པདྨ་བཀོད། མེ་ཏོག་རྫོང་གི་གཞི་རྩའི་ངོ་སྤྲོད།

པདྨ་བཀོད། མེ་ཏོག་རྫོང་གི་གཞི་རྩའི་ངོ་སྤྲོད།

མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཤར་ལྷོའི་མཚམས་དང་།ཉིང་ཁྲི་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད། ཡར་ཀླུང་གཙང་པོའི་སྨད་རྒྱུད། ཧི་མ་ལ་ཡའི་རི་རྒྱུད་ཤར་མ་དང་གངས་རི་དཀར་པོའི་ནུབ་ལའི་རི་རྒྱུད་དུ་གནས་ཡོད། ས་ཁོངས་ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག27°34′ནས29°56′དང་ཤར་གྱི་གཞུང་ཐིག93°46′ནས96°05′ཐོག་ཏུ་གནས་ཡོད། རྫོང་སྲིད་གཞུང་གི་གནས་ཡུལ་མེ་ཏོག་གྲོང་རྡལ་ནི་ཧ་ལམ་སའི་གོ་ལའི་བྱང་གི་འཕྲེད་ཐིག29°19′དང་ཤར་གྱི་གཞུང་ཐིག95°19′ཐོག་ཏུ་གནས་ཡོད་ཅིང་། ས་ཁོངས་ཧྲིལ་པོའི་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ227དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ262ཙམ་ཡོད།

ད་ལྟ་རྫོང་ཡོངས་ཀྱི་མངའ་ཁོངས་སུ་མེ་ཏོག་གྲོང་རྡལ་དང་། བདེ་ཞིང་། འབྲས་སྤུངས། དགུ་ཐང་། དགའ་ལྡན། སྤང་ཞིང་། བྱ་ར་ས། སྟག་མོ་ལྷོ་པ་མི་རིགས་ཤང་བཅས་ཤང་བདུན་དང་གྲོང་རྡལ་གཅིག་ཡོད་པར་ཁྱོན་སྲིད་འཛིན་གྲོང་ཚོ46ཡོད། ས་དེར་གཙོ་བོ་མོན་པ་རིགས་དང་ལྷོ་པ་རིགས་ཕུད། ད་དུང་བོད་རིགས་དང་རྒྱ་རིགས། དེ་བཞིན་གྲངས་ཉུང་མི་རིགས་གཞན་ཡང་འཚོ་སྡོད་བྱེད་ཀྱི་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2013ལོའི་ལོ་མཇུག་ཏུ་རྫོང་ཡོངས་ལ་མི་འབོར12625ཡོད་པའི་ནང་མོན་པ་རིགས་མི་གྲངས7745དང་། ལྷོ་པ་རིགས་མི་གྲངས1383བོད་རིགས་མི་གྲངས801རྒྱ་རིགས་དང་གཞན་པའི་གྲངས་ཉུང་མི་རིགས་མི་གྲངས36ཡོད།

རྫོང་མི་དམངས་སྲིད་གཞུང་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དབར་བར་ཐག་སྤྱི་ལེ757ཙམ་དང་། ཉིང་ཁྲི་གྲོང་ཁྱེར་གནས་སའི་བྲག་ཡིབ་ཆུས་དབར་བར་ཐག་སྤྱི་ལེ347ཙམ། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་དབར་བར་ཐག་སྤྱི་ལེ117ཙམ་ཡོད། 2013ལོའི་ཟླ10པའི་ཚེས31ཉིན་མེ་ཏོག་རྫོང་ལ་གཞུང་ལམ་དངོས་སུ་བསྐྲུན་ཐུབ་པ་བྱུང་ཡོད། རྫོང་དེའི་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི་1200དང་ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ16ཟིན་ཞིང་། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ31394.67ཡོད་པའི་ནང་རང་རྒྱལ་གྱིས་དོན་དངོས་ཐོག་ཚོད་འཛིན་བྱེད་མུས་ཡིན་པའི་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ11950ཙམ་ལས་མེད། རྫོང་གི་ཤར་ངོས་བསྟན་པ་ཆུ་བོའི་འབབ་ཡུལ་ཁུལ་ནི་རྫ་ཡུལ་རྫོང་དང་འབྲེལ་ཞིང་། ལྷོ་ངོས་ཀྱི་སྦ་ཤི་ཁ་ཞེས་པ་རྒྱ་གར་གྱི་ས་མཚམས་དང་འབྲེལ་བ། ལྷོ་ནུབ་ཀྱི་སུ་པན་ཤི་ལི་ཆུ་བོ་རྒྱུག་ཁུལ་ནི་ལྷོ་ཁའི་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་གཉིས་ཀྱི་ས་དང་འབྲེལ་བ།ནུབ་ངོས་དང་ནུབ་བྱང་གི་རྒྱུད་ནི་སྨན་གླིང་རྫོང་དང་བྲག་ཡིབ་ཆུས་གཉིས་ཀྱི་ས་དང་འབྲེལ་བ། བྱང་ངོས་ནི་སྤོ་བོ་རྫོང་དང་ས་འབྲེལ་ཡིན།

