བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་དང་། བྲག་གདོང་བཀྲས་གླིང་དབང་རྡོར་ལགས།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་དང་། བྲག་གདོང་བཀྲས་གླིང་དབང་རྡོར་ལགས།

བོད་ཀྱི་གྲགས་ཅན་གྱི་བརྩམས་སྒྲུང་རིང་གྲས་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད། ཅེས་པའི་འགྲན་ཟླ་བྲལ་གྱི་བརྩམས་སྒྲུང་འདི་ཉིད་རྒྱ་ཡིག་དང་། དབྱིན་ཇི། འཇར་མན་བཅས་ཀྱི་སྐད་རིགས་ཐོག་བསྒྱུར་ཟིན་པར་མ་ཟད། ད་ལྟ་ཉི་ཧོང་དང་། ཀོ་རི་ཡའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་བཞིན་ཡོད། བཀྲས་ཟུར་ཚངགི་གསང་བའི་གཏམ་རྒྱུད་ཀྱི་རྩོམ་པ་པོ་སྐུ་ཞབས་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ནི། ཕྱི་ལོ་ ༡༩༣༤ ལོར་བོད་ལྗོངས་གཙང་ཁུལ་རྒྱལ་རྩེར་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས།

ཕྱི་ལོ་ ༡༩༤༠ ལོ་ནས་རྒྱལ་རྩེ་དང་། ལྷ་ས་བཅས་སུ་བོད་ཀྱི་ལུགས་རྙིང་སློབ་གྲྭར་ཞུགས། ཕྱི་ལོ་ ༡༩༤༦ ལོ་ནས་རྒྱ་གར་རྡོ་རྗེ་གླིང་སེན་འཇོ་སེབ་ཏུ་གྲགས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་གནང་ཞིང་། ཕྱི་ལོ་ ༡༩༥༣ ལོར་ཕྱིར་ཕེབས་ནས་ལྷ་ལྡན་ཟས་ཞིང་སློབ་གྲྭ་དང་། རྒྱལ་རྩེ་སློབ་ཆུང་དུ་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༥༨ ལོ་ནས་ ཕྱི་ལོ་ ༡༩༧༦ ལོ་བར་རྒྱལ་རྩེ་གཞོན་ནུ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ གཞིས་རྩེ་ས་གནས་ལས་བྱེད་སློབ་གྲྭ། གཞིས་རྩེ་རྟ་ནག་གློག་ཁང་སོགས་སུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༧ ནས་ཕྱི་ལོ་ ༡༩༨༤ ལོ་བར་རང་སྐྱོང་ལྗོངས་སློབ་གསོ་ཐིང་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྱུར་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༥ ལོ་ནས་ཕྱི་ལོ་ ༡༩༩༡ ལོ་བར་བོད་རང་སྐྱོང་ཡུལ་སྐོར་ཅུས་སུ་ཕྱག་ལས་གནང་མྱོང་ཡོད།
ཁང་གི་བརྩམས་ཆོས་སྐོར་རགས་ཙམ་ཞུས་ན། ཕྱི་ལོ་ ༡༩༩༣ ལོར་བོད་ཡིག་གི་སྒྲུང་གཏམ་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་པར་སྐྲུན་གནང་བ་དང་། དེའི་ནང་དུ་དུས་རབས་གོང་མའི་ལོ་རབས་སུམ་བཅུ་བཞི་བཅུའི་སྐབས་བོད་རྙིང་པའི་སྐུ་དྲག་དང་མི་མང་གི་འཚོ་བའི་སྐོར་ཡིན་ཞིང་། ཕྱི་ལོ་ ༡༩༩༥ ལོར་བཀྲས་གླིང་དབང་རྡོར་ལགས་ཀྱིས་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་དབྱིན་ཡིག་གི་ལམ་ནས་པར་སྐྲུན་བྱས་ཤིང་། རྗེས་སུ་རྒྱ་ཡིག་དང་འཇར་མན་གྱི་ཡིག་རིགས་གཉིས་ལ་བསྒྱུར་བ་དང་། ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ་དབྱིན་ཡིག་གིས་བྲིས་པར་མ་ཟད། བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད་ཅེས་པའི་དེབ་ཆུང་ཞིག་ཀྱང་ཕྱོགས་སྒྲིག་གནང་ཡོད། དེ་དག་ལས་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ལ་ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། ཕྱི་ལོ་ ༡༩༩༩ ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ་པར་མ་ཟད། ཕྱི་ལོ་ ༢༠༠༡ ལོར་ཇོ་མོ་གླང་མ་དང་། ཕྱི་ལོ་ ༢༠༠༥ ལོར་གངས་ཅན་རྒྱན་རྟགས་མ་བཅས་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པ་བཅས་སོ།།

 

 

༼བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད༽ཀྱི་གྲུབ་ཚུལ་དང་མྱོང་ཚོར་འགའ།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད། བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ཆེས་སྐད་གྲགས་ལྡན་པའི་སྒྲུང་གཏམ་སློབ་དེབ་ཞིག
རྩོམ་པ་པོ། བྲག་གདོང་བཀྲས་གླིང་དབང་རྡོར།

 

