བཞད་མཐོང་སྨོན་གྱི་བཞད་ནི་འཇད་ཀྱི་སྒྲ་འགྱུར་བ་ལས་བྱུང་བ་ཡིན།

བཞད་མཐོང་སྨོན་གྱི་བཞད་ནི་འཇད་ཀྱི་སྒྲ་འགྱུར་བ་ལས་བྱུང་བ་ཡིན།

བཞད་མཐོང་སྨོན་གྱི་བཞད་ནི་འཇད་ཀྱི་སྒྲ་འགྱུར་བ་ལས་བྱུང་བ་ཡིན།

རྩོམ་འབྲི་བ། ར་སེ་དཀོན་རྒྱམ།

 

ད་ལྟ་བོད་ཀྱི་ས་ཁྲ་དང་རྫོང་ཐོ་དང་ཡིག་ཆ་ཁག་སོགས་སུ་བཞད་མཐོང་སྨོན་རྫོང་ཞེས་པའི་ས་མིང་འདི་ནི་ཡོངས་གྲགས་ཅན་དང་རྩོད་མེད་ཡོངས་ཁྱབ་ཅན་གྱུར་ཡོད་པ་འདི་རེད། འོན་ཏེ་རང་རེས་ཡུལ་གྲུ་འདི་ཡི་མིང་འདིའི་བྱུང་ཚུལ་ལ་ཕྱིར་རྟོག་རགས་རིམ་ཅིག་བྱས་ན། ཡུལ་གྲུ་འདིར་གནའ་སྔ་མོ་ནས་མིང་འདོགས་མཁན་མེད་པའམ་བཏགས་མ་ཤེས་པར་དུས་ཡུན་རིང་པོ་ལུས་ཡོད་པ་དང་། ཕྱིས་སུ་སྟབས་ལེགས་ནས་བཞད་ཅེས་པའི་མིང་བཟང་པོ་འདི་ཉིད་ཐོགས་པའི་ཚུལ་ཡང་། གཏམ་རྒྱུད་ཧ་ཅང་སྙན་པོ་ཡིད་ལ་འབབ་པ་ཅིག་བརྩམས་གནང་མཛད་ཡོད་པ་རེད། དེ་ལ་ད་ལྟའི་ཆར་བསམས་ན། གཙང་གཡས་རུའི་ཆར་གནས་པའི་ཡུལ་འདིའི་མིང་གི་བྱུང་བར་ཕྱིར་ལྡོག་ཞུས་ན། བཞད་ཀྱི་ལུང་བཤད་སོགས་སུ་བཞད་ཅེས་པའི་མིང་འདི་ཐོགས་ཚུལ་བཀོད་པ་ལྟར་ན། སློབ་དཔོན་པདྨ་སམ་བྷ་ཝ་བོད་དུ་གདན་དྲངས་དུས་ཡུལ་འདིར་ཕེབས་པའི་ཚེ། ཞབས་བརྐྱངས་ཏེ་གཟིགས་ནས་མཛུམ་ཤོར་ནས་བཞད་པས་ན་བཞད་དུ་ཐོགས་པ་དང་། ཞལ་འཛུམ་ཅམ་དང་ཡང་ཞལ་འཛུམ་པ་དང་ཡང་ཞལ་འཛུམ་ལན་གསུམ་མཛད་པས། མཆིམས་ཤཱཀྱ་བྷ་དྲས་དེའི་རྒྱུ་རྐྱེན་གང་ཡིན་ཞུས་པས། མ་འོངས་པ་ན་རྒྱལ་པོ་དུད་འགྲོའི་མིང་ཅན་གྱིས་བསྟན་པ་བསྣུབས་སྐབས་ལུང་པ་འདིར་དགེ་བཤེས་ཅིག་གིས་བསྟན་པ་དར་བར་བྱེད་པས་འཛུམ་ཞིག་ཤོར་སོང་།