བོད་ཤར་ལྷོའི་མཚམས་སུ་གནས་པའི་ལྷོ་ཡུལ་ཁུལ་ཞེས་བྱ་བའང་ས་ཆ་དེར་བརྗོད་པ་ཡིན་ཞིང་། ས་བབ་དམའ་ལ་གནམ་གཤིས་ཚ་བ་ཆེ་བས། ཁུལ་དེ་ནི་བོད་ས་མཐོའི་ཆེས་དམིགས་གསལ་ཅན་གྱི་ཚ་ཁུལ་ཞིག་ཡིན།དགུན་དུས་རི་རྩེར་ཁ་བ་ཕྲན་ཙམ་འབབ་པ་ལས་དེ་མིན་གྱི་ནམ་དུས་སུ་ཆར་པ་ཁོ་ན་ལས་མི་འབབ་པ་དང་། ནམ་དུས་བཞི་ཀར་དབྱར་དང་མཚུངས་པར་རི་ཀླུང་ཚང་མ་གཡུ་ལོ་རྒྱས་པའི་ལྗོན་ཤིང་སྣ་བརྒྱས་ཡོངས་སུ་བཏུམས་ཤིང་གང་སར་དྲི་ངད་ཞིམ་པོ་འཐུལ་བ།འཁྲི་ཤིང་འབྲས་བཟང་གང་སར་བཟའ་རྒྱུ་ཡོད་པ། དར་དཀར་དགུང་ལ་འཕྱར་འདྲའི་རྦབ་ཆུ་གང་སར་མཐོང་རྒྱུ་ཡོད་པ།གཅན་གཟན་རི་དྭགས་ཀྱི་ངར་སྐད་དང་བྱ་བྱེའུ་སྣ་ཚོགས་ཀྱི་གྲེ་འགྱུར་གང་སར་ཐོས་རྒྱུ་ཡོད་པ་སོགས་ཆེས་ཕུལ་དུ་བྱུང་བའི་རང་བྱུང་ཁོར་ཡུག་ཡོད་པ་སོགས།མཛེས་སྡུག་ཡིད་དབང་འཕྲོག་པའི་ཞིང་ཁམས་དེ་ནི་འཇིག་རྟེན་བྱེད་པོས་ཆེད་དུ་བསྐྲུན་པ་དང་ཀུན་ནས་མཚུངས།

