པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས།

མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་ཐར་མདོར་བསྡུས།

མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་གཙང་སྟོད་ལྡོག་གཞུང་དུ་སེ་རིགས་སྔགས་འཆང་གི་གདུང་མ་ཉམས་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་གླང་ ༡༣༨༥ ལོར་འཁྲུངས། མཁས་གྲུབ་ལྷ་དབང་བློའི་སྐྱེ་བར་གྲགས་པས་མཁས་གྲུབ་ཆོས་རྗེར་གྲགས། སྐུ་གཞོན་ནུའི་དུས་ངམ་རིང་དང་ས་སྐྱར་གཞུང་ལུགས་ལ་སྦྱང་པས་རིགས་པའི་དབང་ཕྱུག་ཏུ་གྱུར། མཁས་གྲུབ་སེང་གེ་རྒྱལ་མཚན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་མཁས་གྲུབ་དགེ་ལེགས་དཔལ་བཟང་དུ་གསོལ་ཤོག་གྲངས་ དགུང་ལོ་བཅུ་དྲུག་སྐབས་ངམ་རིང་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་རིགས་གཏེར་ནང་འགལ་གྱི་ཕུང་བོར་དགག་པ་བྱེད་པ་ཡིན་པས་རིམ་བཞེན་བཀག་པས་མཁས་མཆོག་བོ་དོང་པཎ་ཆེན་ཡིད་འཕྲོགས་ཏེ་ཕྱིས་ཁོང་གིས་བུང་བ་རྣམ་པར་རྩེན་པའི་བསྟོད་པ་ཚན་དོན་ཕུན་སུམ་ཚོགས་པ་ཞིག་ཀྱང་སྩལ་ཤོག་གྲངས་ རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། རྗེ་དཔལ་འབྱོར་ཤེས་རབ་གཉིས་ནས་མཁན་སློབ་མཛད་དེ་བསྙེན་རྫོགས་སྡོམ་པ་བཞེས། དེ་སྐབས་རྗེ་བཙུན་རེད་མདའ་བ་ནས་དབུ་ཚད། འདུལ་བ་སོགས་གསན། དགུང་ལོ་ཉི་ཤུ་རྩ་གསུམ་ལ་དབུས་སུ་ཕེབས། རྗེ་ཚོང་ཁ་བ་སེ་རེ་ཆོས་སྡིངས་སུ་བཞུགས་སྐབས་དང་མཇལ་ཏེ་གཞུང་གི་དཀའ་གནད་ལ་དོགས་དྲི་ཞུས་པས་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་གསུང་ཡང་བྱོན་ནས་མན་ངག་རྣམས་ཡོངས་སུ་སྩལ་ཤོག་གྲངས་ དཀའ་གནད་འགའ་ཞིག་ཟིན་བྲིས་མཛད་ནས་གཙང་དུ་ཕེབས། མྱང་སྟོད་ལྕང་རའི་གདན་ས་མཛད། འཕྲིན་ལས་ཤིན་ཏུ་ཆེ་བས་མཁས་གྲུབ་ལྕང་རར་གྲགས།

 

རི་བོ་མདངས་ཆེན་དང་ཆོས་དང་ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་བཅས་ཕྱག་བཏབ། དགེ་ལུགས་ཀྱི་གྲ་ཚང་མང་པོ་བཙུགས། དགུང་ལོ་ཞེ་ལྔར་རྒྱལ་ཚབ་དར་མ་རིན་ཆེན་མཇལ་ཏེ་ལྷན་དུ་དབུས་སུ་ཕེབས། དགུང་ལོ་ཞེ་དྲུག་ལ་རྗེའི་གདན་སར་ལོ་བརྒྱད་རིང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། དེའི་ལོར་དགའ་ལྡན་གསེར་ཁྲིར་ཕེབས། དགུང་ལོ་ལྔ་བཅུར་ཕེབས་སྐབས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་བརྩམས། དགེ་ལྡན་དུ་མཚན་ཉིད་ཀྱི་བཤད་གྲ་བཙུགས། ལྔ་མཆོད་ཀྱི་སྲོལ་གཏོད། རྗེའི་དངུལ་གདུང་རིན་པོ་ཆེའི་དབུ་ཐོག་ཏུ་གསེར་གྱི་རྒྱ་ཕིབས་གསར་དུ་བསྐྲུན། དགུང་ལོ་ང་བཞི་པ་རབ་བྱུང་བདུན་པའི་ས་རྟ་ ༡༤༣༨ ལོ་ལ་སྐུ་གཤེགས། འདིར་གསུང་འབུམ་པོད་བཅུ་གཉིས་བཞུགས།

 

 

 

 

པཎ་ཆེན་སྐུ་ཕྲེང་གཉིས་པ། བསོད་ནམས་ཕྱོགས་ཀྱི་གླང་པོ།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་གཉིས་པ་འདི་ཉིད་རབ་བྱུང་བདུན་པའི་ས་ལུག(༡༤༣༩)ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གཙང་ལྗོངས་ལྷོ་ཁུད་དུ་ལྷོ་ཁུད་བླ་མ་རྣམ་རྒྱལ་དབང་ཕྱུག་གི་ཚ་བོར་འཁྲུངས། བ་སོ་ཆོས་ཀྱི་རྒྱལ་མཚན་གྱིས་བསོད་ནམས་ཕྱོགས་གླང་ཞེས་བྱ་བའི་མཚན་གསོལ། སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་མདོ་སྔགས་ཀྱི་རིག་པའི་གནས་ཀུན་ལ་མཁས་པར་གྱུར། དབེན་སའི་དགོན་པ་ཞོལ་གྱི་གདན་ས་མཛད་པ་དང་ཁྲི་པའི་ཐུགས་འགན་བཞེས། གསུང་ཕུར་གྲྭ་སྐོར་ཡང་མཛད། ཐུབ་པའི་ལི་སྐུ་ཞིག་གིས་ལུང་བསྟན་པར་གྲགས་པ་བཞིན་དབེན་རྩ་ཕུར་ཆོས་འཁོར་དབུས་སྡིངས་ཞེས་པའི་མོ་དགོན་ཞིག་ཕྱག་བཏབ། དགེ་ལུགས་པའི་བསྟན་པ་རྒྱས་པར་གསུངས་པའི་དབེན་ས་སྙན་བརྒྱུད་ཀྱི་རྩོམ་སྲོལ་བཏོད། འདབ་ཆགས་ལ་གླེང་མོལ་མཛད་ཚུལ་གྱི་མགུར་སོགས་བསྟན་བཅོས་མང་དུ་བརྩམས། དགུང་ལོ་དྲུག་ཅུ་རེ་དྲུག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་བྱི(༡༥༠༤)ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།

 

༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།

༄༅། །རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། །

དཔལ་ལྡན་བླ་མ་བདེ་ཆེན་དངོས་གྲུབ་ཀུན། །

ཀུན་ལ་སྦྱིན་མཛད་བློ་བཟང་རྡོ་རྗེ་འཆང༌། །

སྐྱབས་གསུམ་ཀུན་འདུས་རྗེ་བཙུན་སྤྲུལ་པའི་སྐུ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་བསྔགས་པ་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ནི། སྔོན་འདས་པའི་བསྐལ་པ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྟོན་པ་ཐུབ་པའི་དབང་པོའི་མདོ་སྔགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་རྒྱ་གར་ཤར་ནུབ་ཁ་ཆེ་བལ་ཡུལ་སོགས་སུ་སྤྲུལ་པའི་བཀོད་པ་སྣ་ཚོགས་བསྟན་ནས་རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་བར་མཛད། བྱང་ཕྱོགས་གངས་རིའི་ལྗོངས་འདིར་ཡང་སྤྲུལ་པ་སྣ་ཚོགས་བསྟན་ཏེ་གང་དུ་རྒྱལ་བའི་བསྟན་པ་མ་དར་བའི་ས་རྣམས་སུ་ཐུབ་དབང་བསྟན་པའི་སྒྲོན་མེ་གསར་དུ་བཙུགས། ཅུང་ཟད་དར་བའི་ས་རྣམས་སུ་ཉམས་པ་རྣམས་གསོས། ཅུང་ཟད་རྒྱུན་གནས་པ་རྣམས་དར་བར་མཛད་པའི་འཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་དུ་འཇུག་བཞིན་པ་ལས། དུས་འདིར་འཇམ་མགོན་བླ་མའི་སྙན་རྒྱུད་ཀྱི་བསྟན་པ་འཛིན་ཅིང་སྤེལ་བའི་སླད་དུ་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང་གཡས་རུ་གཙང་འགྲམ་དགེ་རྒྱས་བྱེ་མ་གླིང་གི་གཙུག་ལག་ཁང་དང་ཉེ་བའི་སའི་ཆ་ལྷ་ཁུད་ཅེས་བྱ་བའི་ཡུལ་གྱི་ཕུ་དབེན་ས་ཞེས་པ་སྔོན་བྱོན་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་སུ་མཁས་གྲུབ་ཆེན་པོ་བསོད་ནམས་ཕྱོགས་གླང་སོགས་དམ་པ་དུ་མ་འཁྲུངས་པའི་རྒྱུད་པ། རུས་ཁྱད་པར་ཅན་མདོངས་ཀྱི་རུས། དེ་ལྟ་བུའི་རིགས་རུས་ཆོ་འབྲང་རྒྱུད་པ་མ་སྨད་པའི་རིགས་སུ་ཡབ་བསོད་ནམས་རྡོ་རྗེ་ཞེས་གྲགས་པ་ཡ་རབས་ཀྱི་སྤྱོད་ཚུལ་གྱི་གཟི་བྱིན་དུ་མས་མཛེས་པ་དང༌། ཡུམ་དཔལ་འཛོམ་སྐྱིད་ཅེས་པ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་སྟེ་ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་བསམས་བཞིན་དུ་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་ཟླ་བ་དང་པོའི་དཀར་ཚེས་བཅུའི་ཉིན་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། བལྟམས་མ་ཐག་ཏུ་མ་གྱུར་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་ཨོཾ་མ་ཎི་པདྨེ་ཧྰུཾ། ཞེས་ཡི་གེ་དྲུག་པའི་སྒྲ་བསྒྲགས་པས་འཇིག་རྟེན་ཐམས་ཅད་དུ་དབྱངས་ཀྱི་ང་རོས་ཁྱབ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ཐམས་ཅད་དགའ་ཞིང་མགུ་ལ་ངོ་མཚར་རྨད་དུ་གྱུར་ཏེ་ད་ནི་འཇིག་རྟེན་མགོན་དང་བཅས་སོ། །ཐུབ་པའི་བསྟན་པ་ཉམས་པ་གསོས་པར་འགྱུར་རོ། །བདུད་སྡེ་དཔུང་དང་བཅས་པ་ཉམས་པར་འགྱུར་རོ། །དཀར་ཕྱོགས་ཀྱི་ལྷ་རྣམས་རྒྱལ་ལོ། །ཞེས་དགའ་བའི་ཅ་ཅོའི་སྒྲ་བསྒྲགས་པ་གོང་ནས་གོང་དུ་འོག་མིན་གྱི་བར་དུ་ཁྱབ་པར་བྱས་སོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགྱེས་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་དོན་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་ཅིང་མེ་ཏོག་གཏོར་བར་ངེས་སོ།།

རྒྱལ་བ་དབེན་ས་པ་ཆེན་པོ་ཡུམ་གྱི་མངལ་ནས་འཁྲུངས་མ་ཐག །རྒྱལ་སྲས་དཔའ་བོའི་ངང་ཚུལ་གསལ་བར་བསྟན་ཏེ་སྙིང་རྗེའི་སྒྲ་དབྱངས་བསྒྲགས་པའི་ཚུལ་འདི་ལ་སྲས་ཀྱི་ཐུ་བོ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་འདི་ལྟར་མཛད་དེ།

བསྐལ་བཟང་ཡུམ་གྱི་ལྷུམས་བཞུགས་བལྟམས་པའི་ཚེ། །

འགྲོ་ལ་བརྩེ་བའི་སྙིང་རྗེའི་སྒྲ་དབྱངས་བསྒྲགས། །

གྲུབ་པའི་གདུང་མཆོག་འཛིན་པའི་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་བསྔགས་སོ། །རྒྱལ་སྲས་བདག་ཉིད་ཆེན་པོ་འདི་དབེན་སར་ཡུམ་གྱི་མངལ་ནས་བཙས་མ་ཐག་ཤངས་མདོ་རི་བོ་དགེ་འཕེལ་གྱི་མཁན་པོ་རྗེ་ལེགས་པའི་བློ་གྲོས་ཀྱིས། ཇི་ལྟར་གཞོན་ནུ་དོན་གྲུབ་ཡུམ་སྒྱུ་འཕྲུལ་མ་ལས་འཁྲུངས་མ་ཐག་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་ཇི་ལྟ་བ་རྒྱལ་སྲས་གཞོན་ནུ་དེ་ལ་ཁྲུས་གསོལ་ཞིང་ད་ནི་འཇིག་རྟེན་མགོན་དང་སྐྱབས་དང་དཔུང་གཉེན་དང་བཅས་སོ་ཞེས་གོ་བའི་ཆེད་དུ་མཚན་མགོན་པོ་སྐྱབས་ཞེས་བཏགས་སོ། །དེ་འདྲ་བའི་རྒྱལ་སྲས་གཞོན་ནུ་དེ་ནི། དབུ་གདུགས་ལྟ་བུ་དང༌། དཔྲལ་བ་དབྱེས་ཆེ་ཞིང་སྨིན་མ་འཛར་ལ་ཤངས་ཀྱི་གཟེངས་མཐོ་བ་དང༌། སྙན་ཤལ་རིང་དུ་འཕྱང་ཞིང་ཡན་ལག་དང་ཉིང་ལག་རྒྱས་ལ་དཀུ་སྐབས་ཕྱེད་པ་དང༌། དབང་པོ་ཡོངས་སུ་གསལ་ཞིང་པགས་པའི་མདོག་ནི་མེ་ཏོག་ཀུ་མུ་ད་ལྟར་དཀར་བས་འཇིག་རྟེན་གྱི་སྐྱེ་བོ་གཞན་དང་མི་འདྲ་བའི་མཚན་གྱི་དཔལ་གྱིས་མཛེས་པ་མིག་གི་བདུད་རྩི་ལྟ་བུ་ཞིག་བྱུང་ངོ༌།།

དེའི་ཚེ་རྗེ་སྐྱབས་མཆོག་དཔལ་བཟང་དེ་ཉིད་ལྷག་པའི་ལྷ་རྣམས་དང་བླ་མ་རྣམས་ཀྱིས་འཇམ་མགོན་སྙན་རྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཞིག་དབེན་སར་མྱུར་དུ་འབྱུང་བས་དེ་ལ་མདོ་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་རྫོགས་པར་སྟོན་ཅིག་ཅེས་ལུང་བསྟན་པས་བསྐུལ་ཏེ་དབེན་སའི་དགོན་པ་ཞོལ་དུ་ཕེབས་ནས་ཐམས་ཅད་མཁྱེན་པ་བསོད་ནམས་ཕྱོགས་གླང་གི་གདན་སར་བཞུགས་ཏེ། རིགས་སད་པ་དུ་མ་ལ་དམ་པའི་ཆོས་ཀྱི་བགོ་སྐལ་སྩལ་ཞིང༌། གཙོ་བོར་ཆོས་བརྒྱད་ཀྱི་རོལ་པ་བཙན་ཐབས་སུ་བཅད་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་རྣམས་ལ་རྩེ་གཅིག་ཏུ་སེམས་ཤིང་གོམས་པར་མཛད་པས་གཞལ་དུ་མེད་པའི་མངོན་པར་རྟོགས་པ་ཡང་བརྙེས། རྗེ་སྐྱབས་མཆོག་དཔལ་བ་དབེན་སའི་དགོན་པ་ཞོལ་དུ་ཕེབས་སྐབས་རྒྱལ་བ་དབེན་ས་པ་ཆེན་པོ་འདི་ཉིད་འཁྲུངས་ནས་རིང་པོ་མ་ལོན་པ་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ཡིན་ཡང་སྔོན་ཡུན་རིང་པོ་ནས་སྨོན་ལམ་གྱི་མཚམས་སྦྱར་བའི་མཐུ་དང༌།  འཇམ་མགོན་བསྟན་སྲུང་རྣམས་ཀྱིས་བསྐུལ་བའི་མཐུས། རྒྱལ་བ་དབེན་ས་པ་རྒྱལ་སྲས་གཞོན་ནུ་གསར་པའི་ཟླ་ཚེས་ལྟ་བུར་གནས་པ་འདིས་རྗེ་སྐྱབས་མཆོག་དཔལ་བའི་མཚན་ཐོས་པ་ཙམ་གྱིས་དད་ཅིང་གུས་པར་གྱུར་ལ།  རྗེ་སྐྱབས་མཆོག་དཔལ་བ་ཡང་རྒྱལ་བ་དབེན་ས་པའི་སྐུ་གཟིགས་པ་ཙམ་གྱིས་ཡུན་རིང་མ་འཕྲད་པའི་ཕ་བུ་གསར་དུ་ཕྲད་པ་བཞིན་དུ་དགའ་བ་དང་སྤྲོ་བས་ཤིན་ཏུ་གཅེས་པར་འཛིན་པར་གྱུར་ཏོ། །དེའི་ཚེ་ཐ་མལ་ཆུ་བུར་མིག་ལྡན་རྣམས་ཀྱི་སྣང་ངོར་རྗེ་སྐྱབས་མཆོག་དཔལ་བས་དབེན་སར་འཁྲུངས་པའི་རྒྱལ་སྲས་གཞོན་ནུ་འདི་ལ་ཐུགས་མཉེས་པའི་སྟངས་ཀ་མཛད་པ་ཙམ་ཞིག་ཏུ་སྣང་ཡང༌། ངེས་པ་དོན་ཏུ་ཟུང་འཇུག་གྲུབ་པའི་དཔའ་བོ་རྗེ་སྐྱབས་མཆོག་དཔལ་བ་དང༌། རྒྱལ་སྲས་སྤྲུལ་བའི་གར་མཛད་པ་དབེན་ས་པ་གཉིས་པོ་ཞལ་འཛོམ་སྟེ་དུས་གསུམ་གསལ་བར་གཟིགས་པས་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཇི་ལྟར་མཛད་དགོས་པའི་བཀའ་བགྲོ་བ་མཛད་ཅིང༌། མ་འོངས་པ་ན་ཡབ་སྲས་གཉིས་ཀྱིས་མཛད་པ་ཇི་ལྟར་མཛད་པ་མཐའ་དག་གསུང་མོལ་ཞིབ་ཏུ་མཛད་དོ།

དེ་ནས་རྒྱལ་སྲས་གཞོན་ནུ་དེ་ཉིད་སྔོན་ཡུན་རིང་པོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་གོམས་པ་ཀློངས་སུ་གྱུར་པས་བྱིས་པའི་ངང་ཚུལ་མཐའ་དག་ལས་འདས་ཏེ་ཇི་ལྟར་བྱིས་པ་གཞན་དག་སྐྱེས་ཙམ་ཉིད་ནས་མའི་ནུ་ཞོ་ལེན་པ་ལ་གཞན་གྱིས་བསླབ་མི་དགོས་པར་ངང་གིས་འཇུག་པ་ཅི་འདྲ་བ་དེ་འདྲ་བར་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི་སྐྱེས་ཙམ་ཉིད་ནས་གཞན་གྱིས་བསླབ་མི་དགོས་པར་ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འཁོར་བའི་ངང་ཚུལ་གང་དང་གང་ལའང་མཐོང་བ་ཙམ་གྱིས་ཞེན་པ་ལོག་པ་དང༌། སེམས་ཅན་སུ་དང་སུ་མཐོང་ཡང་འགྲོ་བ་ཉམ་ཐག་འདི་ཐབས་གང་ཞིག་གིས་འཁོར་བའི་བཙོན་ནང་ནས་གདོན་པར་བྱ་སྙམ་དུ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་བ་དང༌། ལྷག་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཉིད་ལ་གསོལ་བ་འདེབས་ཤིང་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་ཡོངས་སུ་རྫོགས་པ་འཛིན་ཅིང་སྤེལ་ནུས་པ་དུས་ནམ་ཞིག་ན་འོང་སྙམ་པ་འབའ་ཞིག་ཐུགས་ལ་བརྣགས་ཏེ་ཡུལ་དེའི་ཤར་ཕྱོགས་ན་ཕུག་གཞན་གྱིས་རྙེད་དཀའ་བ་ཞིག་ཡོད་པས་ཕུག་དེར་བདག་ཉིད་གཅིག་པུར་ཞག་ལྔ་དྲུག་ཙམ་རེ་བསྡད་པས་ཡང་ཡང་འཚོལ་དགོས་པ་ཞིག་ཡོད་གསུང༌།  གཅིག་པུ་དབེན་པ་ལ་མངོན་པར་དགྱེས་པ་ཞིག་དེ་འདྲ་བའི་གཞོན་ནུ་ཉིད་ནས་རང་འཁྲུངས་སུ་ཡོད་ཅིང༌། དེ་དུས་ནས་སྟོན་པ་ཐུབ་པའི་དབང་པོ་དང་རྒྱལ་བ་ཙོང་ཁ་པ་ལ་གསོལ་འདེབས་ཉིན་མཚན་ཁོར་ཡུག་ཏུ་ཤུགས་དྲག་ཏུ་མཛད་པ་ན་བཅོམ་ལྡན་འདས་ཐུབ་པའི་དབང་པོ་དང་རྒྱལ་བ་བློ་བཟང་གྲགས་པ་གཉིས་ཀྱི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་སྣང་བས་དུས་འདའ་བ་ཞིག་བྱུང་ངོ༌།།