ཡུལ་འདིར་པན་གྲུབ་མང་དུ་འཁྲུངས་ཤིང་དགོན་གནས་མང་དུ་འབྱུང་བས་འཛུམ་ཞིག་ཤོར་སོང་། ཡུལ་འདི་རྒྱ་གར་བཞིན་དགེ་བཅུའི་ཡོན་ཏན་ཚང་འདུག་པས་འཛུམ་ཤོར་སོང་ཞེས་གསུངས། དེ་ནས་ཡུལ་འདིར་བཞད་ལུང་པར་ཐོགས་ཚུལ་དང་དེའི་བཤད་པ་རྒྱ་ཆེར་བཤད་དུ་ཡོད་པ་ཡིན་ནོ།། བོད་ཀྱི་ལོ་རྒྱུས་ཧྲིལ་པོར་ཕྱིར་རྟོག་གམ་ཞིབ་དཔྱད་ཀྱིས་གནའ་ནས་མིང་བཏགས་མ་ཐུབ་པར་ལུས་པའི་ས་ཆ་ཅི་ཙམ་ཡོད་མེད་དང་། ཕྱིས་སུ་གཞི་ནས་མིང་བཏགས་ཐུབ་པ་ཅི་ཙམ་ཡོད་མེད། ལྷག་པར་དུ་བཞད་ལུང་པ་འདིར་བཞད་དུ་མ་བཏགས་པའི་གོང་དུ་མིང་མེད་པའི་རྒྱུ་མཚན་གང་ཡིན་སོགས་ཕྱོགས་མང་པོར་བསམ་གཞིགས་ཅུང་ཟད་བྱ་དགོས་པར་སྣང་ངོ་།། རང་རེའི་དཔེ་ཆ་རྙིང་པའི་རིགས་བལྟ་ཀློག་ཞུས་པ་ཡིན་ན། ཡུལ་འདིར་གནའ་སྔ་མོ་ནས་འཇད་ལུང་པ་ཟེར་ཞིང་། ལུང་པ་གཞུང་ལ་འཇད་གཞུང་དང་། གཞུང་ཆུ་ལ་ཡང་འཇད་ཆུ་ཞེས་བོས་པ་མ་ཟད། ཡུལ་འདི་ནས་ཡིན་པའི་མི་སྣ་ལ་ཡང་ཡུལ་མིང་སྦྱར་ཏེ་འཇད་པ་ཞེས་བཏགས་པའི་ཚུལ་ལོ་རྒྱུས་མང་པོར་འཁོད་ཡོད་དེ། མྱང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཀྱི་ངོས་༤༤༡ལས། རྒྱལ་པོས་ཆོས་སྣུབ་པའི་དུས་སུ། གཡོ་རུ་གན་བྱང་ཐང་གི་དམར་ཤཱཀྱ་མུ་ནེ། ལྷོ་འབྲོག་གི་གཡོ་དགེ་བའི་འབྱུང་གནས། འཇད་འཁྱེལ་གྱི་གཙང་རབ་གསལ་དང་དགེ་སློང་གསུམ་དཔལ་ཆུ་བོ་རི་ལ་སྒོམ་པའི་དུས་སུ། ཞེས་པར་འཇད་ཀྱི་འཁྱེལ་ཞེས་གསལ་པོར་བཀོད་འདུག་པ་དང་། བུ་སྟོན་ཆོས་འབྱུང་དུ་ཡང་དེ་བཞིན་གསལ་པོར་འཁོད་འདུག དེ་ནི་བོད་དུ་དབུ་གཡོར་འཁྲུགས་ཏེ་རྒྱལ་ཁམས་འཐོར་ལ་ཉེ་བའི་སྐབས་ཀྱི་གནས་ཚུལ་ཡིན་ལ། དེའི་གོང་ནས་ཀྱང་ཡུལ་འདིར་འཇད་ཞེས་བོས་བཞིན་པ་ཤིན་ཏུ་གསལ་འདུག རྒྱ་བོད་སྡེ་པ་གྱེས་མདོ་ལས། འཇད་དུ་འབྲེ་ཚོ་བ་བཞི། མི་བཙུན་རོ་རྡེ་རྒྱལ་མཚན་གྱིས་འཇད་ཀྱི་མར་སྟེང་བཟུང་ནས་མི་ཚོ་སྟོད་སྨད་དུ་གྱེས་སོ།།ཞེས་དང་། ཡར་ལུང་ཇོ་བོའི་རྒྱལ་རབས་ལས་ཀྱང་། ཆུང་བ་སྐྱིད་ལྡེ་འཇད་ཀྱི་རྟ་ནག་ཏུ་བཞུགས་ནས་གདུང་རྒྱུད་སྲས་དྲུག་བྱོན། ཞེས་དང་། མུས་པ་དང་འཇད། ཉང་སྟོད་བཅས་སུ་བཙན་པོ་་་་་་་ཞེས་འཁོད་ཡོད་པས་ཤེེས་ཐུབ་པ་ཡིན་ནོ།། དེ་བཞིན་དུ་རྗེ་བཙུན་མིད་ལའི་རྣམ་མགུར་མཛོད་ནག་མར་ཡང་། འཇད་ཀྱི་རྟ་ནག་གི་བོན་པོ་་་་ཞེས་འཁོད་འདུག་པ་དང་། ཁྲོ་ཕུ་ཀུན་ལྡན་རས་པའི་རྣམ་ཐར་དུ། གཙང་སྟོད་འཇད་ཀྱི་ཤར་ཕྱོགས་བྱ་ཕུག་ཏུ་སྐུ་གཤེགས་སོ།།ཞེས་པ་དང་། ཇོ་ནང་ཀུན་མཁྱེན་དོལ་བུ་པའི་རྣམ་ཐར་ནའང་འཇད་དང་འཇད་ཆུ་ཞེས་ཡང་ཡང་འཁོད་འདུག