༡༩༩༢ལོར་བདག་རྒན་ཡོལ་ཞུས། རྒན་ཡོལ་དུ་གནས་པའི་སྐྱེ་བོ་ཅི་རིགས་པར་རང་གི་མི་ཚེའི་སྨད་ཆ་སྐྱེལ་ཐབས་རེ་འདུག བདག་ལ་མཚོན་ན་རྩོམ་རིག་དང་ཡིག་སྒྱུར་གྱི་གདམ་གར་ཕྱོགས་པ་ཡིན། དེའང་ཐོག་མར་ཤེག་སི་པི་ཡར་གྱི་གྲགས་ཅན་གཏམ་རྒྱུད་Hamletཞེས་པ་འཛམ་གླིང་གི་སྐད་ཡིག་ཆེ་གྲས་ཅི་རིགས་ལ་ཕབ་ཟིན་སྟབས། རང་ཅག་ལའང་དེ་ལྟར་བྱུང་ན་ཅི་མ་རུང་སྙམ་བཞིན་སྒྱུར་མགོ་བརྩམས་པར། ༡༩༩༣ལོར་དེབ་དེའི་ལྔ་དཔྱ་གཅིག་ཙམ་བསྒྱུར་ཟིན་མཚམས་སྟེས་དབང་དུ<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ཀྱི་སྒྲུང་གཞི་སྟེ། སྔར་བྱིས་པའི་དུས་སུ་ཐོས་མྱོང་ལྟར་ན་འགྲུལ་བའི་གནས་རྟེན་ཕན་ཚུན་ངན་པ་ཁ་མཐུན་གྱིས་འགྲུལ་བ་དངུལ་ཡོད་པོར“ལུག”ཅེས་མིང་བཏགས་ཏེ་ལམ་བར་འཕྲོག་བཅོམ་བྱེད་ཀྱིན་ཡོད་པའི་གཏམ་རྒྱུད་སྣང་བར་འཆར།

རེ་ཞིག་མཐོ་བསམ་བཏང་བའི་སྙིང་བོར་ཡིག་སྒྱུར་ནི་ཅི་ཙམ་ལེགས་རུང་གཞན་གྱི་བསམ་བློ་ཡིན་པ་དང་རང་རྩོམ་ནི་ཅི་ཙམ་དམན་རུང་རང་གི་བསམ་བློ་ཡིན་པར་བརླམས་ཏེ་ཤེག་སི་པི་ཡར་གྱི་སྒྲུང་གཏམ་གནས་སྐབས་ངང་འཐེན་གྱིས་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ལ་བརྩོན། དེབ་དེའི་སྟོད་ཆ་གྲུབ་མཚམས་<<བོད་ཀྱི་རྩོམརིག་སྒྱུ་རྩལ>>རྩོམ་སྒྲིག་ཁང་གི་དབུ་འཛིན་ལྷུན་གྲུབ་རྣམ་རྒྱལ་མཆོག(<ཀ་བཤད་བུང་བ་དགའ་ཚལ>གྱི་རྩོམ་པ་པོ)ལ་སྤྱན་ཞུར་བསྟར་བར་གང་ཉིད་ཐུགས་རབ་ཏུ་མགུ་ནས་དེབ་དེའི་རྩོམ་འབྲིའི་ཐད་ལ་བཟོ་བཅོས་ཆེན་པོ་ཞིག་དགོས་གལ་གྱི་བཀའ་སློབ་ཕེབས་པའི་སྙིང་བོར། དེབ་དེའི་སྟོད་ཆ་ཙམ་དུ་མ་ཟད་སྨད་ཆའང་འཕྲལ་དུ་བྲི་དགོས་པ་དང་གཅིག བྲོས་བྱོལ་ལས་མགོ་བཙུགས་ཏེ་སླར་བྲོས་བྱོལ་དུ་འགྲོ་དགོས་པ་དང་གཉིས། བོད་ཀྱི་དབང་སྒྱུར་བའི་ཁྲོད་དུ་རུལ་སུངས་ཀྱི་བྱ་བ་རིམ་པ་ལྟར་ཆགས་སུ་གནས་ཡོད་པ་དང་གསུམ། བཀའ་ཤག་ལ་འབུལ་བྱེད་ཀྱི་སྙན་ཞུ་སོགས་ཡིག་རྙིང་ཅི་རིགས་སྔར་སྲོལ་ཇི་བཞིན་དུ་བྲི་དགོས་པ་དང་བཞི། དེབ་མིང་དུ་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>དུ་གྲགས་ན་ལེགས་གནས་ཞེས་ལྔ་བཅས་རིན་ཐང་གཞལ་དུ་མེད་པའི་བཀའ་བཅོལ་ལ་བརྟེན་ནས་དེབ་དེའི་རྩོམ་རྩལ་ཐད་བདག་གི་ཐོག་མའི་རྨོངས་བསམ་ལས་ཆེ་ཆེར་བརྒལ་ཏེ་སྟོད་ཆ་སྨད་ཆ་གཉིས་སུ་ལྡན་པའི་སྒྲུང་དེབ་ཅིག་ཏུ་གྱུར་ཐུབ་པར། “གཏམ་རྒྱུད་དེ་ལེགས་གྲུབ་ཡོང་དོན་ནི་མང་པོའི་བློ་གྲོས་གཅིག་ཏུ་འདུས་པའི་ཉིང་ཁུ་ཡིན་པ་ལས་བདག་ཁོ་ནའི་བློ་གྲོས་ཡེ་ནས་མ་ཡིན”ཞེས་དེབ་དེའི<<རྩོམ་པ་པོའི་གཏམ>>ནང་འཁོད་དོན་ཡང་དེ་ལ་ཐུག

