན་མ་ཐོན་པར་འཇམ་ཐིང་ངེར་བཞུགས་པའི་སྐབས། བུད་མེད་ཅིག་གི་སྐད་ཕྲ་ལ་སྙན་པའི་ཐོག་ནས། བློ་བཟང་དགེ་འདུན་གྲུབ་ཅེས་གསུངས་ཏེ་གྱང་ལ་ཐིམ། རྗེས་སུ་དགེ་འདུན་གྲུབ་པའི་གསོལ་འདེབས་ནམ་གསུང་རྗེའི་མཚན་མཚམས་དེར་སླེབས་སྐབས་གསུང་ཐོན་པོར་བཏེགས་ཏེ་གསུང་སྲོལ་ཡང་དེ་ནས་དར་བ་ཡིན།

འདུ་ཁང་ནུབ་བློ་བཟང་སྦུག་ཅེས་པར་ལྷ་མོ་དམག་ཟོར་དམ་སྦྱར་མ་དང་། ཡང་སྟེང་གཉེར་གཏད་གནས་བཅུ་ལྷ་ཁང་ནང་གནས་བཅུ་བྲག་རི་མ། ལྷ་མོ་དམག་ཟོར་མ། བྱམས་ཁང་སྟེང་ཞལ་རས་ལྷ་ཁང་དང་། སྒྲོལ་མ་ལྷ་ཁང་སྟེང་ལྷ་ཁང་མཐོང་བ་དོན་ལྡན་ནང་རྗེ་དགེ་འདུན་གྲུབ་ཀྱི་དངུལ་གདུང་། པཎ་ཆེན་སྐུ་ཕྲེང་བཞི་པ་ནས་རྒྱ་བསྐྱེད་གནང་སྟེ་སེང་གཡབ་རྒྱབ་དང་། ལྕང་ར་ལྷ་ཁང་། གྲིབ་སེལ་ལྷ་ཁང་། སྣ་ཚོགས་ལྷ་ཁང་། དགའ་སྡོང་ལྷ་ཁང་། པཎ་གྲུབ་ལྷ་ཁང་། ངུར་སྨྲིག་ལྷ་ཁང་། རིན་ཆེན་ལྷ་ཁང་། རྒྱ་ནག་ལྷ་ཁང་བཅས་པར་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ།

དེ་ནས་རྗེ་དགེ་འདུན་གྲུབ་པ་མཆོག་ཉིད་གཙུག་ལག་ཁང་གི་ཁྱམས་སུ་རས་གུར་ནང་བཞུགས་པའི་ཐོ་རེངས་ཤིག་ལ་སྔར་ལུང་སྟོན་མཁན་གྱི་བུད་མེད་དེའི་སྐད་འདྲ་བ་ཞིག་གིས། དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས། ཞེས་ལྷང་ངེར་འབོད་བྱུང་བ་མཁའ་འགྲོའི་བརྡ་སྐད་ཡིན་པར་མཁྱེན་ཏེ། དེ་ནས་བཟུང་དགོན་པའི་མཚན་ལ་བཀྲ་ཤིས་ལྷུན་པོ་ཞེས་གསུངས་པ་ཡིན། བཀྲས་ལྷུན་དགོན་འདིར་ཤར་རྩེ་གྲྭ་ཚང་དང་། དཀྱིལ་ཁང་གྲྭ་ཚང་། ཐོས་བསམ་གླིང་གྲྭ་ཚང་། སྔགས་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ཡོད་ལ། གྲྭ་ཚང་སོ་སོའི་སྔར་ཡོད་མི་ཚན་ ༢༦ གི་སྟེང་དུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱལ་གྱི་སྐུ་དུས་སུ་གསར་འཕར་མི་ཚན་ ༣༢ བྱུང་བ་བཅས་བསྡོམས་མི་ཚན་ ༥༨ ཡོད།

