བསམ་ཡས་བྱ་དེ་དཀར་པོའི་ངོ་མཚར་ཤོད་རྒྱུན།

བསམ་ཡས་བྱ་དེ་དཀར་པོའི་ངོ་མཚར་ཤོད་རྒྱུན།

 བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྤྲུལ་པའི་གཙུག་ལག་ཁང་གི་སྐོར་ལམ་ནང་མའི་ཤར་ལྷོའི་མཚམས་ཀྱི་འོག་ཐོག་ལྡེབས་རིས་ཀྱི་ངོས་སུ་བྱ་དེ་དཀར་པོ་ཞིག་བྲིས་ཡོད་པ་དེ་ནི་དམངས་ཁྲོད་དུ་ཡོངས་སུ་གྲགས་པའིབསམ་ཡས་བྱ་དེ་དཀར་པོ་ཞེས་པ་དེ་ཡིན་ལ་དེར་མི་ཚང་མས་དད་གུས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།

      མ་གཞི་ཚང་མས་མཁྱེན་གསལ་ལྟར་ལྡེབས་རིས་ངོས་སུ་འདབ་ཆགས་དང༌། རི་དྭགས། གཅན་གཟན་སོགས་བྲིས་པ་གང་སར་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པས་དེ་ནི་ངོ་མཚར་ཆེ་བ་གང་ཡང་མ་ཡིན་པ་སྨོས་མེད་ལགས་ཀྱང༌།   བསམ་ཡས་ཀྱི་བྱ་དེ་དཀར་པོར་སྐྱེ་བོ་ཀུན་གྱིས་དད་གུས་ཆེན་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ།   བྱ་དེ་དེའི་མིང་གྲགས་གང་སར་ཇི་ལྟར་ཁྱབ་བམ་ཞེ་ན།  དེའི་རྒྱུ་མཚན་དམངས་ཁྲོད་དུ་ངོ་མཚར་ཆེ་བའི་ཤོད་རྒྱུན་དུམ་བུ་ཞིག་ཡོད་པ་སྟེ།   

 སྔོན་སྤྱི་ལོའི་དུས་རབས་དགུ་པའི་དུས་མཇུག་ཏུ་ཉིན་ཞིག་བསམ་ཡས་དགོན་པའི་འོག་ཐོག་གི་མཆོད་མེའི་མེ་ལྕེ་མཇལ་དར་བརྒྱུད་མཆོད་གཤོམ་ལ་མཆེད་དེ་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་ཉེན་ཆེ་བའི་དུས་དེར། གང་ནས་ཡོང་མིན་མི་ཤེས་པའི་བྱ་དེ་དཀར་པོ་ཞིག་གིས་སྐད་ཤུགས་ཆེན་རྒྱག་བཞིན་པར་དགོན་པའི་ནང་འཕུར་བས་ཚང་མ་ཡ་མཚན་སྐྱེས་ཏེ་བྱ་དེ་དཀར་པོ་དེའི་རྗེས་སུ་བསྙེགས་པ་ན་མཆོད་གཤོམ་ལ་མེ་མཆེད་ཡོད་པ་དང༌།   བྱ་དེས་རང་སྲོག་ཕངས་མེད་ངང་གཤོག་རྡེབ་བྱས་ཏེ་མེ་གསོད་བཞིན་ཡོད་པས་ཚང་མས་རང་ནུས་ཡོད་རྒུས་མེ་བསད་པས་མེ་སྐྱོན་འགོག་ཐུབ་པ་བྱུང་ཡང་། ཡ་མཚན་ཅན་གྱི་བྱ་དེ་དཀར་པོ་དེའི་གཤོག་སྒྲོར་མེ་འབར་ནས་དེ་གར་ཤི།  ཕྱིས་བྱ་དེ་དཀར་པོ་དེར་དྲན་གསོ་བྱེད་ཆེད་གྱང་ལྡེབས་སུ་བྱ་དེ་དཀར་པོ་དེ་ཆེད་དུ་བྲིས་པས་ཚང་མས་དེ་ལ་དད་གུས་ཧ་ཅང་ཆེན་པོ་བྱེད་པ་མ་ཟད་དམངས་ཁྲོད་གཞས་ཚིག་ནང་དུའང་བསམ་ཡས་བྱ་དེ་དཀར་པོའི་སྐོར་མང་པོ་གསར་རྩོམ་བྱས་ཡོད་ཅིང༌། ༼ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུ།  བསམ་ཡས་བྱ་ཕོ་དཀར་པོ། །  བྱ་སྐད་སྔ་པོ་མ་རྒྱག ། ང་དང་ཆུང་འདྲིས་བྱམས་པའི། ། སྙིང་གཏམ་བཤད་འཕྲོ་ལུས་སོང་༽  ཁྱད་པར་དུ་ཤོད་རྒྱུན་ལ་དུས་ཕྱིས་ཀྱང་བསམ་ཡས་དགོན་པར་མེ་དགྲ་ཡོང་ཉེན་ཡོད་ན་ལྡེབས་རིས་ངོས་ཀྱི་བྱ་དེ་དཀར་པོ་དེས་བྱ་སྐད་བརྒྱབ་ནས་ཉེན་བརྡ་གཏོང་གི་ཡོད་ཅེས་པའི་ངོ་མཚར་གྱི་ཤོད་སྲོལ་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད།

 

བརྒྱུད་སྐུལ།

མཆན་སྤེལ།