དེ་སྔོན་རྒྱ་ཡིག་ཏུ་“梅朵”ཞེས་འབྲི་སྲོལ་ཡོད་པ་དེ་ནི་བོད་སྐད་ཀྱི་མེ་ཏོག་ཅེས་པ་དེ་ཐད་ཀར་སྒྲ་སྒྱུར་བྱས་པ་ཞིག་ཡིན་ཞིང་། སྔར་ས་ཆ་དེར་པདྨ་བཀོད་དུ་འབོད། ཤོད་རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་དུ་སངས་རྒྱས་བསྟན་པ་སྤེལ་བར་ཕེབས་སྐབས་སྤྲིན་དཀར་ལ་ཆིབས་ནས་བར་སྣང་དུ་འཕུར་ལྡིང་གནང་བ་དང་།ད་ལྟའི་མེ་ཏོག་ཁུལ་གྱི་ནམ་མཁའི་མཐོང་སུ་བྱོན་པའི་ཚེ། ས་ཆ་དེ་ནི་ཕྱོགས་བཞིར་རི་བོས་བསྐོར་བ་དང་གྲོག་རོང་འཕྲེད་གཞུང་དུ་ཆགས་པ་སྟེ། མེ་ཏོག་པདྨ་འདབ་བརྒྱད་ཁ་འབུས་པ་དང་མཚུངས་པར་གཟིགས་ཏེ་སྒྲུབ་པ་ཡུན་རིང་གནང་ནས་བཞུགས་པ་དང་།ཡུལ་མིང་ལ་པདྨ་བཀོད་ཅེས་གསོལ། དེ་ནི་འཇིག་རྟེན་ཐོག་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྦས་གནས་ཁག་བཅུ་དྲུག་ཡོད་པའི་ནང་གི་སྦས་གནས་ཆེ་ཤོས་དེ་ཡིན་པས། སྦས་ཡུལ་པདྨ་བཀོད་དམ་སྦས་ཡུལ་སྐྱིད་མོ་ལྗོངས་ཞེས་མིང་ཐོགས་པར་བཤད།པདྨ་བཀོད་ནི་དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་གྱིས་རླབས་ཤིང་དཔའ་བོ་མཁའ་འགྲོ་རང་བཞིན་དུ་འདུ་བའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ཤོད་སྲོལ་ཡོད་ཅིང་། དེའི་ཁོངས་སུ་གནས་རི་ཆེན་པོ་དང་གནས་ཕྲན། བླ་མཚོ་སོགས་ཧ་ཅང་མང་པོ་ཡོད་པ་དཔེར་ན། ཀུན་འདུས་རྡོར་སེམས་ཕོ་བྲང་དང་། བྷུདྷ་ཚེ་ཕུག ཟངས་མདོག་དཔལ་རི། པདྨ་ཤྲཱི། རྣམ་རིག་ཀུན་འདུས་གླིང་།ནོར་བདག་རྣམ་སྲས་གླིང་། མཁའ་འགྲོ་གླིང་། ལུང་བསྟན་རྩི་ མྱག་གླིང་། དྲག་པོ་བཀའ་བརྒྱད་གླིང་།ཕག་མོ་འགྲོ་འདུལ་གླིང་སོགས་ལྟ་བུ་དང་།

ལྷག་པར་དུ་《ཀུན་འདུས་རྡོར་སེམས་ཕོ་བྲང་གི་གནས་ཡིག་མཐོང་བ་ཀུན་གྲོལ་》ལས། གནས་དེ་དག་མཇལ་བ་ཙམ་གྱིས་ནད་གདོན་སྡིག་སྒྲིབ་དགཐོས་པ་ཙམ་གྱིས་ངན་སོང་གནས་ལས་ཐར། ངན་སོང་མི་གཏོང་པད་འབྱུང་དབུ་མནའ་བཞེས་ཞེས་བྱུང་།ད་དུང་ཤོད་སྲོལ་ལ་ཡུལ་དེ་ནི་རྡོ་རྗེ་ཕག་མོ་གན་རྐྱལ་དུ་ཉལ་བའི་སྟེང་ཆགས་པ་ཞིག་གམ་རྡོ་རྗེ་ཕག་མོའི་རང་ལུས་འཁོར་ལོ་ལྔ་ལས་གྲུབ་པ་སྟེ།སྤྱི་བོ་བདེ་ཆེན་འཁོར་ལོ་ནི་རི་ བོ་གནམ་ལྕགས་འབར་བར་(དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད7782ཡོད་ཅིང་། དུས་བཞིར་གངས་ཀྱིས་གཡོགས་པ་ཡིན་)གནས་པ་དང་། མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི་རྡོ་རྗེ་གཡུ་རྫོང་དགོན་(སྤོ་བོ་འཕྲུལ་ལུང་ཁོངས་སུ་གནས་)དུ་ཡོད་པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི་ལྷ་བྲག་ལྡེམས་(ད་ལྟའི་སྤང་ཞིང་ཤང་ཁེང་ཁེང་གྲོང་ཚོ་ཡིན་)ལ་གནས་པ།ལྟེ་བ་སྤྲུལ་པའི་འཁོར་ལོ་ནི་བདེ་བ་རིན་ཆེན་སྤུངས་ལ་གནས་པ། (རྐྱེན་དེས་གནས་ཆེན་པདྨ་བཀོད་ནི་གཙོ་གནད་ཀྱི་ཁུལ་ཡིན་པར་བཤད་) གསང་བ་བདེ་སྐྱོང་འཁོར་ལོ་ནི་འཆི་མེད་ཡང་གསང་ཀཱ་ལྭ་ཡང་རྫོང་ལ་གནས་པར་བཤད།

