བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེ་རྣམ་ཐར་སྙིང་བསྡུས།

བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེ་རྣམ་ཐར་སྙིང་བསྡུས།

བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེ་།

༄༅། །བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོརབྱེད་པའི་འོད་སྟོང་ཞེས་བྱ་བ་བཞུགས་སོ། ། ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོ( 1432-1496 )ས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ། མངོན་པར་བྱང་ཆུབ་པའི་ཟླ་བ་ཡར་ངོའི་ཚེས་བཅུ་ལ་གྲུབ་པའི་གནས་མཆོག་(ལྷ་ལྡན་སྐྱིད་ཆུའི་སྟོད་ཀྱི་སྟག་རྩེ་རྫོང་རྙིང་པའི་ཉེ་ལ་བའི་)དཔལ་ལྡན་ལོ་དགོན་པའི་བདེན་གནས་དགའ་ལྡན་རྩེར་སྦྱར་བའོ། ། ཞེས་པ་ལས།
དེ་ཡང་གླང་རི་ཐང་པ་ནི། འཁྲུངས་ས་འཕན་ཡུལ་གཉའ་གོང་གསེར་མ་བཤོངས་ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་ 1054 ཤིང་ཕོ་རྟ་ལ་འཁྲུངས། རུས་ཞུགས་ཚང་། ཁ་རོང་གི་ཞང་པོ་བཤེས་གཉེན་གྲོག་མོ་མཁར་པ་ལ་རབ་ཏུ་བྱུང་། མཚན་རྡོ་རྗེ་སེངྒེར་བཏགས། རྒྱལ་བ་འོད་དཔག་མེད་པའི་སྤྲུལ་པར་བྱེད་ལ། སྔོན་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སུ་སྤྲུལ་ནས་བསྟན་པ་ཆེས་ཆེར་གསལ་བར་མཛད་ཅིང་། འདིར་གདུལ་བྱ་བློ་དམན་པ་རྣམས་ཀྱི་ངོར་དང་པོ་ཤིན་དུ་བཀྲེན་པའི་ཚུལ་གྱིས་མཛད་དེ། ལོ་ན་སྤྱན་སྔ་ལ་ཆོས་གསན་དུས་ཡོས་སྦར་བ་དེས་གདན་གནོན་མཛད་ཀྱི་བཞུགས། དེ་ནས་བསོད་སྙོམས་མཛད་པའི་རྙེད་པ་གང་བྱུང་། སྤྱིར་དགེ་འདུན་དང་། ཁྱད་པར་སྤོ་ཏོ་སྤོ་ཏོ་བ་སློབ་དཔོན་ལ་དྲངས་པས་སྐུ་བསོད་སྐྱེས་པ་ལྟར་མཛད་དེ། གྲ་པ་ཉིས་སྟོང་ཙམ་འཚོགས་པའི་རྒྱགས་ཁོ་རང་གིས་གནང་། གནས་ངེས་མེད་དུ་བཤད་སྒྲུབ་ཟུང་འབྲེལ་དུ་མཛད། གཙོ་བོ་སྤོ་ཏོ་བ་ཡུན་རིང་དུ་བསྟེན། ཕུ་ཆུང་བ་དང་། ཀམ་པ་ལུང་པ་ཆེན་པོ་སོགས་ལ་ཡང་ཆོས་གསན། སྤོ་ཏོ་བ་གཤེགས་ནས་ཐང་གྲོང་ལྟག་ཏུ་གཏོར་མ་མཛད་དུས། གཏོར་སྡེར་བྱ་རོག་གིས་ཁྱེར་ཏེ། གླང་ཐང་གི་ཤར་རི་དེའུ་དེའི་ཁར་བཞག་པས། དཔོན་ཤཱཀྱ་བྱ་བས་ཞབས་ཏོག་བྱས་ཏེ་དེར་ལོ་གསུམ་སྒྲུབ་པ་མཛད། ཞོལ་དུ་སྒྲུབ་ཆུ་ཡང་བྱུང་། ཉིན་མཚན་དབྱེར་མེད་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཏིང་ངེ་འཛིན་བསྒོམས་པའི་མདངས་ལ། ཀླུ་མོ་སྤུན་གསུམ་གྱིས་གླང་ཐང་གི་གནས་ཕུལ། དགེ་འདུན་གྱི་སྡེ་འཛུགས་པར་ཞུས། ཕྱིས་རི་དེའི་སྟེང་ནས་ཡར་འཕུར་ཏེ་ཐུགས་ཕྲེང་སྐུར་སར་ཁྲོན་པ་བྲུས། དབུ་ཞྭ་སྐུར་སྐུར་སར་བླ་བྲང་བྱས་ཏེ་དགོན་པ་བཏབ། སློབ་མ་མང་དུ་འདུས། བཀའ་གདམས་གཞུང་དྲུག་ལམ་སྒྲོན་སོགས་ལ་འཆད་ཉན་མཛད་ཅིང་། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་གཙོ་བོར་མཛད་དེ། ཁོ་བོས་རླུང་ཐ་མལ་དུ་གཏོང་མ་མྱོང་གསུང་། ཞལ་བཞུགས་རིང་གླང་ཐང་གི་ལྕགས་རིའི་ནང་དུ་སྲོག་ཆགས་རྣམས་གཅིག་ལ་མི་འཚེ་བར་གྲགས། དགུང་ལོ་བདུན་བཅུ་པ་ 1123 ཆུ་མོ་ཡོས་ཀྱི་ས་ག་ཟླ་བ་ལ་དཔེའི་ཆོས་ཆོས་ལུང་དུ་སྐུ་གཤེགས། ཞེས་གོང་གསལ་བཀའ་གདམས་ཆོས་འབྱུང་ལས་ཕྱུང་བའོ།།

 

བརྒྱུད་སྐུལ།

2 བསམ་ཚུལ། “བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེ་རྣམ་ཐར་སྙིང་བསྡུས།

Leave a Reply to ངས་པོ་རྒྱལ་མཚན། Cancel reply