དེ་ནས་དགུང་ལོ་བརྒྱད་བཞེས་པ་ན།  ནུབ་གཅིག་སེག་རིའི་རྩེ་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་ཤར་བྱུང་བས་རང་ཉིད་ཀྱི་སྐུ་ལ་དར་དཀར་གྱི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན།  རྡོ་དྲིལ་འཛིན་པས་ཟླ་བ་དེ་ལ་ཞུགས་ཏེ་དྲིལ་བུ་གསིལ་བའི་སྒྲས་འཇིག་རྟེན་གྱི་ཁམས་ཁྱབ་པ་ཅིག་རྨིས་གསུངས་ཏེ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོ་འདིས་རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་འཛིན་མའི་ཁྱོན་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་རྒྱ་ཆེ་རྒྱུན་མི་འཆད་འབྱུང་བ་འདི་ལ་དགོངས་པར་ངེས་སོ། །རྒྱལ་བ་དབེན་ས་པ་འཁྲུངས་ཙམ་ཉིད་ནས་བླ་མ་ལྷའི་རྣལ་འབྱོར་གྱི་སྒྲུབ་པ་ལ་ཞུགས་པས་སྟོན་པ་མཆོག་དང་འཇམ་མགོན་བླ་མས་བྱིན་གྱིས་བརླབས་པའི་སྣང་བ་ཁྱད་པར་ཅན་བྱུང་བའི་ཚུལ་དེ་ལ་སྲས་ཀྱི་ཐུ་བོ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

བླ་མ་མཆོག་དང་ལྷག་པའི་ལྷ་རྣམས་ཀྱིས། །

འགྲོ་བའི་དཔལ་མགོན་མཆོག་ཏུ་ཉེར་གཟིགས་ནས། །

གཞོན་ནུའི་དུས་ནས་བྱིན་བརླབས་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །དེ་ནས་སྔོན་ལན་ཅིག་མ་ཡིན་པར་གོམས་པའི་བག་ཆགས་བཟང་པོའི་མཐུ་ཡོངས་སུ་བརྟས་པས། འཁོར་བ་མཐའ་དག་མེ་འབར་བའི་རླུབས་ལྟར་གཟིགས་པའི་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་རབ་ཏུ་འབྱུང་བའི་ཐབས་ཇི་ལྟར་བྱ་ཞེས་ཉིན་མཚན་ཀུན་ཏུ་དེ་འབའ་ཞིག་ཐུགས་ལ་བརྣགས་སོ།།

དེ་ནས་ཇི་ལྟར་སྨོན་པ་ལྟར་དགུང་ལོ་བཅུ་གཅིག་བཞེས་པ་ཕག་ལོ་ཟླ་བ་དང་པོའི་ཚེའི་བཅུའི་ཉིན་ཆོས་འཁོར་དབུས་སྡིངས་ཀྱི་དགོན་པར་ཆོས་རྗེ་ལྷ་རི་རྩེ་པ་གྲགས་པ་དོན་གྲུབ་པས་མཁན་པོ་དང༌། ཞལ་སྔ་ནས་ཚུལ་ཁྲིམས་རིན་ཆེན་པས་སློབ་དཔོན་མཛད། གནས་བརྟན་ཆོས་ཀྱི་རྒྱལ་མཚན་དང༌། རབ་འབྱམས་པ་ལེགས་པ་སོགས་ཁ་སྐོང་བར་འོས་པ་དད་པའི་དགེ་འདུན་ཡོངས་སུ་རྫོགས་པའི་དབུས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་ཡང་བློ་བཟང་དོན་གྲུབ་ཅེས་བྱ་བར་གསོལ་ཏོ། །འདི་ནི་སྔོན་ཐུབ་པའི་དབང་པོ་ཡུམ་སྒྱུ་འཕྲུལ་མ་ལས་འཁྲུངས་མ་ཐག་རྒྱལ་པོ་ཟས་གཙང་མས་དོན་ཐམས་ཅད་གྲུབ་པ་ཞེས་མཚན་གསོལ་བ་ལྟར། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ཡང་རྒྱལ་བའི་བསྟན་པའི་སྒོར་བྱོན་མ་ཐག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་མཁན་སློབ་གཉིས་བྱིན་གྱིས་བརླབས་ཏེ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་མདོ་སྔགས་སྙན་རྒྱུད་ཀྱི་བསྟན་པ་ཡོངས་རྫོགས་ད་ནི་འཇིག་རྟེན་འདིར་ངེས་པར་དར་བར་འགྱུར་བས་རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་ལ་བརྣགས་པའི་དོན་གྲུབ་བོ་ཞེས་མཚོན་པའི་ཕྱིར་བློ་བཟང་དོན་གྲུབ་ཅེས་མཚན་གསོལ་བར་ངེས་སོ། །ཚུལ་འདི་ལ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས།

རྗེ་བཙུན་དམ་པ་གྲགས་པའི་མཚན་ཅན་གྱིས། །

བློ་བཟང་དོན་གྲུབ་ཅེས་བྱར་མཚན་གསོལ་ནས། །

བསྟན་ལ་རབ་ཏུ་བྱུང་མཛད་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་བསྔགས་པ་མཛད་དོ། །

དེ་ལྟར་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི་ཡོན་གནས་དམ་པ་ཐུབ་པའི་དབང་པོ་གཉིས་པ་ལྟ་བུར་གྱུར་ཅིང༌། དེའི་ཚེ་མཁན་སློབ་དགེ་འདུན་དང་བཅས་པས་ཀྱང་མེ་ཏོག་གཏོར་ཞིང་ཤིས་པ་བརྗོད་དེ་དོན་དེ་ལྟར་དུ་འགྱུར་བར་སྨོན་ལམ་མཛད་དོ། །ཚུལ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོ་རང་ཉིད་ཀྱི་གསུང་ལས་བྱུང་སྟེ།  ཕག་ལོ་རྟ་ཟླའི་ཚེས་བཅུ་ལ། །སོ་སོ་ཐར་པའི་སྡོམ་པ་བླངས། །སངས་རྒྱས་བསྟན་ལ་ཞུགས་པ་དང༌། །ངུར་སྨྲིག་རྒྱལ་མཚན་བསྐོན་པ་མཉམ། །ཞེས་གསུངས་སོ། །རྒྱལ་བ་དབེན་ས་པ་ཆེན་པོ་རང་ཉིད་སྔོན་ཡུན་རིང་པོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་བསླབ་པ་མཐར་ཕྱིན་པ་ཞིག་ཡིན་ཡང༌། ཕྱི་རབས་ཀྱི་གདུལ་བྱ་རྣམས་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་པའི་ཕྱིར་དང༌། རྗེ་བླ་མས། དང་པོར་རྒྱ་ཆེན་མང་དུ་ཐོས་པ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །ཞེས་གསུངས་པ་ལྟར་ཕ་རྗེས་བུས་ཟིན་པ་ཞིག་བྱ་བའི་ཕྱིར་རྒྱ་ཆེན་ཐོས་པ་འཚོལ་བར་བཞེད་ནས་དབྱར་ཆོས་ལ་དགེ་འཕེལ་དུ་ཕེབས་པ་ན། སློབ་དཔོན་ཚུལ་ཁྲིམས་རིན་ཆེན་པས་ཚུལ་ཁྲིམས་སྒང་གི་གདན་ས་བཞག་སྟེ་འབྲས་སྤུངས་ལ་ཕེབས་པ་དང་ཐུག་ནས་འབྲས་སྤུངས་སུ་མཁན་པོ་རིན་པོ་ཆེ་གྲགས་པ་དོན་གྲུབ་དང༌། སློབ་དཔོན་རིན་པོ་ཆེ་ཚུལ་ཁྲིམས་རིན་ཆེན་པ་གཉིས་དང་ལྷན་དུ་བྱོན། དེ་ནས་འབྲས་སྤུངས་སུ་དབྱར་སྟོན་སྦྲེལ་ནས་བཞུགས་ཏེ་ཆོས་སྤྱོད་ཀྱི་རིམ་པ་ཅི་རིགས་པ་ཐུགས་ལ་ཆུད་པར་མཛད།  རྗེ་ལྷ་རི་པ་ལ་བྱང་ཆུབ་ལམ་གྱི་རིམ་པ་དང༌། དཔེ་ཆོས་རིན་སྤུངས་སོགས་ཆོས་བཀའ་དུ་མ་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང༌། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་ཞུ་བར་མཛད། རྗེ་ལྷ་རི་པ་འདིས་རྡོ་རྗེ་ཐེག་པའི་སྒོར་དང་པོར་སྨིན་པར་མཛད་པས་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། །

དེ་ནས་ཟླ་བ་བཅུ་པའི་མཇུག་ཏུ་དབེན་སར་ཕེབས། སླར་རི་བོ་དགེ་འཕེལ་དུ་ཆོས་ཀྱི་རྗེ་བློ་གྲོས་རྒྱལ་མཚན་པའི་དྲུང་དུ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཞི། རྩ་རྒྱུད་ཀྱི་ལུང༌། རྡོ་རྗེ་མི་འཁྲུགས་པའི་དབང་རྗེས་གནང༌། གཟུངས་ཀྱི་ལུང་དང་བཅས་པ། སྨན་བླའི་རྗེས་གནང་ལུང་དང་བཅས་པ། སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ནོ། །དེ་ནས་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ལམ་ལ་སློབ་པར་འདོད་པ་རྣམས་ལ་ཚེ་འདིའི་རྙེད་བཀུར་སྙན་གྲགས་ཙམ་གྱི་ཕྱིར་དུ་ཐོས་བསམ་བྱེད་པ་ནི་བདུད་རྩི་དུག་ཏུ་བསྒྱུར་བ་ལྟར་ངལ་བ་འབྲས་མེད་དུ་འགྱུར་བ་དང༌། ངལ་བ་སྟོང་ཟད་དུ་བྱེད་དོ་ཞེས་འདོམས་པ་དང༌།  ཐོས་བསམ་བྱེད་པའི་ཚེ་རང་རྒྱུད་འདུལ་བའི་ཕྱིར་དུ་ཉོན་མོངས་པའི་གཉེན་པོར་དྲི་མ་མེད་པའི་རིགས་ལམ་འཚོལ་བ་ཡིན་གྱི། དེ་ལྟ་མིན་པར་ཤིང་རྟ་ཆེན་པོའི་གཞུང་གི་དགོངས་པ་མི་འཚོལ་བར་ཁོ་འདི་ཟེར་ན་ང་འདི་ཟེར་གྱི་གཤགས་འགྱེད་ཙམ་དང༌། ཚིག་ཟུར་འཆོས་པའི་རྩོད་པ་ལྷུར་ལེན་པ་ནི་སྙིང་པོ་གང་ཡང་མེད་དོ་ཞེས་འདོམས་པ་དང༌། རང་ཉིད་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ངང་ཚུལ་སྟོན་པ་སོགས་ཀྱི་དགོས་པ་མང་པོ་གཟིགས་ནས་དེའི་དགུན་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཐོས་བསམ་གླིང་གི་གདན་ས་པ་འཇམ་པའི་དབྱངས་བློ་བཟང་བཤེས་གཉེན་པའི་དྲུང་དུ་བསྡུས་གྲྭ་རྩི་བ་དང་གཞུང་དང་ཆོས་སྤྱོད་མང་པོའི་ལུང་ཡང་གསན། དེའི་ཚེ་ཐོག་མར་ཉིན་གཅིག་ཙམ་ཞིག་སྦྱོར་བ་རྩི་བ་སོགས་ལ་ཐོགས་པ་མེད་པའི་སྤོབས་པ་མཐུ་ཅན་དུ་གྱུར་ཀྱང༌། ཕྱིས་ནི་ཆོས་བརྒྱད་ཀྱི་རོལ་རྩེད་ལ་རྒྱབ་ཀྱིས་ཕྱོགས་པ་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིས་གནས་ནས་གཞན་དག་གིས་ཐོས་བསམ་གྱི་སྦྱོར་བ་ལ་བསྐུལ་བའི་བདག་རྐྱེན་ཉེ་བར་བསྒྲུབས་ཀྱང༌། དོན་སྐད་ཅིག་ཀྱང་ཉམས་སུ་མི་ལེན་པའི་ཚིག་གི་སྦྱོར་བ་ཁོ་ན་ལ་བརྩོན་པ་ལྷུར་ལེན་པ་ལ་སྙིང་པོ་རང་ཅི་ཡོད། ཆུའི་ལྦུ་བ་དང་མཚུངས་པའི་ཚིག་ཕྲེང་དག་ནི་ཉིན་རེ་བཞིན་ཟློས་བུར་སྨྲ་བ་ཁོ་ནའོ། །ཞེས་རིགས་པའི་བརྟུལ་ཞུགས་ཀྱི་སེང་གེའི་སྒྲ་ཆེན་པོ་བསྒྲགས། དོན་འདི་ནི། བདག་ཉིད་ཆེན་པོ་རང་ཉིད་ཚེ་རབས་དུ་མར་གོམས་པས་ལུང་གི་ཆོས་ཀྱི་བདག་པོར་གྱུར་པས་སྐུ་ཚེ་འདིར་ཐོས་བསམ་གྱི་སྦྱངས་པ་ལ་མི་ལྟོས་པ་དང༌། ཉམས་ལེན་མེད་པར་ལྟར་སྣང་གི་ཚིག་འཁྲི་ལ་སྙིང་པོར་འདུ་ཤེས་པའི་རྟོག་གེ་པ་རྣམས་སྤ་བཀོང་བར་མཛད་པ་དང་གཅིག་ཏུ་རྒྱལ་བ་དགྱེས་པའི་ལམ་བཟང་བསྒྲུབས་པས་སྙིང་པོའི་བསྟན་པ་ཕྱོགས་མཐར་སྤེལ་བར་མཛད་པ་ལ་དགོངས་པའོ།།

དེ་ནས་སླར་ཡང༌།  དགེ་འཕེལ་དུ་རྗེ་བློ་གྲོས་རྒྱལ་མཚན་པ་ལ་ཀུན་མཁྱེན་སྟོབས་འབར་འོད་ཟེར་གྱིས་མཛད་པའི་འདུལ་བའི་བསླབ་བྱ།  རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་སོགས་ཀྱི་ལུང་དུ་མ་གསན། གཞན་ཡང་གནས་དེར་ཆོས་ཀྱི་རྗེ་ཐུབ་བསྟན་རྣམ་རྒྱལ་བའི་དྲུང་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། ཛམ་ལ་དམར་པོ་ཡབ་ཡུམ།  མགོན་པོའི་བཀའ་ཆེན་བཅུ་གསུམ་དུ་གྲགས་པའི་རྗེས་གནང་ལུང་མན་ངག་དང་བཅས་པ། ཆོས་རྒྱལ་ཕྱི་ནང་གསང་གསུམ། གཏུམ་པོ་ཁྱུང་ལྔའི་ལུང་མན་ངག་དང་བཅས་པ། ནམ་མཁའ་སྒོ་འབྱེད། ཚེ་རིང་མཆེད་ལྔའི་དབང་དང༌།  འཇམ་དབྱངས་མགོན་པོའི་གཅོད་གཞུང་ཊཱིཀྐ་དང་བཅས་པ་སོགས་གཅོད་ཀྱི་གདམས་པ་དུ་མ་དང༌། རྗེ་བླ་མ་ནས་བརྒྱུད་པའི་ནཱ་རོའི་ཆོས་དྲུག་གི་ཁྲིད།  གསང་འདུས་རིམ་ལྔའི་ཁྲིད་ལག་རྗེས།  པཎ་ཆེན་ཆོས་རྒྱལ་གྱི་བསྲེ་འཕོ།  ཕྱག་རྒྱ་སྲོག་རྩོལ་གྱི་གདམས་ངག་སོགས་ཡིག་ཆུང་དུ་མ་དང༌།  འཕོ་ཁྲིད་ཆེན་མོ།  ནེ་གུ་ཆོས་དྲུག་གི་ཁྲིད། ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས། མཁའ་འགྲོ་སེང་གདོང་ཅན། དཔལ་ལྡན་དམག་ཟོར་རྒྱལ་མོ།  གུར། ཞལ། ཕྱག་བཞི་པ། རྣམ་སྲས།  གནོད་སྦྱིན་བེཀྩེ་རྣམས་ཀྱི་རྗེས་གནང་དང་སྙིང་པོའི་བཟླས་ལུང་དང་བཅས་པ་གསན་ནོ། །དེ་ལྟར་མང་དུ་ཐོས་པ་མཛད་པའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

གཅིག་ཏུ་སྙིང་པོའི་དོན་ལ་གཞོལ་བའི་ཐུགས། །

མཆོག་ཏུ་གྱུར་པས་མཁས་གྲུབ་གཞན་ལས་ཀྱང༌། །

གདམས་པའི་བདུད་རྩི་མང་གསོལ་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་རོ། །དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་ཆོས་འཁོར་དབུས་སྡིངས་སུ་ཕེབས་ཏེ་ཟུང་འཇུག་གྲུབ་པའི་དཔའ་བོ་བླ་མ་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ་གསང་བདེ་འཇིགས་གསུམ་གྱི་དབང་ཡོངས་རྫོགས། མགོན་པོ། ཆོས་རྒྱལ། བཅུ་གཅིག་ཞལ། དོན་ཞགས། གཏུམ་པོ་ཁྱུང་ལྔ་རྣམས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ལ་སོགས་པ་མདོ་སྔགས་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ཞུས་ཤིང༌། བླ་མ་དང་ཡི་དམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་གཟིགས་པ་དང༌། ངོ་མཚར་བའི་ལྟས་དུ་མ་གཟིགས་པ་ནི་རྒྱལ་བ་དབེན་ས་པ་ཆེན་པོས་བདག་ཉིད་ཆེན་པོ་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་ལ་ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་ཞུས་པའི་དུས་སུ་རྗེ་སྐྱབས་མཆོག་དཔལ་བ་དེ་སྐུ་མདོག་མཐིང་ཁ་འོད་ཟེར་ལྔ་འཕྲོ་བ་ལ་མེ་སྣ་ལྔ་འབར་བས་མཛེས་པར་བསྐོར་བ། གཏོར་མ་དང་རྡོ་དྲིལ་ནམ་མཁར་གནས་ཤིང༌། དྲི་ཞིམ་པོ་བྲོ་བ་དང༌། ལྷའི་རོལ་མོའི་སྒྲ་ཡང་མངོན་སུམ་དུ་གསན། ཡང་དོན་ཞགས་དང༌།  བཅུ་གཅིག་ཞལ་རྒྱུ་དབང་ཞུས་པའི་དུས་སུ་སྔར་བསྟན་མ་མཐོང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིད་འཕྲོག་པ་ཅིག་ལ་ལྷའི་མེ་ཏོག་སྣ་ཚོགས་པ་སོགས་མཆོད་པའི་ཚོགས་ཀྱང་དུ་མ་འདུག་ཅིང༌།  དྲི་ཞིམ་པོ་དང་ལྷའི་སིལ་སྙན་གྱི་སྒྲ་སྙན་པོ་ཡང་འཁྲོལ། རྗེ་སྐྱབས་མཆོག་དཔལ་བ་དེ་ཉིད་ཀྱི་སྐུ་ཡང་ཟླ་བའི་དཀྱིལ་འཁོར་མངོན་པར་གང་བ་ལྟ་བུར་དཀར་ཞིང་འོད་ཟེར་འཕྲོ་བ་མཐོང་བས་རྐྱེན་བྱས་ནས་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས། དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོ་རྗེ་སྐྱབས་མཆོག་དཔལ་བ་ཉིད་ལ་གསོལ་བ་ཡུན་རིང་དུ་བཏབ་ནས། འདས་མ་འོངས་ཀྱི་སྐྱེ་བ་བཞེས་ཚུལ། སྐུ་སྐྱེ་བ་འདི་ལ་ངོ་མཚར་ཆེ་བའི་ཡོན་ཏན་འཁྲུངས་ཚུལ་རྣམས་གསུང་བར་ཞུས་པས་རྗེ་སྐྱབས་མཆོག་དཔལ་བས་འདི་ལྟར་གསུངས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་བྱང་ཆུབ་སེམས་དཔའ་འདུལ་བའི་ཏོག་ཅེས་པར་སྐྱེས་ནས་སངས་རྒྱས་དངོས་ལ་ཐེག་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་ཉན། དེའི་འོག་ཏུ་རྒྱ་གར་ཤར་ཕྱོགས་སུ་སྟོབས་ལྡན་གྱི་རྒྱལ་པོ་ཞིག་ཏུ་སྐྱེས་ཏེ་ཆོས་ལྡན་གྱི་ཁྲིམས་བཅས་ནས་མི་དགེ་བ་བྱེད་པ་རྣམས་གྱི་མིག་འདོན་པ་དང༌།  རྐང་ལག་གཅོད་པ་སོགས་བྱས་པའི་སྟོབས་ཀྱིས་མ་འོངས་པ་ན་མིག་དང་རྐང་ལག་སོགས་ལ་སྐྱོན་ཅུང་ཟད་འོང་པ་འདྲ་གསུང༌། དེ་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས། དེར་ཡུན་རིང་པོ་མ་ལོན་པར་རྒྱ་གར་དུ་སློབ་དཔོན་ཡོན་ཏན་འོད་དུ་གྱུར་ནས་བསྟན་པ་དང་འགྲོ་བའི་དོན་ཚད་མེད་པ་བྱས། དེའི་ཕྱི་མ་རྒྱ་ནག་རི་བོ་རྩེ་ལྔར་སོང་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་ཆོས་མང་དུ་ཉན་ཞིང་རྗེ་བཙུན་གྱིས་ལུང་བསྟན་པ་ལ་བརྟེན་ནས་བལ་པོར་རྡོ་རྗེ་གཞོན་ནུ་ཞེས་བྱ་བའི་སྔགས་པ་ཞིག་གི་རྟེན་བཟུང་སྟེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་དར་བར་བྱས། དེ་ནས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བར་སྐྱེས་ནས་ཇོ་བོ་རྗེ་བོད་ལ་གདན་འདྲེན་པ་སོགས་དཀའ་སྤྱད་མང་པོ་བྱས་ཤིང་དམ་པའི་ཆོས་མང་པོ་བསྒྱུར་བ་ཡང་དྲན་གསུང༌།  གཞན་ཡང་རྗེ་ནཱ་རོ་པའི་སྤྲུལ་པར་གྲགས་པའི་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དང༌། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱང་དམ་པ་འདིའི་སྐུའི་སྐྱེ་བ་ཡིན་པ་ཡང་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་ཤིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གནང་བའི་ལུང་བསྟན་གསང་བའི་མེ་ལོང་ལས་ཀྱང་དེ་ལྟར་དུ་འབྱུང་ངོ༌། །

