པོ་ཏ་ལ་དང་། ར་མོ་ཆེ། ཚེ་དཔག་ལྷ་ཁང་། རྒྱུད་སྨད་བཅས་ཀྱི་གནས་ཡིག

པོ་ཏ་ལ་དང་། ར་མོ་ཆེ། ཚེ་དཔག་ལྷ་ཁང་། རྒྱུད་སྨད་བཅས་ཀྱི་གནས་ཡིག

པོ་ཏ་ལ།

 

པོ་ཏ་ལ། མཚན་གཞན་ལ་རྩེ་པོ་ཏ་ལ། རྩེ་ཕོ་བྲང་། ཕོ་བྲང་པོ་ཏ་ལ།་ཕོ་བྲང་དམར་པོ། རི་བོ་གྲུ་འཛིན་སོགས་མཚན་གྱི་རྣམ་གྲངས་མང་།  པོ་ཏ་ལ་ནི་ལེགས་སྦྱར་གྱི་སྐད་ཡིན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་རི་བོ་པོ་ཏ་ལའམ་བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ཞུ་བས། ཆོས་རྒྱལ་སྲོང་བཙན་སྒམ་པོས་གནས་འདིར་སྒྲུབ་པ་མཛད་པའམ་ཆོས་རྒྱལ་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཞེས་ཞུ་བས་ཕོ་བྲང་གི་མཚན་ལའང་སྤྱན་རས་གཟིགས་གྱི་ཕོ་བྲང་གི་མཚན་གསོལ་བ་ཡིན་། གང་ཉིད་ལྷ་སར་མ་འབྱོར་གོང་ནས་ཕོ་བྲང་འདི་རྒྱང་ནས་མཇལ་ཐུབ་ལ་གྲོང་ཁྱེར་ནང་ནས་ཀྱང་ཨར་ལས་འཛུགས་སྐྲུན་གང་གིས་ཀྱང་སྒྲིབ་མ་ཐུབ་པར་ཕྱོགས་གང་ས་ནས་མཇལ་ཐུབ་ལ་གང་ནས་མཇལ་ཀྱང་བཟོ་བཀོད་ཤིན་ཏུ་ལིགས་པ་ཡོད་ཕོ་བྲང་དེ་ནི་སྤྱི་ལོའི་དུས་རབས་བདུན་པར་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་འཐའ་བཞིའི་རྒྱལ་ཁག་དབང་བསྡུས་ནས་བོད་གོང་བུ་གཅིག་ཏུ་གྱུར་གནང་རྗེས་སྤྱི་ལོ་༦༣༡ལོར་ཕོ་བྲར་བྱམས་པ་མི་འགྱུར་གླིང་(མལ་གྲོ་གུང་དཀར་རྫོང་ཁོངས་བརྒྱ་མ་ཞེས་པར་རྒྱལ་པོའི་སྐུ་མཁར་ཞེས་པ་)ནས་དབུ་རུ་སྐྱིད་ཤོད་ལྷ་སར་ཕེབས་ཏེ་དམར་པོ་རིའི་སྟེད་དུ་ཕོ་བྲང་གཟིམས་ཁང་དཀར་པོ་བཞེངས་ཞེས་གསུངས།

དེ་ནས་བལ་པོའི་རྒྱལ་པོ་དེ་ཝ་ལྷའི་སྲས་མོ་ལྷ་ཅིག་ཁྲི་བཅུག་ཁབ་ཏུ་བཞིས། དེ་རྗེས་རྒྱའི་གོང་མ་ཐང་ཐའི་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས་གླང་ཆེན་ས་ལ་ཉལ་བ་ལྟ་བུའི་དམར་པོ་རི། སེང་གེ་གནམ་དུ་མཆོངས་པ་ལྟ་བུའི་སྕགས་པོ་རི། སྟག་མོ་ཚང་དུ་འཛུལ་བ་ལྟ་བུའི་བར་མ་རི་བཅས་གསུམ་ལས་རྒྱལ་པོའི་ཕོ་བྲང་ནི་གླང་ཆེན་ས་ཉལ་བ་ལྟ་བུའི་དམར་པོ་རིའི་སྟེང་དུ་བཞེངས་། དམར་པོ་རི་ལ་ལྕགས་རི་རྒྱ་ཁྱོན་དཔག་ཚད་གཅིག་ཡོད་པས་ལྕགས་པོ་རི་དང་། བར་མ་རིའང་ནང་དུ་ཚུད་ཡོད་ཅེས་གསུངས། ལྕགས་རི་ཕྱི་ནང་བར་གསུམ་གྱིས་བཀོར་བའི་དབུས་སུ་མཁར་དགུ་ཐོག་ལ་ཁང་མིག་དགུ་བརྒྱད་དགུ་དང་། རྩེ་མོར་མཁར་གཅིག་བཅས་མཁར་སྟོང་ཁྲག་གཅིག་ཡོད། མཁར་དི་དག་གི་རྩི་མོར་མདུང་དར་སྟོང་ཁྲག་ཅམ་བཙུགས། ལྷོ་ཕྱོགས་སུ་བཙུན་མོའི་ཕོ་བྲང་དགུ་ཐོག་བྱས་པ་ལ། ལྕགས་རིའི་ཕྱོགས་བཞི་ལ་སྒོ་བཞི་ལ་མཁར་བཞི། མཁར་རི་རི་ལ་སྒོ་སྲུང་རི།  རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་ཕོ་བྲང་དབར་ལྕགས་ཐག་ཟམ་པ། ཕོ་བྲར་གི་ཤར་ལྷོའི་ཐད་དུ་རྟ་རྒྱུག་སའི་ལམ་དཔངས་སུ་འདོམ་པ་དོ། ཞེང་ལ་འདོམ་པ་བཅོ་བརྒྱད། རིང་ཚད་འདོམས་པསུམ་བརྒྱ་བཅས་ལ་སྤང་ལེབ་ཀྱི་སྟོང་སོ་ཕག་བགྲིགས་པ།ལམ་གྱི་གཡས་གཡོན་ལ་རིན་པོ་ཆེའི་དྲ་བས་བསྐོར་བཟ་མགོ་མཇུག་གཉིས་ལ་ཤིང་གི་དྭ་མིག་ལ་མཚོན་རྩི་བྱུག་པ། རྟ་གཅིག་གི་རྨིག་སྒྲས་རྟ་མང་པོ་དུས་གཅིག་ཏུ་རྒྱུག་པའི་རྨིག་སྒྲ་སྒྲོགས་པ་ལྟར་ཡོད་གསུངས། འོན་ཀྱང་དི་རྫེས་ཆོས་རྒྱལ་མང་སྲོང་མང་བཙན་དུས་རྒྱ་དམག་གིས་མེར་བསྲྲེགས་ཞེས་དང་། ཁྲི་སྲོད་སྡེ་བཙན་སྐབས་དམར་པོ་རིར་ཐོག་བརྒྱབས་པ་སོགས་ཀྱིས་ཉམས་རྒུད་ཆིན་པོ་བྱུང་སྟེ་རྒྱལ་པོའི་ཕོ་བྲང་དང་བཙུན་པོའི་ཕོ་བྲང་། རྟ་ལམ་སོགས་མེད་པར་གྱུར་ཡང་ཆོས་རྒྱལ་སྒྲུབ་ཕུག་དང་། འཕགས་པ་ལྷ་ཁང་སྔར་བཞིན་གནས་ལ་རྗེས་སུ་ཆོས་ལུགས་སྒྲུབ་མཐའ་སོ་སོའི་བླ་ཆེན་ཁག་གིས་ཀྱང་པོ་ཏ་ལར་གསུང་ཆོས་གནང་བའི་ལོ་རྒྱུས་ཡོད་ཚུལ་བལྟས་ན་སྐབས་ན་སྐབས་ཤིག་ཕོ་བྲང་དེ་གཙུག་ལག་ཁང་ལྟ་བར་གྱུར་།