རྗེ་ཙོང་ཁ་པའི་རྣམ་ཐར་ནའང་། འཇད་པོ་དང་གི་་་འཇད་བྲག་ལྟག་གི་རྡོག་ཡེ་ཤེས་སེང་གེ། འཇད་པ་རིན་ཤེ ཞེས་འཁོད་འདུག་པས་སྐབས་དེ་དག་ཏུ་ཡུལ་འདིར་འཇད་ཅེས་བོས་བཞིན་པ་གསལ་པོར་རྟོགས་ཐུབ་བོ།། དུས་རབས་བཅུ་བདུན་པའི་མགོར་བཞུགས་པའི་ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པའི་ངོས་༢༣༧ན། འཇད་ཤར་ཕྱོགས་པ་སོགས་བྱང་རང་གི་སྤྱན་ལམ་དུ་རྒྱུག་་་་ཞེས་དང་ངོས་༢༤༡ལས། མདོག་གི་གཅེས་དང་འཇད་ཀྱི་སྲུག་མོ་གཉིས་དགེ་རྒྱུན་མཆོད་ཐེས་སུ་ཕུལ་བ་ལ་ཡང་། དེ་རྒྱུན་ལ་གནས་པའི་འཇགས་གནས་གནང་། འཇད་ཀྱི་དགོན་པ་དངུལ་ཆུ་ཆོས་རྫོང་། སྤོ་མཐོན་སྔགས་པ་ཆོས་རྗེ་ཚེ་རིང་བས་ངེད་ལ་ཕུལ་་་ཞེས་སོགས་འཁོད་འདུག་པས། སྐབས་དེར་ཡང་འཇད་ཁོ་ན་བོས་བཞིན་པ་གསལ་ཡོད། དེས་ན་གནའ་མིང་འཇད་དེ་ཉིད་ཀྱི་གོ་དོན་མི་ཤེས་པར་གྱུར་པ་དང་ཆབས་ཅིག་དེ་དང་སྒྲ་ཉེ་བའི་བཞད་ཅེས་པ་དེ་ཉིད་དར་བའི་མགོ་ཚུགས་པར་གསལ་ཡོད་མོད། དུས་ཚོད་འདི་ཙམ་ན་བཞད་དུ་འགྱུར་བ་ཡིན་ནམ་ཞེ་ན། དེ་ནི་ད་དུང་ཡིག་རྙིང་ལ་བརྟེན་ནས་རྩད་བཅད་དགོས་ཤིང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་གིས་གཅིག་གྱུར་བྱས་པའ་སྐབས་ཙམ་ན་གཞི་ནས་དར་བ་ཆ་འཇོག་འོས་ལ། དེ་ཉིད་དར་ཁྱབ་ཆེན་པོར་གྱུར་རྗེས། དེའི་བྱུང་ཚུལ་གྱི་གཏམ་རྒྱུད་ཀྱང་རྟོག་བཟོ་བྱས་ཡོད་པར་མངོན་ཡོད། འདིར་ཁོ་བོས་གནའ་མིང་གྲགས་ཅན་འཇད་ཅེས་ཡོད་པ་ལ་ཕྱིས་སུ་བཞད་དུ་བཏགས་པ་འདི་ནོར་འདུག་པས། སླར་ཡང་འཇད་དུ་བཅོས་ཏེ་བེད་སྤྱོད་གཏོང་དགོས་ཟེར་གྱི་མེད། དེས་ན་བདག་ལ་གཤེ་གཤེ་གཏོང་བ་མ་གནང་། ས་མིང་རིག་པའི་སྒོ་ནས་གནའ་བོའི་ས་མིང་སྤྱི་བྱེའི་ཐོག་མའི་མིང་གང་ཡིན་པ་དང་དེ་ལ་འགྱུར་བ་ཐེབས་པ་གང་ཡིན་དང་། དུས་སྐབས་སོ་སོའི་གང་ཟག་ཞེ་འདོད་དང་། ཞེ་འདོད་དང་མཐུན་པའི་སྒྲུབ་བྱེད་གང་དང་གང་ཡིན་པ་དང་། ས་མིང་ལོ་རྒྱུས་ཐད་ལ་མགོ་ཉོག་དང་འཁྲུལ་པ་སྐྱེད་ཡོད་མེད་སོགས་དང་། ཡུལ་འདིའི་ས་མིང་ཐོགས་ལུགས་ཀྱི་ལོ་རྒྱུས་ཞིབ་མོར་དཔྱོད་པའི་སྐུལ་མ་ཡོང་རེ་དང་། ཅུང་ཟད་རང་མཉམ་དག་ལ་ཕན་པའི་ཆེད་དུ་དཔེ་ཀློག་གི་འབྲས་བུ་ཅུང་ཟད་སར་བུ་ཚོར་མཚམས་སྦྱོར་ཞུས་པ་ལགས་སོ།། ༢༠༢༠/༧/༣

བརྒྱུད་སྐུལ།

མཆན་སྤེལ།