<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ནི་བདག་གི་རྩོམ་རིག་ཐད་ཀྱི་དེབ་དང་པོ་ཡིན་ཞིང་ཐོག་མའི་དུས་སུ་རྩོམ་རིག་གི་ཤེས་བྱ་ཏིལ་ཙམ་མེད་བཞིན་དུ་སྟེས་དབང་གིས་འབྲི་མགོ་བརྩམས། འོན་ཀྱང་དེབ་དེ་བཞིན་ཐོག་མར་བོད་ཡིག དེ་རྗེས་རྒྱ་ཡིག སླར་དབྱིན་ཡིག་ཏུ་འདོན་རིང་ལོ་དྲུག་ཙམ་གྱི་དུས་འདའ་བར་སོང་བས་དེའི་རིང་ཆུ་སྐྱལ་ནང་ཆུ་སྐྱལ་སློབ་སྦྱོང་བྱུང་བས་བདག་ལ་རྩོམ་རིག་ཐད་ཀྱི་ཤེས་བྱ་མི་དམན་ཙམ་བྱུང་པ་ལས་སྙིང་པོར། རྩོམ་རིག་གི་ཤེས་བྱ་ནི་དོན་དུ་སྒྱུ་རྩལ་གྱི་ཤེས་བྱ་རང་ཡིན་འདུག་ཅིང་དེ་དག་ལེགས་པར་ཤེས་པར་འདོད་ན་གྲགས་ཅན་གྱི་རྩོམ་རིག་ཇི་མང་ཀློག་རྒྱུ་ནི་ཐབས་ཤེས་ཁོ་ན་ཉིད་ཡིན་འདུག་སྙམ་པ་དང་། རང་རིགས་ཀྱི་རྩོམ་རིག་སྐོར་གྱི་ཤེས་བྱ་ནི་སྔར་ནའང་དམན་ཙམ་ཡིན་འདུག་ལ་ད་ཡི་དུས་ནའང་བྱིས་པའི་དུས་སུ་གནས་འདུག་ཅིང་སླད་ནར་སོན་དུ་སླེབས་པར་འབད་བརྩོན་ཤུགས་ཆེ་དགོས་འདུག་སྙམས།

འདིར་རང་རིགས་ཀྱི་རྩོམ་རིག་བྱ་གཞག་ཡར་རྒྱས་ཡོང་ཕྱིར་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>འབྲི་རིང་མང་པོའི་རོགས་རམ་ལ་བརྟེན་ནས་མྱོང་ཚོར་འགའ་ཐོབ་པ་བཟོད་མེད་དུ་གླེང་རྒྱུར་བླང་དོར་གྱི་དཔྱད་པ་ཡོད་པ་འཚལ།

དང་པོར། རྩོམ་པ་པོ་ཁག་ཅིག་ལས་རང་གི་བརྩམ་བྱ་གཞན་ལས་མི་མངོན་པའི་ཐོག་ནས་གློ་བུར་དུ་དེབ་ཏུ་དཔར་སྐྲུན་མཛད་སྲོལ་ཞིག་འདུག་ན་བདག་གིས་བསམ་ན་དེ་ནི་གླེན་རྟགས་འབའ་ཞིག་ཡིན་འདུག <<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ལས་ལྟོས་ན་བདག་མི་གཅིག་གི་བློ་གྲོས་ལ་ཚད་བཀག་ཡོད་མོད། འོན་ཀྱང་དེབ་དེ་དག་ལོ་ཤས་རིང་བོད་ཡིག་དང་རྒྱ་ཡིག་དུས་དེབ་ཁག་གཉིས་སྔ་ཕྱིར་ཐོན་རིང་ཀློག་པ་པོ་ཇི་སྙེད་ལས་བྱམས་བརྩེའི་བཀའ་སློབ་ཕེབས་པར་མ་ཟད་བདག་གིས་དེ་དང་བསྟུན་ནས་བཟོ་བཅོས་རང་དང་རིམ་པ་བྱས་པར་བརྟེན་ཀུན་གྱིས་བཀུར་བར་བྱེད་པའི་དེབ་ཅིག་ཏུ་འགྱུར་ཐུབ་པ་ལས། གལ་ཏེ་བདག་ཁོ་ནའི་བློ་ཆུང་ལ་བརྟེན་ནས་ཚབ་ཚུབ་ཏུ་དེབ་དེ་དག་དཔེ་སྐྲུན་བྱས་པའི་དབང་དུ་བཏང་ཚེ་དེབ་དེ་ནི་བཞད་གད་ཀྱི་གནས་གང་ཞིག་ཏུ་སླེབས་མིན་བདག་ཉིད་ནས་ཀྱང་དཔོགས་པར་དཀའ། དེར་བརྟེན་རྩོམ་པ་པོ་སུ་ཡིན་རུང་རང་གི་བརྩམ་བྱ་དཔེ་སྐྲུན་མ་བྱས་གོང་རང་གིས་བཀུར་བར་འོས་པའི་མཁྱེན་ལྡན་ཁག་ལ་མ་ཟིན་སྤྱན་ཞུར་ཕུལ་ནས་དགོངས་འཆར་བསྡུ་རུབ་ཀྱིས་སླར་གཞི་ཆེ་ཙམ་གྱི་བཟོ་བཅོས་མཛད་གལ་ཤིན་ཏུ་ཆེ་འདུག

