བཙན་པོའི་རྒྱལ་རབས་སྐབས་ཀྱི་དབའས་སྟག་སྒྲ་ཁོང་ལོད་དང་སྟག་སྒྲ་ཀླུ་ཁོང་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།

བཙན་པོའི་རྒྱལ་རབས་སྐབས་ཀྱི་དབའས་སྟག་སྒྲ་ཁོང་ལོད་དང་སྟག་སྒྲ་ཀླུ་ཁོང་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།

བོད་ལྗོངས་ཞིབ་འཇུག་གི་ཕུལ་བྱུང་བརྩམས་ཆོས།

 

རྩོམ་པ་པོ། ཚེ་རིང་དོན་གྲུབ། ཚེ་རིང་དོན་གྲུབ། [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་པོ་དབའས་སྟག་སྒྲ་ཁོང་ལོད་དང་སྟག་སྒྲ་ཀླུ་ཁོང་གཉིས་ཀྱི་རུས་ཁུངས་སམ་མཛད་རྗེས་དང་། ཆོས་ལུགས་དད་མོས་སོགས་ལ་དབྱེ་ཞིབ་བྱས་ཏེ་ལོ་རྒྱུས་ཐོག་གི་མི་སྣ་འདི་གཉིས་ཀྱི་མཛད་རྗེས་སྐོར་དང་དེ་ལས་འཕྲོས་པའི་ལོ་རྒྱུས་སྐོར་ལ་དཔྱད་གླེང་བྱས་ཡོད།

[བརྡ་ཆད་གཙོ་བོ།] སྟག་སྒྲ་ཁོང་ལོད། སྟག་སྒྲ་ཀླུ་ཁོང་། མཛད་རྗེས། [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག ]1002

གཅིག དབའས་སྟག་སྒྲ་ཁོང་ལོད་ཀྱི་རུས་ཁུངས་སམ་མཛད་རྗེས་བཤད་པ།བོད་བཙན་པོའི་རྒྱལ་རབས་སམ་ཡང་ན་དེ་ལས་ཀྱང་སྔ་བའི་དུས་ནས་བཟུང་དབའས་ཀྱི་མི་རྒྱུད་དམ་ཁྱིམ་རྒྱུད་ནང་ནས་བཙན་པོའི་བློན་རབས་སུ་ཚུད་པའི་བློན་པོ་གཙོ་གྲས་མང་པོ་ཞིག་བྱུང་ཡོད་པ་དེ་དག་གིས་བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་རྒྱ་བསྐྱེད་དང་། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཐད་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། དབའས་ཀྱི་རུས་རྒྱུད་འདི་ནི་བཙན་པོའི་རྒྱལ་རབས་སྐབས་ཤུགས་རྐྱེན་ཅུང་ཆེ་བའི་གནའ་བོའི་རུས་རྒྱུད་རྙིང་པ་ཞིག་ཡིན་པ་དང་། དེ་ནི་བོད་ཀྱི་རུས་ཆེན་སེ་རྨུ་སྟོང་ལྡོང་བཞི་ལས་རྨུ་(དམུ་)ལས་ཆད་པར་མངོན་ཏེ།“རྨུ་ཚ་ལྒའི་ཆེ་དྲུག་དེ། ཐོས་རུས་སྟག་རུས་སྟོད་ན་ཡོད། བྱ་ཅན་ཁྲབ་ཅན་སྟོད་ན་ཡོད། བྱ་རྗེ་སྤེན་ཐོག་སྟོད་ན་ཡོད། ཆེ་དྲུག་མཚན་གྱི་གཙུག་དྲུག་དེ། ལྒ་ལ་བྱེས་པ་ཡུལ་པ་གཉིས། ལྟག་རུས་ཡུལ་སྟག་འབྲོག་སྟག་གཉིས། དབའས་ལ་ཆེ་སྐོར་ཆུང་སྐོར་གཉིས། ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། དགེ་དང་(འོ་)” ①ཞེས་པ་ལྟ་བུ་ལས་ཤེས་ཐུབ། དེ་མིན་《བོད་མི་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》དུ་“ལྡོང་དང་། འབྲུ་དང་སྦྲ་དང་སྒོ་བཞི་ནི་གཙོ་བོའི་རིགས་རྣམས་ལ་ཐོགས་ཤིང་རུས་ཆེན་དུ་གྲགས་པ་ཡིན་ལ། དེའི་འཕྲོའི་རིགས་ཆེན་བཞི་གའི་ལྷག་མ་དམངས་རིགས་ཐམས་ཅད་པོ་བསྡུས་ཤིང་ཚན་པ་གཉིས་སུ་བགོས་ཏེ། གཅིག་ལ་དཔའ་འམ་དབའ་དང་། གཅིག་ལ་མདའ་འམ་ཟླ་ཞེས་བཏགས་ལ། བོད་མི་གདོང་དྲུག་ཟེར་བ་ནི། མི་བུ་རུས་དྲུག་ཞང་བོ་སྒོ་དང་བདུན་ཞེས་པ་དེ་ཡིན་ལ། དབའ་ཡི་རིགས་ལ་ཐོག་མའི་ཞང་པོ་དང་ཟླ་ཡི་རིགས་ལ་ཚ་བོ་བྱུང་བས། ཚ་ཞང་གཉིས་ཀྱི་རིགས་ཀྱང་ཟེར་བས་ཚ་ཞང་ཡང་གྲགས་སོ། དབའ་ཡི་རིགས་ལ་གཡང་དང་འཕེལ་ཚ་སོགས་རུས་མང་བགྲང་ལས་འདས་པ་དག་བྱུང་” ②ཞེས་པ་ལས་དབའ་ཡི་རུས་ནི་བོད་རུས་ཆེན་དྲུག་གི་ཡ་གྱལ་ཞིག་ཡིན་པ་བསྟན་པ་ལས་དེ་ནི་གནའ་སྔ་མོའི་དུས་ཀྱི་རུས་རྙིང་པ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ། ཡང་དབའས་དང་དབའ། དབས་སོགས་འབྲི་སྟངས་ཅི་རིགས་ཤིག་ཡོད་པ་ནི་སྐད་གསར་བཅད་སྐབས་ཡི་གེ་སོར་ཡང་བའི་ཆེད་འ་མཐའ་སྐོར་ཅིག་དོར་བ་དང་མ་དོར་བའི་ཁྱད་པར་ལས་འབྲི་སྟངས་མི་འདྲ་བ་བྱུང་བ་མ་གཏོགས་དེ་དག་རུས་ཁུངས་སོ་སོ་བ་ཞིག་ནི་མ་ཡིན། ཡང་ཏུན་ཧོང་གཏེར་ཡིག་ལས་“ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས་”③ཞེས་པས་རྒྱལ་ཕྲན་སིལ་མའི་དུས་ནས་བཟུང་རུས་དབའས་ཅན་གྱི་བློན་པོ་ཆབ་སྲིད་ཀྱི་གར་སྟེགས་སྟེང་བྱུང་ཡོད་པ་མངོན་ལ། དེ་རྗེས་བཙན་པོའི་རྒྱལ་རབས་སྐབས་སུ་བློན་གཙོ་གྲས་སུ་ཆབ་སྲིད་གར་སྟེགས་སྟེང་ཐོག་མར་བྱོན་མཁན་ནི་དབའས་ཕང་ཏོ་རེ་དབྱི་ཚབ་ཡིན། ཁོང་ནི་སྟག་རི་གཉན་གཟིགས་ཀྱི་དུས་ནས་བཟུང་བཙན་པོའི་རྒྱལ་རབས་དང་འབྲེལ་བ་བྱུང་ཡོད་ལ། གནམ་རི་སྲོང་བཙན་སྐབས་ད་གཟོད་མྱང་དབའས་གནོན་གསུམ་གྱིས་ཟིང་པོ་རྗེའི་སྲིད་བརླགས་ཏེ་སྤུ་རྒྱལ་གྱི་མངའ་ཞབས་སུ་འོངས་པ་ཡིན། དེ་ཡང་ཏུན་ཧོང་ཡིག་རྙིང་ནང་“བཙན་པོ་སློན་མཚན་དང་། སློན་ཀོལ་མཆེད་གཉྀས་ཀྱིས་མྱང་ཙེང་སྐུ་དང་། དབའས་དབྱྀ་ཚབ་དང་། དབའས་མྱེས། སྣང་དང་། དབའས་པུ་ཚུབ་དང་། མནོན་འདྲོན་པོ་དང་། ཚེས་པོང་ནག་སེང་དྲུག