ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་བརྩམས་པའི་དེབ་གསར་༼ཤུལ་འཚོལ་༽གླེང་བ།

ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་བརྩམས་པའི་དེབ་གསར་༼ཤུལ་འཚོལ་༽གླེང་བ།

ཕུན་ཚོགས་བཀྲ་ཤིས་ལགས་དང་ཁོང་གི་རིག་གནས་ལྷུག་རྩོམ ༼   ཇོ་མོ་གླང་མའི་འདབས་རོལ་དུ་ཤུལ་འཚོལ   ༽  ཞེས་པའི་དཔེ་དེབ་འདི་ཇི་ལྟར་རྩོམ་ཚུལ་ཐད་ཀྱི་བགྲོ་གླེང་།

 

རྩོམ་པ་པོ་ངོ་སྤྲོད།

 

    ཕུན་ཚོགས་བཀྲ་ཤིས་ལགས་ནི་བོད་ལྗོངས་ཀྱི་དེང་རབས་རྩོམ་པ་པོའི་ཁྲོད་གྲུབ་འབྲས་ཆེས་ཆེར་ཐོབ་པའི་གྲས་ཤིག་ཡིན་ཞིང་། ཁོང་གིས་ད་ཕན་བོད་ཡིག་གི་བརྩམས་སྒྲུང་དང་། བོད་ཡིག་གི་འཁྲབ་གཞུང་། རྒྱ་ཡིག་གི་ལྷུག་རྩོམ་སོགས་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་བཞི་ཙམ་དཔར་འགྲེམས་ཡོད་པ་དང་། སྔ་ཕྱིར་བོད་ལྗོངས་ཀྱི་ལོ་བཅུའི་རྩོམ་རིག་བྱ་དགའ་དང་། བོད་ལྗོངས་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ། ཇོ་མོ་གླང་མའི་རྩོམ་རིག་བྱ་དགའ། ཀྲུང་གོའི་ཛའོ་གཡུས་འཁྲབ་གཞུང་བྱ་དགའ་སོགས་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད།    ཕུན་ཚོགས་བཀྲ་ཤིས་ལགས་ནི་སྤྱི་ལོ་༡༩༥༩ལོར་གཞིས་རྩེ་གྲོང་ཁྱེར་དུ་འཁྲུངས་ཤིང་། སྤྱི་ལོ་ ༡༩༨༡ ལོར་གཞིས་རྩེ་ས་ཁུལ་དགེ་འོས་སློབ་གྲྭ་ནས་ཐོན་རྗེས་གཞིས་རྩེ་ས་ཁུལ་སློབ་འབྲིང་དུ་རྒྱ་ཡིག་དགེ་རྒན་གནང་། ཁོང་ཆུང་དུས་ནས་རིག་རྩལ་ལ་མཉེས་ཤིང་། ཁྱད་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་ཡིག་འབྲི་ཀློག་ལ་དེ་བས་མཉེས།

སྤྱི་ལོ་ ༡༩༨༧ ལོར་ཁོང་གི་བརྩམས་སྒྲུང་དང་པོ་《བསོད་རྡོར་དང་ཁོ་མོ་ཚོ་》ཞེས་པའི་རྩོམ་དེ་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》ཐོག་བཀོད་པས། དུས་དེ་ནས་བཟུང་ཁོང་གི་རྩོམ་རིག་གསར་རྩོམ་གྱི་རིག་པའི་ཀློང་ཡོངས་སུ་བརྡོལ་ནས་བོད་ཡིག་གི་བརྩམས་སྒྲུང་མང་པོ་གཅིག་རྗེས་