དེ་ནས་དུས་རབས་བཅུ་བདུནཔར་བོད་ཀྱི་སྲིད་དབང་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་བཟུང་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱལ་ནས་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་ཏུ་ངོས་འཛིན་ཞུས་ཏེ་འབྲས་སྤུངས་སུ་ཆོས་བཞུགས་མཛད། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་དབང་འཕྲོག་སྟེ་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་དབང་ཐ་དག་རྒྱལ་བ་ལྔ་པའི་ཕྱག་ཏུ་ཕུལ་ཏེ་འབྲས་སྤུངས་སུ་དགའ་ལྡན་ཕོ་བྲད་བཙུགས་༡༦༤༥ལོར་རྒྱལ་བ་ལྔ་པའི་བཀའ་བཀོད་བཞིན་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་རྩེ་ཕོ་བྲང་དཀར་པོ་རྒྱས་བསྐུན་མཛད།  གཞུང་ས་དགའ་ལྡན་ཕོ་བྲང་འབྲས་སྤུངས་ནས་པོ་ཏ་ལ་རུ་སྤོས། འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་ཡང་གཙང་པའི་དམག་འཁྲུག་སྐབས་མཚོ་སྔོན་བར་གྱར་བ་སླར་ཡང་སྔར་གནས་སུ་འདྲེན་ཐུབ་།

