བུད་མེད་ཅིག་གིས་མིང་བཏགས་པའི་བོད་ཀྱི་དགོན་ཆེན།

བུད་མེད་ཅིག་གིས་མིང་བཏགས་པའི་བོད་ཀྱི་དགོན་ཆེན།

 —བཀྲ་ཤིས་ལྷུན་པོ་དགོན།

    བཀྲ་ཤིས་ལྷུན་པོ་ནི་དགེ་ལུགས་པའི་དགོན་སྡེ་ཆེན་པོའི་བཞིའི་གྲས་ཏེ། ད་ལྟ་གཞིས་ཀ་རྩེའི་གྲོང་ཁྱེར་དུ་ཡོད་ཅིང་། རིག་གསར་སྐབས་སུ་ཉམས་ཆག་ཏུ་ཡང་སོང་མེད། རྒྱལ་བ་དགེ་འདུན་གྲུབ་གཙུག་ལག་ཁང་གི་ཁྱམས་སུ་རས་གུར་ནང་བཞུགས་པའི་ཐོ་རེངས་ཤིག་ལ་སྔར་ལུང་སྟོན་མཁན་གྱི་བུད་མེད་ཅིག་གིས”དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས”ཞེས་ལྷང་ངེར་འབོད་པས་དགོན་པའི་མཚན་ལ་བཀྲ་ཤིས་ལྷུན་པོ་ཞེས་དང་། རྗེ་དགེ་འདུན་གྲུབ་པ་ཉིད་ཀྱིས་དཔལ་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་མཚན་གསོལ།

 

བདག་ས་སྐྱར་མཇལ་ནས་ཕྱིར་གཞིས་ཀ་རྩེར་སླེབས་ཤིང་། སྔ་མོར་བཀྲ་ཤིས་ལྷུན་པོར་མཆོད་མཇལ་བྱེད་དུ་ཕྱིན། ཡིན་ན་ཡང་། སྐབས་དེར་ད་དུང་སྒོ་ཕྱེས་མེད་པས་ངེད་ཅག་གིས་སྒོ་ཁར་སྒུག་པ་ཡིན། ལྷ་སའི་བུད་མེད་ཅིག་གིས་ཆེད་དུ་བདག་ལ་ཁ་བརྡ་བྱས་ཤིང་། སྲུང་མ་འདྲ་མིན་གྱིས་ཁོང་ཚོ་མཇལ་སྐོར་བྱེད་ཀྱིན་མེད་པའི་དགོན་པ་དག་ཀྱང་བཤད་བྱུང་། ཁོ་ཚོས་སྲུང་མ་ལ་འཛེམ་པ་དེ་དད་པ་ལས་ཀྱང་རྒྱལ་འདུག་ཅིང་དགོན་པ་ཞིག་ན་སྲུང་མ་མཇལ་མི་འདོད་པ་ཞིག་ཡོད་དུས་དགོན་པ་དེ་ལའང་མཇལ་གྱིན་མི་འདུག སྐབས་འདིར་ངས་དད་པའི་སྟོབས་ནི་སྟོབས་ཀུན་ལས་མངོན་པར་རྒྱལ་འདུག་པ་ཤེས་བྱུང་།

ངེད་གཉིས་ཀྱིས་དེའི་སྐོར་ཁ་བརྡ་བྱེད་ཀྱིན་པའི་སྐབས་སུ་འདུ་ཁང་དེའི་སྒོ་ཕྱེས་བྱུང་བས་རང་རང་དད་པ་རྣམ་དག་དེ་མཆོད་པར་སྤྲོ་བཞིན་མཆོད་མཇལ་དུ་ཕྱིན་པ་ཡིན། མཇལ་བ་དང་ལྟ་སྐོར་བས་གང་འདུག་པས་འཚང་ཁ་བྱེད་བཞིན་དུ་མཇལ་ཞིང་དེ་དང་མཉམ་དུ་སྔོན་གྱི་ལོ་རྒྱུས་ཀྱང་མིག་ལ་ཤར་བྱུང་།