༡༽ ཤར་རྩེ་གྲྭ་ཚང་གི་ཚོམས་ཆེན་ཀ་བ་ ༡༦ གི་གཙང་ཁང་ལྡེབས་རིས་སུ་རྗེ་ཙོང་ཁ་པ་ཆེན་པོ་ཐོག་ཚད་མ་དང་། གསེར་ཟངས་ཀྱི་ཐུབ་དབང་ཐོག་ཚད་མ། སྲུང་མའི་གཙོ་བོ་མགོན་པོ་ཕྱག་དྲུག་པ་ལ་སོགས་རྟེན་གསུམ་ཇི་སྙེད་བཞུགས། ཁྲོན་སྦུག་པ་བློ་བཟང་བསྟན་འཛིན་ནས་བློ་བཟང་ཆོས་རྒྱན་གྱི་ཡིག་ཆ་འབྱོར་བར་ (ཕྱི་ལོ་ ༡༩༦༠ ཡན།) བླ་རབས་ལྔ་བཅུ་ཐམ་པ་བྱོན། འཆད་ཉན་གྱི་ཡིག་ཆ་གཙོ་བོ་ནི་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱིས་མཛད་པའི་བཀའ་པོད་ལྔ་ཡི་ཐལ་ཕྲེང་དང་། བློ་གྲོས་ལེགས་བཟང་གིས་མཛད་པའི་དབུ་ཕར་གཉིས་ཀྱི་སྤྱི་དོན། གཞན་ཡང་པོ་ཏི་བཞིའི་གཞུང་འགྲེལ་སོགས་ཡིན། ཤར་རྩེ་གྲྭ་ཚང་ལ་མི་ཚན་ ༦ ཡོད་པ་ནི། (མི་ཚན་ཞེས་པ་ནི་སྐྱེ་ཡུལ་འབབ་གཞིར་བཟུང་ནས་ཐོགས་པ་ཡིན།) ཁྲོན་སྦུག །ལྷ་ཁང་པ། བ་ཤེ་བ། གནས་གསེར། ཤར་བྱང་། ལས་སྟོད་བཅས་སོ།།

༢༽ དཀྱིལ་ཁང་གྲྭ་ཚང་གི་འདུ་ཁང་རྒྱ་ཁྱོན་ཀ་བ་ ༢༤ དང་། གཙང་ཁང་ཀ་བ་བཞིའི་རྟེན་གཙོར་སྨན་འཇིམ་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་མ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། གནས་བཅུ་བྲག་རི་མ་བཅས་བཞུགས། མགོན་ཁང་གཉིས། གཙང་ཁང་ཀ་བཞིའི་སྟེང་གི་ལྷ་ཁང་གི་རྟེན་གཙོ་ཐུབ་དབང་དང་། མཐའ་འཁོར་དུ་འཕགས་བོད་བླ་མ་མང་པོའི་སྣང་བརྙན། ངོ་མཚར་ཆེ་བའི་ལྡེབས་རིས། སྲུང་མའི་གཙོ་བོ་ལྕམ་སྲིང་དང་། དེའི་ཞལ་འབག་གཏེར་མར་གྲགས་པ། བླ་རབས་དང་པོ་དཔལ་ལྡན་ཆོས་སྐྱོང་ནས་ཨོ་རྫོང་པ་མཁན་ཆེན་བློ་བཟང་བཟོད་པའི་བར་ (ཕྱི་ལོ་ ༡༩༦༠ ལོ་ཡིན།) བླ་རབས་ ༥༧ བྱུང་ཞིང་། འཆད་ཉན་ཡིག་ཆ་ནི་ཤནྟི་པས་མཛད་པའི་དབུ་མ་དང་། ཕར་ཕྱིན། རྣམ་འགྲེལ་བཅས་ཀྱི་ཊཱིཀྐ་དང་། འདུལ་ཊཱིཀྐ་ལྟ་བའི་སྒྲོན་མེ། མངོན་པ་མཛོད་འགྲེལ་སོགས་ཡིན། གྲྭ་ཚང་འདིའི་ཁོངས་མི་ཚན་བཅུ་ཡོད་པ་ནི། གུ་གེ་སྟག་མོ། དཔེ་ཐུབ། མདངས་ཆེན། འདར་པ་ལ་ཁ། ལྷུན་གྲུབ་རྩེ། རོང་མཚོ། ལྷུན་གྲུབ་རྩེ། རོང་མཚོ། གནས་རྙིང་ཟུར་ཁང་པ། རི་མཁར་མི་ཚན་བཅས་ཡིན།