དི་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་བ་སྐུ་ཕྲེང་ལྔ་པ་དགོངས་པ་གཞན་དོན་དུ་ཕེབས་རྗེས་ཕོ་བྲང་དམར་པོ་བཞེངས་འགོ་ཚུགས།ཕོ་བྲང་ལེགས་པར་འགྲུབ་ཆེད་དུ་རྒྱལ་བ་དགོངས་པ་རྫོགས་པའང་རེ་ཞིག་གསང་བ་མཛད། ཐོག་མར་སྡེ་སྲིད་ཀྱི་དགོངས་པར་ཕོ་བྲང་དམར་པོའི་ཁང་རྙིང་ཡོངས་རྫོགས་བཤིག་སྟེ་ཕོ་བྲང་ལྟེ་བ་དབུས་སུ་འཁེལ་བ་ཞིག་གནང་དགོས་དགོངས་ཀྱང།ཆོས་རྒྱལ་སྒྲུབ་ཕུག་ནི། སྲོང་བཙང་སྒམ་པོ་སྐུ་དངོས་ཡུན་རིང་བཞུགས་མྱོང་བ་དང་། འཕགས་པ་ལྷ་ཁང་ཡིན་ཐོག་རྒྱལ་དབང་ལྔ་པ་ཆེན་པོ་བཅད་རྒྱད་ཡུན་རིང་བཞུགས་མྱོང་བ་བཅས་དེ་དག་བཤིག་ན་ཕུགས་སྐྱོན་ཡོང་མིན་རྒྱལ་དབང་རིན་པོ་ཆེའི་པུར་གདུང་དང་། ལྷ་མོའི་ཞལ་ཐང་མདུན་ཟན་རྟགས་ཐེངས་གཉིས་བསྒྲིལ་བར་དེ་དག་རང་འཇགས་སུ་བཞག་པ་ལེགས་ཚུལ་དུ་ཕེབས་པར་བརྟེན་སྔར་གྱི་ཕོ་བྲང་དེ་གཉིས་རང་འཇགས་སུ་བཞག་སྟེ་ཕོ་བྲང་དམར་པོ་ལོ་གསུམ་ལ་འགྲུབ་པར་བྱས་པ་དང་། དེ་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་བར་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་རྒྱ་སྐྱེད་གནང་སྟེ་ད་ལྟའི་ཕོ་བྲང་གི་དབྱིབས་དང་གྲུབ་གཞི་འདི་ཉིད་དང་།རྒྱལ་པོ་ལྕོག  བསྟན་མ་ལྕོག་ གཡུ་རྒྱལ་ལྕོག་ ཤར་ཆེན་ལྕོག་བཅས་ལྕོག་བཞི་དང་དཀྱིལ་དུ་ཚོམས་ཆེན།  སྟེང་གི་བྱང་ངེས་སུའང་ཚོམས་ཆེན།  གཟིམ་ཆུང་ཤར་ནུམ་སོགས་དང།ཆོལ་རྒྱལ་སྒྲུབ་ཕུག་འཕགས་པ་ལྷ་ཁང་ས་གསུམ་རྣམ་རྒྱལ་ཕུན་ཚོགས་བཀོད་པ་བཀའ་གདམས་འཁྱིལ་།དབང་ཁང་།བླ་མ་ཁང་།ལི་མ་ལྷ་ཁང་།སྨན་བླ་ཁང་དགའ་ལྡན་ཕུན་ཚོགས་འཁྱིལ་། དུས་འཁོར་ལྷ་ཁང་།  བཀའ་འགྱུར་སྷ་ཁང་།  ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་། གསེར་སྡོང་འཛམ་གླིང་རྒྱན་གཅིག་ འཁྲུངས་རབས་ལྷ་ཁང་།  ལམ་རིས་ལྷ་ཁང་། རིག་འཛིན་ལྷ་ཁང་།  ཀུན་བཟང་རྗེས་འགྲོ་ཁང་།ཏཱ་ལའི་བླ་མ་སྐུ་ཕྲོང་ལྔ་པ་ནས་བཅུ་གསུམ་བར་གྱི་གསེར་སྡོང་ཁག་གི་བཞུགས་གནས།རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་དང་གྲྭ་ཤག་  གཞུང་ས་མཆོག་ལས་ཁུངས།ཡིག་ཚང་།  རྩ་སློབ་གྲྭ་སོགས་ལས་གྲུབ་ཡོད་། ད་ལྟ་ཁང་དང་གཟིམས་ཆུང་སོགས་ལ་རྟེན་དང་བརྟེན་པ་བཅས་བཞུགས་སུ་གསོལ་བ་བརྫོད་མི་ཚར།དཔེར་ན་རྒྱལ་བ་སྐུ་ཕྲེང་དང་པོའི་གདུང་རྟེན་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དང་། གཉིས་པ་གསུམ་པ་་བཞི་བ་བཅས་ཀྱི་གདུང་རྟེན་འབྲས་སྤུངས་སུ་བཞུགས་པ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་གདུང་མཚོ་སྔོན་གསེར་ཁོག་ཏུ་བཞུགས་པ་བཅས་ལས།  རྒྱལ་བ་ལྔ་པ་ནས་བཅུ་གསུམ་བར གྱི་གདུང་རྟིན་བརྒྱད་པོ་པོ་ཏ་ལར་བཞུགས་པ་དེ་དག་ཀུན་གསེར་སྟེ་ཕྱིར་གསེར་ལྗང་བརྡུང་གིས་བཏུམས་ལ་ཚགས་བརྐོས་ཀྱིས་བརྒྱན་པ་ལ་དེའི་སྟེང་གསེར་ལས་རིན་ཐང་ཆེ་བའི་རིན་ཆེན་སྣ་ཚོགས་ཀྱི་བརྒྱན་ཡོད་ལ།ད་དུང་དེ་ལས་ལྷག་པ་ནི་ནང་དུ་སྐུ་གདུང་དམར་གདུང་གིས་དབུས་ནང་རྟེན་སྲིད་ན་དཀོན་པ་དག་གིས་གཏམས་ཡོད་པས་དེ་འདྲ་གཅིག་གི་རིན་ཐང་ཡང་བསམ་ལས་འདས་སོ།ལྷ་ཁང་ཁག་གིརྟེན་སྐུའང་བརྗོད་མི་ཚར་བ་ཡོད་པ་ལས་ཁད་དུ་འཕགས་པ་ཆོལ་རྒྱལ་སྒྲུབ་ཕུག་ནི་།སྷ་ཁང་རྙིང་ཤོས་ཏེ་ཆོས་རྒྱལ་སྐུལ་སྐུ་དངོས་བཞུགས་མྱོང་བ་དང་དེའི་ནང་ཆོས་རྒྱལ་སྲོང་བཙན་གྱི་སྐུ་བརྙན་དང་རྒྱ་བཟའ་ཀོང་རྗོ།བལ་བཟའ་ཁྲི་བཙུན།  མོང་བཟའ་ཁྲི་ལྕམ།  སྲས་གུང་རི་གུང་བཙན། བློན་པོ་མགར་སྟོང་བཙན། ཐོན་མི་སམ་བྷོ་ཊ་བཅས་ཀྱི་སྐུ་བརྙན་དང་།རྒྱ་བཟའི་གསོལ་ཐབ་སོགས་དང་། དུས་རབས་བཅུ་བདུན་པའི་ནང་ལྷ་ཁང་དེ་ཉམས་གསོ་གནང་རྗེས་དབུས་སུ་བཞུགས་པའི་གསོལ་བ་བཅས་དང་འཕགས་པ་ལྷ་ཁང་ནང་གི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་ནི།པོ་ཏ་ལའི་ཕོ་བྲང་བསྐྲུན་རྗེས་སྲོང་བཙན་སྒམ་པོས་སྨིན་མཚམས་ཀྱི་མཛོད་སྤུ་ལས་སྤྲུལ་པའི་དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཞེས་པ་ཕོ་ཉར་མངགསཔ་དེས་ཀྱང་རྒྱ་བལ་གྱི་མཚམས་ཙཎྡ་མང་པོ་སྐྱེ་བའི་ནགས་ཁྲོད་ཞིག་ན་ཧ་རི་ཙནྡ་གྱི་ལྡོང་པོ་ཞིག་གི་ཁོག་པ་ལས་འཕགས་པ་སྐུ་མཆེད་བཞི་བཞེས།དེའི་ནང་གི་འཕགས་པ་འཇག་མ་ཞུ་བ་ནི་བལ་ཡུལ གྱི་གྲོང་ཁྱེར་ཡུམ་བུ་ཡ་འགལ་ཏེ་ཅ་ཏ་མན་ཏུར་བཞུགས་། དེའི་འོག་འཕགས་པ་་དབུ་གང་ནི་རྒྱ་བལ་གྱི་མཚམས་ཤིག་ཏུ་བཞུགས་དེའི་འོག་འཕགས་པ་ལོ་ཀེ་ཤྭ་ར་བོད་དུགདན་དྲངས་ཏེ་རྒྱལ་པོར་ཕུལ་བས་རྒྱལ་པོའི་ཐུགས་དམ་གྱི་རྟེན་མཛད། བོད་དུ་སྟོན་པ་སྐུ་དངོས་ཀྱིས་རབ་གནས་མཛད་པའི་ཇོ་ཤ་ཀ་རྣམ་གཉིས་མ་གདན་གོང་རྟེན་རྩ་ཆེ་ཤོས་འདི་ཉིད་ཡིན་པར་གྲགས་ལ་ལྷ་ཁང་ལའང་པཕགས་པ་ལྷ་ཁང་ཞེས་ཞུ་།   ལོ་ཀེ་ཤྭ་རའི་གཡ ས་ངོས་སུ་བཞུགས་པའི་སྒྲོལ་སྔོན་དང་།གཡོན་དུ་བཞུགས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གཉིས་ཀྱང་སྐུ་རྒྱུ་ཙནྡ་དཀར་པོ་ལས་གྲུབ་པའི་བྱིན་ཅན།གུ་རུ་རིན་པོ་ཆེ་དང།རྗེ་ཙོང་ཁ་པའི་་ཞབས་རྗེས་གསལ་བའི་རྡོ་སོགས་དང་གཞན་ཡང་སྐུ་བརྙན་ཇི་སྙེད་བཞུགས་སུ་གསོལ་ཡོད་།