གཉིས་མཐུད་ངང་ཚགས་པར་དང་དུས་དེབ་ཐོག་སྤེལ། ལྟ་བ་གསར་རྙིང་གི་འགལ་བ་མཚོན་པའི་《སྒོ་རས་པ་རའི་སྐྱོ་གླུ་ལྷང་ལྷང་》དང་། ལྟ་བ་ངན་པའི་དབང་དུ་གྱུར་པའི་ཕ་མས་བུ་ཕྲུག་གི་རང་མོས་བརྩེ་དུང་གི་མེ་ཏོག་རྡོག་པས་བརྫི་བར་སུན་འབྱིན་གནང་བའི་བརྩམས་སྒྲུང་《ཡི་གེ་ཐེངས་སུམ་ཅུ་པ་》དང་། སེང་རས་གཡོག་པའི་མཛེས་མའི་བཞིན་ལྟར་ཀློག་པ་པོར་རབ་རིབ་ཀྱི་མཛེས་ཚོར་དམིགས་གསལ་ཅན་ཞིག་སྦྱིན་པའི་བརྩམས་སྒྲུང་《མི་གྲུབ་པ་དེ་སྒྲུབ་ན་ཁོ་ན་བསམ་》། འབྲོག་ཁུལ་གྱི་བུད་མེད་ཀྱི་ལས་དབང་མཚོན་པའི་《སྲིད་ཆོས་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས་》། དམིགས་བསལ་དུས་སྐབས་ནང་བྱུང་བའི་ཡིད་སྐྱོ་བའི་བརྩེ་དུང་གི་གཏམ་རྒྱུད་《འོར་ཏོག་ཆང་ཁང་གི་སྐུ་མགྲོན་》སོགས་ནི་སྐབས་དེར་ཁོང་གིས་བརྩམས་པའི་བརྩམས་སྒྲུང་དཔེ་མཚོན་འོས་པ་ཤ་སྟག་ཡིན་ཞིང་། བརྩམས་སྒྲུང་དེ་དག་གི་ནང་དོན་ལ་སྐབས་འཕྲལ་གྱི་སློབ་གསོའི་རིན་ཐང་དང་། མ་འོངས་པར་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། དེ་དག་གི་ནང་དོན་མཚོན་ཐབས་དང་སྒྱུ་རྩལ་གྱི་ཉམས་ཆོས་ཐད་དེ་བས་མངོན་བསལ་དོད་པའི་ཁྱད་ཆོས་ཤིག་ཡོད་པ་དེ་ནི། རང་གི་རྩོམ་ཐབས་བསྐྱར་བཟློས་དང་གཞན་གྱི་རྩོམ་ཐབས་ལ་ལད་ཟློས་བྱས་པའི་སྐྱོན་གྱིས་མ་གོས་ཤིང་། མི་བརྒྱ་ལ་ངོ་རིས་བརྒྱ་ཞེས་པའི་དཔེ་ལྟར་ཁོང་གི་བརྩམས་སྒྲུང་རེ་རེར་ཐུན་མོང་མ་ཡིན་པའི་རྩོམ་ཐབས་རེ་སྤྱད་པར་མཐོང་། ཁོང་གི་བོད་ཡིག་བརྩམས་སྒྲུང་ཐད་རྩོམ་རིག་དཔྱད་གཏམ་པ་ཉི་མ་བཀྲ་ཤིས་ལགས་ནས། “ཁོང་གི་བོད་ཡིག་བརྩམས་སྒྲུང་《སྲིད་ཆོས་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས་》དང་། 《སྒོ་རས་པ་རའི་སྐྱོ་གླུ་ལྷང་ལྷང་》སོགས་ནས་དེང་རབས་བོད་རིགས་རྩོམ་པ་པོས་སྤྱི་ཚོགས་ཀྱི་སྣང་ཚུལ་ཁག་ལ་བསམ་གཞིགས་བྱས་པའི་གཏིང་ཟབ་ཚད་དང་། བོད་ཡིག་གི་རྩོམ་རིག་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཉམས་ཆོས་ལེགས་པར་མངོན་ཡོད་”ཅེས་གསུངས། གཞན་ཡང་ཕུན་ཚོགས་བཀྲ་ཤིས་ལགས་ནས་ཟུར་གསལ་གནང་བར་གཞིགས་ན། མི་རིང་བར་ཁོང་གི་བོད་ཡིག་གི་བརྩམས་སྒྲུང་རིང་གྲས་དེབ་ཅིག་ཀློག་པ་པོ་རྣམས་ཀྱི་མིག་ཡིད་རྣ་བའི་བཅུད་དུ་འགྱུར་རྒྱུ་རེད།

