བལ་ཡུལ་ནི་ཡ་ཐོག་གི་རྒྱལ་ཕྲན་སིལ་མའི་གྲས་ཡིན་ཚུལ།

བལ་ཡུལ་ནི་ཡ་ཐོག་གི་རྒྱལ་ཕྲན་སིལ་མའི་གྲས་ཡིན་ཚུལ།

རྩོམ་པ་པོ། ར་སེ་དཀོན་རྒྱམ།

ད་ལྟའི་ཆར་བལ་ཡུལ་ནི་མི་རིགས་གཞན་གྱིས་དབང་བསྒྱུར་བའི་རྒྱལ་ཁབ་ཅིག་དང་། བོད་དང་ས་འབྲེལ་ཡིན་པས་ཚོང་འབྲེལ་ཟབ་པའི་ཡུལ་གྲུ་ཅིག་དང་། ནང་ཆོས་ཀྱི་ཐད་ནས་བོད་ལ་འབྲེལ་བ་ཟབ་པ་ཙམ་ལས། བོད་རིགས་དང་བོད་ཀྱི་ས་ཁོངས་ལ་འབྲེལ་བ་གཏན་ནས་མེད་པ་ལྟ་བུར་ཆགས་ཡོད། རང་རེའི་ལོ་རྒྱུས་ལ་གཟིགས་ཚེ་བཙན་པོ་སྲོང་བཙན་སྒམ་པོས་དམག་དཔུང་མངགས་ནས་དབང་བསྒྱུར་མཛད་དེ། རྒྱལ་པོ་གསར་པ་བསྐོས་པ་དང་ལོ་ལྟར་དཔྱ་འཇལ་དུ་བཅུག་པ་དང་། ཕྱིས་སུ་བཙན་པོ་འགའ་ཤས་དགུན་ལྟ་བུར་བལ་ཡུལ་དུ་བཞུགས་ཚུལ་ཏུན་ཧོང་ནས་ཐོན་པའི་བཙན་པོའི་རབས་ཀྱི་སྐོར་རྣམས་ཡང་ཡང་ཐོན་ཡོད་པས་ན། ལོ་ངོ་བརྒྱ་ཕྲག་ལྷག་བོད་ཀྱི་མངའ་འོག་ཏུ་གནས་འདུག་ཅེས་དེང་རབས་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་ཡང་ཡང་གླེང་བ་འདི་བྱུང་འདུག