རྣམ་རྒྱལ་གྲྭ་ཚང་ཡང་ཕོ་བྲང་འདིའི་ནང་གནས་ཤིང་དེའང་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཨལ་ཐན་རྒྱ་པོས་སོག་ཡུལ་དུ་གདན་འདྲིན་དུས་རྒྱལ་པོའི་སྐུ་ཚེ་བསྲིང་བར་རྣམ་རྒྱལ་མའི་ཆོ་ག་དང་།རྗེ་རང་གིས་བསྟེན་པའི་དགེ་བསྙེན་ཀྱི་ཆོས་སྲུང་སོགས་ཀུན་བཟང་རྩེ་བའི་ལུགས་ལྟར་བཙུགས་པས་རྣམ་རྒྱལ་གྲྭ་ཚང་ངམ། རྒྱལ་བའི་སྐུ་འཁོར་གྲྭ་ཚང་ངམ་སྐུ་ཞབས་གྲྭཚང་ཞེས་ཞུ།  སྤྱིར་རབ་བྱུང་བ་ལ་གྲྭ་པ་ཞེས་ཟེར་ཡང་།  རྣམ་རྒྱལ་གྲྭ་ཚང་དང་།  རྒྱལ་ཚབ་གནང་མྱོང་བའི་གླིང་ཁག་གི་གྲྭ་པར་སྐུ་ཞབས་ཞེས་ཞུ་།སྔོན་དགེ་འདུན་གྲངས་ཚད་བརྒྱ་དང་བདུན་ཅུས། གཙོ་བོ་རི་བོ་དགེ་ལྡན་གྱི སྔགས་ཆོག་ཕྱག་བཞེད་མཛད་པའི་སྟེང་།ཕུར་པའི་སྒྲུབ་མཆོད་ཏེ་རྙིང་མའི་ལུགས་དང་། གུར་ཞལ་སོགས་ས་ལུགས་ཀྱང་ཕྱག་བཞེད་མཛད་པ་ཡིན།   ཕོ་བྲང་འདིར་རིག་གནས་གསར་བརྗི་ཞེས་དགོན་སྡེ་གཏོར་བཤིག་བྱེད་པའི་དུས་གནོད་སྐྱོན་སྤྱིར་ན་བྱུང་མེད་ལ་༡༩༨༩ལོར་ཉམས་གསོ་གནང་བ་དང་། ༡༩༩༤ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཚན་དུ་ཚུད་པ་བཅས་ཡིན།

པོ་ཏ་ལའི་མདུན་ནས་མར་བབས་པའི་ཁུལ་དེར་ཞོལ་ཞེལ་ཟེར། ཞོལ་ཞེས་པ་ནི་པོ་ཏ་ལའི་འདབས་ས་ཆགས་པས་ཡིན། འདིར་ཞེལ་ལྕངས་རིའི་ཕྱི་ནང་གཉིས་ཏེ་ལྕགས་རིའི་ནང་དུ་སྔོན་སྡེ་པ་གཞུང་གི་ལས་ཁུངས་ཁག་ཆགས་ཡོད་པ་ནི་དམག་ཁང་དང། པར་ཁང་སྟེ་བོད་དཔེའི་པར་ཤིང་ཁག་བཞུགས་པ་དང།    ནས་ཁང་ཐོག་ཀ་སྟེ་འབྲུ་ཁང་གི་ཐོག་ཀ་ཡིན། འདེད་དཔལ་ཏེ་ཐོག་མར་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཡིན་སྐད་ལ་རྗེས་སུ་ལུགས་རྒྱགས་སའི་བཟོ་གྲྭ་ཞོལ་པ་ལས་ཁུངས་ཏེ་ལྷ་སའི་ཉེ་འདབས་ཀྱི་རྫོང་གཞིས་ཁག་གི་ཁྲིམས་ཁང་བཅས་ལས་གྲུབ་ཡོད་པ་ད་ལྟའང་ཁང་རྙིང་དང་སྕགས་རི་བཅས་བསྡད་ཡོད་ཞོལ་གྱི་གྲོང་མི་རྣམས་ཕོ་བྲང་གི་རྒྱབ་སྟེ་ལྷ་ཀླུ་ཁུལ་དུ་གནས་སྤོས་བྱས་སྟབས་ད་ལྟ་ཁུལ་དིར་ཡང་ཞོལ་གྲེང་གསར་ཞེས་ཟེར།