དེ་བཞིན་ཡུལ་དེའི་རི་ཀླུང་གང་སར་རྩྭ་དང་རྩི་ཤིང་གིས་ཁེངས་པ་དེ་ནི་རྡོ་རྗེ་ཕག་ མོའི་དབུ་སྐྲ་དང་།གང་སར་རྒྱུག་པའི་ཆུ་རྒྱུན་ནི་རྡོ་རྗེ་ཕག་མོའི་ཁྲག་རྩ་ཡིན་པའི་ཤོད་སྲོལ་ཡོད། དེ་སྔོན་མེ་ཏོག་རྫོང་གི་ས་ཁོངས་ནི་ལྷོ་པ་མི་རིགས་ཀྱི་སྡོད་གནས་ཡིན་ཞིང་།1680ལོར་(རྫོང་གི་ལོ་རྒྱུས་ནང་ཧ་ལམ་དུས་རབས18པའི་དུས་དཀྱིལ་ཞེས་འཁོད་འདུག་)ངག་ཚང་དང་ཕིག་ཚང་སོགས་ཀྱི་མོན་པ་ཁག་གཅིག་ས་ཆ་དེར་གནས་སྤོས་བྱེད་སྐབས་དང་ཐོག་ཡུལ་དེ་གའི་ལྷོ་པ་རྣམས་ཀྱིས་ཁོ་ཚོར་མཛའ་མཐུན་གྱི་སྒོ་ནས་སྣེ་ལེན་ཟབ་རྒྱས་བྱས་མོད། འོན་ཀྱང་ཕྱིས་སུ་གནས་སྤོས་བྱེད་མཁན་གྱི་མོན་པ་མང་དུ་ཕྱིན་པ་དང་སྦྲགས་མི་འབོར་ཡང་རིམ་བཞིན་འཕེལ། ལྷག་པར་དུ་ས་ཞིང་གི་བདག་སྐྱོང་དང་རི་དྭགས་རྔོན་པ་སོགས་ཕྱོགས་གང་ཅིའི་ཐད་ཕན་ཚུན་དབར་འགལ་ཟླ་མང་པོ་ཐོན་པས། མཐར་1792ལོར་འཐབ་རྩོད་ཆེན་པོ་ཞིག་བྱུང་བ་དང་། རྗེས་སུ་སྤོ་བོ་ཀཿགནམ་སྡེ་པའི་བཀོད་འདོམས་འོག་མོན་པ་དང་ལྷོ་པ་གཉིས་ཕན་ཚུན་གྲོས་མོལ་བརྒྱུད་འཆམ་མཐུན་བྱུང་ཡོད། སྤོ་བོ་ཀཿགནམ་སྡེ་པ་ནི་དོན་དངོས་ཀྱི་འཚོ་བའི་ཐོན་སྐྱེད་ནང་མོན་པར་ཕྱོགས་ཞེན་ཆེ་བས། རྒྱུན་དུ་ས་ཆ་བདག་སྐྱོང་བྱེད་པའི་དབང་ཆ་ནི་ལྷོ་པ་ལས་མོན་པ་ཆེ་བ་ཡོད།

ལྷོ་པ་རྣམས་ཐབས་ཤེས་མེད་པར་མཐར་མི་མང་པོ་ཞིག་རྒྱ་གར་དུ་བྲོས་བྱོལ་ཕྱིན་པ་དང་། ཁག་གཅིག་ས་ཆ་གཞན་ལ་གནས་སྤོས་བྱེད་དགོས་བྱུང་ཡོད། 1959ལོའི་ཟླ8པར་ད་ལྟའི་སྨན་གླིང་རྫོང་ཕཌ་ཆུས་སུ་མེ་ཏོག་རྫོང་སྲིད་གཞུང་དངོས་སུ་བཙུགས་པ་དང་།1962ལོར་བཅིངས་འགྲོལ་དམག་མེ་ཏོག་ཏུ་དཔུང་བསྐྱོད་བྱས་རྗེས་གཞི་ནས་ལས་དོན་ཁག་དངོས་སུ་སྤེལ་མགོ་ཚུགས་ཡོད།