    སྤྱི་ལོ་༡༩༩༡ལོ་སྟེ། ཁོང་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་《བོད་ལྗོངས་གོམས་སྲོལ་》དུས་དེབ་ཁང་དུ་ལས་གནས་སྤོས་རྗེས་ཀྱི་ལོ་གཉིས་པ་དེར། བོད་ལྗོངས་ཟློས་གར་མཐུན་ཚོགས་ནས་ལྗོངས་ཡོངས་ཀྱི་གཏམ་བརྗོད་ཟློས་གར་ཐུང་གྲས་ཀྱི་འགྲན་ཚོགས་ཤིག་འཚོག་རྒྱུ་ཐག་བཅད། ཡིན་ནའང་འགྲན་ཚོགས་དེར་བོད་སྐད་ཀྱི་འཁྲབ་ཚན་འབུལ་མཁན་ཤིན་ཏུ་ཉུང་བས། འབྲེལ་ཡོད་དབུ་ཁྲིད་ནས་ཁོང་ལ་བོད་སྐད་ཀྱི་གཏམ་བརྗོད་ཟློས་གར་ཐུང་གྲས་ཤིག་གང་མགྱོགས་རྩོམ་རྒྱུའི་རེ་བ་ནན་གྱིས་བཅོལ་བར། སྤོབས་པ་དང་ཡིད་ཆེས་ཀྱིས་ཕྱུག་པའི་ཕུན་ཚོགས་བཀྲ་ཤིས་ལགས་ནས་རང་ཉིད་ལ་འཁྲབ་གཞུང་གསར་རྩོམ་གྱི་ཉམས་མྱོང་གཏན་ནས་མེད་པར་མ་བལྟོས་པར། གཞོན་སྐྱེས་རྣམས་ནས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་དོ་སྣང་བྱ་དགོས་ཚུལ་བསྟན་པའི་གཏམ་བརྗོད་ཟློས་གར་ཐུང་གྲས་《ང་ཚོའི་མག་པ་སློབ་གྲྭ་ཆེན་མོ་བ་རེད་》ཅེས་པ་ཞིག་བརྩམས་པར་འགྲན་ཚོགས་དེའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། དུས་དེ་ནས་བཟུང་ཁོང་གི་འཁྲབ་གཞུང་གསར་རྩོམ་གྱི་འགོ་ཚུགས་ཤིང་། སྔ་ཕྱིར་《ར་བཟི་བ་ལྷག་པ་ལགས་》དང་།《ལོ་གསུམ་གྱི་རྗེས་》། 《ལྷག་པའི་ཁྱིམ་གྱི་རྙོག་དྲ་》སོགས་ལྷག་པ་ལགས་སྐོར་གྱི་མུ་འབྲེལ་འཁྲབ་ཚན་དང་། དེ་བཞིན་《དམིགས་བསལ་གྱི་གསོལ་ཚིགས་》དང་། 《CDཀྱི་རྨི་ལམ་》།《དགོད་བྲོ་བ་ཙམ་མིན་》། 《སུས་མ་འགྲིག་པ་རེད་》། 