རང་རེའི་ལོ་རྒྱུས་ཡིག་ཚངས་ཁག་ལ་བརྟག་ན། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ངོས་༢༥༠ལས། ཁ་བརྒྱད་ཁེ་བརྒྱད་ནི། སྟོད་ན་ཁྲོམ་ཁ་ཆེན་པོ་གསུམ་སྟེ། དྲུ་ཞའི་རྒྱལ་མས་དང་། དྲུ་གུ་དང་། བལ་པོའོ། །ཞེས་དང་། ཁོད་ཀྱི་སྐབས་ལ་ངོས་༢༥༩ལས། རྒྱལ་བཞི་ནི། ནམ་པ་ལྡེ་རྒྱལ། བལ་པོ་ལང་ལིང་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ལོ།།ཞེས་བཀོད་པ་ལས་དེའི་གོང་དུ་མངའ་ཁོངས་སུ་གཏོགས་པར་གསལ་ཡོད་པ་ཡིན་ནོ།།
དེ་ཡང་བཙན་པོ་སྲོང་བཙན་སྐབས་སུ་ཐོག་མར་དམག་དྲངས་ཏེ། དེ་སྔ་མངའ་ཁོངས་མ་ཡིན་པ་ཅིག་དབང་དུ་བསྡུས་པར་མཛད་པ་ཅིག་དང་། མི་རིགས་མི་འདྲ་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་སྐབས་དེར་ཚུད་དབང་བསྒྱུར་བྱས་པ་ཡིན་ནམ་ཞེ་ན། དེ་ནི་ཕྱོགས་རྐྱང་པའི་ངོས་ནས་བསམ་གཞིགས་མི་རུང་ལ། གནའ་བོའི་བལ་པོ་དེ་ཉིད་ད་ལྟའི་བལ་པོའི་ས་ཁོངས་དང་གཅིག་མིན་དང་། རང་རེའི་ཡིག་ཆར་ཡང་ཡེ་རང་། ཁོ་ཁོམ། ཡམ་བུ་སོགས་རྒྱལ་ཕྲན་མང་པོ་ཡོད་ཚུལ་གསལ་ཡོད་པས། སྐབས་སོ་སོའི་གནས་སྟངས་མ་འདྲེས་པར་ཤེས་དགོས་སྙམ།
ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་སོགས་ཀྱི་ཡིག་ཚངས་ལ་བརྟགས་ན། ལོ་རྒྱུས་སྨྲ་བ་ཚོར་སྔ་ན་མ་གྲགས་པ་ཅིག་ཡོད་པ་ནི། ཆེས་གནའ་བོའི་བལ་ཡུལ་ནི་རང་རེའི་རྒྱལ་ཕྲན་སིལ་མའི་གྲས་ཡིན་པར་གསལ་པོར་འཁོད་ཡོད་པ་འདི་རེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༦ལོར་དཔར་བའི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས་ཞེས་པའི་དེབ་ངོས་༡༣ལས། བརྒྱ་བྱིན་གྱི་རབས་ལས། ཡུལ་བལ་ཡུལ་ལང་ཏང་དུ། བལ་མཁར་དངུལ་ཕྲོམ་གི་ནང་ན་བལ་རྗེ་ལ་ནམ། གི་ཞལ་ནས། ཞེས་འཁོད་ཡོད་པ་དང་། དེ་བཞིན་དུ་དེའི་ནང་གི་རབས་རྣམས་སུ་རང་རེའི་རྒྱལ་ཕྲན་སིལ་མའི་ས་ཁུལ་སོ་སོའི་སྐོར་ཡང་ཡང་བཀོད་ཡོད་ཅིང་། དེ་དག་མཉམ་དུ་བལ་ཡུལ་ཡང་ཚུད་ཡོད། ཡིག་ཆ་དེར་ལེགས་པར་གཟིགས་ན། དེའི་ངོས་༦༠ལས། ཐ་ང་བལ་མོ་ཐང་རིང་གི་རབས། བལ་མངད་ཅྀང་སེས་ཀྱིས་མངད་དུ་མངད།།བལ་ཡུལ་ལེང་ཏང་ནའ། ཕ་དང་ཡབ་ཀྱི་མཚན་བལ་རྗེ་ལ་ནམ་ཞིག།།མའ་དང་ཡུམ་གྱྀ་མཚན་བལ་བདག་བཙུན་མོ་གཉིས། བཤོས་ཏང་ནམས་ཀྱི་སྲས། ཐ་ང་བལ་མོ་ཐང་རྀང་བཟང་སྨྱུག་རེ་ལྡེམ།།ཞེས་སོགས་བྱུང་རིམ་བཀོད་ཡོད་པ་དང་། བལ་གྱྀ་ཕྱས་ལ་བསྐུས་སྟེ།།ཞེས་དང་། བལ་དུ་གླང་མཆིན་མ། ཞེས་དང་། བལ་བོན་རུམ་ལ་མཆིས་ཤིག བལ་བོན་རོམ་པོའིས། ཅེས་དང་། བལ་ལ་གོང་སུམ་ནའ། བལ་གྱྀ་རའ། ཞེས་སོགས་ལས་བོད་ཁམས་ཤིག་ཡིན་པར་མངོན་འདུག