མེ་ཏོག་རྫོང་གི་མངའ་ཁོངས་སུ་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། མེ་ཏོག་རྫོང་ནི་རང་བྱུང་དངོས་མང་བཤམ་སྟོན་ཁང་དང་སྐྱེ་དངོས་གཞི་རྒྱུའི་ཁམས་ཤིག་རེད་ཅེས་སྙན་པའི་གྲགས་པ་ས་ཕྱོགས་གང་སར་ཁྱབ་ཅིང་། ཚན་རིག་རྟོག་ཞིབ་པས་མེ་ཏོག་ནི་འཛམ་གླིང་སྐྱེ་དངོས་གཞི་རྒྱུའི་བང་མཛོད་ལྟ་བུ་ཞིག་ཡིན་ཞེས་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད།དེར་བྷང་གཱ་ལའི་སྟག་དང་དོམ། ནགས་གཟིག སྤྲེའུ་མཇུག་རིང་། བྱིལ་ལ་དོམ་ཕྲུག རྒྱ་གོ་ར། གཙོད་ཁྲ་ཐིག་ཅན། བྱ་གླག་(གླག་ཁྲ་)སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཡོད་པ་དང་། དེའི་ནང་ནས་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁོངས་སུ་ཐེ་བའི་སྲོག་ཆགསརིགས60ལྷག་ཙམ་ཡོད།རྩ་ཆེའི་སྐྱེ་དངོས་གཙོ་བོར་སེང་ལྡེང་དཀར་དམར་དང་ཐང་ཤིང་ལུའོ་ཥན། ཥའེ་ནན་ཨ་འབྲས་སྦོམ་པོ། ལྕགས་སྒྲོན་ཤིང་། སྲོར་ལོ་ཤིང་། ནན་ཤིང་། ག་བུར་ཤིང་། རྒྱ་སྨུག་འབྲས་ཆུང་ཤིང་། ང་ནག་ཤིང་།(ཆུག་ཤིང་ཡང་ཟེར་) སྦ་སྨྱུག་སོགས་ཡོད།

2000ལོའི་བར་མེ་ཏོག་མངའ་ཁོངས་སུ་ཟིན་ཐོ་བཀོད་ཟིན་པའི་མཐོ་རིམ་སྐྱེ་དངོས་རྩི་ཤིང་རིགས་མི་འདྲ་བ2278ཙམ་ཡོད་པ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་ལས་རིམ་པ་དང་པོའི་རིགས3དང་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ལས་རིམ་པ་གཉིས་པའི་རིགས10ཡོད། དེ་བཞིན་ལྗོངས་རིམ་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་རིགས14ཙམ་ཡོད། ཁུལ་དེའི་མངའ་ཁོངས་སུ་ཟིན་ཐོ་བཀོད་ཟིན་པའི་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་མི་འདྲ་བ457ཙམ་ཡོད་པའི་ནང་རི་སྐྱེས་འོ་འཐུང་སྲོག་ཆགས་རིགས70དང་རི་སྐྱེས་བྱ་རིགས་སྲོག་ཆགས་རིགས290དང་། སྐམ་རློན་གཉིས་ཆར་འཚོ་བའི་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ34རི་སྐྱེས་ལྟོ་འགྲོའི་སྲོག་ཆགས་རིགས་མི་འདྲ་བ46རི་སྐྱེས་ཉ་རིགས་སྲོག་ཆགས17བཅས་ཡོད་པ་མ་ཟད།ད་དུང་ཟིན་ཐོ་བཀོད་ཟིན་པའི་རི་སྐྱེས་འབུ་སྲིན་རིགས2000ཡན་ཡོད།

མེ་ཏོག་རྫོང་གིས་ཞིང་ལས་གཙོ་གཉེར་ཐོག འབྲོག་ལས་དང་ནགས་ལས་ཀྱང་གཉེར་གྱི་ཡོད། རྫོང་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ23784ཡོད་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང402184ཡོད་པ་དེས་ཤིང་ནགས་ཁེབས་ཚད85%ཙམ་ཟིན་པ། ཕྱུགས་ཟོག་གསོ་ཚགས་སྒོ་གྲངས་ཁྲི1.4528ཡོད། ཐོན་འབབ་གཙོ་བོ་ནི་ཆུ་འབྲས་དང་མ་རྨོས་ལོ་ཏོགགྲོ བྲ་བོ། མོན་རྒྱགས། འབའ་ དམ། ཀུ་ཤུ ཁམ་བུ། ཚ་ལུ་མ། ཤིང་འབྲས་ཉིང་མོང་། ངང་ལག ཇ་ཤིང་།སྔོ་སྨན་རིགས་སྣ་ཚོགས། རྡོའི་ཁོག་མ་སོགས་ཁྱད་ལྡན་གྱི་ཡུལ་ཟོག་མང་པོ་ཡོད་ཟེར།


《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་》ལས་བཏུས།

ངེ

བརྒྱུད་སྐུལ།

མཆན་སྤེལ།