གཉིས་སུ། རྩོམ་པ་པོ་འགའ་ཡིས་དགོངས་ན་སྒྲུང་ཞེས་པ་ནི་འབྲི་བདེ་བར་བརླམས་ཏེ་སྒྲུང་གི་བརྒྱུད་རིམ་ཁོ་ན་འགྲེལ་བཤད་དུ་བཀོད་གནང་མཛད་བཞིན་འདུག འོན་ཀྱང་བདག་ལ་ད་ལམ་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>འབྲི་རིང་མྱོང་ཚོར་བསམ་གྱིས་མི་ཁྱབ་པ་གཅིག་བྱུང་བ་སྟེ་སྒྲུང་ཞེས་པ་ནི་དེ་ཡི་བརྒྱུད་རིམ་གོ་རིམ་དུ་བསྒྲིགས་པ་ཙམ་མ་ཡིན་གྱིས་དེ་ནི་སྒྱུ་རྩལ་གྱི་ཕུང་པོ་གཅིག་ཏུ་བསྐྲུན་དགོས་འདུག གལ་ཏེ་སྒྲུང་ཞིག་སྒྱུ་རྩལ་གྱི་རོ་བཅུད་དང་མི་ལྡན་ན་དགའ་སར་དགའ་མི་ཐུབ་པའམ། སྐྱོ་སར་སྐྱོ་མི་ཐུབ་པ། འཇིགས་སར་འཇིགས་མི་ཐུབ་པ། ཁྲོ་སར་ཁྲོ་མི་ཐུབ་པ། མཛའ་སར་མཛའ་མི་ཐུབ་པའི་སྐྱོན་དང་ལྡན་པའི་རྩོམ་རིག་ཅིག་ཆགས་རྒྱུར་གདོན་མི་ཟའོ།། <<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ལ་ལྟོས་ན་མགོ་བྲོས་བྱོལ་ལས་བཙུགས་ཏེ་མཇུག་བྲོས་བྱོལ་དུ་རྫོགས་པ་དང་མགོ་མི་གསོད་ལས་བཙུགས་ཏེ་མཇུག་མི་གསོད་དུ་རྫོགས་པ། བཀྲས་ཟུར་ཚང་ཞེས་ཁྱིམ་དེའང་མི་གསོད་ཀྱི་འགལ་བའི་ཁྲོད་དུ་འཁོར་བའི་དཀྱིལ་འཁོལ་དེ་ལས་ནུབ་པ། ཐ་ན་སྒྲུང་མཁན་ཉིད་དེ་དྲེལ་པ་འབྲུག་རྒྱས་ཀྱང་རང་སྲོག་དོར་བ་བཅས་ཀྱི་འཆར་འགོད་ནི་སྒྲུང་དེ་དག་སྒྱུ་རྩལ་གྱི་ཕུང་པོ་གཅིག་ཏུ་སྐྲུན་གང་ཐུབ་བྱས་པ་ཡིན་སྙམས། སྒྱུ་རྩལ་ནི་སྒྲུང་གི་མགོ་ནས་མཇུག་བར་ཡོང་ཁྱབ་ཏུ་གནས་པར་དགོས་ཤིང་ཐ་ན་གཏམ་བཤད་ཀྱི་ནང་དུའང་སྒྱུ་རྩལ་གྱི་རོ་བཅུད་ལྡན་དགོས་འདུག་པ་སྟེ། རྫ་ར་སྦྲག་ཁང་དུ་རྐུ་ཇག་ཕན་ཚུན་གཏམ་གླེང་སྐབས་ལོག་སྐད་ཀྱི་ཐོག་ནས་དོན་བརྗོད་ཡོད་པ་སྟེ“ལུག”དང་། “ལུག་ཤ” “ལུག་རིན”སོགས་ལས་དེར་འཁོད་གཞན་རྨོངས་པར་བྱས་ཡོད་པ་ནི་སྒྱུ་རྩལ་ལས་ལྡན་པ་ཞིག་ཡིན་ཁུལ་དུ་བརྩམས། བརྩམས་བྱ་གཞན་ལས་དྲངས་ན་ལྷག་པ་ཕུན་ཚོགས་མཆོག་གི་ལྗགས་རྩོམ་སྟེ<<བུ་མོ་སྤུན་གསུམ>>ལས་སྐུ་དྲག་གི་སྲས་ཤིག་དང་ཕལ་བའི་བུ་མོ་རས་འཐག་པ་ཞིག་ཕར་ཚུར་མཛའ་བའི་དུས་ན་ཡུལ་དེའི་ལོག་སྐད་ཀྱི་ཐོག་ནས་གཏམ་གླེང་བྱས་ཡོད་པ་སྟེ། “ཁྱེད་རང”ཞེས་བརྗོད་པར“ཁེམ་ཁོ་རེམ་རང”དང་། “ང་རང”ཞེས་བརྗོད་པར“ངེམ་ང་རེམ་རང”ཞེས་བརྗོད་ཐབས་ཀྱང་ཧ་ཅང་གི་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་འདུག་སྙམ།