ར་མོ་ཆེ།

ར་མོ་ཆེ། མཚན་གཞན་ལ་རྒྱ་བཏབ་ར་མོ་ཆེའམ། རྒྱ་སྟག་ར་མོ་ཆེ།དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཞེས་སོགས་མཚན་གྱི་རྣམས་གྲངས་མང་། ར་ས་གཙུག་ལག་ཁང་ནས་རྗེ་འབུམ་སྒང་བརྒྱུད་བྱང་ངོས་སུ་སྤྱི་ལེ་གཅིག་ཙམ་སོང་ན་ར་མོ་ཆེ་གྲོང་དབུས་སུ་གཙུག་ལག་ཁང་འདི་མཇལ་རྒྱུ་ཡོད།ར་མོ་ཆེ་ཞེས་པ་ནི། རྒྱ་བཟས་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་དར་གྱི་ར་བ་བསྐོངས་པས་ར་མོ་ཆེ་ཞེས་དང་། ཡང་ས་དེར་སྦྲ་གུར་ཆེན་པོ་ཕུབས་པས་སྦྲ་མོ་ཆེ་ཞེས་པ་རིམ་བཞིན་ར་མོ་ཆེ་ཞེས་པར་སྒྲ་འགྱུར་ཚུལ། རྒྱ་སྟག་ར་མོ་ཆེ་ནི། རྒྱ་ཡི་སྟག་ནམ་མཁར་འཕྱོ་བ་ལྟ་བུ་ཡོད་པས་རྒྱ་སྟག་ཅེས་དང་།ཡང་རྒྱ་བཟའི་ཕྱག་རྗེས་ཀ་བར་གསལ་བས་རྒྱ་རྟགས་ཞེས་པ་རིམ་བཞིན་རྒྱ་སྟག་ཅེས་པར་སྒྲ་འགྱུར་ཚུལ། རྒྱ་བཏབ་ར་མོ་ཆེ་ནི་རྒྱ་བཟས་བཏབ་བའི་ལྷ་ཁང་ཡིན་པས་རྒྱ་བཏབ་ཅེས་སོགས་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། དེའང་རྒྱའི་བཙུན་མོ་འུན་ཤིན་ཀོང་ཇོའི་རྟེན་སྐལ་དུ་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ(ཇོ་བོའི་ལོ་རྒྱུས་འབྱུང་བ་ར་ས་གཙུག་ལག་ཁང་གི་གནས་བཤད་དུ་གསལ)ཤིང་རྟར་དྲངས་ཏེ་གནས་དེར་ཕེབས་སྐབས་བྱེ་ཐང་དུ་བྱིངས་ནས་མ་འདྲོང་བའི་ཚེ། རྒྱ་བཟས་ཕྱོགས་བཞིར་ཀ་བ་བཞི་བཙུགས། དར་དཀར་གྱི་ཡོལ་བས་དྲེས་ཏེ་མཆོད་པ་ཕུལ། དེ་ནས་སྤོར་ཐང་གི་གབ་རྩེ་བཏིང་ནསབརྩིགས་པས་རྭ་མོ་ཆེའི་ས་དེ་ཀླུའི་ཕོ་བྲང་དུ་ཡིན་པ་ཤེས། དེར་ཤཱཀྱ་མུ་ནེའི་སྐུ་བརྙན་བཞུགས་སུ་གསོལ་ན་ཀླུའི་གནོད་པ་ནོན་པར་མཁྱེན་ཏེ་རྒྱ་ཡི་བཟོ་བོ་མཁས་པ་རྣམས་ལ་གཙུག་ལག་ཁང་གི་རྨང་འདིང་བཅུག་པས། ར་ས་འཕྱུལ་སྣང་གཙུག་ལག་ཁང་དང་དུས་མཉམ་པར་གཙུག་ལག་ཁང་དེའང་འགྲུབ་པར་མཛད། རྒྱ་ཡི་ཡབ་རྗེ་མཉེས་པར་ཡོང་ཆེད་ལྷ་ཁང་གི་སྒོའང་ཤར་རྒྱ་ནག་ཏུ་གཏད། སྐོར་ལམ་ཕྱི་ནང་གཉིས་ལས་ནང་མའི་གཙང་ཁང་སྦུག་མར་ཇོ་བོ་ཤཱཀྱ་མུ་ནེ་ཉེ་སྲས་བརྒྱད་དང་བཅས་པ་བཞུགསསུ་གསོལ། དེ་ནས་ཆོས་རྒྱལ་སྲོང་བཙན་སྐུ་གཤེགས་རྗེས་ཀྱི་མང་སྲོང་མང་བཙན་གྱི་དུས་སུ་རྒྱ་དམག་ལྷག་ཉེར་ཤཱཀྱ་མུ་ནེའི་སྐུ་བརྙན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་དུ་གདན་དྲངས། མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ཡང་ཤཱཀྱ་མུ་ནེའི་སྐུ་བརྙན་ཡིན་པར་རློམས་ཏེ་འོ་རྒྱལ་ཐང་བར་གདན་དྲངས། དེ་ནས་མི་ཐེག་པས་དེར་བསྐྱུར་ཚུལ་སོགས་ར་ས་གཙུག་ལག་ཁང་གི་གནས་བཤད་དུ་གསལ་བ་བཞིན་དང་། དེ་ནས་ཆོསརྒྱལ་ཁྲི་སྲོང་ལྡེ་བཙན་གི་ཡུམ་གྱིམ་ཤིང་ཀོ་ཇོས་ར་ས་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་ནས་བཞེས་ཏེ་ར་ས་གཙུག་ལག་ཁང་དུ་བཞུགས་སུ་གསོལ། ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ཡང་ཆོས་ལུང་ནས་གདན་དྲངས་ཏེ་རྒྱ་བཏབ་ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བས་སྐུ་བརྙན་དེ་གཉིས་ཀྱི་བཞུགས་གནས་བརྗེ་འགྲུལ་བྱུང་ཚུལ་དེ་ལྟར་ཡིན་ཞེས་གསུངས། འོན་ཀྱང་སྐུ་བརྙན་འདི་གཉིས་ཀྱི་སྐུ་རྒྱུ་གཅིག་ཡིན་ལ། སངས་རྒྱས་དངོས་ཀྱི་རབ་གནས་མཛད་པ་གཅིག་པ་ཡིན་པས་བྱིན་རླབས་ལ་དབྱེ་བ་མེད་ཅེས་གསུངས། དེ་རྗེས་ཚལ་བ་ཁྲི་དཔོན་དགའ་ལྡན་དཔལ་གྱིས་དགེ་འདུན་བཞི་གྲྭ་གཅིག་གཙུགས་གནང་བས་བཞི་སྡེ་ཞེས་སུ་གྲགས། དེ་རྗེས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་མཁས་གྲུབ་ཤེས་རབ་སེང་གེ་དང་། རྒྱུད་ཆེན་སྤྱིན་པ་དཔལ་གཉིས་ཀྱི་རྣམ་ཐར་མ་ཉམས་པ་བཟུང་ནས་འདུལ་ཁྲིམས་གཙང་ཞིང་རྒྱུད་ཀྱི་འཆད་ཉན་ལོ་བཅུ་གསུམ་བར་མཛད་དེ་རྒྱུད་སྨད་དུ་བཞུགས་པའི་སྐབས་སྡེ་དཔོན་ཞིག་སར་ཞབས་བརྟན་ཡག་པོ་མ་གནང་བ་ཞེས་པའི་རྐྱེན་བྱས་རྒྱུད་སྨད་ཀྱི་སྒྲིག་ལས་ཕུད་པས་ཆུམས་མདའ་བར་ཕེབས་ཏེ་དེར་བཞུགས་སྐབས་སུ། གྲྭ་རྒྱུན་སོ་གཉིས་དེར་ཕེབས་པ་དང་མཇལ་བས་ཁྱེད་རྣམས་གང་དུ་ཕེབས་སམ་ཞེས་གསུངསཔར། ང་ཚོ་རྒྱུད་སྟོད་དུ་སློབ་གཉེར་ལ་འགྲོ་བ་ཡིན་གསུངས་པས་ཐོག་མར་རྒྱུད་སྟོད་གཙང་དུ་ཡོད་པ་ལ། དབུས་སུའང་རྒྱུད་སྟོད་གྲྭ་ཚང་ཞིག་འདེབས་པའི་རྟེན་འབྲེལ་དང་། གྲྭ་རྒྱུན་སོ་གཉིས་ཡོད་པས་གསང་འདུས་ལྷ་སོ་གཉིས་ཀྱི་རྟེན་འབྲེལ་འགྲིགས་ཏེ་ཐོག་མར་བྱམས་པ་གླིང་ཞེས་པར་རྒྱུད་སྟོད་གྲྭ་ཚང་ཕྱག་བཏབ། དེ་རྗེས་700ལོར་ལྷ་ས་སྐྱིད་ཆུ་ཤིན་ཏུ་རྒྱས་ཏེ་ལྷ་ས་ཆུས་འཇིགས་ལ་ཉེ་བའི་ཚེ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་ཕྱག་གཡོག་གཅིག་ལ་དྲུག་ཅུ་མ་དང་གཅིག་ལ་གཞིས་བདག་གི་གཏོར་མ་འཁྱེར་བཅུག་ནས་ཤིན་ཏུ་རྒྱས་པའི་སྐྱིད་ཆུའི་སྟེང་བཏིང་ནས་དེ་སྟེང་བྱོན། ཕྱག་གཡོག་གཉིས་ལ་མིག་མ་གདང་ཞེས་གསུངས་པར། གཞིས་བདག་གི་གཏོར་མ་འཁྱེར་བའི་ཕྱག་གཡོག་གིས་མིག་བལྟ་སྐབས་སྐྱིད་ཆུ་རབ་ཏུ་རྒྱས་པའི་འཇིགསསྐྲག་མཐོང་སྟེ་ཆུ་ལ་འཁུར། དེ་ནས་བཟུང་རྒྱུད་སྟོད་ཀྱི་དྲུག་ཅུ་མ་བསྐྱོན་སྐབས་གཞིས་བདག་གི་གཏོར་མ་མེད་པའི་སྲོལ་དེ་ནས་དར། འོན་ཀྱང་སྐྱིད་ཆུ་ཞི་བར་མཛད་སྟབས་དེའི་བདག་རྐྱེན་དུ་རྒྱ་བཏབ་ར་མོ་ཆེ་གནང་བས་དེ་ནས་བཟུང་རྒྱུད་སྟོད་པ་ར་མོ་ཆེ་རུ་ཆགས། དེ་ནས་རིམ་བཞིན་རྒྱ་སྐྱེད་བྱུང་སྟེ་གཙུག་ལག་ཁང་ཐོག་བརྩེགས་གསུམ། བར་ཐོག་ཏུ་སྨན་བླ་ཁང་རྟེན། གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། མགོན་ཐང་གསུམ། ནང་སྒོ་གཉིས་ཀྱི་བར་དུ་ཤིང་སེ་བའི་སྡོང་པོ་ལ་སྲོག་ཤིང་བྱས་ཏེ་བཞེངས་པའི་མགོན་པོ་སེ་སྡོང་མ་སྟེ་མགོན་པོ་གྲི་གུག  སྒོ་འཕྱོར་དུ་འཇིམ་གྱི་རྒྱལ་ཆེན་རིགས་བཞི་བཟོ་བཀོད་ལེགས་པ། ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་བཅས་ཡོད། སྔོན་དགེ་འདུན་གྲངས་ 700ཙམ་གྱིས་དཔལ་གསང་བ་འདུས་པ་གཙོ་བོར་གྱུར་བའི་བདེ་གསང་འཇིགས་གསུམ་ཕྱག་ལེན་གནང་བ་ཡིན།