《ཡིག་ཚད་བཏང་རྗེས་》སོགས་དགོད་བྲོ་ལ་བསམ་བློ་གཏོང་གཞི་ཆེན་པོ་ལྡན་པའི་གཏམ་བརྗོད་ཟློས་གར་ཐུང་གྲས་མི་ཉུང་བ་ཞིག་གསར་རྩོམ་གནང་བར། བོད་ལྗོངས་ཀྱི་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། གཏམ་བརྗོད་ཟློས་གར་ཐུང་གྲས་ཞེས་བྱ་བའི་གསར་སྐྱེས་སྒྱུ་རྩལ་གྱི་མེ་ཏོག་དེ་ཡང་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་ནས་རིམ་བཞིན་བོད་པ་རྣམས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་གསར་པ་ཞིག་ཏུ་གྱུར། 
      གཞན་ཡང་ཕུན་ཚོགས་བཀྲ་ཤིས་ལགས་ནི་དགོད་བྲོའི་གཏམ་གླེང་གསར་རྩོམ་གནང་རྒྱུར་ཡང་མངའ་བརྙེས་པ་ཞིག་ཡིན་ཞིང་། ཁོང་ནས་སྔ་ཕྱིར་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གནའ་ཤུལ་རྙིང་པ་དག་སྲུང་སྐྱོབ་ཡག་པོ་བྱ་དགོས་ཚུལ་བསྟན་པའི་《བར་སྐོར་ནང་གི་གླེང་མོལ་》ཞེས་པ་དང་། བོད་ཀྱི་སྲོལ་བཟང་ངོ་སྤྲོད་དང་སྲོལ་ངན་ཐེར་འདོན་བས་པའི་《བོད་ཀྱི་ཨང་དང་པོ་》། ལྷ་སའི་གློ་བ་ལྟར་དུ་གྱུར་པའི་ལྷ་ཀླུ་འདམ་རར་སྲུང་སྐྱོབ་དགོས་ཚུལ་བསྟན་པའི་《ལྷ་སའི་གློ་བ་》། རིག་དངོས་སྲུང་སྐྱོབ་ཀྱི་གལ་ཆེའི་རིན་ཐང་བསྟན་པ་དང་། རིག་དངོས་རྐུན་མར་ཁ་རྡུང་དྲག་པོ་བཏང་བའི་《རིག་དངོས་ཀྱི་རེ་འབོད་》། སྤྱི་སྤྱོད་སྒྲིག་ཆས་ལ་བདག་གཅེས་བྱ་དགོས་ཚུལ་བསྟན་པའི་《སྤྱི་སྤྱོད་སྒྲིག་ཆས་ཀྱི་གསང་གཏམ་》། གཙང་ཁུལ་གྱི་ཁྱད་ཆོས་བརྗོད་པའི་《གཙང་གི་ཨང་དང་པོ་》། སྒྱུ་རྩལ་པ་ཆེན་མོ་ཐུབ་བསྟན་ལགས་ཀྱི་མཛད་འཕྲིན་བསྟན་པའི་《ལོ་ངོ་དྲུག་ཅུའི་ཕྱིར་དྲན་》སོགས་དགོད་བྲོའི་གཏམ་གླེང་མི་ཉུང་བ་ཞིག་བརྩམས་ཡོད་པ་དང་། དེ་དག་ཁྲོད་ནས་《རིག་དངོས་ཀྱི་རེ་འབོད་》དེ་ནི་བོད་སྐད་ཐོག་གི་མི་ཚོགས་ཀྱི་དགོད་བྲོའི་གཏམ་གླེང་ཨང་དང་པོ་དེ་ཡིན་པ་མ་ཟད། གང་དེ་ནི་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་གསར་རྩོམ་གྱི་ཆུ་ཚད་མངོན་པའི་བརྩམས་འབྲས་དཔེ་མཚོན་འོས་པ་ཞིག་རེད། མདོར་ན་ཁོང་ནས་བརྩམས་པའི་དགོད་བྲོའི་གཏམ་གླེང་དེ་དག་ཁྲོད་ཀྱི་འགའ་རེ་ནི་དཔྱིད་རླུང་དྲོན་མོ་བཞིན་མ་རབས་སྤྱོད་ངན་གྱི་ཆབ་རོམ་བཞུར་ནས་ཡ་རབས་སྤྱོད་བཟང་གི་མེ་ཏོག་བཞད་པར་བྱེད་པ་དང་། འགའ་རེ་ནི་ལམ་སྟོན་སྒྲོན་མེ་བཞིན་མ་རྟོག་ལོག་རྟོགས་ཀྱི་མུན་པ་སེལ་ནས་ཡང་དག་བདེན་དོན་གྱི་ལམ་ཕྱོགས་སྟོན་པར་བྱེད་པ། ཡང་འགའ་རེ་ནི་རྣོ་ངར་གྱི་བཙག་བུ་དང་འདྲ་བར་མི་སྲུན་རུལ་སྤྱོད་ཀྱི་རྣག་ཁྲག་ཕྱུང་སྟེ་སྤྱོད་གཙང་ཡར་ཐོན་གྱི་ཟུངས་ཁྲག་རྒྱུ་བར་བྱེད་པ་ཤ་སྟག་ཡིན་པས། སྤྱི་ཚོགས་ཐོག་འཕྲལ་ཕུགས་གཉིས་ཀྱི་ཕན་འབྲས་ཆེན་པོ་ཐོན་དང་ཐོན་མུས་ཡིན།
     ཁོང་ནས་བརྩམས་པའི་གཏམ་བརྗོད་ཟློས་གར་ཐུང་གྲས་དང་དགོད་བྲོའི་གཏམ་གླེང་དེ་དག་ཕྱིས་སུ་《འཁྲབ་གཞུང་མཛུམ་ཤོར་དོན་ལྡན་》དང་། 《འཁྲབ་གཞུང་བཞད་གད་ཧ་ཧ་ཧ་》ཞེས་པའི་མིང་ཐོག་ནས་པར་འགྲེམས་མཛད་ཡོད།  སྤྱི་ལོ་༢༠༠༥ལོར་རྩོམ་རམས་པའི་དཔེ་སྐྲུན་ཁང་ནས་སྐྲུན་བྱས་པའི་《ཁྱིམ་པ་བའི་བོད་ལྗོངས་》ཞེས་པའི་དེབ་དེ་ནི་ཕུན་ཚོགས་བཀྲ་ཤིས་ལགས་ནས་དུས་ཡུན་ལོ་ལྔ་ཙམ་དཀའ་བ་སྤྱད་དེ་རྒྱ་ཡིག་ཐོག་ནས་བརྩམས་པའི་རིག་གནས་ལྷུག་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་ཞིང་། དེའི་ནང་ཁོང་གིས་བོད་ལྗོངས་དམངས་ཁྲོད་ཀྱི་རིག་གནས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་ལྷུག་རྩོམ་གྱི་རྩོམ་ཐབས་ལ་བརྟེན་ནས་ཀློག་པ་པོའི་སྤྱན་སྔར་བཤམས་ཡོད། དེབ་དེའི་ཁྱད་ཆོས་དང་རིན་ཐང་ཐད། སྤྱི་ལོ་༢༠༠༥ལོའི་ཟླ་བ་བཅུ་གཉིས་པར་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཉེར་བའི་“《ཁྱིམ་པ་བའི་བོད་ལྗོངས་》ཀྱི་དཔྱད་བསྡུར་གྲོས་ཚོགས་”ཐོག  བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡང་ཧྲེ་ཅུན་གྱིས།“《ཁྱིམ་པ་བའི་བོད་ལྗོངས་》ཞེས་པའི་དེབ་འདི་ལྟ་བུ་དུས་ཐུང་ལོ་རེ་གཉིས་ནང་འབྲི་ཐུབ་པ་ཞིག་མ་ཡིན་པར། ཆུ་ཐིག་བསགས་པའི་རྒྱ་མཚོ་ལྟར་རྩོམ་པ་པོས་ཆུང་བྱིས་པའི་དུས་ནས་ཐོས་པ་རྒྱ་ཆེར་བསགས་པའི་སྙིང་བཅུད་ལྟ་བུ་རེད་”ཅེས་གསུངས་པ་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་ཟླ་བ་