བྲོ་སྩལ་པ་འྀ་ཚིག་ནྀ་” ④ཞེས་གསལ་བ་ལས་གནམ་རི་སྲོང་བཙན་དང་མནའ་བོར་བའི་གྲས་སུའང་དབའས་དབྱི་ཚབ་དང་དབའས་མྱེས་སྣང་།དབའས་པུ་ཚབ་ལྟ་བུའི་དབའས་ཀྱི་མི་སྣ་གཙོ་གྲས་གསུམ་ཡོད་པ་དང་། དེ་མཚུངས་གནམ་རི་སྲོང་བཙན་གྱིས་དབའས་དབྱི་ཚབ་ཀྱི་བྱ་དགར། ཟ་གད་གཤེན་གྱི་ཡུལ་དང་མལ་ཏྲོ་ཕྱོགས་ཀྱི་བྲན་ཁྱིམ་སྟོང་ལྔ་བཅས་བསྩལ་ནས་བློན་གཙོ་གྲས་སུ་བཅུག་ཡོད་ལ། སྲོང་བཙན་སྒམ་པོའི་སྐབས་“དབྱི་ཚབ་དངོས་དང་། བུ་བ་སེ་དོ་རེ་ཉ་སྟོ། སྣང་ཏོ་རེ་སུམ་སྣང་། ཁྲྀ་སུམ་རྗེ་ཅུང་། མང་རྗེ་པུ་ཚབ་དང་བདུན་གྱིས་བྲོ་བོར་རོའ། ”⑤ཞེས་བཙན་པོ་དང་དབའས་དབྱི་ཚབ་ཕ་ཚན་བདུན་སོགས་རྗེ་བློན་རྣམས་ཀྱིས་བྲོ་བསྩལ་མནའ་བོར་བ་དང་། དབའས་དབྱི་ཚབ་གུམ་ན་བང་སོ་བརྩིགས་པ་དང་དུར་འཇུག་ཏུ་རྟ་བརྒྱ་ཐམ་པ་བཀུམ་ནས་གཞུང་ནས་དུར་འཇུག་བྱ་རྒྱུ་ཡིན་པ་བཅས་ཀྱི་ཁས་འཆེས་ཡོད།

དེ་ལྟར་སྐབས་འདིར་དབའས་ཀྱི་རུས་རྒྱུད་ལ་བོད་བཙན་པོའི་མཐོང་ཆེན་དང་དམིགས་བསལ་གྱི་ཐོབ་ཐང་མང་པོ་གནང་བ་ནི་བློན་པོ་གཞན་སུ་ལས་ཀྱང་ལྷག་པ་དེ་ལས་སྐབས་དེར་བོད་བཙན་པོའི་བློན་གྲས་སུ་དབའས་ཀྱི་རུས་རྒྱུད་ཀྱིས་གོ་གནས་གལ་ཆེན་ཟིན་ཡོད་པ་རྟོགས་ཐུབ། འདིར་གླེང་བར་བྱ་བའི་དབའས་ཀྱི་རུས་རྒྱུད་ལས་བྱུང་བའི་དབའས་སྟག་སྒྲ་ཁོང་ལོད་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་བློན་པོ་ཡིན་ལ། ཁོང་གི་མཛད་རྗེས་སྐོར་ལ་ཏུན་ཧོང་གཏེར་ཡིག་ལྟར་ན་“སྟག་གྀ་ལོ་ལ་(སྤྱི་ལོ་༧༢༦)…..མདོ་སྨད་ཀྱྀ་དགུན་འདུན་སྟག་སྒྲ་ཁོང་ལོད་གྱྀས། གཙེ་ནམ་ཡོར་དུ་བསྡུས་པར་ལོ་གཅྀག”⑥ཅེས་པ་དང་། ཡང་“ཡོས་བུའྀ་ལོ་ལ་(སྤྱི་ལོ་༧༢༧)བཙན་པོ་དབྱར་ཆབ་སྲྀད་ལ་འ་ཞ་ཡུལ་དུ་གཤེག་སྟེ། ཤུལ་དུ་དབའས་སུམ་པོ་སྐྱེས་བཀའ་གྱོད་ལ་ཆགས། རྒྱའྀ་མཁར་ཀྭ་ཆུ་སྀན་ཅང་ཕབ། བློན་ཆེན་ཕོ་མང་ཞམ་གུམ། དགུན་བཙན་པོ་ཕོ་བྲང་ཇོར་གོང་སྣ་ནའ་བཞུག་སྟེ། འབོན་འ་ཞ་རྗེ་དང་། ཞང་དབོན་གདན་ཚོམ། དབའས་སྟག་སྒྲ་ཁོང་ལོད་བློན་ཆེན་པོར་བཀའ་བསྩལད། འ་ཞ་ཕལ་ཕོ་ཆེ་བྱ་སྒ་སྩལད། བོད་ཡུལ་གྱྀ་དགུན་འདུན་སྐྱི་ལྷས་གང་ཚལ་དུ། ཞང་འབྲྀང་རྪན་ཁྱྀ་བུས་བསྡུས་མདོ་སྨད་གྱྀ་འདུན་མ་འབྲོ་ལྖྀའུ་ལུང་དུ་བློན་ཁྲྀ་གཟིགས་གནང་ཁོང་གྱྀས་བསྡུས་པར་ལོ་གཆྀག”⑦ཅེས་འཁོད་པ་ལས་སྤྱི་ལོ་༧༢༦ལོ་ནས་བཟུང་དབའས་བློན་སྟག་སྒྲ་ཁོང་ལོད་བོད་བཙན་པོའི་ཆབ་སྲིད་གར་སྟེགས་ཐོག་མངོན་ཞིང་། ལོ་འདིར་མདོ་སྨད་ཀྱི་དགུན་འདུན་བསྡུ་བའི་མི་སྣ་གཙོ་གྲས་ཡིན་པ་དང་། ལོ་དེའི་ཕྱི་ལོར་སྟག་སྒྲ་ཁོང་ལོད་བོད་བཙན་པོའི་བློན་ཆེན་དུ་བསྐོ་འཇོག་གནང་བ་དང་། འ་ཞ་ཕལ་མོ་ཆེ་བྱ་དགར་སྩལ་ཡོད། གཞན་ཡང་། དུས་སྐབས་འདིར་“རྒྱལ་པོ་ཁྲི་ལྡེ་གཙུག་བཙན་གྱྀ། རིང་ལ། རྗེད་(རྗེར་)གཤྀན་ཚིས་འཇམ། སྟེ། མྱྀ་ཡོངས་ཀྱིས་སྐྱིད་དོ། ། བློན་ཆེ་སྟག་སྒྲ་ཁོང་ལོད་དང་། རྗེ་བློན་མོལ་ནས། །རྒྱལ་པོ་ཞབས་ཀྱྀས་བཙུགས་ཏེ། །རྒྱ་ལ་ཆབ་སྲིད་མཛད་ན། །རྒྱ་འི་མཁར་ཀྭ་ཅུ་སྩོགས་པ་ཕབ་སྟེ། །དེ་ཙམ་ན་རྒྱ་འི་སྲིད་ཆེ་ནས། །བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ། །ཏ་ཟྀག་ལ་ཐུག་པ་མན་ཆད་རྒྱ་འྀ་ཁམས་སུ་གཐོགས་སྟེ། །རྒྱའི་ནོར་མང་པོ་སྟོད་ཕྱོགས་སུ་འདོན་པ་རྣམས། །ཀྭ་ཅུ་ན་ཚོགས་བྱས་པ་ལས། ། ཐམས་ཆད་བོད་ཀྱི་ཕབ་སྟེ་བཞེས་པས། བླར་ཡང་དཀོར་མང་པོ་བརྙེས། །འབངས་མགོ་ནག་པོས་ཀྱང་། རྒྱ་དར་བཟང་པོ་ཁྱབ་པར་ཐོབ་བོ། །”⑧ཞེས་བཙན་པོ་དང་བློན་སྟག་སྒྲ་ཁོང་ལོད་རྗེ་བློན་མོལ་ནས་ཐང་རྒྱལ་རབས་ལ་དམག་དྲངས་ནས་མཁར་ཀྭ་ཅུ་སོགས་ཕབ་པ་དང་། དེ་བཞིན་རྒྱའི་ཡིག་ཚང་དུའང་“ལོ་དེའི་ཟླ་དགུ་པར། བྷོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་ཁོང་ལོད་དང་། འབྲོ་ལུང་མང་པོ་རྗེ་བྱ་བ་གཉིས་ཀྱིས་བཀྭའ་ཀྲིག་ཏུ་དམག་དྲངས་ཏེ། དེ་གའི་ཚི་ཧྲི་ཐེན་ཡོན་ཞན་དང་ཝང་ཅུན་ཕྲོ་ཡབ་ཝང་ཧྲིག་གཉིས་བཟུང་། མཁར་དུ་ཡོད་པའི་རྒྱུ་ནོར་རྣམས་འཕྲོག་སྟེ་འཁྱེར། མཁར་ཀྱང་བཤིག་སྟེ་ཕྱིར་ལོག་དེ་ནས་བྷོད་དམག་ཡུས་མིན་ཅུན་དང་ཁྲང་ལའོ་ཞན་ལ་དྲངས། ཞན་ལིན་གྱི་ཐབས་ཡོད་པ་ཅ་ཧྲི་ཧྲུན་བྱ་བས་མཁར་སྲུང་ནས་ཉིན་བརྒྱད་ཅུར་འཐབ་པ་ན། བྷོད་དམག་ཕྱིར་ལོག་སོང་”⑨ཞེས་པ་ལས་སྟག་སྒྲ་ཁོང་ལོད་ནི་སྐབས་དེའི་བོད་བཙན་པོའི་ཕྱི་ནང་གཉིས་ཆར་སྤྱོད་སྒོ་ཆེ་བའི་བློན་པོ་གཙོ་བོ་ཞིག་ཡིན་པ་ཤེས་ཐུབ།