སྔོན་དུས་བོད་ཀྱི་གྲུབ་ཆེན་རྭ་ལོ་ཙཱ་བ་གཙང་ལ་ཕེབས་དུས་ཁོང་གིས་གནས་འདིར་མཛུབ་མོས་བསྟན་ཏེ། མ་འོངས་པ་ན་ས་ཕྱོགས་ཕ་ཀིར་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཞིག་གིས་དགོན་པ་བཀྲ་ཤིས་ཀྱི་མིང་ཅན་ཞིག་བཏབ་སྟེ་འགྲོ་དོན་དཔག་མེད་འབྱུང་བ་འདུག་ཅེས་གསུངས། གྲུབ་ཐོབ་དེས་ལུང་བསྟན་པ་བཞིན་གནས་འདིར་འགྲོ་དོན་དཔག་མེད་བྱུང་ལ། བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་ཡང་རྨད་དུ་བྱུང་བའི་བྱས་རྗེས་བཞག་ཡོད། དེ་དག་རྭ་ལོ་ཙཱ་བས་ལུང་བསྟན་གྱིས་རྐྱེན་གྱིས་བྱུང་བ་མ་ཡིན་པར་རྗེ་ཙོང་ཁ་བའི་མཁྱེན་རྒྱ་ཡངས་པའི་ཤེས་རབ་ལས་བྱུང་བ་ཡིན།

རྗེ་ཙོང་ཁ་བས་བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་པས་གཟུར་གནས་མཁས་པ་དག་གིས་དབང་མེད་དུ་སྤྱི་བོའི་རྒྱན་དུ་བླངས། འོན་ཀྱང་ཁོང་ལ་མི་དགའ་བ་ཡང་མང་དུ་བྱུང་ཞིང་། དེ་དག་ཁོང་ལ་མི་དགའ་ཟེར་བ་ལས་ཁོང་གི་རླབས་ཆེ་བའི་མཛད་པ་དེར་ཕྲག་དོག་བྱས་པ་ཡིན་ཞེས་བཤད་ན་འགྲིག

རྗེ་ཙོང་ཁ་བས་བུ་སློབ་དག་ནི་ཁོང་གི་དགོངས་པ་བཞིན་བསྟན་པ་སྲུང་བའི་ཆེད་དུ་བྱོན་པ་འདྲ། ཁོང་གི་ཐུགས་དགོངས་ཡོད་ས་རེར་དགོན་པ་རེ་བཏབ་ཅིང་བཀྲ་ཤིས་ལྷུན་པོ་ཡང་དེ་བཞིན་བྱུང་བ་སྨོས་མ་དགོས། ལོ་རྒྱུས་མང་བོར་དགོན་པ་འདི་རྗེ་བླ་མའི་ལུང་བསྟན་པ་ལས1447ལོར་རྗེ་དགེ་འདུན་གྲུབ་པ་སྣར་ཐང་ནས་འཇམ་དཔལ་མཚན་བརྗོད་གསུང་བཞིན་ཡར་མར་ཕེབས་ནས་གནས་འདིར་བྱོན། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་དང་། ཐུབ་པ་བདུད་འདུལ་མ་གཙང་ཁང་དང་བཅས་པ་བཞེངས་ནས་དགོན་པ་བཏབ།