དེ་ནས་རྗེ་སྐྱབས་མཆོག་དཔལ་བ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པའི་ཚེ་འཇིགས་བྱེད་སྒྲུབ་མཆོད་ཅིག་མཛད་པའི་དུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང༌། དགྲ་ནག་དང་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་དང་བཅས་པའི་ཞལ་མངོན་སུམ་དུ་གཟིགས་ཤིང༌། དེའི་དུས་སུ་རྒྱལ་བ་དབེན་ས་པ་ཆེན་པོས་ཡི་དམ་གྱི་དབང་གསན་པས་སྐུ་ལས་མེ་འབར་ཞིང་ཞབས་བརྡབས་པས་ས་གཡོ་བ་དང༌།  དཀྱིལ་འཁོར་ཡང་མེ་ཁ་དོག་སྣ་ལྔ་པས་བསྐོར་བ་སོགས་ངོ་མཚར་བའི་ལྟས་མང་དུ་གཟིགས་སོ། །དེ་ནས་སྤྲེའུ་ལོ་ཟླ་བ་ལྔ་པའི་ཚེས་བརྒྱད་ཀྱི་ཐོ་རངས་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཞལ་མཐོང་ལུས་དབེན་དང་ངག་དབེན་ལ་བརྟན་པ་ཐོབ་གསུང་ཞིང་དེ་དུས་རྒྱལ་བ་དབེན་ས་པ་་ཆེན་པོས་རྗེ་སྐྱབས་མཆོག་དཔལ་བ་ལ་གསང་བ་འདུས་པའི་དབང་ཞུས་ཏེ་ཡེ་ཤེས་འབེབས་པའི་དུས་སུ།  རྗེ་སྐྱབས་མཆོག་དཔལ་བའི་སྐུ་འོད་ཟེར་ཁ་དོག་སྣ་ལྔའི་རང་བཞིན་ཅན་དུ་བྱས་ནས་དཀྱིལ་འཁོར་གྱི་སྟེང་ན་ཕར་འབྱོན་ཚུར་འབྱོན་མཛད་ཀྱང༌། རྡུལ་ཚོན་ལ་མི་གནོད་པ་སོགས་ཡ་མཚན་པའི་ལྟས་དུ་མ་བྱུང་ངོ༌། །

དེའི་ཚེ་རྗེ་སྐྱབས་མཆོག་དཔལ་བས་འདི་ལྟར་གསུངས་ཏེ། ད་ནི་རྨི་ལམ་ལ་བརྟན་པ་ཐོབ་ནས་འབད་མེད་དུ་ཟིན། ཁྱད་པར་ཚེས་བཅོ་ལྔ་དང་གནམ་གང་ལ་རྨི་ལམ་གྱི་ལུས་ཁྱད་པར་ཅན་བཟུང་ནས་ཐུབ་ཆེན་དང༌། བྱམས་པ་རྒྱལ་སྲས་འཇམ་དཔལ་སྙིང་པོ་སོགས་ཀྱི་སྤྱན་སྔར་གསོ་སྦྱོང་རྒྱུན་པར་བྱེད་ཅིང་ཆོས་མང་དུ་ཞུས། གཞན་ཡང་བདེ་བ་ཅན་དང༌། འོག་མིན་སྟུག་པོ་བཀོད་པ་དང༌། མངོན་དགའ་སོགས་ལོངས་སྤྲུལ་གྱི་ཞིང་ཁམས་མང་པོ་བལྟ་བར་ཕྱིན་པས་ཞིང་དེ་དག་གི་རྒྱལ་བ་སྲས་དང་བཅས་པ་ཡང་མཐོང༌། དབང་དང་བྱིན་རླབས་དཔག་ཏུ་མེད་པ་ཡང་དག་པར་སྩལ། བདག་ཉིད་ཀྱིས་ཀྱང་ལུས་ཚད་མེད་པ་སྤྲུལ་ནས་བདུན་རྣམ་དག་ཕུལ་གསུང་ངོ༌།།

དེ་ནས་རྗེ་སྐྱབས་མཆོག་དཔལ་བ་དགུང་ལོ་བདུན་ཅུ་དོན་བརྒྱད་བཞེས་པའི་ཚེ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པ་ཞིག་མཛད་པའི་དུས་སུ། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཞལ་གཟུགས་ཤིང་དེར་གཙོ་བོས་དབང་བཞི་རྫོགས་པར་བསྐུར་ནས་ད་མྱུར་དུ་མཁའ་སྤྱོད་དུ་འབྱོན་པའི་འདུན་པ་ཐོངས་ཞེས་གསུང་གི་གནང་བས་དབུགས་དབྱུང་བ་བརྙེས། དེའི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོས་བདེ་མཆོག་གི་དབང་ཞུས་པས་ནང་མཆོད་ཁ་དོག་ལྔ་ལྡན་དུ་ཁོལ་བ་དང༌། རྗེ་སྐྱབས་མཆོག་དཔལ་བ་དཀྱིལ་འཁོར་གྱི་སྟེང་དུ་མདའ་གང་ཙམ་འཕགས་ནས་གར་མཛད་པ་སོགས་ཕུལ་དུ་བྱུང་བའི་ལྟས་དུ་མ་ཞིག་གཟིགས།  ཉིན་གཅིག་གི་ཚེ་རྗེ་སྐྱབས་མཆོག་དཔལ་བ་དང་རྒྱལ་བ་དབེན་ས་པ་ཆེན་པོ་གཉིས་ཀས་དབུས་རིའི་རྩེར་ཕེབས་པ་ན་རྗེ་སྐྱབས་མཆོག་དཔལ་བ་སྤྱན་ནམ་མཁར་ཧྲིག་ཧྲིག་གཟིགས་ཤིང་ཕྱག་ཐུགས་ཀར་ཐལ་མོ་སྦྱོར་བར་མཛད། དེ་ལ་རྒྱལ་བ་དབེན་ས་པ་ཆེན་པོས་ཅི་འདྲ་ཞིག་མཆིས་ཞུས་པས། རྒྱལ་བ་རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་ནས་བྱིན་གྱིས་བརླབས་པའི་ཉམས་ཤིག་ཤར་གསུང༌། དེ་ནས་དགུང་ལོ་བརྒྱད་ཅུ་གྱ་གཅིག་བཞེས་པའི་སྟོན་ཞིག དོན་དུ་ན། དབེན་དགོན་འདི་ཉིད་འབྱུང་བའི་ས་གཞི་བྱིན་གྱིས་བརླབས་པར་འདུག་ཀྱང༌། ཐ་མལ་བ་རྣམས་ཀྱི་ངོར་ཞབས་འཆག་པར་སྙད་དེ།  ཡབ་སྲས་གཉིས་ཀས་དབུ་ས་རིའི་རྩེ་མོར་ཕེབས་པ་ན་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་ཕྱག་གཉིས་ཐལ་མོ་སྦྱར་ནས་དབུ་གུག་གུག་པ་ལན་མང་དུ་མཛད་ཅིང་འདུག་པ་ལ་རྒྱལ་བ་དབེན་ས་པ་ཆེན་པོས་དེ་འདྲ་ཅི་ཡིན་ཞུས་པས་རྒྱལ་བ་བློ་བཟང་གྲགས་པ་ལ་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་བསྐོར་ནས་བྱོན། བྱིན་གྱིས་ཀྱང་བརླབས་གསུང༌། ལན་ཅིག་ད་ནི་དཔལ་མགོན་པོ་ཡབ་ཡུམ་དང༌། དམ་ཅན་ཆོས་རྒྱལ་འཁོར་བཅས་ཀྱིས་བྲན་བཞིན་བཀའ་ཉན་པར་འདུག་གསུང་ངོ༌། །དེའི་ཚེ་རྗེ་སྐྱབས་མཆོག་དཔལ་བས་རྒྱལ་བ་དབེན་ས་པ་ཆེན་པོ་ལ་ཞལ་གདམས་འདི་ལྟར་མཛད་དེ། ཁོ་བོས་ཀྱང་སྡེ་དགོན་གྱི་བདག་སྤངས། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། ལོ་འདོད་དང་ཁེ་གྲགས་སྤངས་ནས་སྦས་པའི་ཚུལ་བཟུང་སྟེ། དགེ་སྦྱོར་འབའ་ཞིག་ལ་འབུངས་པས་ཚེ་ཡང་རིང་དུ་སླེབས། སེམས་དབེན་དང༌། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་བར་གྱི་རྟོགས་པ་ཁྱད་པར་ཅན་འདི་བཞིན་སྐྱེས་པ་ཡིན་ནོ། །ཁྱོད་ཀྱིས་ཀྱང་ཚེ་འདི་དོན་དུ་གཉེར་བའི་མིའི་ཁ་ལ་མ་ཉན་པར་དབེན་པར་དགེ་སྦྱོར་རྩེ་གཅིག་ཏུ་གྱིས་ཤིགཅེས་གསུངས་ཤིང༌། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་བྱ་ཚུལ། ཁྱད་པར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྙན་རྒྱུད་ཀྱི་བསྟན་པ་འཛིན་ཅིང་སྤེལ་ལུགས་སོགས་ཞལ་གདམས་མཐར་ཕྱིན་པར་གནང་སྟེ་རྗེ་སྐྱབས་མཆོག་དཔལ་བ་ཆོས་བདག་པོ་ལ་ཕྲོད་པས་ཐུགས་ཚིམ་ཞིང་དེད་དཔོན་ཡིད་བཞིན་གྱི་ནོར་བུ་ཐོབ་སྟེ་རང་ཡུལ་དུ་དགའ་བཞིན་དུ་འགྲོ་བ་ལྟར་རྒྱལ་བ་ཙོང་ཁ་པའི་མན་ངག་ལ་བརྟེན་ནས་ས་ལམ་རིམ་གྱིས་བགྲོད་དེ་ཟུང་འཇུག་དབང་གི་རྒྱལ་པོ་ཐོབ་པས་ནམ་མཁའ་མ་ཟད་ཀྱི་བར་དུ་འགྱུར་བ་མེད་པའི་གདེང་ཐོབ་ནས་རྣམ་སྨིན་གྱི་སྐུ་ལུས་རགས་པ་དོར་ཏེ་འཇའ་ལྟར་ཕྲ་ཞིང་རྒྱུན་འཆད་པ་མེད་པའི་ཟུང་འཇུག་གི་སྐུ་འཇམ་མགོན་བླ་མ་གང་དུ་བཞུགས་པའི་ས་སོགས་ཞིང་ཁམས་རབ་འབྱམས་སྤྲུལ་པས་འགེངས་ཤིང་བཞུགས་སོ། །

དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོས་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་གི་ཞབས་དྲུང་ནས་གསང་བདེ་འཇིགས་གསུམ་གྱི་དབང་ལུང་མན་ངག་སོགས་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཞིང་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བསྟན་པ་སོགས་བླ་མ་ལྷའི་གཟིགས་སྣང་ངོ་མཚར་རྨད་དུ་བྱུང་བའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

འཇམ་དབྱངས་བླ་མས་དབང་བསྐུར་བྱིན་རླབས་ཚེ། །

རྫུ་འཕྲུལ་དག་པའི་སྣང་བ་དཔག་མེད་དང༌། །

བླ་མ་ལྷག་པའི་ལྷར་གཟིགས་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོ་དགུང་ལོ་བཅུ་བདུན་བཞེས་པ་ན། ཕྱོགས་ཀུན་ཏུ་འབྲུམ་ནད་ཀྱིས་ཁྱབ་ཅིང༌།  རྗེ་ཉིད་ཀྱང་སྐུ་འབྲུམ་གྱིས་བསྙུན་ནས་ཡོད་པ་ལ། ཉིན་གཅིག་ཆབ་སྒོར་རྟེན་འབྲེལ་བསྟོད་པ་ཁ་ཏོན་དུ་བྱེད་པ་ཞིག་བྱུང་བ་ན་དེའི་གསུང་གི་གདངས་ཐོས་པ་ཙམ་གྱིས་ལུས་ཀྱི་སྤུ་ཟིང་ཞེས་བྱེད་ཅིང་སྣང་བ་གཏིང་ནས་འགྱུར་བ་ཞིག་བྱུང་བས། ཕྱིར་ཕེབས་ཏེ་གཟིགས་པ་ན་དགེ་སློང་སྨ་ར་དཀར་པོའི་ཨག་ཚོམ་ཅན། ཕྱག་དར་ཁྲོད་ཀྱི་ཆོས་གོས་གསོལ་བ། ཤིན་ཏུ་དང་བ་འདྲེན་པ་ཅིག་འདུག་པས། ནང་དུ་སྤྱན་དྲངས་པ་ན་གྲུབ་ཆེན་གྱིས་དོན་དུ་འགྱུར་བ་མཁྱེན་ནས། ཆ་རྐྱེན་དང་འཚམ་པར་བསྙེན་བཀུར་བ་ཡང་ལེགས་པར་བཞེས།  དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་དང་ཐོག་མར་མཇལ་བའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

ཁྱད་པར་ངང་པའི་རྒྱལ་པོས་པད་མཚོར་བཞིན། །

རྟོགས་པའི་མངའ་བདག་ངྷརྨ་བཛྲ་ཞབས། །

བསམས་བཞིན་ཡོངས་དག་སྐྱེས་བུ་ཁྱོད་དྲུང་ཕེབས། །

དང་པོའི་རྟེན་འབྲེལ་ལེགས་འགྲིག་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །དེའི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོའི་ཐུགས་ལ་འདི་ནི་གྲུབ་པ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་གོར་མ་ཆག་གོ་སྙམ་དུ་དགོངས་ཏེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ལས།

དེ་ཉིད་ཚུལ་ལ་ལེགས་པར་བརྟགས་པ་ན། །

གསང་བའི་མཛོད་འཛིན་ཆོས་ཀྱི་རྒྱལ་མཚན་གྱིས། །

ཐུགས་སྲས་མཆོག་ཏུ་ལེགས་གཟིགས་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། གདམས་པའི་གཏེར་དུ་གྱུར་པའི་གྲུབ་མཆོག་ཏུ་གཟིགས་ནས་རྗེས་སུ་འཛིན་པར་ཞུས་པས། གྲུབ་ཆེན་ཆོས་རྡོ་རྗེས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་བཀྲ་ཤིས་རྫོང་དགའི་ཕུའི་མགར་མོ་ཆོས་རྫོང་དུ་དུས་འདི་ཙམ་ལ་ཤོག་ཅེས་བཀའ་གནང༌། དེ་ནས་རྒྱལ་བ་དབེན་ས་པས་འབྲུམ་བུའི་བསྙུན་ལས་གྲོལ་མ་ཐག་བླ་མ་གྲུབ་ཆེན་གྱིས་ཇི་ལྟར་གསུང་བའི་དུས་ཚོད་དེ་ལས་ཡོལ་བ་མེད་པར་དབེན་གནས་མགར་མོ་ཆོས་རྫོང་དུ་ཕེབས། གྲུབ་ཆེན་ཆོས་རྡོ་རྗེ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས་རྒྱལ་བ་ཙོང་ཁ་པའི་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཞིག་གནང་བ་ཐུགས་རྗེས་གཟུང་འཚལ་ཞེས་གསོལ་བ་བཏབ་པས་གྲུབ་མཆོག་ཆོས་རྡོ་རྗེས་ཀྱང་དགྱེས་བཞིན་དུ་ཐོག་མར་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་མཐའ་དག་སྙིང་པོར་བསྡུས་ཏེ་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་བ། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་ས་ལམ་འབྲས་བུ་དང་བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། བདེ་གསང་འཇིགས་གསུམ་སོགས་བླ་མེད་ཀྱི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པ་གནང་སྟེ་རྒྱལ་བ་དབེན་ས་པ་ཆེན་པོ་འཇམ་མགོན་སྙན་རྒྱུད་བསྟན་པའི་བདག་པོར་མངའ་གསོལ་ལོ། །རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་ལ་འཇམ་མགོན་སྙན་རྒྱུད་ཀྱི་མན་ངག་ཡོངས་རྫོགས་གསན་པའི་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

དེ་ནས་དེ་ཉིད་ཞབས་གཏུགས་གསོལ་བཏབ་པས། །

བློ་བཟང་གདམས་པའི་སྙིང་པོ་མ་ལུས་སྩལ། །

སྙན་རྒྱུད་གདམས་པའི་གཏེར་གྱུར་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །

དེ་ནས་གྲུབ་ཆེན་ཆོས་རྡོ་རྗེ་དང་རྒྱལ་བ་དབེན་ས་པ་ཆེན་པོ་གཉིས་དཔོན་སློབ་ལྷན་ཅིག་དབུས་གཙང་གི་ལྗོངས་དེ་དང་དེར་སྐལ་ལྡན་གྱི་གདུལ་བྱ་དུ་མ་རྗེས་སུ་འཛིན་པ་དང༌། མཐོང་ཐོས་དྲན་རེག་གིས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པའི་རྟེན་འབྲེལ་ཁྱད་པར་ཅན་བསྐྲུན་པའི་ཕྱིར། གངས་རིའི་ཁྲོད་ཀྱི་གནས་དང་ཡུལ་ལྗོངས་ཕལ་མོ་ཆེར་བཀྲ་ཤིས་པའི་མཚན་དང་ལྡན་པའི་ཞབས་རྡུལ་གྱིས་རེག་པ་སྩལ་ཞིང༌།  མཐར་གྲུབ་པའི་གནས་མཆོག་པདྨ་ཅན་དུ་ཕེབས་ཏེ་ཡུན་རིང་དུ་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་གཞོལ་བར་མཛད། དེ་ནས་གྲུབ་ཆེན་ཆོས་རྡོ་རྗེས་རྒྱལ་བ་དབེན་ས་པ་ཆེན་པོ་ལ་སྤྲུལ་པའི་གླེགས་བམ་གཏད་དེ་བཀའ་རྒྱ་དམ་པོ་བཏབ། རེ་ཤིག་ཚེ་འདི་བློས་བཏང་སྟེ་དབེན་པའི་རི་སུལ་དུ་སྒྲུབ་པ་སྙིང་པོར་མཛད་དགོས་པ་དང༌། མཐར་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ལ་ཉམས་ལེན་མཐར་ཕྱིན་ཏེ་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་སྐལ་བ་དང་ལྡན་པ་གཞན་དག་ལ་སྙན་རྒྱུད་ཀྱི་མན་ངག་ཇི་ལྟར་སྟོན་ལུགས་སོགས་ཞིབ་ཏུ་འདོམས་པར་མཛད་དོ། །

དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེའི་ཞལ་གདམས་དང༌། སྔར་རྗེ་སྐྱབས་མཆོག་དཔལ་བཟང་གིས་ཀྱང་གདམས་པ་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་ལ་དགའ་མི་དགའི་རྣམ་རྟོག་དོར་ཏེ་ཆོས་བརྒྱད་འགོ་སྙོམས་ཚེ་འདིའི་འཁྲི་བ་ཕྲ་མོའང་མེད་པར་མཐོ་མཐོ་རླུང་ལ་བསྐུར་དམའ་དམའ་ཆུ་ལ་བསྐྱུར་ཞེས་དམ་པ་གོང་མའི་གསུང་བགྲོས་ལས་འབྱུང་བ་ལྟར་ཕྱི་ནང་གི་སྤྲོས་པ་བཙན་ཐབས་སུ་བཅད་དེ་དབེན་གནས་རྣམས་སུ་ཟབ་ལམ་སྙིང་པོའི་རྣལ་འབྱོར་ལས་སྐད་ཅིག་ཀྱང་གཡེལ་བ་མེད་པར་ཤུགས་དྲག་ལ་རྒྱུན་མི་འཆད་པའི་གོམས་པ་བསྲིངས་ཏེ།  ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་པའི་སྐུ་ཤ་རུལ་བ་ལ་ལྕི་བའི་ཐལ་བ་འཇམ་པོ་བཏབ། གཞན་བཅོས་སོགས་མ་མཛད་པར་ཐུགས་དམ་ལ་བརྩོན་པ་ཆེར་མཛད་པས་རིང་པོ་མ་ལོན་པར་དྲན་ཤེས་ཀྱི་འབད་རྩོལ་ལ་མ་ལྟོས་པར་ཉིན་མཚན་ཁོར་མོ་ཡུག་ཏུ་མཉམ་པར་འཇོག་ནུས་པའི་ཏིང་ངེ་འཛིན་ནི་བརྙེས།  དེ་ལ་བརྟེན་ནས་འདོད་པའི་ཉོན་མོངས་མངོན་གྱུར་འགོ་གནོན་ནུས་པ་དང༌། རིམ་གྱིས་སེམས་དགེ་བ་ལ་འཇུག་མི་ནུས་པའི་འཚེར་ངད་ཀྱི་རྣམ་པ་སངས་ཏེ་དགེ་པའི་དམིགས་པ་ལ་ཅི་འདོད་དུ་འཇོག་ནུས་པ་དང༌། སྐུ་ལུས་ཀྱི་རླུང་གནས་ངན་ལེན་སྐྱེད་བྱེད་རྣམས་ནི་འགགས། ལུས་སེམས་ལས་སུ་རུང་བའི་བདེ་ཆེན་ཁྱད་པར་ཅན་ཐུགས་ལ་འཁྲུངས། དེའི་མཐུས་རི་རབ་སོགས་ལ་གཟིགས་པ་ན་རྡུལ་ཕྲ་རབ་ཀྱང་བགྲང་ཐུབ་པ་ལྟ་བུའི་གསལ་ཉམས་ཀྱང་བྱུང་གསུང༌། དེ་ནས་རེ་ཞིག་ན་དགེ་འཕེལ་དུ་བཞུགས་པའི་དུས་ཐོ་རངས་རྗེ་འདི་ཉིད་བཞུགས་ས་ནས་ཁང་པ་སྐྱ་སྦྲེལ་མང་པོའི་ནང་གཅིག་ནས་གཅིག་ཏུ་སྐྱ་སྦྲེལ་ལ་ཐོགས་པ་མེད་པར་བྱོན་པས་རྫུ་འཕྲུལ་དེ་མཐོང་བ་ཀུན་ངོ་མཚར་དུ་གྱུར་ཏོ། །ལན་ཅིག་བྲག་གཡང་ཆེན་པོ་མིས་མི་ཐར་བ་ཞིག་ཡོད་པར་རྫུ་འཕྲུལ་གྱིས་གཤེགས་པ་བྲང་དཔོན་དོན་བཀྲས་བྱ་བས་མཐོང་ནས། ཆོས་རྗེ་ལགས་དེ་འདྲའི་ལྟད་མོ་སྟོན་པ་ཞེས་ཐལ་མོ་སྦྱར་ནས་ཕྱག་འཚལ་དུ་བྱུང་བ་ལ་རྒྱལ་བ་དབེན་ས་པ་ཆེན་པོས་ཁྱོད་སུ་དང་ནོར་གང་མཐོང་གསུངས། སྔར་གྱི་མཐོང་ཚུལ་ཞུས་པས། ངས་བྲག་གཡང་དེ་འདྲ་ལ་ག་ལ་ཐར་བྲང་དཔོན་རང་མིག་འཁྲུལ་བའམ།  བྲག་འདིའི་གཞི་བདག་ཇོ་བོ་བྲག་དཀར་བ་མཐོང་བ་ཡིན་ཡོང་གསུངས། དེ་ནས། དགུང་ལོ་ཉི་ཤུ་ལྷག་ཙམ་འགྲོ་བའི་དུས་རྒྱལ་བ་གཡུང་གི་སྒྲུབ་གནས་བྲག་རྒྱ་བོ་རྡོ་རྗེའི་ཕོ་བྲང་དུ་དཔལ་གསང་བ་འདུས་པའི་མན་ངག་གི་གནད་ཕྲ་མོ་ཞིག་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་རྨད་དུ་བྱུང་བའི་རྟོགས་པ་ཁྱད་པར་ཅན་བརྙེས་ཏེ།  རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་གཞུང་རྣམས་དང༌། རྒྱལ་བའི་བཀའ་རབ་འབྱམས་ངག་ནས་ཐོགས་མེད་དུ་འདོན་ནུས་པ་བྱུང་སྟེ་ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྔགས་པ་ནི།

དེ་ནས་རིང་པོར་མ་ལོན་སྐད་ཅིག་ལ། །

གྲུབ་པའི་གནས་མཆོག་རྡོ་རྗེའི་ཕོ་བྲང་དུ། །

ཉམས་དང་རྟོགས་པ་ཆེར་འབར་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་དང༌།

དེ་ནས་ཆོས་ཀུན་ཚིག་དོན་ཐུགས་ཆུད་ཅིང༌། །

བདེ་ཆེན་ཆང་གིས་མྱོས་པའི་དཔའ་བོའི་གར། །

གཅིག་པུའི་ཉམས་ཀྱིས་བསྒྱུར་མཛད་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་རོ། །གཞན་ཡང་འཕགས་པའི་ཡུལ་གྱི་འཕྲལ་སྐད་དང༌། ལེགས་སྦྱར་གྱི་སྐད་སོགས་སྐད་ཀྱི་རིགས་མི་འདྲ་བ་དུ་མ་ལའང་མཁྱེན་པ་ཐོགས་པ་མེད་པར་གྱུར་ཏེ། ལན་ཅིག་ཤངས་ལ་འབྱོན་པའི་ལམ་ཁར་རྒྱལ་པོ་ཆུ་ཐགས་བུད་མཚམས་ན་ཡར་ལ་ཛོ་ཀི་འགའ་ཞིག་དང་འགྲོགས་ཏེ་ཨ་ཙརྱའི་འཕྲལ་སྐད་ཀྱིས་དེ་དག་དང་གསུང་གླེང་མཛད་པས་ཚོང་པ་མང་པོ་འདུག་པ་ཡ་མཚན་དུ་གྱུར་ནས་འདུག་གསུང༌།

ཡང་དུས་གཅིག་རོང་ཕྱོགས་སུ་ཕེབས་པས་ས་སྐྱའི་བདག་ཆེན་རྡོ་རྗེ་གླིང་པ་དང༌།  བྱམས་ཆེན་པའི་སློབ་དཔོན་མང་པོ་དང༌། སྐྱེད་ཚལ་བའི་དགེ་བཤེས་འགའ་ཞིག་དང༌། རྟ་ནག་པའི་ལོ་ཆེན་ཟེར་བ་གཅིག་རྣམས་ཁ་རུ་སྟེང་དུ་འཚོགས་ནས་སྒྲའི་བཤད་པ་ཡུས་ཡུས་བྱེད་ཅིང་དགེ་ལྡན་རྣམས་ཀྱིས་སྒྲ་མི་ཤེས་ཟེར་ཞིང་གཏམ་མང་པོ་གླེང་བའི་སར་རྗེ་བླ་མ་ཉིད་ཀྱིས་བྱོན་ནས། བརྒྱད་སྟོང་པ་སཾ་སྐྲྀ་ཏའི་སྐད་དུ་འདོན་གྱིན་བཤད་པ་མཛད་པས། དེ་དག་གི་སྒྲའི་ཡོན་ཏན་གྱིས་གང་དུ་ཡང་མ་ཕྱིན་ཅིང་ལུང་རིགས་གང་གིས་ཀྱང་ལན་འདོན་པར་མ་ནུས་པ་ན། བདག་ཉིད་ཆེན་པོ་འདིའི་པཎ་ཞྭ་སེར་པོ་དང༌། རས་ཀྱི་ཆོས་གོས་དང་མཐང་གོས་སོགས་ལ་དཔགས་ཏེ་འདི་ནི་རྒྱ་འདྲེ་མ་ངོན་སུམ་མོ་ཞེས་ཞེ་སྡང་ཤིན་ཏུ་འབར་བའི་རྒྱུད་དང་སྦྱར་བའི་ཚིག་ངན་གྱི་དུག་མདའ་ཤིན་ཏུ་མི་བཟད་པའི་ཆར་ཕབ་ཀྱང་དམ་པ་འདིས་ལན་བརྒྱར་གོམས་པའི་བཟོད་པའི་གོ་ཆ་ལ་བརྟེན་པས་བ་སྤུའི་རྩེ་མོ་ཙམ་ཡང་འཁྲུགས་པ་མེད་དོ། །

དེ་རྣམས་ཀྱི་ཁྲོད་ནས་ནོར་བུ་གླིང་པའི་སློབ་དཔོན་ན་རེ། དེ་འདྲ་མ་གསུང་ཁོང་སྐྱེས་བུ་ངོ་མཚར་ཆེ་བ་ཞིག་སྣང་ཟེར་ཁོང་རང་གི་དཀར་ཡོལ་བཀྲུས་ནས་ཇའི་སྐལ་བ་དྲངས།  དེར་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་གདུལ་བྱ་མ་རུངས་པ་དེ་དག་སྐྲག་པར་བྱ་བའི་ཕྱིར་སྟོད་ནས་མེ་འབར་བ་དང༌། སྨད་ནས་ཆུ་འཁྲུག་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་དང༌། ཁྲོ་བོའི་དབང་པོའི་སྐུར་བཞེངས་ཏེ་འདོད་ན་རི་རབ་ཀྱང་ཐལ་བར་རློག་པ་སོགས་མཐུ་སྟོབས་དང་རྫུ་འཕྲུལ་དཔག་མེད་སྟོན་ནུས་མོད་ཀྱང་གདུལ་བྱ་མ་རུངས་པ་དེ་དག་ཉོན་མོངས་པའི་གདོན་དྲག་པོས་ཟིན་པས་རེ་ཤིག་བཅོས་ཐབས་མེད་དེ། ཁོ་བོས་ཇི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱས་ཀྱང་གདོན་དྲག་པོས་བརླམས་པའི་ནད་པ་ལ་སྨན་གྱི་རིགས་གང་ཡང་མི་འཕྲོད་པ་ལྟར་སྐལ་བ་མེད་པའི་སྐྱེ་བོ་འདི་དག་ལ་དོན་དུ་མི་འགྱུར་བར་མ་ཟད། ལོག་པར་རྟོག་པ་འཕེལ་བར་འགྱུར་རོ་སྙམ་དུ་དགོངས་ནས་གཙང་ལ་ཕེབས་སོ། །དེའི་ཚེ་གྲུབ་ཆེན་ཆོས་རྡོ་ཇེའི་འཁོར་དུ་གྲུབ་པ་ཐོབ་པའི་སློབ་མ་བཅུ་ཙམ་ཡོད་པའི་ནང་ནས། རྗེ་འདི་ཉིད་སྲས་ཀྱི་ཐུ་བོར་དགོངས་སྙན་རྒྱུད་ཀྱི་བེའུ་བུམ་དང༌། སྤྲུལ་པའི་གླེགས་བམ་ཕྱག་ཏུ་གཏད་དེ་ལྷ་དང་བླ་མའི་ཚོགས་ཀྱིས་ལྷན་ཅིག་ཏུ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། །དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོ་ལ་གྲུབ་ཆེན་ཆོས་རྡོ་རྗེས་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་སྙན་རྒྱུད་མན་ངག་ཡོངས་རྫོགས་གནང་བའི་མཐར་སྤྲུལ་པའི་གླེགས་བམ་ཕྱག་ཏུ་གཏད་དེ་སྙན་རྒྱུད་བསྟན་པའི་བདག་པོར་མངའ་གསོལ་བའི་ཚུལ་ལས་བརྩམས་ཏེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

གྲུབ་པའི་དབང་པོས་རང་གི་འཁོར་རྣམས་ལ། །

སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་བརྟགས་པ་ན། །

ཁྱོད་ལས་མཆོག་གཞན་མ་གཟིགས་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་དང༌།

དེ་ནས་རང་གི་ཆོས་ཀྱི་རྒྱལ་ཚབ་ཏུ། །

དབང་བསྐུར་སྤྲུལ་པའི་གླེགས་བམ་ཕྱག་ཏུ་བཞག །

ཆོས་ཀྱི་རྒྱལ་སྲིད་ཡོངས་གཏད་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་དང༌།

དེ་ཚེ་བླ་མ་ལྷ་དང་སྲུང་མའི་ཚོགས། །

དགོངས་གཅིག་ཉིད་ཀྱིས་ལེགས་པར་མངའ་གསོལ་བ། །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །

དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་པའི་གནས་མཆོག་པདྨ་ཅན་ཞེས་ཀྱང་བྱ་པདྨ་འོད་ཀྱི་གཞལ་ཡས་ཞེས་ཀྱང་བྱ་བའི་གནས་དེར་དག་པའི་འཁོར་གྱི་ཚོགས་ལ་ཆོས་ཀྱི་འཁོར་ལོ་དང་པོར་བསྐོར་ཞིང༌། གཞན་ཡང༌། གྲུབ་པའི་གནས་དུ་མར་སྐྱེ་བོ་ཕལ་མོ་ཆེ་ལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་དུ་མ་བསྐོར་བས། གྲུབ་པའི་གདུང་འཚོབ་བརྙེས་པའི་སྐྱེ་བོས་གངས་ཁྲོད་ཀྱི་དབེན་པ་མཐའ་དག་ཁྱབ་པར་རྗེ་ཉིད་ཀྱི་གསུང་ལས་དོན་གྱིས་འབྱུང་ངོ༌། །རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་པའི་གནས་མཆོག་ཏུ་དག་པའི་འཁོར་འགའ་ཞིག་ལ་ཆོས་གྱི་འཁོར་ལོ་ཐོག་མར་བསྐོར་བའི་ཚུལ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

པདྨ་ཅན་དང་དེ་བཞིན་གྲུབ་པའི་གནས། །

རྣམས་སུ་ཟབ་རྒྱས་ཆོས་ཀྱི་ཆར་ཕབ་ནས། །

ཀུན་ཏུ་གྲུབ་པས་ཁྱབ་མཛད་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །དེ་དང་དེའི་སྐབས་རྣམས་སུ་ཡང་གང་དང་གང་དུ་ཞབས་ཀྱི་འཁོར་ལོ་བཀོད་པའི་ས་ཕྱོགས་དང༌། དབེན་པའི་གནས་དེ་དང་དེ་དག་གི་མི་བསྲུན་པའི་གཞི་བདག་རྣམས་དམ་ལ་བཏགས་ཏེ། སྲོག་གི་སྙིང་པོ་བཞེས་ནས་སླན་ཆད་དགེ་བའི་བར་ཆད་མི་བགྱིད་པའི་བཀའ་ཡང་དག་པར་སྩལ། དེ་ཡང་པདྨ་ཅན་དུ་ཕེབས་པའི་ལམ་ཁར་སྡིག་པ་ར་ཅན་ལུག་ཐོང་ཙམ་ཞིག་བདག་ཉིད་ཆེན་པོ་ལ་འཇིགས་པ་སྟོན་པ་ལྟར་བྱེད་པ་ན། བདག་ཉིད་ཆེན་པོས་ཇི་མི་སྙམ་པར་ཏིང་ངེ་འཛིན་གྱིས་ཕྱག་རྒྱས་བཅིངས་ཏེ་ཕེབས་པས་ཆོ་འཕྲུལ་རང་ཞིར་སོང༌། ཕྱིས་ནི་གཞི་བདག་དེས་ཚུལ་བཞིན་འཕྲིན་ལས་བསྒྲུབས་ཏེ། རྗེ་འདི་པ་འཚོ་བའི་ཆ་རྐྱེན་གྱིས་གཏུགས་ནས་གནས་དེ་ལས་འབྱོན་པར་བཞེད་པ་ན་རྣ་རོ་སོགས་འཚོ་བའི་ཡོ་བྱད་སྒྲུབ་ཁང་གི་ཉེ་ལོགས་སུ་ཡང་ཡང་འཇོག་པར་བྱེད། དེའི་ཚུལ་རིག་སྟེ་གནས་འདིར་རྒྱུན་རིང་ན་དགེ་སྦྱོར་འཕེལ་ཡང་སེམས་ཅན་ལ་གནོད་པར་དགོངས་ནས་ཕེབས།  ཕྱིས་དབེན་སར་བཞུགས་པའི་ཚེ་ཡང༌། ཇོ་མོའི་གཞི་བདག་དེས་གསའི་རྣམ་པར་ཀུན་གྱིས་མཐོང་བར་བྱས་ཏེ་རྗེ་ཉིད་མཇལ་བ་ལ་བྱུང་གསུང་ངོ༌། །ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ནི།

སྐུ་གསུང་ཐུགས་ཀྱི་རྣམ་པ་སྣ་ཚོགས་པས། །

ཞིང་སྐྱོང་གཞི་བདག་ཚོགས་རྣམས་དམ་ལ་བཞག །

འགྲོ་ལ་ཕན་བདེ་རྒྱས་མཛད་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་སོ། །དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་རི་བོ་དགེ་འཕེལ་དུ་ཐོག་ཤས་བཞུགས། དེའི་དུས་སུ་གང་ཤར་བདེ་སྟོང་དུ་ཤར་བའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་དུས་འདའ་བར་མཛད་པས།  བློ་མིག་ལྡོངས་པའི་སྐྱེ་བོ་ཕལ་མོ་ཆེས་དབེན་ས་སྨྱོན་པ་ཞེས་ཀྱང་སྒྲོག་པར་བྱེད་པ་ཞིག་བྱུང་ངོ༌། །ཚུལ་འདི་ནི་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་གསུང་ལས་ཀྱང༌།

བླ་མ་ལྷ་ལ་རྩེ་གཅིག་གསོལ་བཏབ་པས། །

ཡིད་ལ་གང་དྲན་འཕྲལ་ལ་ལག་ལེན་ལ། །

འགེལ་བ་སྨྱོན་པ་འདྲ་བའི་སྤྱོད་པས་ནི། །

སངས་རྒྱས་མྱུར་དུ་སྒྲུབ་ལ་བདག་གི་ལུགས། །

ཞེས་དང༌། དེ་ཡང་འདི་ལྟར། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས། དགེ་བའི་རྣམ་རྟོག་རྣམས་ལྟ་ཅི་སྨོས། ཡིད་ལ་སྐྱེས་ཤིང་གང་དྲན་པའི་འདོད་ཆགས་སོགས་མི་དགེ་བའི་རྣམ་རྟོག་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་དང་ཐབས་སུ་བསྒྱུར་ནས་འཕྲལ་ལ་དྲན་པ་འཕྲལ་ལ་ལག་ལེན་ལ་འགེལ་བའི་ཉམས་ལེན་ལ་བརྩོན་པར་བྱས་པས། དེང་སང་གི་མི་ཕལ་ཆེ་བ་རྣམས་ཀྱིས་བལྟ་པ་དང་ཉན་པའི་ངོར་ཡིད་ལ་གང་དྲན་ལག་ལེན་ལ་འགེལ་བའི་སྨྱོན་པ་འདྲ་བའི་སྤྱོད་པ་ཞིག་ནི་ཡོང་བར་འདུག་ནའང༌། འགྲོ་བའི་དོན་དུ་གོ་འཕང་མཆོག་དམ་པ་སངས་རྒྱས་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་པའི་ཆོས་ལུགས་མཆོག་དམ་པ་འདི་ནི་བདག་བློ་བཟང་དོན་གྲུབ་ཀྱི་ལུགས་སོ། །ཞེས་དང༌།