གསུམ་དུ། སྒྲུང་ནང་མི་སྣ་དགོས་ངེས་འཆར་འགོད་བྱེད་དགོས་པ་ལས་གཅིག་ཀྱང་འཐོལ་མི་རུང་། དེའང་རབ་ལ་མི་སྣ་གཅིག་ཆད་ན་སྒྲུང་ཧྲིལ་བོ་འགྲུབ་མི་ཐུབ་པ་བཟོ་དགོས་འདུག
<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ནང་མི་སྣ་གཙོ་བོ་བཞི་ཡོད་པ་སྟེ། དྲེལ་པ་འབྲུག་རྒྱས་དང་། བུ་མོ་པད་མ། སྲས་སྐུ་བགྲེས། ཨ་ཅག་མཚོ་རྒྱལ་བཅས་ཡིན་ཞིང་གལ་ཏེ་ཁོ་ཚོའི་ནང་ལས་མི་གཅིག་ཆད་ཚེ་སྒྲུང་དེ་དག་འགྲུབ་མི་ཐུབ། གཙོ་བོའི་མི་སྣ་ལྟ་ཞོག་མི་སྣ་ཕལ་བ་སྟེ། སྒོ་ཤར་གྱི་གནས་པོའམ། བུ་མོ་པད་མའི་ཕ་མ། བུ་མོ་པད་མའི་ཨ་ཁུ་སྟེ་རྫ་རའི་སྦྲག་པ། བཙོན་པ་ཁྱི་སྐྱག སྲས་སྐུ་བགྲེས་ཀྱི་ཡབ་ཡུམ་སོགས་ཅི་རིགས་མེད་རུང་སྒྲུང་དེ་དག་འགྲུབ་མི་ཐུབ། དེའང་བདག་གིས་རྒྱ་གར་གྱི་གློག་བརྙན་<<འཁྱམ་པོ>>ཞེས་པ་ལས་སློབ་སྦྱོང་བྱས་པ་ཡིན་སྟེ། སྒྲུང་དེའི་ནང་གི་མི་སྣ་ལཱ་ཙེ་དང་། རླིའི་ཏཱ། ཁྲིམས་དཔོན། ཇག་པ་དཔོན་སོགས་ཅི་རིགས་མེད་རུང་སྒྲུང་ཧྲིལ་པོ་འགྲུབ་མི་ཐུབ་པ་ལྟ་བུའོ།། འོན་ཀྱང་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ནང་མི་སྣ་འཐོལ་པ་གཅིག་ཡོད་པ་ནི་དབྱིང་གསལ་ཞེས་པའི་བུ་མོ་དེའོ།། དེ་དག་འཐོལ་པ་ཡིན་པ་ཤེས་བཞིན་དུ་འཇུག་དགོས་དོན་ནི་བཀྲས་ཟུར་ཚང་ཞེས་ཁྱིམ་ཚང་ཆེན་པོ་འདི་འདྲ་བར་བྱིས་པ་གཅིག་ཀྱང་མེད་ཚེ་འཚོ་བ་དངོས་དང་མི་འཚམས་པའི་རྨོངས་བསམ་ལས་བུ་མོ་དེ་དག་ཆེད་དུ་སྒྲུང་ནང་བཅུག་པ་དང་། མོ་འཐོལ་པ་ཡིན་པར་བརྟེན་སྒྲུང་འདི་རྫོགས་ཁར་“སླར་སྐྱེ་བོ་སུ་རུང་ལས་ཁྱིམ་འདིའི་སྐོར་འབྲི་བར་བརྩམས་ཚེ་མོ་ནི་གཙོ་བོའི་མི་སྣ་ཡིན”ཞེས་གལ་ཆེའི་ཁུལ་དུ་ཚིག་ཤས་བསྣན་ཡོད།

བཞི་རུ། སྒྲུང་ནང་དྲང་ཕྱོགས་མི་སྣར་ཀློག་པ་པོ་མགུ་བར་བྱེད་པའི་མཐུ་ནུས་ལྡན་དགོས་འདུག རྒྱུན་ལྡན་འཚོ་བ་དངོས་ནང་“མི་འདི་ཡག་པོ་འདུག”ཅེས་པ་ཐོས་རྒྱུ་མང་། འོན་ཀྱང་མི་དེ་ནི་ཡག་པོ་ཡིན་དགོས་དོན་གྱི་ཆ་རྐྱེན་ལ་དཔྱད་ན་གཞུང་དྲང་བ་དང་། སེམས་བཟང་བ། ཀུན་དང་མཐུན་པ་བཅས་ཀྱི་གཤིས་རྒྱུད་དང་ལྡན་པ་དག་གོ། དེས་ན་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ནང་གི་དྲང་ཕྱོགས་མི་ལའང་དེ་དང་མཚུངས་པའི་གཤིས་རྒྱུད་འཆར་འགོད་བྱས་ཡོད། དཔེར་ན། དྲེལ་པ་འབྲུག་རྒྱས་ལ་མཚོན་ན་ཁོ་ནི་ངོ་བོའི་ཐོག་ནས་བློ་སྟོབས་ཤིན་ཏུ་ཆེ་བའི་སྐྱེ་བོ་ཞིག་ཡིན་ནའང་ཁོ་པའི་སྤྱོད་པའམ་གཏམ་བཤད་ནང་དེ་འདྲའི་གཡའ་ཙམ་མངོན་རྒྱུ་ལྟ་ཞོག་རང་ཉིད་དམའ་ས་ཁོ་ན་བཟུང་ནས་སྡོད་མཁན་ཞིག་ཡིན་སྟབས་ཀློག་པ་པོ་ཀུན་གྱིས་ཁོ་པར་དགའ་པོ་བྱེད་རྒྱུ་མ་ཟད། བདག་ཉིད་རྩོམ་པ་པོར་ལྟོས་ནའང་དྲེལ་བ་འབྲུག་རྒྱས་སྲོག་ལས་དོར་སྐབས་མིག་ཆུ་དབང་མེད་དུ་ཤོར་བྱུང་། འཚོ་བ་དངོས་ནང་ཁ་ཅིག་ལས་གཏམ་དུ་“ཁོང་དང་ང”ཞེས་བརྗོད་སྲོལ་ལས“ང”ཉིད་ཆེ་རློམ་གྱིས་གཞན་གྱི་ཐོད་དུ་སྨྲ་བའི་གོམས་གཤིས་གཏན་ནས་མེད།