ད་ལྟ་ཕྱི་དབྱིབས་སྔོན་གྱི་དེ་རང་ཉམས་གསོ་གནང་བའི་ནང་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་ལ་1966ལོར་གཏོར་སྐྱོན་བྱུང་སྟེ་སྐུ་སྟོད་སྐུ་སྨད་གཉིས་སུ་བཟོས། སྐུའི་གཟུངས་སུ་ཕུལ་བའི་རིན་ཆེན་བཙོ་ཐལ་གྱིས་དེ་ཁུལ་གྱི་ས་གཞིའང་ནག་པོར་བཏང་། སྐུ་སྨད་ལྷ་སྐུ་ཆག་དུམ་དང་མཉམ་དུ་བོད་ཏུ་ལུས་ཀྱང་སྐུ་སྟོད་པེ་ཅིང་གི་བཟོ་གྲྭ་ཞིག་ལ་དབོར། དེ་རྗེས་ར་ས་གཙུག་ལག་ཁང་དང་ར་མོ་ཆེ་ཉམས་གསོ་ཞུ་འགོ་ཚུགས་རྗེས། ར་མོ་ཆེ་ཇོ་བོའི་སྐུ་སྨད་ལས་སྐུ་སྟོད་མ་རྙེད་སྟབས་སྐུ་སྟོད་གསར་བཞེངས་ཞུས་ཏེ་བཞུགས་སུ་གསོལ། དེ་རྗེས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཐུགས་ཁུར་གཟིགས་བསྐྱང་འོག་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་སྟོད་འཁྲུལ་བྲལ་པེ་ཅིང་ཉེ་འདབས་ཀྱི་བཟོ་གྲྭ་ཞིག་ནས་བཙལ་བརྙེད་བྱུང་སྟེ་ལྷ་སར་གདན་དྲངས་ཏེ་སྐུའི་སྟོད་སྨད་ལྷན་དུ་འཛོམས་པ་བྱུང་སྟེ་ད་ལྟ་མཇལ་རྒྱུ་ཡོད་པ་འདི་ཉིད་ལགས། གཞན་ཡང་སྔོན་གྱི་སྐུ་བརྙན་སོ་སོའི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ཚེ་དཔག་ལྷ་ཁང་།