ལགས་ཀྱིས། “ཕུན་ཚོགས་བཀྲ་ཤིས་ལགས་ནས་བརྩམས་པའི་དམངས་སྲོལ་རིག་གནས་ལྷུག་རྩོམ་དེ་དག་ལ་ནང་སའི་རྩོམ་པ་པོས་བྲིས་པའི་བོད་ཀྱི་ཡུལ་སྲོལ་སྐོར་གྱི་རྩོམ་ཡིག་ལས་དེ་བས་གཏིང་ཟབ་པ་དང་ཡིད་རྟོན་རུང་བའི་ཁྱད་ཆོས་དང་། དམངས་སྲོལ་ཞིབ་འཇུག་པས་བྲིས་པའི་རྩོམ་ལས་དེ་བས་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཁྱད་ཆོས་འདུག་”ཅེས་གསུངས་པ། དེ་བཞིན་《བོད་ལྗོངས་རྩོམ་རིག་》གི་གཙོ་སྒྲིག་པ། བོད་རིག་པ་མཁས་ཅན་མཁས་གྲུབ་ཆོས་འཕེལ་ལགས་ནས། “དེང་གི་དུས་འདིར་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྲོལ་སྐོར་བསྟན་པའི་དེབ་ཆར་རྗེས་ཀྱི་ཤ་མོ་བཞིན་མང་པོ་ཐོན་ཡང་། 《ཁྱིམ་པ་བའི་བོད་ལྗོངས་》ལྟ་བུ་བོད་ལྗོངས་ཀྱི་མི་དང་བྱ་དངོས་གཟུ་བོར་བརྗོད་པའི་དེབ་ཨུ་དུམ་ཝ་ར་ལྟར་མཐོང་བར་དཀོན་”ཞེས་གདེང་འཇོག་མཐོ་པོ་གནང་།
    གཞན་ཡང་ཕུན་ཚོགས་བཀྲ་ཤིས་ལགས་ནས་དུས་ཡུན་ལོ་བརྒྱད་ཙམ་རིང་《བོད་ལྗོངས་གོམས་སྲོལ་》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་ཡོད་ཅིང་། ཁོང་དང་ལས་རོགས་རྣམས་ནས་འབད་འཐབ་གནང་བའི་འོག དུས་དེབ་དེ་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་བོད་ཀྱི་ཡུལ་སྲོལ་རིག་གནས་ལ་བལྟ་བའི་སྐར་ཁུང་ལྟ་བུར་གྱུར་ཡོད། ཁོང་ནས་མ་འོངས་པའི་ལོ་ཟླའི་ནང་བོད་ཀྱི་གཞས་མ་གཏམ་སྒྱུ་རྩལ་སྔར་བས་དར་ཞིང་རྒྱས་པར་འགྱུར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་ཡིད་ཆེས་ཡོད་ལ། དེ་དང་ཆབས་ཅིག་ཁོང་ནས་རྩོམ་རིག་གསར་རྩོམ་ཐད་མུ་མཐུད་སྒྱུ་རྩལ་གྱི་ཡང་རྩེར་འཛེགས་ཏེ་མི་རྣམས་ལ་བལྟ་བས་ཆོག་མི་ཤེས་པའི་བརྩམས་འབྲས་ཇི་སྙེད་ཅིག་ལེགས་སྐྱེས་སུ་འབུལ་ངེས་རེད་སྙམ།
རྩོམ་པ་པོ་ངོ་སྤྲོད།   མིག་དམར་རྒྱལ་པོ་ལགས་ནས་བསྒྲིགས།སྒྲ་ཕབ་ཡོངས་ཁུངས།  བོད་ལྗོངས་རླུང་འཕྲིན་སྐད་འཕྲིན་སྤྱི་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།