ལྔ་རུ། སྒྲུང་གཞིའི་འཆར་འགོད་ནང་ངོ་མཚར་དང་ལྡན་པའི་རྐྱེན་འགའ་ཡོད་དགོས་འདུག རྐྱེན་འདི་རིགས་ནི་རྐྱེན་ཆེན་ཡིན་དགོས་པ་སྟེ་མདོར་ན་མི་གཅིག་གི་མི་ཚེ་ཧྲིལ་པོར་ཡང་འགྱུར་བ་གཏོང་ཐུབ་མཁན་དེ་འདྲ་ཡིན་དགོས་པ་མ་ཟད། དེའང་ཀློག་པ་པོའི་ཚོད་རྩིས་ལས་ཡོངས་སུ་ལྡོག་པའི་ཕྱོགས་སུ་འཁྲིད་དགོས་འདུག དཔེར་ན་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ནང་རྫ་རའི་དོན་རྐྱེན་སྐབས་དྲེལ་པ་འབྲུག་རྒྱས་ཀྱིས་འགྲུལ་པ་རྨས་མ་དྲེལ་ཐོག་བསྐྱོན་ནས་སྲོག་སྐྱོབ་ཡོང་ཕྱིར་གནས་ཚང་རྗེས་མ་སྟེ་སྲིན་ལག་ཏུ་བསྐྱོད་སྐབས་ཀློག་པ་པོས་བསམ་ན་དེ་རུ་རོགས་རམ་ཐོབ་རྒྱུར་སྙམས། འོན་ཀྱང་དེ་ལས་ལྡོག་སྟེ་སྲིན་ལག་གི་གནས་མོའང་རྫ་རའི་གྱོད་གཞི་དང་འབྲེལ་བ་ཡོད་སྟབས་དཔང་རྟགས་མེད་པར་བཟོ་ཕྱིར་མོས་འགྲུལ་པ་རྨས་མ་གསོད་པར་བརྩམས་པ་ལྟ་བུའོ།། ཡང་དཔེར་ན། རྫ་རའི་དོན་རྐྱེན་ཐག་ཆོད་རྗེས་སྲས་སྐུ་བགྲེས་ལྷ་སར་གཟིམས་བཀྲས་རབ་པར་ཕྱིར་ལོག་སྐབས་ཀློག་པ་པོས་བསམ་ན་དེ་རུ་འོས་འཚམས་ཀྱི་འཚོ་ཐབས་གཅིག་ཏུ་གནས་པར་སྲིད་སྙམས་ཀྱང་བསམ་ཡུལ་ལས་འདས་པར་དེ་སླར་གཟིམ་ཤག་དེ་ལས་བྲོས་བྱོལ་དུ་ཕྱིན་པ་ལྟ་བུའོ།།

དྲུག་ཏུ། སྒྲུང་ནི་གཏམ་གྱི་སྒྱུ་རྩལ་ལ་བརྟེན་ནས་རྒྱས་བཤད་བྱེད་ཀྱི་ཡོད་པ་རང་རེས་ཤེས་ཟིན། འོན་ཀྱང་འདིར་བརྗོད་དོན་དུ་གཏམ་ཅི་འདྲ་ཞིག་ལ་བརྗོད་བྱ་ལེགས་ཞེས་བརྗོད་མིན་ཐད་རང་རིགས་ཀྱི་རྩོམ་པ་པོའི་ཁྲོད་དུ་ངོས་འཛིན་མི་འདྲ་བ་མེད་དམ་སྙམས་འདུག་པ་ལས། དེའང་མ་ཉུང་བ་ཞིག་ལས་བརྗོད་བྱ་ཉམས་དང་ལྡན་པ་ཞིག་ཡོང་ཕྱིར་སྙན་ངག་གི་རྒྱན་མང་ཙམ་རྒྱག་དགོས་པའམ་མངོན་བརྗོད་མང་ཙམ་སྤྱོད་དགོས་པ་སྟེ། མིག་ལ་འདྲེན་བྱེད་ལྟ་བུའམ་ལོ་ནར་བགྲང་བྱ་ལྟ་བུ་འབྲི་ཐབས་ལ་ཤིན་ཏུ་ཞེན་འདུག བདག་གིས་བསམ་ན་རྩོམ་རིག་ཅིག་ཕལ་སྐད་ལས་འདས་ཏེ་བརྡ་རྙིང་པར་བྲིས་ཡོད་ཚེ་དེའང་མི་ལེགས་པ་མིན། འོན་ཀྱང་རང་ཅག་གི་དེང་གི་རྩོམ་རག་ཕལ་མོ་ཆེ་ནི་ཕལ་སྐད་ཁོ་ན་ཡིན་སྟབས་གློ་བུར་ཏུ་མངོན་བརྗོད་ཀྱི་རྒྱན་ཇི་སྙེད་འཁོད་ཚེ་བདེ་བའི་རྩྭ་ཐང་ཞིག་སྟེང་བྲག་གོང་ཇི་སྙེད་རྡོག་ཏུ་ཐོན་པ་ལྟ་བུར་འདུག་ཅིང་། བརྗོད་བྱ་ནི་ཅིས་ཀྱང་བདེ་པོ་ཞིག་དགོས་པར་འདུག