བླ་མ་ལྷ་ལ་རྩེ་གཅིག་གསོལ་བཏབ་ནས། །

གང་བྱུང་རྐྱེན་རྣམས་ཕལ་ཆེར་དགེ་སྦྱོར་གྱི། །

གྲོགས་སུ་འཆར་ཕྱིར་སྨྱོན་སྤྱོད་ལ་གནས་ནས། །

དབེན་པར་གཅིག་པུར་སྡོད་པ་ཁོ་བོའི་ལུགས། །

ཞེས་གསུངས་པ་ལྟར།  རྐྱེན་བཟང་ངན་གང་བྱུང་ལ་ཐོག་བརྫིས་སུ་བྱས་ནས་འགོ་གནོན་པར་མཛད་དེ་བཀའ་ལས། ཡང་ན་ནི་ཆོས་བརྒྱད་འདི་འགོ་གནོན་ནུས་པ་ཅིག་དགོས་པར་འདུག ཡང་ན་ནི་ཆོས་བརྒྱད་འདི་ལམ་དུ་འཁྱེར་ནུས་པ་ཅིག་དགོས་པར་འདུགདེ་ལ་ཡང་མ་ནོར་བར་འཁྲིད་པའི་བཤེས་གཉེན་ཞིག་གིས་ཟིན་དགོས་པར་འདུག་གསུང༌། དེ་དག་གི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་བླ་མ་ལྷའི་རྣལ་འབྱོར་ལམ་གྱི་སྲོག་ཤིང་དུ་བྱས་ཏེ་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་སྙིང་པོ་ཐུགས་ཉམས་སུ་བསྟར་བར་མཛད་པར་སྣང་སྟེ་གསུང་ལས། འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟ་ན།  ལམ་ཐུན་མོང་བ་ལ་སྦྱངས་ནས་རྒྱུད་འོས་སུ་གྱུར་པ་ན་བླ་མ་མཉེས་པར་བྱས་ནས་རྣམ་པར་དག་པའི་དབང་ལམ་ཟབ་མོའི་རྟེན་དུ་བསྒྲུབ་པར་ནུས་ངོས་ཤེས་པ་བླངས་ནས་དམ་ཚིག་དང་སྡོམ་པ་བཟུང༌། དེ་ནས། སྐབས་དེ་དང་གཞན་དུ་བླངས་པའི་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་བྱས་ཏེ་ཚུལ་བཞིན་དུ་བསྲུང་བ་གཞིར་བཞག་ནས་ཐུན་བཞིའི་རྣལ་འབྱོར་གྱིས་རིམ་པ་དང་པོ་བསྒོམས་ལ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་དགེ་བའི་རྩ་བ་སྨིན་པར་བྱས། དེ་ནས་རྫོགས་པའི་རིམ་པ་ཁྱད་པར་ཅན་རིམ་གྱིས་བསྐྱེད་ནས་ཟུང་འཇུག་གི་སྐུ་བསྒྲུབས་ན་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་གནད་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གྱུར་པ་ལ་ངེས་པ་རྙེད་ནས།  ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་རང་གིས་འཛིན་ཅིང་གཞན་ལ་སྤེལ་ནུས་པ་ཡིན་ནོ། །ངྷརྨ་བཛྲ་གྱི་གསུང་རྒྱུན་བློ་བཟང་གིས་ཡི་གེར་བཀོད་པའོ། །ཞེས་གསུངས་ཏེ། གཞན་དག་ལ་འདི་ལྟར་གྱིས་ཤིག་ཅེས་གོ་བར་མཛད་པའོ། །ཡང་དེའི་ཚེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་འདོམས་པའི་ཕྱིར་དགེ་སྦྱོར་རྐྱེན་དབང་དུ་མི་གཏོང་བར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དཔང་དུ་བཞག་སྟེ་མཁྱེན་པར་གསོལ་ནས་ལམ་ཆ་ཚང་ལ་སྒྲུབ་པ་མཐར་ཕྱིན་པར་མཛད་པའི་དམ་བཅའ་འདི་ལྟར་མཛད་དེ།

ན་མོ་གུ་རུ་བུངྔྷ་བོ་ངྷི་སཏྭ་བྷྱཿགང་ཞིག་ཅུང་ཟད་ཡིད་ལ་དྲན་པས་ཀྱང༌། །དངོས་གྲུབ་ཐམས་ཅད་ད་ལྟ་སྩོལ་མཛད་པའི། །བློ་བཟང་གྲགས་དང་ཐུབ་དབང་སྤྱན་རས་གཟིགས། །འཁོར་བཅས་རྣམས་ཀྱི་འདྲ་འབག་དྲུང་ཉིད་དུ། །འཁོར་བའི་སྣང་ཚུལ་རབ་ཏུ་མཐོང་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་སྒྲུབ་འདོད་པའི། །བློ་བཟང་དོན་གྲུབ་ཅེས་པའི་བཙུན་པ་ངས། །དགེ་འཕེལ་རི་བོའི་རྩེ་ནས་འདི་སྐད་ཞུ། །སྔ་སོར་ཁྱེད་རྣམས་དྲུང་དུ་བདག་གི་སུ། །ཚེ་འདིར་གློ་བུར་བྱ་བ་ངན་པ་རྣམས། །སྤངས་ཏེ་སྙིང་ནས་དམ་ཆོས་སྒྲུབ་བྱེད་པའི། །ཡིད་ཀྱི་དམ་བཅའ་མང་པོ་བླངས་ན་ཡང༌། །ཚེ་འདིའི་འཁྲི་བ་ཕྲ་མོ་མ་ཆོད་པས། །ཡིད་དམ་བཅས་པ་རྣམས་ལས་ཅུང་ཟད་ཙམ། །འགལ་བར་གྱུར་རྣམས་བཤགས་པས་བཟོད་པར་མཛོད། །སླར་ཡང་ཁྱེད་རྣམས་དགྱེས་པ་བསྐྱེད་ཕྱིར་དུ། །ཚོགས་གཉིས་བསགས་པའི་དགེ་སློང་བློ་བཟང་བདག །དགའ་བདེ་ལྡན་པའི་ངང་ནས་འདི་སྐད་དུ། །ངོ་མཚར་ལེགས་བྱེད་གཏམ་འདི་འབུལ་བར་བྱ། །ད་ནི་ལོག་པའི་ལམ་དུ་འཁྲིད་པའི་རྒྱུ། །གཉེན་དང་འཁོར་གཡོག་གྲོགས་དང་ལོངས་སྤྱོད་དང༌། །ཚེ་འདིར་དོན་མེད་བྱ་བ་ངན་པ་རྣམས། །སྤངས་ནས་ཆགས་སྡང་མེད་པའི་དབེན་གནས་སུ། །ཐམས་ཅད་མཁྱེན་པའི་ལམ་དུ་འཁྲིད་པའི་རྒྱུ། །གཉེན་དང་འཁོར་གཡོག་གྲོགས་དང་ལོངས་སྤྱོད་དང༌། །བཅས་ཏེ་གཏན་གྱི་མདུན་མ་བསྒྲུབ་ཕྱིར་དུ། །ཆོས་ཀྱི་བྱ་བས་རྒྱུན་དུ་འདའ་ལགས་སོ། །ཞེས་དམ་བཅའ་མཛད་དོ། །ཡང་དུས་ལན་ཅིག་གི་ཚེ་རང་གིས་རང་ལ་བསྐུལ་བ་འདི་ལྟར་མཛད་དེ། སངས་རྒྱས་ལས་ཀྱང་དཀོན་པའི་གདམས་པ་མཆོག །རྙེད་པར་དཀའ་བ་རྡོ་རྗེ་ཐེག་པའི་ལམ། །ལམ་འདི་ཕྱིས་ནས་རྙེད་པར་དཀའ་བས་ན། །ཚེ་འདིའི་འདོད་ཡོན་ཐེད་ལ་བོར་མཛོད་ལ། །རྒྱལ་བས་བསྔགས་པའི་རི་ཁྲོད་སྟོང་བ་རུ། །བསེ་རུ་བཞིན་དུ་གཅིག་པུར་གནས་མཛོད་ལ། །ལན་ཅིག་མིན་པར་ཡང་ཡང་སྒོམས་ཤིག་ཨང༌། །དེ་ལྟར་བསྒོམས་པས་བློ་གྲོས་བཟང་པོ་ཁྱོད། །སྒྲུབ་པའི་རྒྱལ་མཚན་ཏོག་ཏུ་ཚུགས་ཤིག་ཨང༌། །ཁྱད་པར་ཕ་རྒྱུད་གསང་བ་འདུས་པ་དང༌། །རྣལ་འབྱོར་མ་རྒྱུད་འཁོར་ལོ་སྡོམ་པ་གཉིས། །འབྲལ་བ་མེད་པར་ལུས་ལ་སྟིམས་ཤིག་ཨང༌། །ཞེས་པའང་གསུངས་སོ། །

གནས་དེར་སྟོན་གྱི་རིང་ལ་བླ་མ་མགོན་པོའི་སྒྲུབ་པ་ཞིག་མཛད་ནས། སྐུ་ཁམས་སེང་བའི་ཕྱིར་གཟིམ་ཁང་གི་སྟེང་དུ་ཕེབས་པ་ན། སྟོན་གྱི་མཛེས་མ་ལང་ཚོ་དར་ལ་བབ་པས་ཕྱོགས་ཐམས་ཅད་མི་གཙང་བའི་རྡུལ་དང་བྲལ་ཏེ་དྲི་ཞིམ་པོས་བསྒོས་པའི་བསིར་བུ་བསིལ་བའི་ངད་ནི་དལ་བུས་ལྡང༌། ཡུལ་ལྗོངས་ཕལ་ཆེར་ནི་གསེར་ཀྱི་ཁུ་བ་དང་འདྲེས་པའི་རིན་པོ་ཆེ་མར་གད་ཀྱི་མདངས་ཉེ་བར་འཛིན། ནམ་མཁའི་དཀྱིལ་འཁོར་ནི་འགའ་ཞིག་སྤྲིན་གྱི་བླ་བྲེས་གཡོགས་ཤིང་ཕལ་ཆེར་བཻཌྰུརྱ་ལྟར་རབ་ཏུ་དྭངས། ཁྱད་པར་པ་སྣམ་ཇོ་མོ་ལྷ་རིའི་ཕྱོགས་ཀྱི་སྟེང་གི་ནམ་མཁར་སྤྲིན་དང་ན་བུན་ཆུ་ཡི་ལྩིད་ཀྱིས་ལྷག་པར་ནོན་པ་དངུལ་ཆུའི་མདོག་ལྟ་བུ་ཞིག་ལྡིང་ཞིང༌། རི་བོའི་རྩེ་མོར་ཅུང་ཟད་ཆགས་པ་གཟིགས་པས་རྐྱེན་བྱས་ཏེ། བྱ་བྲལ་ཐམས་ཅད་མཁྱེན་པ་ངྷརྨ་བཛྲ་དེ་ཉིད་དུས་དེ་ལ་ཇོ་མོ་ལྷ་རིའི་གནས་ན་སྐུ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཤིང༌།  ཐུགས་ཟབ་ཡངས་བདེ་སྟོང་གི་རོལ་པ་ལས་གཡེལ་བ་མེད་པར།  གསུང་རིམ་གཉིས་ཟབ་མོའི་སྒྲ་དབྱངས་སྒྲོགས་བཞིན་པར། སྤྱིར་གངས་ཅན་གྱི་འགྲོ་བ་མཐའ་དག་གི་དཔལ་དུ་བཞུགས། ཁྱད་པར་བདག་ཉིད་རྗེ་རྒྱལ་བ་གཉིས་པའི་བཀའ་རྒྱུད་ཟབ་མོའི་དོན་ཅི་དགར་ཉམས་སུ་བླངས་པས་ཆོག་ཅིང་ཆོས་ལ་བློ་ཁ་ཕྱོགས་ནས་ཉམས་ལེན་གྱི་གནད་ལ་ངེས་པ་ཅུང་ཟད་ཐོབ་པ་འདི་ཡང་རྗེ་བཙུན་དམ་པ་འདིའི་བཀའ་དྲིན་ཡིན་སྙམ་དུ་དད་པ་ཚད་མེད་འཁྲུངས་ཏེ་མགུར་འདི་གསུངས་སོ། །

ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། རྗེ་སྤྱི་གཙུག་སེང་གེའི་ཁྲི་སྟེངས་སུ། །གདན་ཉི་ཟླ་པདྨོའི་དབུས་བཞུགས་ལ། །ཐུགས་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །འབྲུ་རྩི་ཐོག་རྒྱས་པ་སྟོན་གྱི་དུས། །དགུང་བཻཌྰུརྱ་ལྟར་དྭངས་པའི་འོག །རླངས་ན་བུན་དངུལ་གྱི་མདོག་འདྲ་བ། །འདི་མཐོང་བའི་མོད་ལ་བླ་མ་དྲན། །ལུས་ཉི་ཁྲི་ཆིག་སྟོང་བ་སྤུ་གཡོས། །མིག་བཀའ་དྲིན་དྲན་པའི་མཆི་མས་བརླན། །ངག་སྐད་གསང་མཐོན་པོས་གསོལ་བ་འདེབས། །བདག་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །མཚན་དྲན་ཐོས་འགལ་རྐྱེན་སེལ་བ་ལ། །དཔལ་མགོན་པོ་མཆོག་དང་དབྱེར་མེད་པའི། །དུས་ད་ལྟ་མཚན་ལྡན་བླ་མ་དེ། །ལྷ་ཇོ་མོ་ལྷ་རིའི་གནས་མཆོག་ན། །སྐུ་འཇའ་ལུས་རྡོ་རྗེ་འཛིན་པའི་ཚུལ། །གསུང་རིམ་གཉིས་ཟབ་མོའི་དགའ་སྟོན་འགྱེད། །ཐུགས་ཟབ་ཡངས་བདེ་བ་ཆེན་པོའི་ངང༌། །སྤྱིར་གངས་ཅན་སྐྱེ་འགྲོའི་དཔལ་དུ་ཤར། །སྒོས་སྙོམས་ལས་ཅན་གྱི་བློ་བཟང་བདག །ཆོས་མདོ་རྒྱུད་ཟབ་མོ་ཀུན་གྱི་དོན། །རང་ཅི་དགར་སྤྱད་པས་ཆོག་པ་འདི། །རྗེ་ཁྱེད་ཀྱི་བཀའ་དྲིན་ཆེ་ལས་ཐོབ། །ངའི་གསུམ་ལྡན་བླ་མ་འགྲན་ཟླ་མེད། །ཡིད་བཀའ་དྲིན་དྲན་པས་གསོལ་བ་འདེབས། །ཚེ་འདི་ལ་རིམ་གཉིས་རྣལ་འབྱོར་གྱིས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་སོ། །

དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་སང་ཉིན་གྲུབ་ཆེན་དཔལ་འབྲས་རྡོ་རྗེའི་སྐྱེ་བ་པཎྜི་ཏ་ཞིག་དང་འཕྲད་པ་ཡོད་པས་དེ་ལ་མན་ངག་རྣམས་མ་གསང་བར་སྟོན་ཞེས་ལུང་བསྟན་པ་བཞིན་བཀྲ་ཤིས་ལྷུན་པོར་ཀུན་མཁྱེན་ལེགས་པ་དོན་གྲུབ་ངང་ཞལ་འཛོམ། །ཕན་ཚུན་དུ་ལུང་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བའི་སྟོབས་ཀྱིས་ཐུགས་ཡིད་གཅུགས་པར་གྱུར། །ཀུན་མཁྱེན་ཆེན་པོས་བསྐུལ་ནས་གསང་འདུས་དང་འཇིགས་བྱེད་ཀྱི་ཁྲིད་ལག་རྗེས་ཀྱི་རྩོམ་པ་ཡང་མཛད།  འཕྲིན་ལས་ཆེ་བ་ཡོང་བས་སྦྱར་བྱང་ཀུན་མཁྱེན་གྱིས་མཛོད་གསུངས་མཛད་དོ། །དེ་དུས་ཕྱི་ལྟར་ཀུན་མཁྱེན་གྱིས་མཛད་པར་གྲགས་ཀྱང་ནང་ལྟར་རྗེ་འདི་ཉིད་ཀྱིས་མཛད་པ་ཡིན། དེང་སང་ནི་དབེན་ས་བཀའ་འབུམ་གྱི་ནང་ཉིད་དུ་བཞུགས་པ་ཡོངས་སུ་གྲགས་པ་ལྟར་རོ། །དེའི་དུས་གཟིམ་ཁང་སེར་པོར།

གདོད་ནས་དག་པའི་ཆོས་དབྱིངས་ནམ་མཁའ་ལ། །

སྣ་ཚོགས་རྟེན་འབྲེལ་སྤྲིན་ཕུང་ཅི་ཡང་བཀྲ། །

རྣམ་དག་རིགས་པའི་རླུང་གིས་དཔྱད་པ་ན། །

སླར་ཡང་ཀུན་གསལ་ཉིད་དུ་ཐིམ་པར་འགྱུར། །

ཞེས་སོགས་ལྟ་བའི་མགུར་ཡང་མང་དུ་བཞེས་སོ། །མདོར་ན་རྒྱལ་བ་དབེན་ས་པ་ཆེན་པོ་དང་ཀུན་མཁྱེན་ལེགས་པ་དོན་གྲུབ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལྟར་གྱུར་ཏེ།  ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ལས།

ལུང་བསྟན་བརྙེས་པ་མཁས་པའི་དབང་པོ་དང༌། །

ཐབས་ཤེས་ཟུང་དུ་འབྲེལ་བའི་རྟེན་འབྲེལ་གྱིས། །

བསྟན་པའི་སྙིད་པོ་གསལ་མཛད་དབེན་ས་པ། །

བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་རོ། །དེའི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོས་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པ་ལྟར།  རྗེ་རིན་པོ་ཆེ་ལ་མགོན་པོ་འཇམ་དཔལ་དབྱངས་ཀྱིས་གནང་བའི་སྙན་རྒྱུད་མན་ངག་ཐུན་མོང་མ་ཡིན་པ་རྣམས་དང་སྤྲུལ་པའི་གླེགས་བམ་ཆེན་མོ་ལས་སྐབས་སུ་བབ་པ་འགའ་ཞིག་ཀུན་མཁྱེན་ལེགས་པ་དོན་གྲུབ་ལ་གནང་སྟེ།  དེང་སང་དབེན་ས་བཀའ་འབུམ་ན་བཞུགས་པའི་ལུང་བསྟན་གསང་བའི་མེ་ལོང་གི་དུམ་བུ་ཡི་གེར་འཁོད་པ་འདི་དག་ཀྱང་དེ་དུས་ཀུན་མཁྱེན་ལེགས་པ་དོན་གྲུབ་ལ་གནང་བ་དང་རྗེས་སུ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གནང་བ་དག་ལས་མཆེད་པར་མངོན་ནོ། །

དེ་ནས་དགུང་ལོ་སོ་གསུམ་ལ་བབ་པ་དགུན་ཟླ་ར་བའི་ཚེས་བརྒྱད་ལ།  དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭ་ཆེན་པོར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སླར་ཡང་བྱོན་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཁན་པོ་དང༌།  འདུལ་བའི་སློབ་དཔོན་ལྷ་དབང་རིན་ཆེན་པས་ལས་སློབ་དང༌། འབྲས་སྤུངས་བྱང་འདྲེན་ཆེན་མོས་གསང་སྟོན་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སོ་སོར་ཐར་པའི་དབང་དུ་བྱས་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལྷའི་ཆུ་བོས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང༌། དེ་ནས་བཟུང་སྟེ་རང་བཞིན་གྱི་ཉེས་པས་གོས་པ་ག་ལ་ཞིགབཅས་པའི་ཆ་ཤས་ཕྲ་མོ་ཙམ་ཡང་སྲོག་གི་དབང་པོ་ལས་གཅེས་པར་བསྲུང་བར་མཛད་དོ། །དེ་ཡང་གངས་རིའི་ཁྲོད་ཀྱི་གྲུབ་ཐོབ་ཏུ་གྲགས་པ་ཕལ་མོ་ཆེ་རྗེས་འབྲང་དང་བཅས་པ་ནི་རབ་ཏུ་བྱུང་བའི་རྟགས་དང་ཆ་བྱད་ཆོས་གོས་གསུམ་སོགས་འཆང་བ་དང༌། ཆང་དང་ཕྱི་དྲོའི་ཁ་ཟས་སྤངས་ཏེ་ཆབ་ལེན་པ་དང༌། རུང་ཆུ་འདེབས་པ་དང༌།  བྱིན་ལེན་བྱེད་པ་སོགས་རྒྱལ་བས་ཇི་ལྟར་བཅས་པ་རྣམས་ཚུལ་བཞིན་དུ་བསྒྲུབ་པ་དག་མཐོང་བ་ན། ཚམ་ཚོམ་མེད་པར་ཐེག་པ་དམན་པའི་ཉན་ཐོས་དབང་རྟུལ་ལོ། །ཞེས་ལུག་ལྟར་རྨོངས་པའི་ཁྱུ་ཆེན་པོའི་དབུས་སུ་སྐད་གསང་མཐོན་པོས་སྒྲོག་པར་བྱེད་ཅིང༌། ལས་ངན་པའི་མཐུས་བཅོམ་ཞིང་ཉོན་མོངས་པའི་གདོན་གྱི་དབང་དུ་སོང་བ་གཞན་དག་ནི་ཞེ་སྡང་གི་སྲེག་ཟས་ཡིད་ཀྱི་བུད་ཤིང་ཀུན་ཏུ་འབར་བ་བྱས་ཏེ། དགེ་འདུན་གྱི་སྡེ་རིས་སུ་བཅད་ནས་ཡང་རག་པ་མ་ཡིན་པའི་ཅ་ཅོ་རྒྱུན་མར་བསྒྲགས་ནས། རང་ཉིད་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་སྤྱོད་ཚུལ་ལས་བསམས་བཞིན་དུ་བརྒལ་བ་ལ་དཔའ་བར་བྱས་ཏེ་བླ་ན་མེད་པའི་ལམ་མཐོན་པོ་ལ་རེག་པར་སེམས་ཞིང༌། སྐྱེ་བོ་ཕལ་ཆེར་ཡང་དེ་ལྟ་བུའི་སྤྱོད་ཚུལ་ལ་མགུ་མོད།  བདག་ཉིད་ཆེན་པོ་འདི་ནི་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང་བསྟན་པའི་རྩ་བ་སོ་སོ་ཐར་པ་ཉིད་རྒྱལ་བས་གསུང་དབྱངས་མཐོན་པོས་མདོ་རྒྱུད་དུ་མར་རྒྱ་ཆེར་བསྔགས་ཤིང་མཁས་གྲུབ་ཚད་ལྡན་རྣམས་ཀྱིས་ཀྱང་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྔགས་པ་ཐུགས་ལ་བཅགས་ཏེ།  ཇི་སྲིད་འཚོའི་བར་དུ་ལྟུང་བ་ཕྲ་མོའི་རྙོག་པས་ཀྱང་གོས་པ་མེད་པར་བསྲུང་བར་མཛད་དོ། །

དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་ལྷ་སར་ཕེབས་ཏེ་ཇོ་བོ་རྣམ་གཉིས་ཀྱི་དྲུང་དུ་བསྟན་པ་དང་འགྲོ་བའི་ཕན་བདེ་རྒྱས་པའི་སྨོན་ལམ་ཡང་དག་པར་མཛད། ཀ་བ་ཤིང་ལོ་ཅན་ནས་བཀའ་ཆེམས་བཀའ་ཁོལ་མ་དེ་བཏོན་ནས་གཟིགས་གྲབས་ཤིག་མཛད། འོན་ཀྱང་དགོས་པ་ལྷག་པོ་མི་འདུག་པས་བཞག་གསུང༌། དེ་ནས་ནུབ་གཅིག་མནལ་ལམ་དུ་འདུལ་འཛིན་ཤཱཀྱ་བཤེས་གཉེན་ཡིན་ཟེར་བའི་རྣལ་འབྱོར་པ་སྨུག་ནག་དོམ་ལྤགས་ཀྱི་ཤམ་ཐབས་ཅན་ཞིག་གིས། འཇམ་དབྱངས་མེ་ཏོག་གསལ་བར་བྱེ་བ་གསུམ་གཏད་ནས། ཉིད་ཀྱི་དོན་ལེགས་པར་གྲུབ་པས་གཙང་ལ་སོངས་ཟེར་ནས་མི་སྣང་བར་གྱུར་ཏོ། །ནངས་པར་དགེ་ལྡན་ར་སྒྲེང་སོགས་མཇལ་བར་ཆས་པ་ལས་ལམ་བར་དུ་བསྙུན་གཞི་ཤིན་ཏུ་དྲག་པ་ཅིག་བྱུང་བས། མདང་གི་རྨི་ལམ་དང་མཐུན་པར་ད་རེས་མ་ཕྱིན་པ་ལེགས་པར་འདུག་སྙམ་སྟེ་ལྡོག་པར་བརྩམས་པ་ནས་སྐུ་ཁམས་རང་དྭངས་བྱུང་ངོ༌། །དེ་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དྲུང་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད་དང༌། ཚེ་དབང༌། སོ་ཐར་གྱི་མདོ་དང་ཆོས་སྒྲགས་ཀྱི་མདོ།  ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་གསུང་འབུམ་ཐོར་བུའི་ལུང་ཚང་མ་གསན། སླར་གཙང་ཕྱོགས་སུ་ཞབས་ཀྱི་འཁོར་ལོ་བཀོད་དེ།  དགེ་འཕེལ་མཁན་པོ་ལེགས་པའི་བློ་གྲོས་པ་ལ་སྨྱུང་གནས་ཀྱི་ཆོ་གའི་ལུང༌། ཡི་དམ་གྱི་སྔགས་བཏུའི་རྗེས་གནང༌། བླ་མ་མགོན་པོ་དབྱེར་མེད་ཀྱི་རྗེས་གནང༌། སྨན་བླའི་ལུང་སོགས་ཆོས་བཀའ་ཅི་རིགས་པ་གསན་ནོ། །གཞན་ཡང༌། དེ་དག་གི་སྐབས་ཤིག་ཏུ་གསེར་སྡིངས་སུ་ཕེབས། པཎ་ཆེན་བྱང་ཆུབ་བློ་གྲོས་ལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་སྒྲོན་གསལ་ཆ་ལག་དང་བཅས་པ་སོགས་འདུས་པ་འཕགས་པའི་སྐོར་གྱི་གདམས་པ་ཆ་ལག་དང་བཅས་པ་རྫོགས་པར་གསན་ནོ། །དེ་དུས་གནས་རྙིང་ཡོལ་དུ་མངའ་རིས་ལོ་ཆེན་རྣམ་རྒྱལ་བ་ལ་སྦ་བཞིའི་གདམས་པ་དང་བདེ་མཆོག་གདན་བཞི་ལ་སོགས་པ་རྒྱུད་ལ་བརྟེན་པའི་ཟབ་མོའི་གདམས་པ་མཐའ་ཡས་པ་གསན་ཅིང༌། བླ་མ་འདི་ཁ་ཆེ་ཁྲི་གདན་དུ་སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་དངོས་སློབ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་དང་མཇལ་ནས་རྗེས་སུ་བཟུང་ཞིང༌། ཁྱད་པར་རྒྱལ་བ་ཙོང་ཁ་པའི་ཞལ་མངོན་དུ་གྱུར་ནས་གདམས་པ་མཐའ་ཡས་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཞིག་གོ །

གཞན་ཡང་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་མཁས་པ་དང་གྲུབ་པའི་བླ་མ་དུ་མ་ཞིག་ལས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་སྣ་ཚོགས་པ་གསན་པས་ལུང་གི་བསྟན་པ་མཐའ་དག་གི་བདག་པོར་གྱུར་ཏོ། །དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོ་སྤྱིར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར་ཅིང༌། ཁྱད་པར་རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་གནང་བའི་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པའི་མངའ་བདག་གཅིག་པུར་གྱུར་པ་ནི་རང་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་ཏེ། རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱིས་གསུང་ལས།

འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོ་མཆོག །

བློ་བཟང་གྲགས་པ་ཞེས་པའི་བླ་མ་དེའི། །

གསུང་གི་སྙིང་པོ་སྙན་རྒྱུད་འཛིན་པ་ནི། །

དེང་སང་དུས་ན་ཁོ་བོ་ཙམ་དུ་བས། །

ཞེས་གསུངས་པ་ལྟར་རོ། །མདོར་ན་དགུང་ལོ་བཅུ་བདུན་ནས་བཞི་བཅུ་ཞེ་གཉིས་ཀྱི་བར་དུ། བྲག་རྒྱ་རྡོ་རྗེའི་ཕོ་བྲང༌། དབེན་སྨར་སྟག་གཟིག་གླན་ཆེན། ཀྲོ་བྲག ཁྱད་པར་པ་སྣམ་ཇོ་མོ་ལྷ་རི་ལ་སོགས་པའི་རི་ཁྲོད་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་དེ། ཆོས་རྗེ་ངག་དབང་གྲགས་པ་ལ་གནང་བའི་བཀའ་ཤོག་ཏུ། བདག་ཀྱང་ཟླ་རེ་ཟླ་གཉིས་མ་ཤི་ན། སྐྱེ་བ་འདིའི་ཕྱི་མའི་མདུན་མ་ཞིག་དང༌། ལོ་རེ་ལོ་གཉིས་མ་ཤི་ན་སྐྱེ་བ་གཏན་གྱི་མདུན་མ་ཞིག་རྐང་ཚུགས་སུ་བྱེད་དགོས་སྙམ་པའི་བསམ་པས། རང་ལོ་བཅུ་བདུན་ནས་བཟུང་ད་བར་ཐེག་པ་མཆོག་གི་བརྟུལ་ཞུགས་ལ་གནས་པའི་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེ་བ་རྣམས་ཀྱི་གསུང་གི་སྙིང་པོ་དོན་གྱི་གདམས་པ་ཅིག་ཉམས་སུ་ལེན་པའི་དྲན་འདུན་དང་མ་བྲལ་བ་ཡོད་ལགས་ཞེས་འབྱུང་ཞིང༌། དེ་ལྟར་སྒྲུབ་པ་ཡུན་རིང་ལ་ཤུགས་དྲག་པོས་གོ་འཕང་ཇི་ལྟ་བུ་བརྙེས་པ་ཡང༌། ཉིད་ཀྱི་གསུང་ལས།

གངས་ཅན་ལྗོངས་ཀྱི་སྐལ་ལྡན་མཆོག །

བློ་བཟང་དོན་གྲུབ་ཅེས་པས་ཀྱང༌། །

ལམ་མཆོག་འདི་ཉིད་ཉམས་བླངས་པས། །

ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །

ཅེས་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །དེ་ནས་སྐུ་ཚེ་ཇི་སྲིད་བར་སྐྱེ་བོ་ཕལ་མོ་ཆེས་མཐོང་བ་དང་ཐོས་པའི་ཡུལ་ལས་འདས་པ་དབེན་པ་ནས་དབེན་པའི་གནས་ཆེན་དག་ཏུ་རྒྱུ་ཞིང་གནས་པར་བྱའོ་སྙམ་དུ་དགོངས་པ་ལས། དུས་རེ་ཞིག་གི་ཚེ་དབེན་པར་ཐུགས་དམ་ལ་མཉམ་པར་བཞག་པའི་ཐོ་རངས་ཤིག་ཟིལ་དང་འུར་ཆོམ་ཤིན་ཏུ་ཆེ་བའི་ངང་ནས་སྐུ་རྒྱབ་ཀྱི་མགོན་པོའི་བྲིས་སྐུ་དེས་གསུངས་སྙམ་པ་ལ། ཉི་ཤུ་རྩ་བཞིའི་མཁའ་འགྲོའི་གཙོ། །དཔའ་བོ་ཆེན་པོ་འདིར་བཞུགས་ལ། ། ཆུ་སྐྱེས་ཁོང་པའི་པད་དཀར་བཞིན། །སྦས་པའི་ཚུལ་གྱིས་བྱིན་གྱིས་རློབས། །ཟེར་བ་ཞིག་བྱུང་གསུངས། དེ་ལྟ་བུའི་མགོན་པོའི་བྲིས་སྐུ་བྱིན་རླབས་ཅན་དེ་ཡང་དབེན་དགོན་གྱི་མགོན་ཁང་ན་བཞུགས་སོ། །

དེ་ལྟར་ལྷ་དང་བླ་མས་ལུང་བསྟན་པ་ལ་བརྟེན་ནས་དབུས་རིའི་རྩེར་དབེན་དགོན་བཏབ་ནས། མདོ་ཁམས། མངའ་རིས། དབུས་གཙང་སོ་སོ་ནས་དད་འདུས་ཀྱི་སྐལ་བ་དང་ལྡན་པའི་གདུལ་བྱའི་ཚོགས་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེའི་ཚེ་ཡང་གདུལ་བྱའི་ཚོགས་རྣམས་ཀྱིས་དད་པས་ཀུན་ནས་བསླངས་པའི་མཆོད་པ་དང་ཟང་ཟིང་གི་བསྙེན་བཀུར་གྱི་ཚོགས་རྒྱང་རིང་བོ་དག་ནས་ཀྱང་དམ་པ་འདིའི་དྲུང་དུ་ཉེ་བར་ལྷགས་ཤིང་སྤྱན་ལམ་དུ་བབས་པ་དག་ཀྱང་བདག་གིར་ཡོངས་སུ་བཟུང་བ་གཅིག་ཀྱང་མ་མཛད་པར་གྲགས་ཏེ། ཉིད་ཀྱི་གསུང་ལས། སྔོན་དུས་ཀྱི་མི་ལ་རས་པ་དང༌། །ད་དུས་ཀྱི་བློ་བཟང་དོན་གྲུབ་ལ། །འཕྲལ་ཆས་ཀྱི་ཟས་གོས་མ་གཏོགས་པ། །ནོར་དངོས་པོའི་འཛིན་པས་དགོས་པ་མེད། །ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པ་ལ། །དེ་འདྲ་ཡི་སྤྱོད་ལ་ལེགས་གནས་ནས། །ཆགས་སྡང་སྤངས་པའི་དབེན་གནས་སུ། །དལ་འབྱོར་ལ་སྙིང་པོ་ལེན་པར་ཤོག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སླར་ཡང་འཇམ་མགོན་བླ་མའི་བསྟན་པ་སྤེལ་བའི་ཕྱིར་སྐྲ་བཅད་ངུར་སྨྲིག་གི་ན་བཟའ་གསོལ་བ་སོགས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཟུང་སྟེ་བྱོན་པ་ཇི་ལྟ་བར་ཆོས་བརྒྱད་ཚེ་འདིའི་འཁྲི་བ་ཕྲ་མོ་ཙམ་ཡང་མེད་པར། གསང་བ་འདུས་པའི་རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཅེས་གསུངས་པ་ལྟར། སྔོན་བྱོན་དམ་པའི་བསྟི་གནས་འདུ་འཛིས་དབེན་པའི་གྲུབ་པའི་གནས་མཆོག་དག་ཏུ་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་མཐར་ཕྱིན་པར་མཛད་དེ། ལམ་ཐུན་མོང་བའི་ངེས་འབྱུང༌། བྱང་ཆུབ་ཀྱི་སེམས།  ཡང་དག་པའི་ལྟ་བ་རྣམས་ལ་མྱོང་བ་མཐར་ཕྱིན་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་སོན།  སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་བསྲུངས་ཏེ་ལམ་རིམ་གཉིས་ལ་བསླབས་པས་རིམ་པ་དང་པོའི་རྣལ་འབྱོར་མཐར་ཕྱིན་ཏེ་གང་ཤར་ལྷའི་རྣམ་རོལ་ཏུ་འཆར་ཞིང༌། ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་མཐར་ཕྱིན་ཏེ་རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་ཏེ།  རང་གི་སྐུ་ཚེ་སྔ་མའི་འཁྲུངས་རབས་དག་པའི་འཁོར་ལ་གསུངས་པ་ནི། གང་གིས་ཁྱོད་ཀྱི་མཚན་ཙམ་དྲན་པས་ཀྱང༌། །འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཅིག་ཅར་དུ། །སྟེར་མཛད་བླ་མ་ཐུབ་པའི་དབང་པོ་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བདག་ཅག་ཐར་ལམ་བགྲོད་པའི་གཙོར་གྱུར་པ། །ཐེག་ཆེན་བསྟན་པ་འཛིན་པའི་ཉན་ཐོས་སུ། །ལེགས་གྱུར་ཐུབ་པ་ཆེན་པོའི་ཉན་ཐོས་ཀྱི། །རྟོགས་པའི་མཆོག་ཏུ་གྱུར་པ་ཡིན་སྙམ་ཡོད། །དེ་ནས་ད་བར་བྱང་ཆུབ་སྤྱོད་པ་ཡི། །དལ་འབྱོར་རྟེན་བཟང་ལེགས་པར་ཐོབ་གྱུར་ནས། །ངན་སོང་གསུམ་སོགས་སྡུག་བསྔལ་རབ་སྤངས་ནས། །ལྟ་སྤྱོད་ལྡན་པའི་དལ་འབྱོར་ཐོབ་བམ་སྙམ། །བདག་གི་ལུས་ངག་ཡིད་གསུམ་འདི་དག་ནི། །རྒྱལ་བ་ཐམས་ཅད་འདུས་པའི་སྐུ་ཡི་མཆོག །ཐུབ་དབང་རྡོ་རྗེ་འཆང་དུ་ལེགས་མཐོང་ནས། །དད་པའི་སྤུ་ལོང་ལེགས་པར་གཡོས་གྱུར་ཅིང༌། །ཉིན་མཚན་ཀུན་ཏུ་གསོལབ་འདེབས་པ་དང༌། །ཤུགས་དྲག་དད་པས་ཡན་ལག་བདུན་པར་ནི། །ཇི་སྲིད་བྱང་ཆུབ་བར་དུ་བརྩོན་པར་ཤོག །འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན། །འོག་མིན་མཁའ་སྤྱོད་དགའ་ལྡན་བདེ་བ་ཅན། །མངོན་དགའ་ལ་སོགས་དག་པའི་ཞིང་ཁམས་སུ། །མྱུར་བ་མྱུར་བར་ལེགས་པར་སྐྱེ་བར་ཤོག །བདག་ལ་ལེགས་པར་དད་པའི་སྐྱེས་བུ་རྣམས། །ཚེ་ཡི་མཐར་ཡང་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་ནས་དེ་མ་ཐག །བུ་བུ་བདེ་བ་ཅན་དུ་འགྲོའོ་ཞེས། །མཐར་ཐུག་གསུང་གི་གནང་བ་ཐོབ་པར་ཤོག །སངས་རྒྱས་ཀུན་གྱིས་གསུངས་པའི་ཐེག་པ་མཆོག །ཧེ་རུ་ཀ་པ་ལ་སོགས་ཡི་དམ་ལྷའི། །རིམ་གཉིས་ཆ་ལག་བཅས་པའི་རྟོགས་པ་རྣམས། །ཚེ་འདི་ཉིད་ལ་མངོན་དུ་རབ་གྱུར་ནས། །འགྲོ་ཀུན་བདེ་ཆེན་གནས་ལ་འགོད་པར་ཤོག །ཐུབ་དབང་རྡོ་རྗེ་འཆང་དང་ཙོང་ཁ་པ། །ཡིད་ལ་གང་འདོད་དངོས་གྲུབ་མ་ལུས་པ། །སྩོལ་མཛད་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །ཕྱག་དྲུག་མགོན་པོ་ལ་སོགས་བསྟན་སྲུངས་ཀྱིས། །འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཅིག་ཅར་དུ། །ལེགས་པར་འགྲུབ་པར་བྱེད་པའི་བཀྲ་ཤིས་ཤོག །ཅེས་གསལ་བར་གསུངས། རྫུ་འཕྲུལ་ལ་མངའ་བརྙེས་ཏེ་ས་རྡོ་རི་བྲག་ལ་ཐོགས་པ་མེད་པ་དང་ནམ་མཁའ་ལ་འཕུར་བ་སོགས་ཀྱི་རྫུ་འཕྲུལ་བསྟན་པ་འགའ་ཞིག་ནི་སྔར་བརྗོད་ཟིན་པ་ལྟར་རོ། །བདེ་གསང་འཇིགས་གསུམ་གྱི་རྫོགས་རིམ་དང༌།  བླ་མེད་ཀྱི་རྫོགས་རིམམཐའ་དག་གི་གནད་བསྡུས་པ་ནཱ་རོ་ཆོས་དྲུག་གི་ཉམས་ལེན་མཐར་ཕྱིན་ཏེ་འཁོར་ལོ་གསུམ་གྱི་རྩ་མདུད་གྲོལ་ནས་རྒྱལ་བའི་བཀའ་རྣམས་སཾ་སྐྲྀ་ཏའི་སྐད་དུ་འདོན་པ་སོགས་ལ་ཐོགས་པ་མེད་པ་སྔར་བརྗོད་ཟིན་པ་ལྟར་དང༌། གཙོ་བོར་སེམས་དབེན་དང་སྒྱུ་ལུས་འོད་གསལ་གྱི་རིམ་པ་རྣམས་མཐར་སོན་ཏེ་ཟུང་འཇུག་གི་གོ་འཕང་བརྙེས་པ་ནི་འཇམ་མགོན་སྙན་རྒྱུད་འཛིན་པའི་སྐྱེས་བུ་དམ་པ་གོང་མ་རྣམས་ལ་ཡོངས་སུ་གྲགས་ཏེ། སྐུ་གསུམ་གོ་འཕང་མངོན་གྱུར་དབེན་ས་པ། །ཞེས་འཇམ་མགོན་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཐམས་ཅད་མཐུན་པར་སྒྲོགས་པ་ལྟར་རོ། །