གཉིས། ངན་ལམ་སྟག་སྒྲ་ཀླུ་ཁོང་གི་རུས་ཁུངས་སམ་མཛད་རྗེས་བཤད་པ།སྟག་སྒྲ་ཀླུ་ཁོང་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་མཛད་རྗེས་ཆེ་བའི་བློན་པོ་ཞིག་ཡིན་ཏེ། ཁོང་གིས་བཙན་པོ་ཁྲི་ལྡེ་གཙུག་བཙན་དང་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱི་རིང་ལ་ཕྱི་ནང་གཉིས་ཀྱི་ཆར་མཛད་རྗེས་མི་དམན་པ་བཞག་གནང་ཡོད། ཁོང་གི་ལོ་རྒྱུས་སྐོར་ལ་《རྗེ་འབངས་རྣམས་ཀྱི་རིགས་རུས་ཀྱི་འབྱུང་ཁུངས་གསལ་བའི་སྒྲོན་མེ་》ལས། “…… རུས་རིགས་བཞི་རུ་དབྱེ་བ་ལས། སེ་དང་། རྨུ། ལྡོང་དང་། སྟོང་བཞིའོ། དེ་ལས་སོ་སོར་ཕྱེ་བ་ལ། སེ་ལས་བྱུས་ལེགས་བུ་བཞི་སྲིད། རྨུ་ལས་ཀོད་ལི་སྲ་བརྒྱད་སྲིད། ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད།…..རྨུ་ལས་ཀོ་ལེ་ཕྲ་བརྒྱད་སོ་སོར་གྱེས་པས་རིགས་རུས་ཀྱི་མིང་ནི་ངབ་དང་གཞུབ་དང་། བཞུབ་དང་སྨོན། འགར་དང་། དཀར་དང་སྙོས་དང་། ངན་ལམ་སྟེ་བརྒྱད་ཡིན་ནོ།□”⑩ཞེས་པ་ལས་ངན་ལམ་ནི་བོད་གནའ་བོའི་རུས་ཆེན་བཞིའི་ནང་གསེས་རྨུ་ལས་གྱེས་པའི་རུས་རྙིང་པ་ཞིག་ཡིན་པ་དང་། ཁོང་གི་མཛད་རྗེས་སྐོར་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཞེངས་པའི་ཞོལ་རྡོ་རིང་ཕྱི་མའི་ནང་“བློན་སྟག་སྒྲ་ཀླུ་ཁོང་། ནང་བློན་ཆེན་པོ་དང་ཡོ་གལ་འཆོས་པ་ཆེན་པོར། བཀའ་སྩལ། གྱིས་ཀྱང་། བཀའ་ལུང་དང་འདྲ་བར། རྗེས་བླས་དཀའ་དགུ་ཉམསུ་བླངས་ཏེ་ཕྱི་ནང་གཉྀས་གྱི་ཆབ་སྲིད་ཁབ་སོ་□(ལ་)དཔེནད་པ་དང་ཆེ་ཆུང་གཉིས་ལ་དྲང་ཞིང་སྙོམས་ཏེ། བོད་མགོ་ནག་པོའི་སྲིད་ལ་ཕན་པ་ལེགས་དགུ་བྱས་སོ། ” ⑪ཞེས་རྗེ་བོའི་བཀའ་ལུང་ཉམས་སུ་བླངས་ནས་ཕྱི་ནང་གཉིས་ཀྱི་ཆབ་སྲིད་དང་ཁབ་སོ་སོགས་ལ་ཕན་པ་ཆེ་དགུར་བྱས་པ་གཟེངས་སུ་བསྟོད་ཡོད་ཅིང་། ཡང་དེ་ལས། “ངན་ལམ་ཀླུ་ཁོང་གིས། ། གློ་བ་ཉེ་བའི་རྗེ་བླས་བྱས་པ། །འབལ་ལྡོང་ཙབ་དྔ་། ལང་མྱེས་ཟིགས། བློན་པོ་ཆེན་ཕོ་བྱེད་བྱེད་པ་ལས། གློ་བ་རིངྶ་ནས། ། བཙན་ཕོ་ཡབ་ཁྲྀ་ལྡེ་གཙུག་རྩན་གྱི་སྐུ་ལ་དརད་ཏེ་དགུང་དུ་གཤེགས་སོ། ། བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དར་ད་དུ་ཉེ། ། བོད་མགོ་ནག་པོའི་སྲིད་ནྀ་འཁྲུག་དུ་བྱེད་པ་ལས། ཀླུ་ཁོང་གིས། འབླ་དང་། ལང་གློ་བ་རིངས་པའྀ་གཏྣ་གཙིགས། ། བཙན་ཕོ་སྲས་ཁྲྀ་སྔོ་ལྡེ་བརྩན་གྱི་སྙན་དུ་གསོལད་ནྶ་འབལ་དང་། ལང་གློ་བ་རིངས། བདེན་པར་གྱུརད་ཏེ། ཁོང་ཏ་ནྀ་བཀྱོན་ཕབ་སྟེ། །ཀླུ་ཁོང་གློ་བ་ཉེའོ་” ⑫ཞེས་པ་ལས་སྟག་སྒྲ་ཀླུ་ཁོང་ནི་བཙན་པོ་ལ་བསམ་པ་དཀར་བ་དང་ཁ་ཞེ་གཉིས་མེད་ཡིན་པ་དང་། “ངན་ལམ་ཀླུ་ཁོང་གློ་བ་ཉེ་ལ་བཀའ་གྲོས་ཆེ་ནས། ཐུགས་བརྟནད་ཏེ། ནང་བློན་བཀའ་ལ་གཏོགས་པར་བཅུག་ནས། ། རྒྱའྀ་སྲིད་གྱྀ་ཉམ་དྲོད་རྟོག་ཅིང་། ཁར་ཙན་ཕྱོགས་སུ་ཐོག་མ་དྲངས་པའྀ། དམག་དཔོན་དུ། བཀའ་སྩལད་གྱིས་གྱང་། དགྲའ་ཐབས་མཁས་ལ་གྲོས་གྱིས་སོད་དེ་རྒྱའི་ཁམས་སུ་གཏོགས་པའྀ་འ་ཞ་དང་པོ་བསྡུས། རྒྱ་ལས་མནངས་ཕལ་□ཆེ་བཅད་པས། རྒྱ་སྤ་གོང་སྟེ། །རྒྱའྀ་ཁམས་སུ་གཏོགས་པ་དབྱར་མོ་ཐང་། □□□□□□ན་དང་། ཙོང་ཀ་ཕྱོགྶ་□□□□□□□དང་ནས་ལས་སྩོགསྶ□□□□□□དང་ཕོགཅལད། ཀླུ་ཁོང་གིས་□□□□□□འཁྲུགས་པའྀ་དགྲ་□□□□□□ཆབ་སྲིད་ཆེན་ཕོ་མཛྡ་□□□□□□བཀའ་གྲོས་ཆེན་ཕོ་གསོལྡ་□□□□□□གློ་བ་ཉེ་ཞིང་ཆབ་སྲྀད་ལ་དཔེནད་པའི་སེམས་དཀའ་ཕ་བྱསོ། ”⑬ཞེས་པ་ལས་སྟག་སྒྲ་ཀླུ་ཁོང་ཐུགས་བརྟན་ལ་བློ་ཁོག་ཆེ་བ། ཆབ་སྲིད་དང་དམག་འཐབ་ལ་མཁས་པ་སོགས་ལས་ནང་བློན་བཀའ་ལ་གཏོགས་པར་བསྐོས་པ་དང་། འ་ཞ་སོགས་འབངས་སུ་བསྡུས་ཏེ་མངའ་ཁོངས་རྒྱ་བསྐྱེད་པ། ཐང་གི་མངའ་ཁོངས་ནས་མི་དང་རྒྱུ་ནོར་འཕྲོག་ནས་ས་ཆ་བཅད་བཟུང་བྱས་པ་དང་། རྒྱའི་མངའ་ཁོངས་སུ་གཏོགས་པའི་མདོ་སྨད་གཡར་མོ་ཐང་དང་ཙོང་ཀ་ཕྱོགས་སུ་དཔྱ་ཁྲལ་དང་པོ་བསྡུས་པ་སོགས་ཀྱི་བཀའ་གྲོས་ཆེན་པོ་བྱས་པ་སོགས་བཙན་པོ་ལ་གློ་བ་