སྔར་གྱི་མཁས་པ་དག་ལས་རང་ཅག་ལ། “བརྗོད་བྱ་ཁ་གསལ་གོ་བདེ་དགོས”ཞེས་གསུང་མྱོང་འདུག་པ་ནི་ཤིན་ཏུ་བདེན་ནོ་སྙམས། དེ་ལ་རྒྱ་སྐད་དུའང་ཆ་འདྲའི་ཐ་སྙད་འདུག་པ་ནི“通俗易懂”སྟེ“གོ་བདེ་ཤེས་སླ”ཞེས་པའི་དོན་ནོ།། དེར་བརྟེན་བརྗོད་བྱ་ཅི་རིགས“ཁ་གསལ་གོ་བདེ”ཁོ་ན་ཡོང་རྒྱུར་བརྩོན་དགོས་འདུག དཔེར་ན། བདག་གི་བོད་ཡིག་གི་ཆུ་ཚད་ནི་ཤིན་ཏུ་དམའ་ཞིང་མདོར་ན་སྙན་ངག་ཅེས་པའི་སྒོ་འགྲམ་དུའང་སླེབས་མ་མྱོང་། འོན་ཀྱང་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ནི་བརྗོད་བྱ་བདེ་འདུག་ལྷུན་གྲུབ་རྣམ་རྒྱལ་མཆོག་ནས་ཡང་ནས་ཡང་དུ་དྲན་གསོ་གནང་མྱོང་བ་མ་ཟད་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>དུས་དེབ་༨༨པ་ལས། “རྗོད་བྱེད་ཚིག་སྦྱོར་བདེ”ཞེས་འཁོད་འདུག་ཅིང་། དེ་ནི་བདག་གིས“བརྗོད་བྱ་ཁ་གསལ་གོ་བདེ་དགོས”ཞེས་རྩ་དོན་དུ་བཟུང་བའི་རྐྱེན་ཁོ་ནའོ།།

<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>ཀྱི་བརྗོད་བྱར་དཔྱད་ན་ཚིག་སྒྲུབ་ཐུང་ངུ་ཁོ་ན་ལས་གྲུབ་པ་ཚོར་ཐུབ། དེ་ནི་བདག་བྱིས་པའི་དུས་སུ་རྩོམ་ཡིག་འབྲི་ཁར་དགེ་རྒན་ནས་“ཚིག་སྒྲུབ་རིང་པོ་འབྲི་མི་དགོས་ཨང”ཞེས་ཡང་དུ་གསུངས་མྱོང་རུང་ལོ་ན་ཕྲ་བའི་དབང་གིས་དེ་ཡི་གོ་དོན་མ་རྟོགས། ད་ལམ་<<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>འབྲི་རིང་དེ་ཡི་གོ་དོན་བདག་ལ་གསལ་རྟོགས་བྱུང་བ་ནི་ཚིག་སྒྲུབ་ཐུང་ན་གཏམ་གྱི་མདོག་ཁ་ཁ་གསལ་དུ་མཚོན་ཐུབ་པའི་རྐྱེན་ལས་སོ།། བདག་གིས་འཛམ་གླིང་ན་གྲགས་པའི་རྩོམ་རིག་ཇི་སྙེད་ལ་དཔྱད་པས་མང་ཆེ་བ་ནི་ཚིག་སྒྲུབ་ཐུང་ངུ་ལས་གྲུབ་འདུག ལྷག་པར་འཛམ་གླིང་ན་གྲགས་པའི་རྩོམ་པ་པོ་མག་ཀྲོ་ཝེན(Mark Twain)གྱི་རྩོམ་རིག་ནི་ཚིག་ཐུང་ཁོ་ནར་འཁོད་འདུག