དེ་ལྟར་རང་གིས་རྟོགས་པ་མཆོག་བརྙེས་ནས་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་ཆོས་ཀྱི་བདུད་རྩི་སྩལ་བས་ན་རྒྱུད་འཛིན་གྱི་སློབ་མ་ཡང་མཐའ་ཡས་པས་མཐའ་དག་པར་སུ་ཞིག་གིས་བརྗོད་པར་ནུས། གཙོ་བོ་འགའ་ཞིག་བརྗོད་ན་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པའི་སྐྱེ་བ་བདུན་པ་གྲུབ་པའི་སྐྱེས་བུ་ཀུན་མཁྱེན་ལེགས་པ་དོན་གྲུབ་ལའང་རྣལ་འབྱོར་བླ་མེད་ཀྱི་ཁྲིད་ལག་རྗེས་ཐུན་མོང་མ་ཡིན་པའི་གདམས་པ་མ་ལུས་པ་སྩལ། བྱང་སྟོན་སྨྲ་བའི་དབང་པོ་བསམ་གཏན་འོད་ཟེར། ཀུན་མཁྱེན་ཤེས་རབ་དཔལ་བའི་གདན་ས་པ་མདོ་བརྗོད་རྗེ་བློ་གྲོས་རྣམ་རྒྱལ་བ། ཆོས་རྗེ་དགེ་ལེགས་རྣམ་རྒྱལ་བ།  ཞལ་སྔ་ནས་སངས་རྒྱས་རྒྱལ་མཚན་པ། ཆོས་རྗེ་ངག་དབང་གྲགས་པ་སྐུ་མཆེད། ཀོང་སྟོན་ཆོས་རྗེ་འཇམ་དབྱངས་རྒྱལ་པོ། ཐོན་པ་ཞལ་སྔ་ནས་བཀྲ་ཤིས་རྒྱལ་མཚན། ཆོས་རྗེ་ལྷོ་པ་བློ་གྲོས་རྣམ་རྒྱལ། བསམ་གཏན་པ་ཆེན་པོ་རྗེ་དབོན་ལེགས་ཚོགས་ལྷུན་གྲུབ།  མཁན་ཆེན་ནོར་བཟང་རྒྱ་མཚོ། རྒྱུད་སྡེ་འཛིན་པ་ཞལ་སྔ་ནས་རྣམ་རྒྱལ་དཔལ་བཟང༌། པཎ་ཆེན་བསམ་གྲུབ་དཔལ་བཟང༌། བསྟན་པའི་མངའ་བདག་པཎ་ཆེན་དམ་ཆོས་ཡར་འཕེལ། འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང༌། འཇམ་དབྱངས་ཤཱནྟི་པ་ཆེན་པོ། རྗེ་བློ་བཟང་རྒྱ་མཚོ། མངའ་རིས་སློབ་དཔོན་དགེ་འདུན་རྒྱལ་མཚན། ཐོས་བསམ་གླིང་པ་རིན་ཆེན་དཔལ་འབྱོར་རྒྱ་མཚོ། གངས་ཅན་མཁན་པོ་པཎ་ཆེན་རིགས་པ་སེང་གེ་ལ་སོགས་པ་བསྟན་འཛིན་བགྲང་བ་ལས་འདས་པ་བྱོན་ཞིང༌། མདོར་ན་དབུས་གཙང་གི་སྡེ་སྣོད་འཛིན་པ་དང༌། རིས་མེད་པའི་བན་སྐྱའི་ཚོགས་མཐའ་ཡས་བ་ལ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ།།

སྙན་རྒྱུད་བསྟན་པའི་བདག་པོ་རང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་ཏུ་དབང་བསྐུར་བ་ནི་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་སོ། རྒྱལ་བ་དབེན་ས་པ་ཆེན་པོ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང༌། བླ་མ་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་དངོས་གྲུབ་ཀུན་འབྱུང༌།  སྙིང་པོའི་གནད་ཐོར་བུའི་རིམ་པར་ཕྱེ་བ་དངོས་གྲུབ་ཀུན་འབྱུང༌། བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་གསོལ་འདེབས་ཚིགས་བཅད་དུ་སྡེབས་པ་དངོས་གྲུབ་ཀུན་འབྱུང༌། རང་ལ་གདམས་པ་བདེ་ཆེན་གཏེར་མཛོད་སོགས་ཐོར་བུའི་སྐོར།  རྗེ་རང་ཉིད་ཐུགས་བསྐྱེད་ཚུལ་དང༌།

སྡོམ་གསུམ་རིམ་གྱིས་བཞེས་ཚུལ།  རྒྱལ་བ་སྲས་བཅས་ལ་ཞུ་ཡིགདགེ་ལྡན་རྣལ་འབྱོར་ཕོ་མོ་རྣམས་ཀྱི་བཅའ་ཁྲིམས་ཀྱི་ཡི་གེ་དངོས་གྲུབ་ཀུན་འབྱུང༌། རྒྱལ་བ་བློ་བཟང་གྲགས་པའི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བ་དངོས་གྲུབ་ཀུན་འབྱུང༌།  རྗེ་བླ་མ་ལ་བརྟེན་པའི་མཚོན་བསྲུང༌། བླ་མ་ལྷའི་རྣལ་འབྱོར་ཚིགས་བཅད་དངོས་གྲུབ་ཀུན་འབྱུང༌། བླ་མ་རྒྱུད་སྡེ་བཞིའི་རྣལ་འབྱོར་རིམ་པར་ཕྱེ་བ་དངོས་གྲུབ་ཀུན་འབྱུང༌། འཁོར་ལོ་སྡོམ་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་ལྷན་སྐྱེས་ཀྱི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌།  བླ་མ་འཁོར་ལོ་སྡོམ་པའི་རྣལ་འབྱོར་རྒྱས་པ་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་དྲིལ་བུ་པའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང༌། རང་གི་གདན་ས་པ་རྗེ་ཆོས་སྐྱབས་རྡོ་རྗེ་ལ་གནང་བའི་མན་ངག་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་ལུས་དཀྱིལ་སྒོམ་ཚུལ་གྱི་གནད་གསལ་བར་བསྟན་པའི་སྙིང་པོའི་མན་ངག་དངོས་གྲུབ་ཀུན་འབྱུང༌། བླ་མ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་རྒྱས་པ་དངོས་གྲུབ་ཀུན་འབྱུང༌། བླ་མ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་གྱི་རྣལ་འབྱོར་གྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་སྙིང་པོའི་མན་ངག་དངོས་གྲུབ་ཀུན་འབྱུང༌། གདོང་དྲུག་གི་སྒྲུབ་ཐབས་ཀྱི་སྙིང་པོ་རྒྱལ་བ་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་གཉིས། བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། བླ་མའི་རྣལ་འབྱོར་བསྡུས་པ་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌། འཇམ་དབྱངས་དམར་སེར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌། བླ་མ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་གྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། སྒྲོལ་ལྗང་སྒྲུབ་ཐབས་གསོལ་འདེབས་དང་་བཅས་པ། སྒྲོལ་དཀར་སྒྲུབ་ཐབས། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས། མི་གཡོ་བའི་སྒྲུབ་ཐབས།  རྟ་མགྲིན་གྱི་སྒྲུབ་ཐབས་རྒྱས་བསྡུས་གཉིས། ཕྱག་རྡོར་འཁོར་ཆེན་གྱི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང༌། ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་སྒྲུབ་ཐབས་ཀྱི་སྙིང་པོ་མན་ངག་གིས་རྣམ་པར་བརྒྱན་པ་དངོས་གྲུབ་ཀུན་འབྱུང༌། ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས། རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་གཅིག་མའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དངོས་གྲུབ་ཀུན་འབྱུང༌། བྱང་ཆུབ་ལམ་རིམ་གྱི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌། ལམ་རིམ་གྱི་ཟུར་འདེབས་བསྡུས་པ་དངོས་གྲུབ་ཀུན་འབྱུང༌། ལྟ་ཁྲིད་ཀྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། དྲན་པ་བཞི་ལྡན་གྱི་ཁྲིད་ཀྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གཅོད་ཡུལ་སྟན་ཐོག་གཅིག་མ་དངོས་གྲུབ་ཀུན་འབྱུང༌།  ཐུན་དྲུག་གི་རྣལ་འབྱོར་གྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། འདུལ་བའི་བསླབ་བྱ་རྒྱ་མཚོའི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། བྱང་སེམས་ཀྱི་བསླབ་བྱ་རྒྱ་མཚོ་ལས་མདོར་བསྡུས་པ་དངོས་གྲུབ་ཀུན་འབྱུང༌། སྔགས་ཀྱི་བསླབ་བྱའི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང༌། ཚེ་ཁྲིད་རྡོ་རྗེའི་རྣལ་འབྱོར་འཆི་བདག་ལས་རྒྱལ་བ་དང༌།  ལྷུན་པོ་རྡོ་རྗེ་ལ་གནང་བའི་ཚེ་སྒྲུབ། སློབ་དཔོན་བསམ་གཏན་འོད་ཟེར་ལ་གནང་བའི་ཚེ་སྒྲུབ། འབར་ལུགས་ཚེ་དབང་གི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་དྲིལ་བུ་པའི་ལུགས་ཀྱི་བསྐྱེད་རིམ་དངོས་གྲུབ་ཀུན་འབྱུང༌། ཐབས་ལམ་ནཱ་རོ་ཆོས་དྲུག་ལག་རྗེས་དངོས་གྲུབ་ཀུན་འབྱུང༌། འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་དངོས་གྲུབ་ཀུན་འབྱུང༌། དཔལ་གསང་བ་འདུས་པའི་དམར་ཁྲིད་ཀྱི་སྙིང་པོ་དངོས་གྲུབ་ཀུན་བྱུང༌། དཔལ་རྡོ་རྫེ་འཇིགས་བྱེད་ཀྱི་ཟབ་ཁྲིད་ལག་རྗེས་དང་བཅས་པ་དངོས་གྲུབ་ཀུན་འབྱུང༌།  གཤིན་རྗེའི་གཤེད་ཀྱི་བསད་ཟློག་བསྲུང་བའི་གདམས་པ། སྐྱབས་འགྲོ་སེམས་བསྐྱེད་སྤྱན་འདྲེན་ཡན་ལག་བདུན་པ་བྱེད་ཚུལ་དངོས་གྲུབ་ཀུན་འབྱུང༌།  སྐྱབས་འགྲོའི་མན་ངག་དངོས་གྲུབ་ཀུན་འབྱུང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ཉམས་ལེན་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། ཐེག་ཆེན་ཐུན་མོང་བའི་སྐྱབས་འགྲོའི་ཉམས་ལེན་གྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌།  བླ་མ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་སྒྲུབ་པའི་མན་ངག་གི་སྙིང་པོ་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་གི་བསྐྱེད་རིམ་གྱི་སྙིང་པོ་བདེ་མཆོག་ལྷན་སྐྱེས་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་གི་བསྐྱེད་རིམ་གནད་བསྡུས་དང་དེའི་གཞལ་ཡས་ཁང་སྒོམ་ཚུལ་དངོས་གྲུབ་ཀུན་འབྱུང༌། དྲིལ་བུ་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་དབང་ཆོག་དངོས་གྲུབ་ཀུན་འབྱུང༌། བདེ་མཆོག་དྲིལ་བུ་ལུགས་ཀྱི་སྨོན་ལམ་ཤིས་བརྗོད།  བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དྲིལ་བུ་པའི་ལུས་དཀྱིལ་གྱི་རྫོགས་རིམ་རིམ་པ་ལྔའི་དམར་ཁྲིད་ཟབ་མོ་དངོས་གྲུབ་ཀུན་འབྱུང༌། ཕྱག་རྒྱ་སྲོག་རྩོལ་གྱི་མན་ངག་ཐུན་མོང་མ་ཡིན་པ་སོགས་བསྐྱེད་རྫོགས་ཀྱི་ཟབ་གནད་ཀྱི་ཡིག་ཆུང་།  ཡིག་ཆུང་གི་སྡེབས་མན་ངག་ཤིན་ཏུ་ཟབ་མོ་ཞལ་ཤེས་ཡི་གེར་བཀོད་པ། རིམ་གཉིས་ཀྱི་དཀའ་གནད་མན་ངག་ཟབ་མོ། དཔལ་གསང་བ་འདུས་པའི་རྟེན་གྱི་དཀྱིལ་འཁོར་ཕྱིན་ཅི་མ་ལོག་པའི་གསལ་བྱེད། བླ་མ་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། བླ་མ་རྡོ་རྗེ་འཆང་གི་རྣལ་འབྱོར་གྱི་སྙིང་པོའི་མན་ངགབླ་མ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྒྲུབ་ཐབས། བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་གྱི་མན་ངག་གི་སྙིང་པོ། བླ་མ་འཇམ་དཔལ་ཞི་པའི་སྒྲུབ་ཐབས་ལྷག་པའི་ལྷ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་ཀྱི་སྐོར་རིམ་པར་ཕྱེ་བ་ཚན་པ་བཅུ་བདུན། གྲུབ་ཆེན་ཚེམ་བུ་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཀྱི་སྙིང་པོ་མན་ངག་གིས་རྣམ་པར་བརྒྱན་པ་དངོས་གྲུབ་ཀུན་འབྱུང༌། གྲུབ་ཆེན་ཚེམ་བུ་ལུགས་ཀྱི་མན་ངག་སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཀྱི་སྙིང་པོ་ཉམས་ལེན་དུ་བསྡུས་པ་མན་ངག་གིས་རྣམ་པར་བརྒྱན་པ་དངོས་གྲུབ་ཀུན་འབྱུང༌། རྟ་མགྲིན་གྱི་སྒྲུབ་ཐབས་ཀྱི་རིམ་པ་ཚན་པ་གསུམ།  དགེ་བསྙེན་གྱི་སྡོམ་པ་འབོགས་ཆོགདགེ་སློང་གི་བསླབ་བྱ་རྒྱས་པ། གཏོར་མ་བརྒྱ་རྩའི་རིམ་པ་དངོས་གྲུབ་ཀུན་འབྱུང༌། རྒྱལ་བ་བློ་བཟང་གྲགས་པའི་རྣལ་འབྱོར། ཡི་དམ་དང་ཡེ་ཤེས་འཕགས་པ་སྲུང་མར་བཅས་པ་སོགས་ལ་གཏོར་མ་འབུལ་བའི་ཆོ་གཚ་བསུར་གྱི་རིམ་པ། བླ་མ་ཕྱག་དྲུག་ཡེ་ཤེས་མགོན་པོའི་རྣལ་འབྱོར་གྱི་རིམ་པར་ཕྱེ་བ་དངོས་གྲུབ་ཀུན་འབྱུང་ཚན་པ་བཞི། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། གྲུབ་སེལ་མགོན་པོའི་གནད་འབེབས། མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་གྱི་བླ་མ་བརྒྱུད་པའི་རིམ་པ། དཔལ་མགོན་སྡེ་ལྔ་ལ་མཆོད་གཏོར་འབུལ་ཚུལ་འཁྱེར་བདེ་བ། ཆོས་སྐྱོང་སྤྱི་ལ་གཏོར་མ་འབུལ་ཚུལ། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད་དང་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་བསྟེན་ཚུལ། དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་མཆོད་གཏོར་འབུལ་ཚུལ་གྱི་རིམ་པ་ཚན་པ་གསུམ།  གཏེར་དུང་གི་ལོ་རྒྱུས། གྲུབ་ཆེན་མི་ཏྲའི་ལམ་སྲོལ་སྙིང་པོ་དོན་གསུམ་ཞེས་གྲགས་པ་སྤྱན་རས་གཟིགས་སྒྲུབ་པའི་མན་ངག་གི་སྙིང་པོ། ལྟ་ཁྲིད།  བཅོམ་ལྡན་འདས་མི་འཁྲུགས་པ་ལ་བརྟེན་ནས་སྒྲིབ་པ་སྦྱོང་ཚུལ། ཕྱག་དྲུག་སྒྲུབ་སྐོར་ལ་མགོན་པོ་བྲམ་ཆེན་གྱི་སྒྲུབ་ཐབས། ལྷ་བཞི་དྲིལ་སྒྲུབ། མགོན་པོ་ཚེ་བདག་གི་སྒྲུབ་ཐབས། མགོན་པོ་དབང་རྒྱལ་སྒྲུབ་ཐབས། ཡེ་ཤེས་མགོན་པོ་གསང་སྒྲུབ། མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་འཁོར་ལོའི་མན་ངག་དང་བཅས་པ། གྲིབ་སེལ་དབང་སྡུད། གནད་འབེབས། རྟེན་གཞི་གནད་གསུམ། ཡང་དབང་སྡུད་དང་ནང་སྒྲུབ། ཧྰུཾ་དྲུག་གི་ཞལ་ཤེས་དམིགས་སྐོར། སྙིང་ཞུགས་འཕོ་བ་ཞལ་ཤེས་དང་བཅས་པ་རྒྱས་བསྡུས།

བླ་མ་མགོན་པོ་དབྱེར་མེད་ཀྱི་ཞལ་ཤེས་གཉིས། ལས་སྦྱོར་དང་གྲིབ་སེལ་གྱི་དམིགས་སྐོར། དམ་ཅན་གཤིན་རྗེའི་རྒྱལ་པོའི་སྒྲུབ་ཡིག་རྒྱས་འབྲིང་བསྡུས་གསུམ། གཤིན་རྗེ་དཀར་སེར་དམར་པོ་ལ་བརྟེན་པའི་ཞི་རྒྱས་དབང་གསུམ་གྱི་མན་ངགགཤིན་རྗེ་དམར་པོ་ལ་བརྟེན་པའི་དབང་གི་འཕྲིན་ལས་སྒྲུབ་ཚུལ། གཤིན་རྗེ་དཀར་སེར་སྦྲགས་སྒྲུབ་ལ་བརྟེན་པའི་ཞི་རྒྱས་དངོས་གྲུབ་སྒྲུབ་པའི་མན་ངགལྷ་མོ་ཕྱག་བཞི་མའི་སྒྲུབ་ཐབས། མ་ཅིག་རྡོ་རྗེ་རབ་བརྟན་མ་ལ་མཆོད་གཏོར་འབུལ་ཚུལ། ཆོས་སྐྱོང་སྤྱིའི་བསྐུལ། བྲུལ་གཏོར་གྱི་ཆོ་ག གཏོར་མའི་བསྔོ་བ། ཆུའི་བཅུད་ལེན་གྱི་སྙིང་པོ། བྲིས་སྐུ་མཐོང་བ་དོན་ལྡན་འབྲི་ཚུལ། རྟེན་ལ་གཟུངས་གཞུག་འབུལ་ཚུལ་སོགས་ཉེ་བར་མཁོ་བའི་རིམ་པ། བཀྲ་ཤིས་ལྷུན་པོར་བཤེས་གཉེན་བྱོན་པ་དང་འབྱོན་འགྱུར་གྱི་བཤེས་གཉེན་ལུང་བསྟན། སྙིང་པོའི་མན་ངག་གི་དོགས་གཅོད་དང་སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་ལུང་བསྟན། རྗེ་བླ་མའི་བསྟན་པའི་གནས་ཚད། ཀུན་མཁྱེན་ལེགས་དོན་པའི་གསང་མཚན་གྱི་དོགས་གཅོད་འཕྲོས་དང་བཅས་པ། ལུང་བསྟན་གདམས་ངག་མ་བཀའ་རྒྱ་བཏབ་པ་འཕྲོས་དང་བཅས་པ། ཤཱནྟི་པ་བློ་གྲོས་རྒྱལ་མཚན་ལུང་བསྟན་པ། ཆབ་མདོ་ཆོས་རྗེ་མི་གཡོ་སྙིང་པོའི་ཞུས་ལན།  ལུང་བསྟན་གསང་བའི་མེ་ལོང་ལས་དགེ་ལྡན་བསྟན་འཛིན་ཇི་ལྟར་འབྱུང་བ་ཆེ་ལོང་ཙམ་གྱི་ལུང་བསྟན་པ། རྗེ་དགེ་འདུན་བློ་བཟང་གི་ཞུ་ལན། མཁས་གྲུབ་ལེགས་པ་དོན་གྲུབ་ཀྱི་རྣམ་ཐར། ལེགས་པ་དོན་གྲུབ་ཀྱི་གསང་བའི་རྣམ་ཐར། རྗེ་སྐྱབས་མཆོག་དཔལ་བཟང་གི་རྣམ་ཐར་དང་གསང་བའི་རྣམ་ཐར། བསྔོ་བའི་རིམ་པ། ལྟ་བའི་ཡིག་ཆུང༌། འཇམ་དབྱངས་དམར་སེར་ལ་བརྟེན་པའི་བླ་མའི་རྣལ་འབྱོར། བླ་མ་འཇིགས་བྱེད་ཡབ་ཡུམ་ཀྱི་རྣལ་འབྱོར་གྱི་སྙིང་པོ། ཆོས་རྒྱལ་ནང་སྒྲུབ་འཁོར་བཅས་ཀྱི་སྒྲུབ་ཡིག་འབྲིང་པོ་རྣམས་མཛད་དོ། །

དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོས་སྐུ་དངོས་ཀྱིས་གདུལ་བའི་མཛད་པ་མཐར་ཕྱིན་པར་མཛད་ནས། དཔའ་བོ་གཡུལ་ལས་རྒྱལ་བའམ། དེད་དཔོན་ནོར་བུ་ལོན་ནས་རང་ཡུལ་དུ་ལོག་པ་ལྟར་དུ། ཚེར་མ་ལ་བརྟེན་པའི་བརྙེལ་ཚུལ་ཅུང་ཟད་བསྟན་པའི་མུ་ནས། རྗེ་བཙུན་བླ་མ་དམ་པ་སངས་རྒྱས་ཡེ་ཤེས་ཉིད་ཀྱི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་ཏེ་ཟད་བྱེད་ཅེས་པའི་ལོ་ཆོ་འཕྲུལ་ཟླ་བའི་ཉེར་གསུམ་ལ་ཐ་མལ་གྱི་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད།  དེའི་ཚེ་དགུང་ཞག་མ་གྲོལ་གྱི་བར་དུ་ནམ་མཁའ་ལས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་དང༌།  འཇའ་འོད་ཀྱི་བླ་བྲེ་ཕྱོགས་མཚམས་སུ་བྲེས་པ་ལ་སོགས་པ་སྐྱེ་བོ་ཀུན་གྱི་ཡིད་འཕྲོག་པའི་ལྟས་དང་མཚན་མ་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་བྱུང་བར་གྱུར་ཏོ། །དེ་ནས་དད་ལྡན་ཐམས་ཅད་ཀྱིས་སྐུ་གདུང་རིན་པོ་ཆེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚད་མེད་པས་མཆོད་དེ་སྨོན་ལམ་བཏབ་ནས་འཇམ་མགོན་སྙན་རྒྱུད་ཀྱི་བསྟན་པ་ནམ་ཡང་མི་ཉམས་པར་འཕེལ་བའི་རྟེན་འབྲེལ་དུ་སྐུ་གདུང་རིལ་པོར་མ་ཉམས་པ་དབེན་ས་ཆོས་ཀྱི་ཕོ་བྲང་ཉིད་ན་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་སོ། །

དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་བ་དབེན་ས་པ་ཆེན་པོ་བློ་བཟང་དོན་གྲུབ་ལ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་ཚེ་འདིའི་བྱ་བྱེད་བྱིས་པའི་རོལ་རྩེད་དང་འབྲས་བུ་མེད་པའི་སྤུན་པ་ཕྱར་བ་དང་སྨྱོན་པའི་ཟློས་གར་ལྟར་བལྟས་ཏེ་ཚེ་འདིའི་འཁྲི་བ་ཆོད་པ་ཞིག་བྱ་བ་དང༌།  འཁོར་བའི་ཕུན་ཚོགས་དུག་སྦྲུལ་གྱི་གདེངས་ཀའི་གྲིབ་བསིལ་ལྟར་ཡིད་བརྟན་མི་རུང་བ་གནོད་པ་དུ་མའི་འབྱུང་གནས་སུ་བལྟས་ཏེ་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བཅོས་མ་མིན་པ་ཞིག་བསྐྱེད་པ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་ཅི་ཐུབ་བྱ་བ་དང༌།  ཆོས་ཐམས་ཅད་སྣང་ཞིང་སྟོང་པ་སྟོང་ཞིང་སྣང་བའི་རྟེན་འབྲེལ་ཟབ་མོའི་ཚུལ་ལ་ངེས་པ་གཏིང་ཚུགས་པ་ཞིག་བཙལ་ལ་གང་སྣང་སྒྱུ་མའི་རྣམ་རོལ་ཏུ་བལྟ་བ་དང༌། ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ་བསྐྱེད་རྫོགས་ཟུང་འབྲེལ་ལ་སློབ་པ་དང༌། འཇམ་མགོན་སྙན་རྒྱུད་ཀྱི་མན་ངག་ཐོབ་པར་བྱས་ལ་དབེན་པའི་རི་སུལ་དུ་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་ཅིང་ཐ་ན་སྨོན་ལམ་གྱི་ཡུལ་དུའང་བྱས་ཏེ་བློ་སྦྱང་བར་བྱའོ།།  །། ལམ་རིམ་བླ་བརྒྱུད་པའི་རྣམ་ལར་ལས་བཏུས།

 

པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་རྣམ་ཐར་མདོར་བསྡུས།

པཎ་ཆེན་བློ་བཟང་ཆོས་རྒྱན་ནི་གཙང་རོང་མཚམས་ལྷན་དྲུག་རུས་ནི་སྦའི་རིགས་ཡབ་དཔོན་ཚང་ཀུན་དགའ་དཔལ་འབྱོར། ཡུམ་མཚོ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་ཡོས་སྤྱི་ལོ་ ༡༥༦༧ ལོ་ལ་འཁྲུངས། དགུང་ལོ་ལྔ་ནས་ཀློག་བསླབ་པ་དང་འཛིན་སྐྱོར་སོགས་གནང་། དགུང་ལོ་བཅུ་གསུམ་ཐོག་དབེན་དགོན་གྱི་ཆོས་གྲར་བཞུགས། གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་དྲུང་དུ་རབ་བྱུང་སྡོམ་པ་བཞེས། མཚན་བློ་བཟང་ཆོས་རྒྱན་དུ་གསོལ་ཤོག་གྲངས་ དགུང་ལོ་བཅུ་བཞི་ལ་སློབ་གཉེར་ཆེད་བཀྲས་ལྷུན་དུ་ཕེབས། དགུང་ལོ་ཉེར་གཉིས་ཐོག་པཎ་ཆེན་དམ་ཆོས་ཡར་འཕེལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་ལ་ཆོས་གྲ་གངས་ཅན་ཆོས་འཕེལ་གྱི་ཁྲིར་བཞུགས། དགུང་ལོ་སུམ་ཅུའི་སྐབས་བཀྲས་ལྷུན་དགོན་གྱི་ཁྲིར་ཕེབས་ནས་དགོན་དེར་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་རྒྱུའི་སྲོལ་གཏོད། སྔགས་གྲའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། དགུང་ལོ་སོ་བཞི་ལ་འབྲས་སྤུངས་སུ་བྱོན་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དགུང་ལོ་བཞི་བཅུ་ལོར་བཀྲས་ལྷུན་རྒྱུད་པ་གྲ་ཚང་གསར་འཛུགས་མཛད། དགུང་ལོ་ཞེ་གཅིག་ཐོག་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་གཙུག་ཕུད་བཞེས། དགུང་ལོ་ཞེ་བརྒྱད་ལ་ཕེབས་སྐབས་སེ་འབྲས་གཉིས་ཀྱི་སེང་ཁྲིར་འཁོད་ནས་ལྷ་ས་སྨོན་ལམ་གྱི་གྲལ་དབུ་ཡུན་རིང་མཛད། དགུང་ལོ་ང་བརྒྱད་ལོ་སོག་དམག་དཔུང་ཆེན་བྱང་རྒྱབ་ཏུ་འབྱོར་བས་རིན་སྤུངས་ཆོས་རྒྱལ་ནས་རྗེ་ཉིད་ཆིངས་རྒྱག་པར་འགྲོ་དགོས་བཀའ་ནན་ཕེབས་པ་ལྟར་རོང་པོ་འདམ་གྱི་བར་ཕེབས་ཀྱང་དོན་འབྲས་མ་བྱུང་བར་རེ་ཞིག་འབྲས་སྤུངས་སུ་སྐུ་མཚམས་ལ་བཞུགས། དེའི་སྐབས་སོག་དམག་གློ་བུར་དུ་རྒྱུགས་ནས་མི་བརྒྱ་ཕྲག་བསད་པ་གསན་ནས་སྐུ་མཚམས་ཧར་འདོན་གནང་སྟེ་དན་འབག་བར་ཕེབས་ནས་སོག་པོའི་དཔོན་པོ་ལྷ་བཙུན་ལ་རྒྱུ་དངོས་ཕངས་མེད་ཀྱི་གསོལ་རས་ཐོག་ཞུ་ནན་གནང་ནས་དམག་མི་འབུམ་དུ་ཉེ་བར་སྲོག་ལས་སྐྱབས། དགུང་ལོ་དོན་གཉིས་ལོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་དུ་འབྱོར་ནས་དེའི་ཕྱི་ལོ་གཙང་པ་རྒྱལ་པོ་ཕམ་པར་བྱས། དགུང་ལོ་དོན་ལྔ་ལོར་དབེན་དགོན་གཙུག་ལག་ཁང་ཀ་ཆེན་ཉི་ཤུ་རྩ་ལྔའི་རྒྱ་ཁྱོན་གསར་བཞེངས་ཟླ་བ་བདུན་ནང་ལེགས་པར་གྲུབ། ཁོང་གིས་བཀྲས་ལྷུན་དགེ་འདུན་རེར་ལོ་རེ་ནས་འབྲུ་ཁལ་བརྒྱད་རེའི་ཕོགས་ཐོབ་སྩལ་ཤོག་གྲངས་ དུས་འཁོར་དང་གཞན་ཡང་རིས་མེད་ཀྱི་དགོན་སྡེ་ཁག་དང་། མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་མཐར་དགུང་ལོ་གོ་དྲུག་ཆུ་སྟག་སྤྱི་ལོ་ ༡༦༦༢ ལ་སྐུ་གཤེགས། འདིར་གསུང་འབུམ་པོད་ལྔ་བཞུགས།

 

པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་མདོར་བསྡུས།

པཎ་ཆེན་བློ་བཟང་ཡེ་ཤེས་ནི་གཙང་ཐོབ་རྒྱལ་བྲུས་ཚང་ཞེས་པར་ཡབ་ཞབས་དྲུང་བསོད་ནམས་དབང་གྲགས་དང་། ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པ་ཆུ་ཡོས་ ༡༦༦༣ ལ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་བཀྲ་ཤིས་ལྷུན་པོར་གདན་འདྲེན་ཞུས། དགུང་ལོ་བརྒྱད་ལ་དབུས་སུ་ཕེབས་ནས་གོང་ས་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་ཡེ་ཤེས་གསོལ་ཤོག་གྲངས་ དགུང་ལོ་བཅུ་གཅིག་ནས་བཟུང་ཟུར་བཞིའི་སློབ་དཔོན་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། དགུང་ལོ་ཉེར་གཉིས་ཐོག་འདུལ་འཛིན་དཀོན་མཆོག་རྒྱལ་མཚན་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རིག་བྱེད་པ་རྗེ་དྲུང་བློ་བཟང་ནོར་བུའི་དྲུང་ནས་སྙན་དངགས༌༈ སོགས་རིག་གནས་སྐོར་གསན་བཞེས་མཛད། དགུང་ལོ་སོ་གསུམ་པར་གོང་ས་སྐུ་ཕྲེང་དྲུག་པར་དགེ་ཚུལ་གྱི་སྡོམ་པ་གནང་ནས་མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོར་གསོལ་ཤོག་གྲངས་ དགུང་ལོ་ང་གཅིག་ལོ་མན་ཆིང་གོང་མ་ཁང་ཤིས་ཡིག་རིགས་གསུམ་བརྐོས་སུ་ཡོད་པའི་གསེར་སམ་འཇའ་ས་དང་། བཀའ་ཡིག་བཀུར་བའི་པཎ་ཆེན་ཨེར་ཏེ་ནིའི་ཐམ་ག་དང་། ཆོ་ལོ་སྩལ་ཤོག་གྲངས་ དགུང་ལོ་ང་ལྔ་ཐོག་གོང་ས་སྐུ་ཕྲེང་བདུན་པར་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་སྩལ་ནས་མཚན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ་ཤོག་གྲངས་ དགུང་ལོ་རེ་ལྔ་ལ་གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཤོག་གྲངས་ དགུང་ལོ་དོན་ལྔ་སྟེ་མེ་སྦྲུལ་ ༡༧༣༧ ལ་སྐུ་གཤེགས། གསུང་འབུམ་པོད་བཞི་བཞུགས།

 

པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་མདོར་བསྡུས།

པཎ་ཆེན་དཔལ་ལྡན་ཡེ་ཤེས་ནི། གཙང་གི་ས་ཆ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞབས་བཅག་པའི་གནས་ཤངས་བཀྲ་ཤིས་རྩེར་ཡབ་ཚེ་རིང་དཔལ་འབྱོར་དང་། ཡུམ་མཚོ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ས་རྟ་ ༡༧༣༨ ལོར་འཁྲུངས། དགུང་ལོ་གསུམ་པར་སློབ་དཔོན་བསྟེན་ནས་ལྗགས་ཀློག་སློབ་ཚུལ་མཛད། དགུང་ལོ་བཞི་ལ་ཕེབས་སྐབས་བཀྲས་ལྷུན་དགོན་དུ་གསེར་ཁྲིར་མངའ་གསོལ་ཤོག་གྲངས་ རྒྱལ་བ་བསྐལ་བཟང་གིས་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་མཚན་གསོལ་ཤོག་གྲངས་ དགུང་ལོ་དྲུག་པར་སྔགས་ཆེན་བློ་བཟང་བཟོད་པ་ཡོངས་འཛིན་དུ་བསྐོས་དགུང་ལོ་བདུན་ཐོག་ཡོངས་འཛིན་དེའི་ས་ནས་རབ་བྱུང་གི་སྡོམ་པ་བཞེས། གཞུང་ཆེན་ལ་གསན་བཞེས་མཛད། དགུང་ལོ་བཅུ་གཉིས་ལ་དབུས་སུ་ཕེབས་ནས་གནས་མཇལ་དང་། གོང་ས་བདུན་པའི་ས་ནས་ལུང་ཁག་གསན། དགུང་ལོ་བཅོ་ལྔར་ཡོངས་འཛིན་བློ་བཟང་བཟོད་པ་སྐུ་གཤེགས་ནས་རྗེ་ཉིད་དབུས་སུ་ཕེབས། དགུང་ལོ་བཅུ་བདུན་ལ་རྣམ་འགྲེལ་གྱི་ཐལ་ཕྲེང་ཐུགས་གཉེར་གནང་། དགུང་ལོ་ཉི་ཤུ་ལ་ཡོངས་འཛིན་བློ་བཟང་ཆོས་འཕེལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེའི་ལོར་གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་གཤེགས། དགུང་ལོ་ཉེར་གཅིག་ལ་གོང་ས་བདུན་པའི་སྐུ་གདུང་རབ་གནས་སུ་དབུས་སུ་ཕེབས་ནས་རྒྱལ་བའི་གསེར་སྡོང་བཀྲ་ཤིས་འོད་འབར་ལ་རབ་གནས་མཛད། དགུང་ལོ་ཉེར་བརྒྱད་ལ་རྒྱལ་བ་འཇམ་དཔལ་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་འབུལ་གནང་མཛད། དགུང་ལོ་ཞེ་གཅིག་ཐོག་མདོ་སྨད་ཁུལ་དུ་ཕེབས་ནས་སྐུ་འབུམ་དང་། ཧོར་ཁུལ་དགོན་སྡེ་ཁག་ལ་སྐྱེ་བོ་ཁྲི་ཕྲག་དུ་མར་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་ཞེ་གཉིས་ལོར་རྒྱ་ནག་ཏུ་ཕེབས་ནས་པེ་ཅིན་དུ་གོང་མ་ཆན་ལུང་གསེར་ཞལ་མཇལ་ཤོག་གྲངས་ གོང་མ་མཆོག་དགུང་ལོ་བདུན་ཅུ་པའི་སྦ་ཡེར་གྱི་མཛད་སྒོར་ཞུགས། དགུང་ལོ་ཞེ་གསུམ་ལྕགས་བྱི་ ༡༧༨༠ ལོར་པེ་ཅིན་དུ་སྐུ་གཤེགས། གསུང་འབུམ་པོད་བརྒྱད་བཞུགས།

 

 

པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་མདོར་བསྡུས།

པཎ་ཆེན་བསྟན་པའི་ཉི་མ་ནི་གཙང་ཉང་སྨད་པ་རྣམ་སྐྱིད་གཤོངས་སུ་ཡབ་དཔལ་ལྡན་དོན་གྲུབ་དང་། ཡུམ་འཆི་མེད་རྒྱལ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་ཆུ་སྟག ༡༧༨༢ ལོར་སྐུ་འཁྲུངས། དགུང་ལོ་གསུམ་ཐོག་བཀྲ་ཤིས་ལྷུན་པོར་གསེར་ཁྲི་མངའ་གསོལ་མཛད། དགུང་ལོ་ཉི་ཤུ་ཐམ་པར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་བདུན་ཐོག་རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་གནང་། དགུང་ལོ་སོ་གཉིས་ཐོག་རྒྱལ་བ་དགུ་པའི་རབ་བྱུང་སྡོམ་པ་བཞེས། དགུང་ལོ་ཞེ་བཞི་ལོར་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ངོས་འཛིན་གནང་། དགུང་ལོ་ང་གསུམ་ལ་གོང་ས་མཆོག་སྤྲུལ་རིན་པོ་ཆེར་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དགུང་ལོ་རེ་གསུམ་ཤིང་འབྲུག་ལོ་ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས་སྲིད་སྐྱོང་གནས་དབྱུང་གནང་ཚབ་པཎ་ཆེན་རིན་པོ་ཆེས་གོང་མའི་བཀའ་བཞིན་ཤིང་འབྲུག་བོད་ཟླ་ ༨ ཚེས་༦ ནས། ཤིང་སྦྲུལ་བོད་ཟླ་ ༤ ཚེས་༢༦ བར་ཟླ་བ་བརྒྱད་ལྷག་ཙམ་རིང་སྲིད་སྐྱོང་མཛད། དགུང་ལོ་བདུན་ཅུ་དོན་གཉིས་ཆུ་གླང་༡༨༥༣ ལོར་སྐུ་གཤེགས། གསུང་འབུམ་པོད་དགུ་བཞུགས།

 

པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་ཐར་མདོར་བསྡུས།

པཎ་ཆེན་བསྟན་པའི་དབང་ཕྱུག་ནི་གཙང་ཐོབ་རྒྱལ་བྲུལ་ཚང་ཞེས་པར་ཡབ་བོན་རིགས་བསྟན་འཛིན་དབང་རྒྱལ་དང་། ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་ཤིང་ཡོས་ ༡༨༥༥ ལ་འཁྲུངས། དགུང་ལོ་གསུམ་ཐོག་པཎ་ཆེན་བསྟན་པའི་ཉི་མའི་མཆོག་སྤྲུལ་ཡང་སྲིད་དུ་ངོས་འཛིན་གྱིས་བཀྲས་ལྷུན་དགོན་དུ་གདན་འདྲེན་ཞུས། དགུང་ལོ་དྲུག་ལ་དགོན་པའི་གསེར་ཁྲིར་ཕེབས་ནས་སྲིད་སྐྱོང་ར་སྒྲེང་ཨ་ཆི་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བདུན་ནས་དགུང་ལོ་ཉི་ཤུ་རྩ་གཅིག་བར་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད། དེའི་ལོར་ས་སྐྱའི་འདུལ་འཛིན་ཆེན་པོ་མེ་ཏྲེ་རྡ་རྨ་ཝ་རྡད་པལ་བཟང་པོའི་ས་ནས་པཎ་ཆེན་ཤཱཀྱ་ཤྲིའི་སྡོམ་རྒྱུན་གྱི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཡང་ལོ་དེར་སྨིན་གླིང་ཁྲི་ཆེན་ས་ནས་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་ཁ་ཤས་གསན། དེའི་ལོར་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་གཤེགས་འཕྲལ་རྗེ་འདིས་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་བཀའ་རྩོམ་མཛད། དགུང་ལོ་ཉེར་གསུམ་ལ་ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོའི་དྲུང་ནས་བླ་ཆེན་བརྒྱུད་ཀྱི་དགེ་སློང་སྡོམ་པ་བཞེས། དགུང་ལོ་ཉེར་བཞིར་ཕེབས་སྐབས་དབུས་སུ་ཕེབས་ནས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་མཚན་གསོལ་ཤོག་གྲངས་ དགུང་ལོ་ཉེར་བརྒྱད། ཆུ་རྟ་ ༡༨༨༢ ལོར་གཤེགས། འདིར་གསུང་འབུམ་པོད་གསུམ་བཞུགས།

 

པཎ་ཆེན་ཆོས་ཀྱི་ཉི་མའི་རྣམ་ཐར་མདོར་བསྡུས།

པཎ་ཆེན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ནི་དྭགས་པོ་ཀ་ཤའི་ཡུལ་དུ་ཡབ་རྟ་མགྲིན་དང་། ཡུམ་དམ་ཆོས་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་ཆུ་ལུག་ ༡༨༨༣ ལོར་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་ཕེབས། ཡོངས་འཛིན་དཔོན་བྲང་བསྟན་འཛིན་དབང་རྒྱལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉེར་གཅིག་ཆུ་ཡོས་ལོ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་གསོལ་ཤོག་གྲངས་ དགུང་ལོ་ཞེ་གཅིག་ལོ་མདོ་སྨད་ཁུལ་དུ་ཕེབས་ནས་ཁུལ་དེའི་སྐྱེ་འགྲོ་མང་པོར་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེ་བསྐོར། དགུང་ལོ་ང་ལྔ་སྟེ་མེ་གླང་ ༡༩༣༧ ལོར་སྐུ་གཤེགས། འདིར་གསུང་འབུམ་པོད་བཞི་བཞུགས་སོ།།

 

ཕོ་བྲང་པོ་ཏ་ལའི་གསུང་འབུམ་དཀར་ཆག་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།