ཉེ་བ་དང་། དེ་རྗེས་“རྒྱ་རྗེ་ཧེའུ་འགྀ་ཝང་ཏེ་རྗེ་བློན་སྐྲག་སྟེ། ལོ་གཅྀག་ཅྀང་རྟག་དུ་དཔྱ་དར་ཡུག་ལྔ་ཁྲི་ཕུལ་ཏེ། རྒྱ་དཔྱའ་འཇལ་དུ་བཅུག་གོ། །དེའྀ་འོག་དུ། རྒྱ་རྗེ་ཡབ་ཧེའུ་འགྀ་ཝང་དེ་གྲོངས་སྟེ། རྒྱ་རྗེ་སྲས་ཝང་པེང་ཝང་རྒྱལ་པོར་ཞུགས་ནས། བོད་ལ་དཔྱའ་འཇལ་དུ་མ་རུང་སྟེ། བཙན་ཕོ་ཐུགས་སྙུང་བའྀ་ཚེ་ངན་ལམ་ཀླུ་ཁོང་གིས། རྒྱ་ཡུལ་གྱྀ་ཐིལད། །རྒྱ་རྗེའྀ་ཕོ་བྲང་ཀེང་ཤིར། བོད་གྱྀས་དམག་དྲང་བའི་བཀའ་གྲོས་གྱྀ་མགོ་ཆེན་པོ་གསོལད་ནྶ་ཀེང་ཤིར་དྲང་བའྀ་དམག་དཔོན་ཆེན་ཕོར། ཞང་མཆིམས་རྒྱལ་ཟྀགས་ཤུ་ཐེང་དང་། བློན་སྟག་སྒྲ་ཀླུ་ཁོང་གཉྀས། བཀའ་སྩལད་ཏེ། ཀེང་ཤྀར་དྲངས་ནས། །ཅིའུ་ཅྀར་གྱི་རབ་ངོགས་སུ་རྒྱ་དང་ཐབ་མོ་ཆེན་ཕོ་བྱས་ཏེ། བོད་གྱིས་གཡུླ་བཟློག་ནས། རྒྱ་མང་པོ་བཏུངས་པས། ། རྒྱ་རྗེ་ཀྭང་པེང་ཝང་ཡང་། ཀེང་ཤྀའི་མཁར་ནས་བྱུང་སྟེའ་སྴེམ་ཅིའུར་བྲོས་ནས། ཀོང་ཤྀ་ཕབ་སྟེ་རྒྱ་རྗེའྀ་ནང་བློན་འགྱེའུ་□ན་ཀེང་ལས་སྩོགས་ཏེ་དོང་ཀྭན་དྔ་བོ་ཀན་ཡ་□□□□□□□བཙན་པོའི་འབངས་□□□□□□□བོད་□གང་དང་ཁྲ་□□□□□□□ཏེ་”⑭ཞེས་པ་སོགས་ལས་སྐབས་འདིར་བློན་སྟག་སྒྲ་ཀླུ་ཁོང་གིས་མཛད་རྗེས་ཇི་ལྟ་བུ་ཞིག་བཞག་ཡོད་པ་དང་། བཙན་པོས་སྟག་སྒྲ་ཀླུ་ཁོང་གི་ཕ་མེས་དང་བུ་རབས་ཚ་རྒྱུད་ལའང་མཐོང་ཆེན་ཇི་ལྟ་བུ་ཞིག་གནང་ཡོད་པ་མཐོང་ཐུབ་ལ། དེ་མིན་《ཐང་ཡིག་གསར་རྙིང》ལས་ཀྱང་། “ཀོང་ཏེའི་ཁྲི་ལོ་དང་པོའི་ཟླ་དགུ་པར། བྷོད་དམག་གིས་ཅིན་ཀྲིག་བཟུང་། ཟླ་བཅུ་པར། བྷོད་དམག་པཱིན་ཀྲིག་ལ་དྲངས། ཧྥིན་ཐེན་ཞན་ཡང་བཅོམས་དེར་གོང་མས་ཀྲུང་ཧྲུའུ་ལིན་གྱི་ཐབས་ཡོད་པ་ཀོ་ཙི་དབྱི་བྱ་བ་ནུབ་ཕྱོགས་སུ་བྷོད་དམག་འགོག་པར་མངགས། བྷོད་ཀྱི་འ་ཞ་དང་ཏང་ཞང་གི་འཇང་བ་བསྡོམས་པས་དམག་ཁྲི་ཚོ་ཉི་ཤུ་ལྷག་ཁྲིད་དེ། ལུང་ཀོང་ཏུའུ་ནས་ཤར་ཕྱོགས་སུ་རྒོལ་བར་འོངས། ཀོ་ཙི་དབྱི་ཡིས་དམག་ཕྱིར་དྲངས། གོང་མའང་ཧྲན་ཀྲིག་ཏུ་ཕེབས། རྒྱལ་ས་ཤོར། བྷོད་དུ་མགོ་བཏགས་པའི་དམག་དཔོན་ཀོ་ཧོས་བྱ་བས་སྟོད་དམག་ཁྲིད་དེ་ཧྲང་ཏུའུ་མཁར་དུ་སླེབས། བྷོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཀླུ་ཀོང་སོགས་ཀྱིས་པཱིན་ཝང་གི་སྲས་ཀོང་ཝུའུ་ཝང་ལིས་ཁྲིན་ཧོང་བྱ་བ་གོང་མར་བསྐོས། ལོ་རྟགས་བཙུགས། བཙོན་མ་རྣམས་བཙོན་ཐར་གཏོང་རྒྱུའི་བཀའ་ཕབ། དཔོན་རིགས་རྣམས་བསྐོ་འཇོག་བྱས། སི་ཧྥིན་གྱི་ཐབས་ཡོད་པ་ཚོས་ཀོས་བྱ་བ་ལ་སོགས་པ་བློན་ཆེན་དུ་བསྐོས། དེར་ཀོ་ཙི་དབྱི་ནས་དམག་དཔུང་ཕྱིར་དྲངས་ཏེ་ཧྲང་ཀྲིག་སྲུང་། བྷོད་དམག་རྣམས་རྒྱལ་ས་ཁྲང་ཨན་དུ་ཉིན་བཅོ་ལྔ་བསྡད་དེ་ཕྱིར་ལོག ཐང་དམག་གིས་ཧྲང་ཏུའུ་དབང་དུ་བསྡུས། ཀོ་ཙི་དབྱི་བྱ་བ་རྒྱལ་ས་སྲུང་དུ་མངགས་སོ་”⑮ཞེས་དང་། ཏུན་ཧོང་གཏེར་ཡིག་གི་ནང་དུའང་། “་སྟགི་ལོ་ལ་བབསྟེ(སྤྱི་ལོ་༧༦༢)། …… ཞང་རྒྱལ་ཟྀགས། དང་། བློན་སྟག་སྒྲ་དང་ཞང་སྟོང་རྩན་དང་བཙན་བ། ལས། སྩོགས་པས། ཀེང་ཤྀང་དྲ་མ་དྲངསྟེ། ཀེ་(ཀེང་)ཤྀ་ཕབ། རྒྱ་རྗེ་བྲོས། ནས། རྒྱ་རྗེ་གསར་དུ་བཅུག ནས། དྲ་མ་སླར་ལོག་ནས་” ⑯ཞེས་པས་ཀྱང་ཁོང་གི་གཡུལ་འཐབ་བྱས་རྗེས་སྐོར་བསྟན་ཡོད་ཅིང་། དེ་དང་ཕྱོགས་མཚུངས་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས་“དབུ་རྩེ་རིགས་གསུམ་གྱི་ཟུར་གསུམ་གྱི་ཟུར་བཞིའི་མཆོད་རྟེན་ཆེན་པོ་བཞི་ནི། བློན་པོ་ཆེན་པོ་ཤུད་པོ་དཔལ་གྱིས་ངང་མི་རྒྱལ་རེས། དཀར་པོ་བྱང་ཆེན་མཆོད་རྟེན། ཉན་ཐོས་ལུགས། སེང་གེས་བརྒྱན་པ། རྒྱ་ཚ་ལྷ་སྣང་གིས། དམར་པོ། ཆོས་འཁོར་བསྐོར་བའི་མཆོད་རྟེན། བྱང་སེམས་ལུགས། པད་མས་བརྒྱན་པ། སྟག་གྲུ་ཀླུ་གོང་གིས། ནག་པོ། སྐུ་གདུང་མཆོད་རྟེན། དེ་བཞིན་གཤེགས་(༡༣༠བ་)པའི་སྐུ་གདུང་དང་། མཆོད་རྟེན་གྱིས་བརྒྱན་པ། འཆིམས་རྡོ་རྗེ་སྤྲེ་ཆུང་གིས། སྔོན་པོ། ལྷ་བབས་མཆོད་རྟེན། དེ་བཞིན་གཤེགས་པའི་ལུགས། ལྷ་ཁང་སྒོ་བཅུ་དྲུག་གིས་བརྒྱན་པ་རྣམས་བཞེངས་”⑰ཞེས་པས་ཀྱང་སྟག་སྒྲ་ཀླུ་ཁོང་ནི་བསམ་ཡས་དགོན་པའི་མཆོད་རྟེན་རིགས་བཞི་ལས་དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་རྟེན་བཞེངས་མཁན་གྱི་མི་སྣ་གཙོ་བོ་ཡིན་པར་བསྟན་ཡོད་ཅིང་། གཞན་ཡང་། ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་སྔ་ཕྱི་གཉིས་ལས་དང་པོའི་མཇུག་ཏུ་མནའ་སྐྱེལ་མཁན་གྱི་བློན་པོ་ཚང་མའི་མིང་བཀོད་པ་དེའི་གྲས་སུ་བློན་སྟག་སྒྲ་ཀླུ་ཁོང་ཞེས་གསལ་པོར་འཁོད་ཡོད་ཅིང་། བཀའ་གཙིགས་དང་པོ་དང་གཉིས་པ་ནི་བསམ་ཡས་གཙུག་ལག་ཁང་བཞེངས་ཚར་བའི་རྗེས་ཀྱི་ལུག་གི་ལོ་བོད་ཟླ་བཞི་པའི་ཚེས་བཅུ་བདུན་ཉིན་བཀོད་པ་དང་། བཀའ་གཙུགས་འདིའི་མ་དཔེ་ཁག་བཅུ་གསུམ་བཤུས་ནས་ཡིག་མཛོད་ཁང་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། ཁྲ་འབྲུག བྲུ་ཤ་ཡུལ་དང་ཞང་ཞུང་། མདོ་སྨད་སོགས་སུ་བཀྲམ་ཡོད་པ་ལས་བློན་སྟག་སྒྲ་ཀླུ་ཁོང་ནི་མཐའ་གཅིག་ཏུ་སངས་རྒྱས་ཆོས་ལུགས་ལ་དད་ཅིང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་རྟོགས་ཐུབ་རུང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་《སྦ་བཞེད》ཁག་མི་འདྲ་བ་དང་། དེ་བཞིན་《གླེང་གཞི་བསྟན་པོའི་འབྱུང་ཁུངས་》སམ་《བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་》《ལེགས་བཤད་མཛོད་》སོགས་བན་བོན་གཉིས་ཀྱི་ལོ་རྒྱུས་དེབ་ཐར་ཁག་གཅིག་ནང་མ་དག་རྒྱུན་འབྱམས་སུ་སོང་བའི་འདོད་ཚུལ་སྐོར་འཁོད་འདུག་ན་ངེས་པར་ཡིད་གཟབ་བྱ་དགོས།

གསུམ། སྐབས་དེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ། དེ་ཡང་སྟག་སྒྲ་ཁོང་ལོད་དང་སྟག་སྒྲ་ཀླུ་ཁོང་གཉིས་ལས་དབའས་སྟག་སྒྲ་ཁོང་ལོད་ནི་ཁྲི་ལྡེ་གཙུག་བརྟན་དུས་ཀྱི་དམག་འཐབ་ཐད་བྱས་རྗེས་ཆེ་བའི་བློན་པོ་ཡིན་པ་དང་། ངན་ལམ་སྟག་སྒྲ་ཀླུ་ཁོང་ནི་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་ཚེའི་སྨད་ལ་བློན་པོའི་གྲས་དང་། སྲས་ཁྲི་སྲོང་ལྡེ་བཙན་དུས་སུ་བློན་པོ་གཙོ་བོར་གྱུར་བ་ཞིག་ཡིན། ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ལ་བཞེངས་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་ལས་སྟག་སྒྲ་ཀླུ་ཁོང་ལ་མཛད་རྗེས་ལས་བཀྱོན་ཕབ་པའི་སྐོར་འཁོད་པ་མི་སྣང་རུང་། 《བཀའ་ཐང་སྡེ་ལྔ་》ལས། “ཁྲི་སྲོང་ལྡེ་བཙན་སྐབས་སུ་བན་བོན་རྩོད་པ་ན། །བློན་པོ་ངན་ལམ་རྟ་ར་ཀླུ་གོང་གིས། །རྣམ་པ་དག་པ་བོན་གྱི་ཁ་བཟུང་ནས། ། བོན་བཟུང་བསྟན་པ་གསེར་གྱི་སྡོང་པོ་ལྔ། །རང་གིས་མྱོང་པ་གཞན་ལ་སྤེལ་བའི་བློན། ། ” ⑱ཞེས་དང་། 《སྦ་བཞེད་》ཀྱི་ནང་“དེ་ལ་བློན་རྟ་ར་ཀླུ་གོང་ཆོས་ལ་གནག་པས། སྤ་ལྕག་ས་ལ་བརྡབས་ནས་ལྷ་ཁང་རྩིག་པ་དེ་ཆོས་ཡིན་པས་ང་མི་དགའ། ངེད་རང་བོན་བྱ་བ་ཟེར་བས། རྗེའི་ཞལ་ནས་ངའི་བཀའ་གཅོག་པ་རྟ་ར་ཀླུ་གོང་བྱང་དུ་སྤྱུགས་ཅིག་ཅེས་གསུངས་པས། འབངས་རྒན་མི་གཉིས་ཀྱིས་རྩ་ཐག་གིས་བཏགས་ཏེ་ཚར་ལྕག་གིས་བྲབ་ཅིང་བྱང་དུ་སྤྱུགས་སོ། དེ་ལ་ཀུན་བྲེད་ནས་ཅང་མི་ཟེར་” ⑲ཞེས་པ་སོགས། སྦ་བཞེད་གཙོ་བྱས་པའམ་དེའི་རྗེས་སུ་འབྲངས་པའི་དེབ་ཐེར་མི་ཉུང་བ་ཞིག་གི་ནང་བློན་སྟག་སྒྲ་ཀླུ་ཁོང་ནི་བོན་ལ་དད་ཅིང་སངས་རྒྱས་ཆོས་ལུགས་ཀྱི་ཁ་གཏད་དུ་ལངས་པའི་མི་སྣ་གཙོ་བོ་ཞིག་ལ་ངོས་བཟུང་ནས་མཐར་བྱང་དུ་སྤྱུགས་པའི་སྐོར་འཁོད་ཡོད་ལ། ཡང་སྦ་བཞེད་དེ་རང་གི་ནང་དུ་“མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བརྒྱན་པ་སངས་རྒྱས་ཀྱི་ལུགས། ངན་ལམ་སྟག་ར་ཀླུ་གོང་གིས་བཞེངས། ཆོས་སྐྱོང་གནོད་སྦྱིན་ལྕགས་ཀྱི་མཆུ་ཅན་ལ་གཏད་” ⑳ཅེས་ཆོས་ལ་དད་མཁན་ཞིག་ཡིན་པའི་སྐོར་བཀོད་ཡོད། དེ་ལྟར་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་མང་པོའི་ཁྲོད་ཁྲི་སྲོང་ལྡེ་བཙན་གྱིས་《 རྒྱལ་བཞེད་》བརྩམས་པ་དང་། བླ་ཆེན་དགོངས་པ་རབ་གསལ་གྱིས་《བླ་བཞེད་》བརྩམས་པ། 《སྦ་བཞེད་》ཅེས་པ་ནི་སྦ་གསལ་སྣང་གི་བཞེད་པ་ཡིན་པར་གྲགས་ཡོད། གཞན་ཡང་ཆོས་འབྱུང་ལོ་རྒྱུས་རྩོམ་པ་པོ་ཡོངས་གྲགས་ཀྱི་ལུགས་ལ་བསྟན་པ་ཕྱི་དར་དུས་སུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་《ལོ་རྒྱུས་ཆེན་མོ་》དང་《ཡུལ་བྲིས་ཆེན་མོ་》ཞེས་པ་བརྩམས་པ་ནས་བཟུང་ཕལ་ཆེར་《སྦ་བཞེད་》དག་མ་དག་ཚང་མ་ཆོས་འབྱུང་སྨྲ་བ་ཚོའི་ཁྲོད་དུ་དར་ཁྱབ་ཆེ་རུ་ཕྱིན་ནས་བན་བོན་གཉིས་ཀྱི་ཆོས་འབྱུང་ལོ་རྒྱུས་མང་པོར་སྦ་བཞེད་ཀྱི་ཤན་ཞུགས་ཆེན་པོ་ཐེབས་ཡོད། ལྷག་པར་དུ་《ཆོས་འབྱུང་མཁས་པའི་དགའ་སྟོན་》 