ཚེ་དཔག་ལྷ་ཁང་། ཚེ་དཔག་ལྷ་ཁང་ནི། ར་མོ་ཆེ་གཙུག་ལག་ཁང་གི་ལྷོ་ངོས་སུ་མཇལ་རྒྱུ་ཡོད་ལྷ་ཁང་དི་ནི་ར་ཆེ་གཙུག་ལག་ཁང་བཞེངས་བསྒྲུབས་རྗེས་ས་སྷག་གིས་ལྷ་ཁང་དེ་ཞེངས་གནང་བ་ཞེས་དང་རྗེས་སུ་བཞི་སྡེ་དགོན་གྱིས་བདག་སྐྱོང་གནང་བ་ཡིན།ལྷ་ཁང་དེའི་ནང་རྟེན་གཙོ་བོ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཐོག་སོ་གཅིག་ལྷག་ཡོད་པ་དེའི་གཟུངས་སུ་ཨ་རུ་རྣམ་རྒྱལ་བ་ཞེས་པ་བཞུགས་སུ་གསོལ་བས་དུས་རྒྱུན་ཞལ་མདངས་འགྱུར་བ་དང་ དེར་སྐོར་བ་བསག་ན་ནད་རིག་ཀུན་ལས་ཞི་ཞེས་གསུང་སྲོལ་ཡོད་གཞན་ཡང་སྐུ་དེའི་གཟུངས་སུ་ཆོས་རྒྱལ་ནོར་བཟང་གི་ཁྲབ་ཀྱང་ཡོད་གསུངས་།ཡང་ལྷ་ཁང་དེའི་ནུབ་དུ་རྒྱ་ལྷ་ཞེས་པའི་མདུན་དུ་ཁྲའུ་ཆའན་(抽签)ཞེས་སྨྱུག་མ་བཀྲུག་སྟེ་མོ་འདེབས་ས་ཡོད།

ད་ལྟ་སྔོན་གྱི་ལྷ་ཁང་ཉམས་གསོ་དང།རྒྱ་སྐྱེད་གནང་བའི་ནང་སྔོན་གྱི་ཚེ་དཔག་མོད་སྐུ་གརྙན་གྱིས་གཙོས་སྐུ་བརྙན་མང་པོ་གསར་བཞེངས་གནང་བ་འཇལ་རྒྱུ་ཡོད།

རྒྱུད་སྨད་པ།

 