༣༽ ཐོས་བསམ་གླིང་གྲྭ་ཚང་གི་ཚོགས་ཆེན་རྒྱ་ཁྱོན་ཀ་བ་ ༢༤ དང་། གཙང་ཁང་ཤར་ནུབ་ཤར་གཉིས་ལ་རྒྱ་ཁྱོན་ཀ་བ་གཉིས་རེ། གཙང་ཁང་ནུབ་མའི་རྟེན་གཙོ་སྨན་འཇིམ་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་མ་མཆོག་ཟུང་དང་བཅས་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཐོག་ཚད་མ་བཅས་དང་། ཤར་མར་སྨན་འཇིམ་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་གསུམ་བཅས་བཞུགས། སྲུང་མའི་གཙོ་ལྷ་མོ་གསུང་བྱོན་མ་ཡིན། གྲྭ་ཚང་དེར་གདན་རབས་དང་པོ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་ནས་བློ་བཟང་རྒྱལ་པོའི་བར་ (ཕྱི་ལོ་ ༡༩༦༠ ཡན་ལ།) བླ་རབས་ཞེ་དགུ་བྱུང་། འཆད་ཉན་ཡིག་ཆ་ནི། བྱང་ཕྱོགས་རྣམ་པ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་མཛད་པའི་ཕར་ཕྱིན་བསམ་འཕེལ་དབང་རྒྱལ་དང་། འཇམ་དབྱངས་བློ་བཟང་བཤེས་གཉེན་གྱིས་མཛད་པའི་འདུལ་བའི་སྤྱི་དོན་དང་། མཛོད་འགྲེལ་ཉི་མའི་དཀྱིལ་འཁོར། བྱང་སྟོན་བརྩོན་འགྲུས་རྒྱལ་མཚན་གྱིས་མཛད་པའི་དབུ་མ་དང་། བློ་རྟགས་སོགས་ཚད་མའི་སྐོར། རྟ་ནག་ཕྱོགས་པ་རྣམས་སེ་ར་རྗེ་བཙུན་པ་དང་མཁས་གྲུབ་དགེ་འདུན་བློ་བཟང་ཡབ་སྲས་ཀྱིས་མཛད་པའི་དབུ་ཕར་འདུལ་མཛོད་རྣམ་འགྲེལ་བཅས་ཀྱི་མཐའ་དཔྱོད་བཅས་ཡིན། གྲྭ་ཚང་དེའི་ཁོངས་མི་ཚན་བཅུ་ཡོད་པ་ནི། ལེགས་གླེང་དང་། གཅེན་ལུང་། འབྲོང་རྩེ། བདེ་འབྱོར། གནས་ཆོས། གནས་པ། རྟ་ནག་པ། ལྷུན་པོ་རྩེ། ནོར་དགའ། བྱང་སྤང་བཅས་ཡིན།

༤༽ སྔགས་པ་གྲྭ་ཚང་ནི་༸རྒྱལ་མཆོག་དགེ་འདུན་གྲུབ་པ་ཉིད་ཀྱིས་རྗེ་བཙུན་ཤེས་རབ་སེང་གེའི་བཀའ་དྲིན་གསབ་ཕྱིར་རྒྱུད་གྲྭ་འཛུགས་པར་བཞེད་ཀྱང་སྐབས་མ་འཁེལ། རྗེས་སུ་ཤིང་ཡོས་ཕྱི་ལོ་ ༡༦༡༥ ལོར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསར་འཛུགས་མཛད་པ་ཞིག་ཡིན་ལ། འདུ་ཁང་རྒྱ་ཁྱོན་ཀ་བ་བཅུ་དྲུག་དང་། དབུས་ཀྱི་ལྡེབས་ཞལ་ཐོག་དང་པོའི་སངས་རྒྱས་རྡོ་རྗེ་འཆང་སོགས་ཡི་དམ་ལྷ་ཚོགས་མང་པོའི་ལྡེབས་རིས་དང་། དབུས་སུ་རྡོ་རྗེ་སློབ་དཔོན་གྱི་བཞུགས་ཁྲི། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་སྐུ་གདུང་རིལ་བུ་བཞུགས་པའི་དངུལ་གྱི་གདུང་རྟེན། མགོན་ཁང་ནང་སླེའུ་ཆུང་མར་གྲགས་པའི་ལི་མའི་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པས་གཙོས་ལི་དང་རྡོ་ནག་སྨན་འཇིམ་བཅས་ལས་གྲུབ་པའི་ལྷ་སྲུང་ཁག་གི་སྐུ་བརྙན་སོགས་བཞུགས། གྲྭ་ཚང་དེར་ཕེབས་པའི་རྡོ་རྗེ་སློབ་དཔོན་རིམ་བྱུང་ནི། ཇོ་རྫོང་བློ་བཟང་བསྟན་པའི་རྒྱལ་མཚན་ནས་ལྷོ་པ་སྐུ་སྐྱེ་དཔལ་ལྡན་ཤེས་རབ་སེང་གེ་ (ཕྱི་ལོ་ ༡༩༦༠ ལོ་ཡན།) བར་རྡོ་རྗེ་སློབ་དཔོན་ ༣༦ ཕེབས་ཤིང་། འཆད་ཉན་ཡིག་ཆ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་བཞི་སྦྲགས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་སྙིང་པོ་སོགས་རྒྱུད་སྡེ་བཞིའི་རྒྱུད་དང་དགོངས་འགྲེལ་རྣམས་ལ་འཆད་ཉན་མཛད་པ་ཡིན།

གཞན་ཡང་དགོན་པའི་ནུབ་ངོས་བྱམས་ཁང་ཆེན་མོ་མཐོ་ཚད་སྤྱི་ཁྲེ་ ༣༠ ལྷག་ཙམ་བྱས་པ་ཞིག་ཡོད་པ་དེར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ ༨༦༠ ལྷག་ཙམ་ཡོད། བྱམས་ཁང་ཆེན་མོའི་རྟེན་གཙོར་གསེར་ཟངས་ཀྱི་རྗེ་བཙུན་བྱམས་པ་མགོན་པོ་སྐུ་ཚད་སྤྱི་ཁྲེ་ ༢༦ དང་སྐར་མ་ ༧༠ ལྡན་པ་བཞུགས་ལ། དེའི་ཕྱག་མགོ་གཅིག་པུར་རིང་ཚད་སྤྱི་ཁྲེ་ ༣ ཙམ་དང་། ཕྱག་དཔུང་གཡས་གཡོན་བར་གྱི་ཕྲག་ཞེང་ལ་སྤྱི་ཁྲེ་ ༡༡ དང་ཕྱེད་ཙམ་ཟིན། དེའི་དབུ་དཔལ་གྱི་དཀྱིལ་དུ་རིན་ཆེན་རྡོ་རྗེ་ཕ་ལམ་གྱི་ཕྲ་ཚོམ་སྒོ་ང་ཙམ་ཞིག་ཡོད་པ་དང་། སྐུ་གཟུགས་ཧྲིལ་པོར་གཡུ་མུ་ཏིག་དང་གཟི་བྱུར་སོགས་རིན་པོ་ཆེའི་ཕྲ་རྒྱན་བསམ་གྱིས་མི་ཁྱབ་པ་ཡོད་ལ། མཐོ་ཁྱད་འཛམ་གླིང་ཡོངས་སུ་དཔེ་ཟླ་བཙལ་དུ་མེད་པ་དེ་ལྟ་བུའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཪྙན་འདི་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར་གསར་བཞེངས་མཛད་ཅིང་། བཞེངས་ཡུན་ལོ་བཞི་འགོར་བ་དང་། སྐུ་རྒྱུར་ཟངས་དམར་འདེགས་རྒྱ་ ༣༢༠༠༠༠ ལྷག་ཙམ་སྤྱད་པ་སོགས་གསེར་ཐང་ལ་ཕབ་ན། རྒྱུ་གྲོན་གསེར་རྒྱ་མ་ ༥༥༠ ལྷག་ཙམ་དུས་ཡུན་ལོ་གསུམ་ལ་ལེགས་གྲུབ་བྱུང་བ་རེད། མཆོད་ཁང་ནུབ་ལ་སྐུ་ཕྲེང་དྲུག་པའི་གདུང་རྟེན། སྲིད་གསུམ་རྣམ་རྒྱལ་ལྷ་ཁང་ནང་སྐུ་ཕྲེང་བཅུ་པའི་གདུང་རྟེན། སྐུ་ཕྲེང་བདུན་པའི་དུས་བཞེངས་གནང་བའི་ཤག་སྒོར་སྟེང་རྒྱ་ནག་ལྷ་ཁང་དང་། དེའི་སྦུག་ཏུ་ལྷན་འཛོམས་གཟིམ་སྦུག་བཅས་ཡོད།

སྔོན་ཆོས་སྡེ་འདིའི་གྲྭ་གྲངས་ཐད་དར་རྒྱས་ཆེ་ཤོས་ཀྱི་སྐབས་སུ་སྒྲིག་བཞུགས་དགེ་འདུན་ཞལ་གྲངས་ ༥༠༠༠ ལྷག་གིས་རི་བོ་དགེ་ལྡན་ལུགས་ཕྱག་ལེན་གནང་བ་ཡིན། ད་ལྟ་མཆོད་ཁང་ནུབ་ལྷ་ཁང་ནང་པཎ་ཆེན་སྐུ་ཕྲེང་བཅུ་པའི་གསེར་གདུང་གསུམ་ཐོག་ཅན་དང་། རྩེ་ཐོག་ཏུ་དུས་འཁོར་གྱི་བློས་བསླངས་དཀྱིལ་འཁོར་གསེར་དངུལ་ལས་གྲུབ་པ། མཆོད་ཁང་གི་མཚན་ལ་སྲིད་གསུམ་རྣམ་རྒྱལ་ཞེས་གསོལ་ཡོད། ལྷ་ཁང་དེའི་བཟོ་བཀོད་ནི་མཆོད་ཁང་ཤར་ལ་དཔེ་བྱས་ནས་བཞེངས་གནང་བ་ཡིན། དེ་ལྟར་བཞེངས་དགོན་དོན་ནི། མཆོད་ཁང་ཤར་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ངོ་མས་ལྗགས་བཀོད་གནང་བ་ཞིག་ཡིན་པ་ནི། མཆོད་ཁང་གི་ཕྱིའི་བཀོད་པ་དང་། ནང་གི་གདུང་རྟེན་ལྔ་ལྷན་བཞུགས་གནང་བ། ལྡེབས་རིས་ཀྱི་བཀོད་པ་དང་། ལྷག་པར་དུ་ཐུན་མོང་མ་ཡིན་པ་ཞིག་ནི། ཐོག་ལ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་ཁོ་ན་བྲིས་སུ་འཇུག་གནང་བ་དང་། མཆོད་ཁང་གི་མཚན་ལའང་བཀྲ་ཤིས་རྣམ་རྒྱལ་ཞེས་སྐུ་ཉིད་ངོ་མས་གསོལ་གནང་བ་བཅས་ཡིན། ད་དུང་ཐོས་བསམ་གླིང་གྲྭ་ཚང་དང་། ཤར་རྩེ་གྲྭ་ཚང་། མི་ཚན་མང་པོ་ཞིག་ད་དུང་ཉམས་གསོ་གྲུབ་མེད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།