བརྡ་དག་ནང་ཚིག་སྒྲུབ་ཀྱི་རིག་པ་སྟེ། 句法ལས་ཚིག་སྒྲུབ་གཅིག་ལ་དོན་གཉིས་གསུམ་མམ། ཐ་ན་བཞི་ལས་བརྒལ་མི་ཉན་པའི་བསླབ་བྱ་ཡོད། དཔེར་ན། “ང་ཁྲོམ་ལ་འགྲོ”ཞེས་པ་ནི་ཚིག་སྒྲུབ་ལེགས་པོ་ཞིག་ཡིན་མོད། དེ་ཡི་རྒྱུ་མཚན་ནི་བརྗོད་དོན་གསལ་པོ་ཡོད་པའི་རྐྱེན་ལས་ཡིན། གལ་ཏེ་རང་རེས་སྟེས་དབང་དུ་དེ་ལ་ཚིག་གྲོགས་མང་པོ་ཞིག་བསྣན་ནས “ང་ཁྲོམ་ན་ཕྱིན་ནས། སྐྱེ་བོ་ཆེ་གེ་མོ་ཞིག་དང་ཐུག་འཕྲད་ཀྱིས་བྱ་བ་ག་གེ་མོ་ཞིག་བསྒྲུབས་ནས། འབྲས་བུ་ག་གེ་གོ་ཞིག་ཐོབ་པ་བྱེད་རྒྱུ་ཡིན”ཞེས་བརྗོད་ཚེ་དེ་ཡི་བརྗོད་དོན་གོ་མི་བདེ་བར་འགྱུར་རྒྱུ་མ་ཟད་“ཁྲོམ་ལ་བསྐྱོད་རྒྱུ”དེ་གཙོ་བོ་ཡིན་དང་“བྱ་བ་གཞན་ཞིག་བྱེད་རྒྱུ་དེ”གཙོ་བོ་ཡིན་པའི་གཙོ་ཕལ་གྱི་དབྱེ་བའང་འབྱེད་པར་དཀའ། བདག་གིས་དཔྱད་པར་གཞིགས་ན་རང་ཅག་གི་རྩོམ་རིག་མང་པོར་ཚིག་སྒྲུབ་རིང་པོ་ཧ་ཅང་མང་པོ་འདུག་པ་སྟེ་ཐ་ན་ཚིག་སྒྲུབ་གཅིག་ལ་ཚེག་ཁྱིམ་སུམ་བརྒྱ་ཡོད་པའང་མཇལ་རྒྱུ་འདུག དེ་འདྲའི་ཚིག་ནང་ཉུང་མཐར་ཡང་དོན་ཚན་བཅུ་གྲངས་འདུ་དགོས་སྟབས་རྩོམ་པ་པོའི་བརྗོད་དོན་གཙོ་བོ་ཅི་ཡིན་ཡེ་ནས་དཔོགས་པར་དཀའ། དེར་བརྟེན་རྩོམ་ཡིག་ཇི་འདྲ་རུང་ཡོངས་སུ་ཚིག་སྒྲུབ་ལས་གྲུབ་པ་ཤ་སྟག་ཡིན་སྟབས་རང་རེས་ཚིག་སྒྲུབ་རེ་རེ་བཞིན་གྱི་གོ་དོན་ཁ་གསལ་གོ་བདེ་ཡོང་བ་བྱེད་རྒྱུར་བརྩོན་གལ་ཤིན་ཏུ་ཆེ།

བདུན་དུ། ཞར་བྱུང་དུ་མྱོང་ཚོར་བྱེ་བྲག་ཅིག་བྱུང་བ་ནི་དུམ་མཚམས་དབྱེ་སྟངས་སྐོར་ཡིན། དུམ་མཚམས་དབྱེ་སྟངས་ལས་རྩོམ་རིག་ཁ་གསལ་གོ་བདེ་ཡོང་རྒྱུར་རམ་འདེགས་ཐུབ། དེར་བརྟེན་དུམ་མཚམས་དབྱེ་སྟངས་ལ་རྩ་དོན་ཞིག་དགོས་པ་ནི་དོན་ཚན་བྱེ་བྲག་པ་རེད་དུམ་མཚམས་རེ་དབྱེ་ན་འཚམས། འོན་ཀྱང་རྩོམ་པ་པོ་འགའ་ནས་འབྲི་བཞིན་འབྲི་བཞིན་དུམ་མཚམས་དབྱེ་རྒྱུ་སྙེལ་གྱི་ཡོད་པའམ་དུམ་མཚམས་ཁོ་ན་ཆེད་དུ་རིང་པོ་བཟོ་གནང་མཛད་ཀྱི་ཡོད་པ་ཆ་མི་རྟོགས་ཤིང་། དོན་དུ་བདག་གིས་དཔྱད་པར་གཞིགས་ན་དུམ་མཚམས་གཅིག་ལ་ཤོག་ལྷེ་དགུ་ཙམ་ཡོད་པའང་མཇལ་རྒྱུ་འདུག

མཇུག་ཏུ། <<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད>>འབྲི་རིང་བདག་ལ་རྩོམ་རིག་ཐད་ཀྱི་ཤེས་བྱ་ཐོབ་པ་ནི་ཚད་ལས་འདས། འདིར་བཀོད་པ་ནི་བརྗོད་དོན་གཙོ་བོ་དག་ཡིན་ཞིང་རབ་ལ་རང་རིགས་ཀྱི་རྩོམ་པ་པོ་རྣམས་ནར་སོན་ཡོང་ཕྱིར་མྱོང་ཚོར་སྤེལ་རེས་ཀྱི་ཚོགས་འདུ་འགའ་དགོས་ངེས་འདུག

འཕྲུལ་དེབ་ཕབ་ལེན་གྱི་འབྲེལ་ཐག https://drive.google.com/file/d/0B_GU8mdBqTGxV0JHaWNhd1hrZlk/view

བརྒྱུད་སྐུལ།

མཆན་སྤེལ།