བལ་ཡུལ་གནའ་བོའི་རྒྱལ་ཕྲན་སིལ་མ་བཞི་ཅུ་སོགས་ཀྱི་ཁོངས་ཡིན་འདུག་སྨྲས་ཚེ། མཁས་བླུན་མང་པོས་ཁྲེལ་བགོད་དང་ཧབ་ཆ་བྱེད་སྲིད་མོད། གནའ་བོའི་ལོ་རྒྱུས་གསལ་པོར་རྟོགས་འདོད་ན། སྐབས་དེ་དང་དེའི་སྐོར་གྱི་འབྲེལ་ཡོད་ཡིག་རྙིང་ལ་བརྟེན་དགོས་ལ། འདི་ནི་གཏམ་རྒྱུད་དུ་འདུག་གོ་ཟེར་ན་ཆེས་གནའ་བོའི་མིའི་རིགས་ཀྱི་ལོ་རྒྱུས་ནི་གཏམ་རྒྱུད་དང་། སྒྲུང་རྒྱུད་ཀྱི་ནང་དུ་འདུས་ཡོད་པ་ལས། ལོ་རྒྱུས་རྐྱང་པ་དངོས་གཙང་ཧ་ཅང་མཐོང་དཀོན་པས། དེ་བཞིན་འདིར་བལ་ཡུལ་དྲངས་པའང་རྒྱུ་མེད་རྐྱེན་མེད་ཅིག་ཡིན་མི་སྲིད་པས། འདི་ཡིས་ཁུངས་སྣེ་བྱས་ཏེ་ཕྱིར་རྟོག་ཞིབ་མང་ཙམ་གནང་ན་སྔར་མེད་ཀྱི་ལྟད་མོ་མང་པོ་མཐོང་ངེས་པའི་གནད་ཡོད་པར་སེམས།།
ད་ལྟའི་བལ་ཡུལ་གྱི་ས་ཆའི་རྒྱ་ཁྱོན་གྱི་ཕྱེད་ཙམ་ཟིན་ཉེ་བའི་ས་ཁོངས་ནི་སྔོན་དུས་རང་རེའི་བཙན་པོའི་དུས་རབས་ཀྱི་མངའ་འོག་ཡིན་པ་མ་ཟད། བལ་པོའི་ཁོངས་ཀྱི་ཧི་མ་ལ་ཡའི་རི་འདབས་རྣམས་སུ་ཡང་གླེ་མི། འོམ་ལ། མུ་གུམ། འཛུམ་ལང་། དོལ་པོ། གློ་བོ། སྙི་ཤང་། ཡོལ་མོ། ཤར་པ། ཁུམ་བུ་སོགས་སུ་གནའ་ནས་ད་བར་བོད་རིགས་འཚོ་གནས་བྱེད་བཞིན་པ་མ་ཟད། རྟ་མང་དང་སྒོ་སྲུང་སོགས་གནས་ཡོད་པས་ཀྱང་བྱུང་འཕེལ་གྱི་ཕྱོགས་མང་པོར་ཤེས་རྟོགས་བྱ་ནུས་སྙམ།
རང་རེས་ཐོག་མར་དེ་ཁུལ་ལ་བལ་པོར་འབོད་པ་དང་། རིམ་པས་དེ་འབྲེལ་རྣམས་ལ་བལ་པོར་འབོད་པ་དང་། དེ་རྗེས་མཉམ་འདུས་མི་རིགས་གཞན་ལ་འབོད་པ་ཡིན་མིན་སོགས་ཤེས་དགོས་པས། གནའ་བོའི་ཡས་མདོས་གཡང་འགུགས་སོགས་ལ་བརྟགས་ན་བལ་པོ་ཞེས་པའི་ཐ་སྙད་དེ་ཉིད་དང་འབྲེལ་ཡོད་ཚང་མར་གཞིགས་ན། ཁོ་བོས་བཤད་པ་འདི་ཉིད་རྩ་བ་གཞི་འཛིན་ས་མེད་པའི་དཀྲོག་གཏམ་མམ། རྟོག་བཟོ་བྱས་པའི་སྒྲུང་རིགས་མ་ཡིན་པར། བོད་ཀྱི་ཡ་ཐོག་ལོ་རྒྱུས་ཞིབ་འཇུག་ལ་ཁུངས་སྣེ་ཅིག་གསལ་བཤད་ཀྱི་རིན་ཐང་ཡོད་སྲིད་པ་ཡིན་ཏེ། ད་བར་སུས་ཀྱང་དོགས་སློང་ཙམ་ཡང་མ་གནང་བའི་ཕྱིར་རོ། །དེས་ན་མཁས་པའི་ལེགས་བཤད་འདྲེན་པའི་ཆེད་དུ་ར་སེ་དཀོན་རྒྱམ་པས་བཀོད་པའོ།། ༢༠༢༠/༣/༣༠

བརྒྱུད་སྐུལ།

མཆན་སྤེལ།