དུའང་ར་མགོ་ཅན་གྱི་རྦ་བཞེད་ཆེ་བ་དང་། རྦ་བཞེད་འབྲིང་བ། རྦ་བཞེད་ཆུང་བ། རྦ་བཞེད། རྦ་བཞེད་གཙང་མ་སོགས་ཀྱི་མིང་མཐོང་རྒྱུ་ཡོད་པ་དང་། 《དགག་ལན་ངེས་དོན་འབྲུག་སྒྲ་》ཞེས་པའི་ནང་། “བླ་བཞེད་སྦ་བཞེད་གཉིས་ཀྱི་ལོ་རྒྱུས་དེའང་བླ་བཞེད་ནི། བླ་ཆེན་པོས་སྦ་བཞེད་ལྟར་དུ་བྲིས་པ་ཡིན་ལ། སྦ་བཞེད་རིམ་པ་གསུམ་བྱས་ནས། གཅིག་རྗེའི་ཕྱག་སྦལ་དུ་བཞག གཅིག་དབོན་སྲས་ལ་བཞག གཅིག་བོད་ཀྱི་རབ་ཏུ་བྱུང་བ་རྣམས་ལ་བཞག་གོ། ཞེས་པའི་ཚུལ་འདི་སྡིག་བློན་རྣམས་ཀྱི་ངོར་བྱས་པ་ཡིན་ཅིང་། འདི་ལ་རྙིང་མ་བ་རྒྱུས་མེད་ཁ་ཅིག སྦ་ཡེ་ཤེས་དབང་པོ་སློབ་དཔོན་པདྨ་ལ་མི་དད་པས་དེ་ལྟར་བཅོས་པ་ཡིན། ཕྱིས་སློབ་དཔོན་གྱིས་རྗེས་སུ་བཟུང་བས་དེ་ལྟ་མ་ཡིན་ཞེས་ཟེར་ཏེ་མ་གོ་བ་ཡིན་ཅིང་། སྦ་བཞེད་ནི་སྡིག་བློན་རྣམས་ཀྱི་ངོར་རྒྱལ་བློན་རྣམས་ཀྱིས་བསྒྲིགས་པ་ཡིན་ལ། ཡེ་ཤེས་དབང་པོས་བྱས་པ་མ་ཡིན་ནོ།།

དེ་ལ་སོགས་པའི་གོ་བ་ལོངས་ན་རྙིང་མའི་ལོ་རྒྱུས་དང་སྦ་བཞེད་མི་མཐུན་པ་མི་འབྱུང་ངོ་” 21ཞེས་པ་ལས་ཀྱང་སྐབས་དེར་ཆོས་ལུགས་ཀྱི་འཐེན་འཁྱེར་དབང་གིས་སྦ་བཞེད་ཀྱི་ནང་དོན་ཐད་བཅོས་སྒྲིག་མང་པོ་བྱས་ཡོད་པའི་རྣམ་པ་ཕྱིར་མངོན་ཡོད་ལ། 《སྦ་བཞེད་ཕྱོགས་བསྒྲིགས་》 ཞེས་པའི་ནང་ད་ཡོད་ལག་ཏུ་སོན་པའི་སྦ་བཞེད་ཀྱི་ཡིག་ཆ་ཀུན་ལས་སྔ་ཤོས་སུ་འདོད་པ་《དབའ་བཞེད་》ཅེས་པ་དེའང་ཞབས་བཏགས་མར་མཐོང་བ་དང་། འདིར་བཀོད་པའི་《ཆོས་འབྱུང་ཡི་གེ་ཞིབ་མོ་》 མཚན་གཞན་ལ་《བསམ་ཡས་རྩིགས་ཀྱི་ཡི་གེ་རྦ་བཞེད་ཅེས་བྱ་བ་བསྟན་པ་སྔ་དར་གྱི་ཆོས་འབྱུང་དང་ཕྱི་དར་གྱི་འཕྲོས་ཅུང་སྲིད་དང་བཅས་པ་རྣལ་འབྱོར་བ་ཀུན་བློ་》 ཞེས་མཛད་པ་པོའི་མཚན་ཟུར་དུ་བསྟན་ཡོད།《རྦ་བཞེད་ཞབས་བཏགས་མ་》འདི་ད་ལྟའི་ཆར་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བཞུགས་པ་དང་། 《བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་སློབ་དཔོན་པདྨའི་དུས་མདོ་སྔགས་སོ་སོར་མཛད་པའི་སྦ་བཞེད་ཞབས་བཏགས་མ་ཞེས་བྱ་བ་བཞུགས་སོ》ཞེས་བྱ་བའི་སྦ་བཞེད་ཞབས་བཏགས་མ་འདི་ཡི་ནང་བསམ་ཡས་ཇི་ལྟར་བཞེངས་པའི་ལོ་རྒྱུས་སྐོར་《རྦ་བཞེད་ཞབས་བཏགས་མ་》 གཞན་དང་བསྡུར་ཚེ་གསལ་པོར་བཀོད་ཡོད་པ་ལ་བརྟགས་ན་དེ་མཛད་པ་པོ་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་མིན་ནམ་སྙམ་སྟེ། རྒྱུ་མཚན་ནི་ཆོས་འབྱུང་ལོ་རྒྱུས་སྨྲ་བ་ཚོས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི་《བསམ་ཡས་དཀར་ཆག་ཆེན་མོའམ་རྦ་བཞེད་ཞབས་བཏགས་མ་》ཞིག་ཡོད་པར་ཁས་ལེན་པའི་ཕྱིར། འོན་ཏེ་ལོ་རྒྱུས་སྨྲ་བས་དེབ་འདི་ཉིད་དུ་འདོད་པའི་ཟིན་ཐོ་ཞིག་ད་བར་མ་མཐོང་བས་ད་དུང་མུ་མཐུད་དུ་དཔྱད་པར་འཚལ། གཞན་ཁོ་བོའི་ལག་རྩེར་མ་སོན་པ་སྒེར་གྱིས་ཉར་ཚགས་གནང་བའི《རྦ་བཞེད་ཞབས་བཏགས་མ་》གཉིས་དང་། དཔལ་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པ་《སྦ་བཞེད་ལེགས་པར་བཞུགས་པ་འདི་ནི་སྦ་བཞེད་ཞབས་བཏགས་མའོ་》(ལག་བྲིས་མ་ཤོག་ངོས་༡༧བཞུགས་)ཟེར་བ་དང་《བསམ་ཡས་དཀར་ཆག་སྦ་གསལ་སྣང་གི་བཞེད་པའོ་》(ལག་བྲིས་མ་ཤོག་ངོས་༣༨བཞུགས་)ཟེར་བའང་སྣང་བས་དཔྱད་ཡིག་འཚོལ་སྡུད་ཐད་དོ་སྣང་ཡོད་མཁན་ཚོས་རྗེས་སུ་ཁ་སྐོང་ཡོད་པར་འཚལ། དེ་མིན་དབུས་པ་བློ་གསལ་གྱིས་བརྩམས་པའི་《རྦ་བཞེད་》ཟེར་བའི་ལག་བྲིས་མ་ཞིག་ཀྱང་ཁོ་བོས་ལག་རྩེར་སོན་པ་ད་མུས་དག་བསྒྲིགས་བྱེད་པའི་སྒང་ཡིན་པ་དང་དབུས་པ་བློ་གསལ་གྱིས་བརྩམས་པའི་《རྦ་བཞེད་》འདིའི་མཚན་དངོས་སམ་མཚན་གཞན་ལ་《སངས་རྒྱས་བསྟན་པ་བོད་དུ་བྱུང་ཚུལ་སྐོར་ལེ་ཚན་གཉིས་དང་གླང་དར་མས་བསྟན་པ་བསྣུབས་རྗེས་སླར་ཡང་བསྟན་པ་དར་ཚུལ་》ཟེར་བ་མིན་ནམ་སྙམ་པས་བརྟག” 22ཅེས་པ་ལས་སྦ་བཞེད་ལ་རིགས་མི་གཅིག་པའམ་པར་གཞི་མི་གཅིག་པ་མང་པོ་ཞིག་ཡོད་པ་མ་ཟད་ཞབས་བཏགས་མར་སྨྲ་བའང་མི་ཉུང་བ་ཞིག་གནས་ལ། འདི་དག་ལས་མང་པོ་ཞིག་ནི་བསྟན་པ་ཕྱི་དར་གྱི་དུས་སམ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་བྲིས་པ་ཞིག་ཡིན་པ་ནི་དེའི་ནང་ལྷ་བླ་མ་ཡེ་ཤེས་འོད་དང་། ལྷ་བཙུན་བྱང་ཆུབ་འོད། ལོ་ཙཱ་བ་རིན་ཆེན་བཟང་པོ་གསུམ་གྱི་མིང་བྱུང་བ་མ་ཟད་དུས་འཁོར་གྱི་རྩིས་ཞེས་པའི་མིང་ཚིག་འབྱུང་བ་ལས་ཤེས་ཐུབ། དེར་བརྟེན་“ལོ་རྒྱུས་འདི་ཡིག་ཆ་དང་ངག་རྒྱུན་རྙིང་པ་བཅས་ལ་བརྟེན་ནས་བྲིས་པ་ཡིན་ངེས་ཀྱང་བཙན་པོ་ཁྲི་དར་མ་འདས་ནས་ཕལ་ཆེར་ལོ་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་རྗེས་སུ་བྲིས་པའི་ལོ་རྒྱུས་ཤིག་རེད། ལྷག་པར་དུ་དབའམ་སྦའི་རུས་རྒྱུད་ལ་ཞེན་པ་ཆེ་བ་ཞིག་གིས་བྲིས་བར་སྙམ་” 23ཞེས་པ་ལ་རྒྱུ་མཚན་ཆེན་པོ་ལྡན་པར་སེམས། གཞན་ཡང་། སྦ་བཞེད་ཞབས་བཏགས་མ་ལྷད་སྐྱོན་མ་ཞུགས་པའི་ཆོས་སྲིད་གཉིས་ཀྱི་ལོ་རྒྱུས་གཙོ་བོར་སྟོན་པ་ཁུངས་ཐུབ་ཅིག་ཡོད་ངེས་ནའང་དུས་འགྱུར་སོགས་ཀྱི་དབང་དང་དེ་བས་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱི་རིང་ལ་བོད་ཀྱི་ཕྱིའི་ཆབ་སྲིད་གནས་བབས་དང་། ནང་གི་ཆོས་ལུགས་གྲུབ་མཐའི་ཕྱོགས་ལྷུང་གི་འགལ་བས་སྦ་བཞེད་ལ་ལྷད་སྐྱོན་མང་པོ་ཞུགས་སྲིད་ལ། བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བའི་ཆོས་འབྱུང་ལོ་རྒྱུས་ནང་དབའས་སྟག་སྒྲ་ཁོང་ལོད་དང་ངན་ལམ་སྟག་སྒྲ་ཀླུ་ཁོང་གི་མིང་གཉིས་ནོར་ནས་མི་གཅིག་ཏུ་ངོས་བཟུང་བས། ནོར་འཁྲུལ་དེ་ཉིད་རྒྱུན་འབྱམས་སུ་སོང་ནས་ལོ་རྒྱུས་དེབ་ཐེར་དུ་བཀོད་སྟབས་མི་རྣམས་སོམ་ཉིའི་དྲ་བར་ཚུད་དགོས་བྱུང་བ་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་“བློན་པོ་སྟག་སྒྲ་ཀླུ་གོང་སྔ་རྗེས་གཉིས་བྱུང་བ་ཡིན་ནམ། གང་ལྟར་《རྦ་བཞེད་》ཀྱི་ནང་། བསམ་ཡས་གཙུག་ལག་ཁང་བཞེངས་པའི་གྲ་སྒྲིག་བྱེད་དུས་བློན་པོ་སྟག་སྒྲ་ཀླུ་གོང་བྱང་ལ་རྒྱང་འབུད་བཏང་ཞེས་འཁོད་པ་དེར་དོགས་གཞི་ཆེན་པོ་ཞིག་འདུག” 24ཅེས་པའང་རྒྱུ་རྐྱེན་འདི་ལ་ཐུག་པས་ཡིན། དེ་བཞིན་དུ་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། “སྦ་ཁྲི་གཟུགས་ཀྱིས་རབ་ཏུ་བྱུང་བར་བཤད་པ་སོགས་ནི་ལྷད་ཞུགས་པའི་བླུན་ཚིག་སྟེ། དེ་ལྟར་ན་སྦ་བཞེད་དུ་གཙུག་ལག་ཁང་ཡོས་ནས་ཡོས་ལ་བརྩིགས་གྲུབ་པར་བཤད། དགའ་སྟོན་ལོ་བཅུ་གཉིས་ཀྱི་བར་དུ་བྱས་པས། ཡོས་ནས་སྟག་གི་བར་དུ་དུས་སྟོན་གྱིས་ཡེངས་པས་དེ་ལ་བརྟེན་ནས་སྦས་རབ་ཏུ་བྱུང་བའི་རྒྱུ་མཚན་གྱིས། ཐམས་ཅད་ཡོད་སྨྲའི་དགེ་སློང་ཡོས་ཀྱི་ལོ་ལ་གདན་འདྲེན་དགོས་པར། ལུག་ཏུ་བྱས་ན་ལོ་བཞི་ཙམ་གྱི་འཁྱམས་རྒྱུག་པས། བསྟན་བཅོས་ཀྱི་འགོར་བྲིས་པའི་ལོ་ཚིགས་རྣམས་ལ་བསམ་བློ་མ་བཏང་བའི་གཏམ་ཡིན་ཞིང་” 25ཞེས་དང་། ཡང་དེའི་གཤམ་དུ་“ཆོས་སྲིད་ཀྱི་བྱ་བ་མཐའ་དག་ཡལ་བར་འདོར་བའི་རྣམ་པ་ཆོས་ཀྱི་རྒྱལ་པོ་དེ་དག་ལ་འཆར་བའི་ཚིག་འདི་རྣམས་ལ་བརྟགས་ན། མཁས་པ་ཕལ་ཆེར་གྱི་སྦ་བཞེད་ལ་ཁུངས་སུ་མཛད་ཀྱང་བསླད་པ་མ་ཞུགས་པའི་ཁུངས་ཐུབ་པ་ཞིག་དཀའ་བར་སྣང་ངོ་” 26ཞེས་རྒྱལ་དབང་ལྔ་པ་སོགས་བོད་ཀྱི་མཁས་པ་མང་པོ་ཞིག་གིས་སྔོན་ནས་སྦ་བཞེད་ལ་ལྷད་སྐྱོན་ཞུགས་པར་ཁས་འཆེས་པ་དང་དོགས་སེལ་གནང་ཡོད་པ་ཧ་ཅང་གསལ། དེ་བཞིན་དུ་རྒན་བུ་བཞི་བསམ་པའི་དོན་གྲུབ་ཀྱིས་《སྦ་བཞེད་》ནང་གོང་འོག་མི་མཚུངས་པར་ནང་འགལ་བྱུང་ཡོད་པ་དང་དེབ་ཐེར་གཞན་དུའང་དེ་ལ་དོགས་སློང་བྱས་ཚུལ་སྤྱི་བསྡོམས་བགྱིས་ཡོད་པ་འདི་ལྟ་སྟེ། “(༡)རྒྱལ་རབས་གཅིག་གི་བློན་པོ་ཡིས་བྲིས་པའི་ཡིག་ཚང་ལས་རང་གི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རྒྱ་བཟའ་དང་སྣ་ནམ་བཟའ་གཉིས་ཀྱི་གང་ལ་འཁྲུངས་པར་མི་གསལ་བའི་ནང་འགལ། (༢) དེ་ནས་བཙན་པོ་ལྷ་སྲས་ཀྱི་ཞལ་ནས། ཧྭ་ཤང་གི་ཆོས་སྟོན་མིན་པ་ཅིག་ཆར་འཇུག་ཅེས་ཟེར་བ་ནི་ཆོས་རྣམ་བཅུ་ལ་སྐྱོན་བཀལ་ཏེ་མི་བགྱིད།། ཞེས་སྟོན་མིན་ཅིག་ཆར་ཡིན་པ་ཤེས་བཞིན་དུ་ངག་སྒོ་གཞན་གཞན་དུ་བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་སྟོན་མིན་པ་བྱ་བར་གྲགས། (༣)《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ། སྦ་བཞེད་དུ། བཙན་པོས་རྒྱའི་ཆོས་འདི་མིན་ནམ་བྱས་པས་ཏྭོན་མུན་དང་། ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཆོས་མིན་ནམ་བྱས་པས་བརྩེ་མིན་པར་གྲགས་པར་བཤད་པ་ནི་ལྷད་ཞུགས་པའི་བླུན་ཚིག་གི་རྟོགས་བཏགས་ལས་རྒྱུ་མཚན་མེད་ཅིང་། ཏྭོན་མུན་དང་རྩེན་མིན་པེས་པ་རྒྱ་ནག་གི་སྐད་དེ། བོད་སྐད་དུ་ཅིག་ཅར་བ་དང་རིམ་གྱིས་པར་འགྱུར་ཞེས་མཁས་པའི་དབང་པོ་བུ་སྟོན་ཞབས་གསུངས་བ་ལེགས་སོ། རྒྱལ་པོ་ན་རེ། ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས་སོགས་顿渐གཉིས་ཀྱང་ཧ་མི་གོ་བར་འདོད་པ་ཤིན་ཏུ་བླུན་པའི་ཚིག་དང་ནང་འགལ་ཡིན། (༤) སྦ་གསལ་སྣང་ཚེ་ལས་འདས་ཟིན་པའི་རྗེས་སོར་ད་དུང་སྦ་གསལ་སྣང་གི་ངག་སྒོ་ལས་ལོ་རྒྱུས་མུ་མཐུད་དུ་བཤད་པའི་གནས་ཚུལ་མང་། (༥)རྒྱ་བཟའ་དང་སྣ་ནམ་བཟའ་གཉིས་ཁྲི་སྲོང་ལྡེ་བཙན་རྩོད་པ་ན་བུ་བུག་གར་བཞག་ནས་ཕྱོགས་གཉིས་ནས་སུ་ཐོབ་འཐེན་པའི་གཏམ་རྒྱུད་འདི་རྒྱ་གར་དམངས་ཁྲོད་གཏམ་རྒྱུད་དང་སྟོན་པའི་འཁྲུངས་རབས་གཏམ་རྒྱུད་དང་ཆ་འདྲ་བ་བྱུང་བས་དམངས་སྒྲུང་གི་རྣམ་པ་ཡིན་པ། (༦)ཁྲི་སྲོང་ལྡེ་བཙན་ལོ་གཅིག་ལོན་པའི་ཞབས་འཛུགས་དགའ་སྟོན་དུ་རྗེ་བློན་ཀུན་གྱིས་ད་དུང་ཕ་མ་ངོས་མ་ཟིན་པ་དང་། (༧)ལོ་གཅིག་ཅན་གྱི་བྱིས་པའི་ངག་ལས་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། སྣ་ནམ་ཞང་གིས་ཅི་འཚལ། ཞེས་སྙན་ངག་གི་ཚིག་སྦྱོར་དང་ཉེ་བའི་ངག་སྨྲ་བ་སོགས་གཏམ་རྒྱུད་ངོ་མཚར་བྱུང་ཞིང་། (༨) མ་ཞང་དྲོན་པ་སྐྱེས་གསོན་དུར་དུ་སྦས་པའི་གོ་རིམ་རྣམས་ལ་ཞིབ་ཏུ་དཔྱད་པས་དམངས་ཁྲོད་ངག་རྒྱུན་ནམ་གཏམ་རྒྱུད་ཀྱི་རྣམ་པ་མང་དུ་མཐོང་། (༩) སྦ་བཞེད་རང་གི་ནང་དུ་གོང་དུ་དེར་རྒྱ་ནག་མཁན་པོ་མགོ་ལ་ཡིད་མུག་ཏེ་རང་གི་གནས་སུ་སོང་ངོ་། ཞེས་དང་ཐིག་ཕྲེང་འགའི་འོག་ཏུ་དེར་རྒྱ་ནག་མཁན་པོ་མགོ་ལ་མེ་སྦར་ཏེ་ནུབ་ཕྱོགས་བདེ་བ་ཅན་དུ་ཁ་གཏད་དེ་འདས་ཞེས་དང་དེའི་འོག་ཏུ་ཐིག་ཕྲེང་འགའི་འཕྲོར་དེ་ནས་ཧ་ཤང་མ་ཧྭ་ཡ་ནས་གཙུག་ལག་ཁང་གཅིག་བཞེངས་ནས་སླར་རྒྱ་ནག་ཏུ་གཤེགས་སོགས་ཤོག་ངོས་གཅིག་ཏུ་ནང་འགལ་བ་མང་པོ་བྱུང་” 27ཞེས་འཁོད་པ་ལྟར་རོ། དེ་ལྟར་བསྟན་པ་ཕྱི་དར་སྐབས་སུ་ཡང་ལོ་རྒྱུས་ཀྱི་ངག་རྒྱུན་མང་པོ་དེབ་ཐེར་དུ་བཀོལ་པའི་གོ་རིམ་ཁྲོད་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་སྲོག་ཤིང་བྱས་པ་དང་སྲིད་དོན་ལོ་རྒྱུས་ལ་གཙིགས་ཆེན་མ་བྱས་སྟབས་མཛད་རྗེས་ཆེ་བའི་བློན་སྟག་སྒྲ་ཀླུ་ཁོང་གི་ལོ་རྒྱུས་མཛད་རྗེས་སྐོར་ལ་ལྷད་ཞུགས་བྱུང་བར་སྙམ། །

དཔྱད་གཞིའི་ཡིག་ཆ་དང་མཆན་འགྲེལ།①⑰《རྒྱ་བོད་ཡིག་ཚང་ཆེན་མོ》དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P14 P182②《བོད་མི་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།》གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེས་བརྩམས། 1994ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P119③④⑤⑥⑦⑧⑯《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P3 P37 P47 P90 P80 P82 P113⑨⑮《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། 》 དོན་གྲུབ་རྒྱལ་དང་ཁྲུན་ཆེན་དབྱིན་གཉིས་ཀྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P159 P183⑩《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས》སྤྱིའི་འདོན་ཐེངས་10པ། 《རྗེ་འབངས་རྣམས་ཀྱི་རིགས་རུས་ཀྱི་འབྱུང་ཁུངས་གསལ་བའི་སྒྲོན་མེ་(མོན་ཆོས་འབྱུང་)ཞེས་བྱ་བ་བཞུགས་སོ་》P12⑪⑫⑬⑭《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་》མི་རིགས་དཔེ་སྐྲུན་ཁང་། 1984ལོ། P63- 67⑱《བཀའ་ཐང་སྡེ་ལྔ་》གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ་5 P490⑲⑳2122《རྦ་བཞེད་ཕྱོགས་བསྒྲིགས་》བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། P114 P127 P3 P423《མདའ་དང་འཕང》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། P924《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1997ལོ། P50825 26《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》རྒྱལ་དབང་ལྔ་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1988ལོ། P62 P6327《བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། P460 -462(རྩོམ་སྒྲིག་འགན་ཁུར་བ་ལྷག་པ་ཚེ་རིང་།)ཚེ་རིང་དོན་གྲུབ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་རིག་པའི་སློབ་གླིང་གི་བྷོ་ཧྲི་ཞིབ་འཇུག་སློབ་མ།

བརྒྱུད་སྐུལ།

མཆན་སྤེལ།