རྒྱུད་སྨད་པ།   མཚན་རྒྱས་པར་དཔལ་གསང་ཆེན་རྒྱུད་སྨད་གྲྭ་ཚང་ངམ། རྒྱུད་སྨད་ལྕང་ལོ་ཅན་ཞེས་ཞུ། རྭ་ཆེ་གཙུག་ལག་ཁང་ངམ།རྒྱུད་སྟོད་གྲྭ་ཚང་ནས་སྤྱི་ལེ་གཅིག་ཙམ་ཤར་ངོས་སུ་ཕེབས་ན་རྨེ་རུ་དགོན་གྱི་ནུབ་ངོས་སུ་གྲྭ་ཚང་དེ་མཇལ་རྒྱུ་ཡོད། གྲྭ་ཚང་དེ་ནི་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་ཡ་རྒྱལ་ཡིན། གྲྭ་ཚང་དེ་ཕྱག་འདེབས་པ་པོ་ནི།རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་ཤེས་རབ་སེང་གེས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་འགོར་ཕྱག་བཏབ་གནང་མཛད། དེའང་རྗེ་ཙོང་ཁ་པས། སེ་ར་ཆོས་སྡིངས་སུ་《འགྲེལ་པ་བཞི་སྦྲགས》ཀྱི་ཕྱག་དཔེ་ཕྱག་ཏུ་བཞེས་ཏེ་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་དམ་ཞེས་གསུངས་པར། དེར་ཚོགས་ཀུན་གྱིས་ཅང་ཞུ་མིནུས་པར་བཞུགས་པའི་ཚེ། རྗེ་ཤེས་རབ་སེང་གེ་ཡར་བཞེངས་ཏེ་སྐ་ཕྱག་ལན་གསུམ་ཕུལ་ཏེ། དེ་ལྟ་བུ་བདག་གིས་བགྱིའོ། ཞེས་ཞུས་པས་རྗེ་ཚོ་ཁ་པ་ཐུགས་ཤིན་ཏུ་དགྱེས་ཏེ་གསང་བ་འདུས་པའི་སྐུ་བརྙན་བྱིན་ཅན་དང་《འབྲེལ་པ་བཞི་སྦྲགས》ནང་མཆོད་ཀ་པཱ་ལ་གང་བ་སོགས་གནང་སྟེ་གསང་ཆེན་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་རྗེ་ཉིད་ཐོག་མར་གཙང་ཕྱོགས་སེང་གེ་རྩེ་ཧྲིལ་རྒྱུད་ཅེས་པར་ཕེབས་ཏེ་འདུལ་ནག་པ་དཔལ་ལྡན་བཟང་པོར་རྒྱུད་ཀྱི་འཆད་ཉན་བགྱིས་དགོས་པའི་ཞལ་ཏ་མཛད། དེ་ནས་སྲད་རིན་ཆེན་རྩེ་པས་སྤྱིན་བདག་མཛད་ནས། སྲད་དགའ་ལྡན་ཕོ་བྲང་དུ་མཁས་པ་མང་པོ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་འཆད་ཉན་མཛད་པས་སྟོད་རྒྱུད་པར་གྲགས་པའམ་སྲད་རྒྱུད་པར་གྲགས་པའི་སྔགས་གྲྭ་ཕུན་སུམ་ཚོགས་པ་ཕྱག་བཏབ། དེ་ནས་སྤྱི་ལོ་༡༤༣༣ལོར་མཁས་གྲུབ་རྗེས་དབུས་སུ་རྒྱུད་ཅིག་འཛུགས་དགོས་པའི་ཞལ་ཏ་མཛད་པ་བཞིན་རྗེ་ཤེས་རབ་སེང་གེས་དབུས་གཙང་བརྒྱུད་ནས་རང་ཉིད་ཀྱི་བུ་སློབ་མང་དུ་བསྡུས་ནས་ལོ་དེར་ལྷ་སར་རྒྱུད་ཀྱི་འཆད་ཉན་བཙུགས། རྗེ་ཉིད་ཀྱིས་གྲྭ་ཚང་འདི་ཉིད་ལོ་བཅུ་གསུམ་གྱི་བར་དུ་བསྐྱངས་གནང་མཛད། དེ་ནས་སློབ་དཔོན་སྦྱིན་པ་དཔལ་ལ་གཏད་གནང་བ་བཅས་ཡིན། སྔོན་གྲྭ་ཚང་དེར་ཁང་ཚན་ལྔ་ཡོད་པ་ནི་ཨ་མདོ་ཁང་ཚན་དང། ཚ་བ་ཁང་ཚན། རྒྱལ་རོང་ཁང་ཚན། སེར་ཀོང་ཁང་ཚན། སྤྲེའུ་ཁང་ཚན་བཅས་ལྔ་ཡིན། ཐོག་མར་ས་དེ་རྡོ་རིང་པཎྜི་ཏའི་བཞུགས་གནས་ལྕང་ལོ་ཅན་ཞེས་པ་ཡིན་སྟབས་རྒྱུད་སྨད་ལྕང་ལོ་ཅན་ཞུ་དོན་ཡང་དེ་ལྟར་ཡིན། དེའང་འདུ་ཁང་ཀ་རིང་བཞི། ཀ་ཐུང་ཞེ་བརྒྱད་ནང་རྟེན་གཙོ་གོང་གསལ་རྗེ་ཙོང་ཁ་པས་གནང་བའི་གསང་འདུས་ཀྱི་གསེར་སྐུ་དང་། རྗེ་ཉིད་ཀྱི་ཤོག་ཀ་ལི། གཙང་ཁང་སྦུག་མར་དགེ་བཤེས་བསམ་གྲུབ་རིན་པོ་ཆེས་མཐུན་རྐྱེན་གནང་སྟེ་བཞེངས་གནང་བའི་རྗེ་ཙོང་ཁ་པའི་འཇིམ་གྱི་སྐུ་བརྙན་ཐོག་སོ་ཉིས་ཐོག་གཙོས་རྟེན་དང་བརྟེན་པར་བཅས་དང་། དགེ་འདུན་ཞལ་གྲངས་༥༦༦གིས་གཙོ་བོ་གསང་བདེ་འཇིགས་གསུམ་ཕྱག་བཞེད་དང་། གསངའདུས་རྩ་རྒྱུད་བློ་འཛིན་གྱིས་རྒྱུག་སྤྲོད་གནང་དགོས་པ། གཞན་ཡང་ཕྱི་གསང་སྔགས་ཀྱི་གྲྭ་ཚང་ལ་ནང་འདུལ་བའི་གྲྭ་ཚང་ཞེས་“བཟང་མཐར་ལྷུང་མི་ཆོག་”ཅེས་གཡག་སྡེ་གྲྭ་ཚང་ཡང་ཞུ་ཞིང་གཙང་གཡག་སྡེའི་ཐེར་མ་སྤུས་ཞན་གྱིས་བཟོས་པའི་སྟོད་འགག་ཐོག་མར་དམར་རྐྱང་ནས་རྗེས་སུ་འགག་དམར་སེར་ཅན་བཞེས་སྲོལ་དེ་དར། ལོ་ལྟར་ཆོས་ཐོག་ཅེས་རྒྱུད་ཀྱི་འཆད་ཉན་གྱི་ཆེད་དུ་ཕེབས་སྲོལ་ཡོད་པ་སྟེ། དབྱར་ཁའི་ཆོས་ཐོག་བོད་ཟླ་༡ཚེས་༡༨ནས་ཟླ་༩ཚེས་༥བར་འཕན་པོ་ཞོགས་དང་། འབྲོམ་ཐོད། ལ་མོ་འཚེར་གསེབ། བདེ་ཆེན་གསང་སྔགས་མཁར། ཚལ་དབུས་གླིང་། སེ་ར་ཆོས་སྡིངས། འབྲས་སྤུངས་ཧ་གདོང་རྒྱུད་ཁང་། ཕྱིར་མིག་ལུང་བཅས་པར་ཕེབས་དགོས། དགུན་ཁའི་ཆོས་ཐོག་ནི་བོད་ཟླ་༩ཚེས་༨-༡༢བར་གྲྭ་ཚང་དུ་འཇིགས་བྱེད་ཆོས་ཐོག་ཅེས་རྡུལ་མཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད་ཡིན། ཚེས༡༢ནས་ཉིན་བདུན་རིང་རྩེའི་ཚོམས་ཆེན་ཤར་དུ་རྩེའི་ཆོས་ཐོག་ཚེས་༡༣ནས་ཉིན་བདུན་རིང་བདེ་ཆེན་གསང་སྔགས་མཁར་དུ་ཆོས་ཐོག  བོད་ཟླ་༡༠ཚེས་༣ནས་སྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་འཆད་ཉན། ཟླ་༡༢ཚེས་༥ནས་རྡུལ་མཚོན་དང་འབྲེལ་བའི་བདེ་མཆོག་ལུ་ཡི་པའི་སྒྲུབ་མཆོད་ཉིན་བདུན། དེ་ནས་འབྲས་སྤུངས་བསམ་བློར་ཉིན་བདུན་རིང་ཆོས་ཐོག  ཟླ་༡༢ཚེས་༢༧ཉིན་སྨོན་ལམ་ཆེན་མོའི་བཞུགས་ལྡིང་བསྐྱོན་པ་དང་། སྨོན་ལམ་རིང་གྲྭ་ཚང་དུ་འཚོགས་ཤིང་སྐུ་འགྱེད་དང་ཇ་མར་སོགས་ཞུས་ཆོག་པ་བཅས་སོགས་ཡིན། གདན་ས་གསུམ་གྱི་དགེ་བཤེས་རྣམས་མཚན་རྟགས་བཞེས་བསྒྲུབས་རྗེས་རྒྱུད་གྲྭ་རྣམ་གཉིས་གང་རུང་དུ་ཆོས་བཞུགས་གནངསྟེ་རྒྱུད་ཀྱི་འཆད་ཉན་གནང་དགོས། དེ་ནས་རྒྱུད་པའི་དགེ་སྐུལ་དང་། བླ་མ་དབུ་མཛད་སོགས་མཛད་རྗེས་དགའ་ལྡན་ཤར་བྱང་གང་རུང་གི་ཆོས་རྗེ་མཛད་རྗེས་གཞི་ནས་དགའ་ལྡན་ཁྲི་པའི་འོས་སུ་ཕེབས་པ་ཡིན། ད་ལྟ་སྔོན་གྱི་འདུ་ཁང་ལ་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

 

 

 

 

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།