གཙང་ཁང་ནུབ་ཏུ་གསེར་ཟངས་ཀྱི་བལ་བཟོའི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྷག གཙང་ཁང་གི་ཤར་དུ་སྒྲོལ་མ་ལྷ་ཁང་། འདུ་ཁང་ནུབ་བློ་བཟང་སྦུག ཡང་སྟེང་གཉེར་གཏད་གནས་བཅུ་ལྷ་ཁང་ནང་གནས་བཅུ་བྲག་རི་མ། སྦུག་ཏུ་ལྷ་མོ་དམག་ཟོར་མ། བྱམས་ཁང་སྟེང་ཞལ་རས་ལྷ་ཁང་དང་། སྒྲོལ་མ་ལྷ་ཁང་སྟེང་ལྷ་ཁང་མཐོང་བ་དོན་ལྡན་ནང་རྗེ་དགེ་འདུན་གྲུབ་ཀྱི་དངུལ་གདུང་། པཎ་ཆེན་སྐུ་ཕྲེང་བཞི་བ་ནས་རྒྱ་བསྐྱེད་གནང་སྟེ་སེང་གཡབ་རྒྱབ་དང་ལྕང་ར་ལྷ་ཁང་། གྲིབ་སེལ་ལྷ་ཁང་། སྣ་ཚོགས་ལྷ་ཁང་། དགའ་སྡོང་ལྷ་ཁང་། པཎ་གྲུབ་ལྷ་ཁང་། ངུར་སྨྲིག་ལྷ་ཁང་། རིན་ཆེན་ལྷ་ཁང་། རྒྱ་ནག་ལྷ་ཁང་བཅས་པར་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ།

དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཞིང་བཀྲ་ཤིས་ལྷུན་པོས་ཀྱང་བོད་ལ་བཀྲ་ཤིས་པའི་ལྷུན་པོ་ཞིག་བསྐྲུན། ཡིན་ན་ཡང་། གྲུབ་མཐའི་ཕྱོགས་རིས་ཀྱིས་བཀྲ་ཤིས་ཟིལ་གནོན་གྱི་དགོན་པ་ཞིག་བཞེངས་མོད། དེ་ནི་རྟེན་འབྲེལ་མ་ལེགས་པ་ཆེན་པོ་ཞིག་ཏུ་གྱུར་ཅིང་ཟིལ་གནོན་པའི་ལྷ་ཁང་དེ་ད་ལྟ་དམིགས་མེད་དབྱིངས་སུ་ཡལ། འདི་ནས་འཕྲོ་བའི་འོད་སྣང་དེས་མྱང་སྨད་དུ་གྲགས་པའི་ས་འདིར་ཤེས་རིག་གི་སྣང་བ་བསྐྱེད་པས་ཆོས་སྲིད་རིག་གནས་དང་བཅས་པ་ཤིན་ཏུ་འཕེལ།

མཆོད་མཇལ་བྱེད་ཀྱིན་སོང་། མཆོད་ཁང་བཀྲ་ཤིས་རྣམ་རྒྱལ་ལ་སླེབས་བྱུང་། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་བས་ལྗགས་བཀོད་གནང་ཞིང་། ཕྱིའི་བཀོད་པ་དང་ནང་གི་ལྡེབས་རིས་སོགས་ཐུན་མོང་མ་ཡིན་པ་འདི་ལ”མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ”ཞེས་གསོལ་ཞིང་ནང་དུ་པཎ་ཆེན་སྐུ་ཕྲེང་ལྔའི་གསེར་གདུང་བཞུགས་ཡོད། མཆོད་རྟེན་འདི་གྲུབ་ནས་རབ་གནས་མཛད་སྒོ་གྲུབ་རྗེས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་སྐུ་གཤེགས། དེ་བས་མཆོད་ཁང་འདིར་མཇལ་དུས་ཁོང་གི་སྐུ་གསུང་ཐུགས་གསུམ་ལ་མཇལ་བ་ལྟ་བུའི་སྣང་བ་བྱུང་། མཆོད་ཁང་ནུབ་ཀྱི་ལྷ་ཁང་ནང་མཆོད་ཁང་ཤར་ལ་དཔེ་བྱས་ནས་བཞེངས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་གསེར་གདུང་སྲིད་གསུམ་རྣམ་རྒྱལ་ཡོད།

པཎ་ཆེན་བཅུ་བ་མཆོག་གི་གསེར་གདུང་ལ་མཇལ་དུས་ངས་ཁོང་གིས་དགའ་ལ་སྐྱོ་བའི་ལོ་རྒྱུས་དྲན་བྱུང་། ཁོང་ནི་ཨ་མདོར་འཁྲུངས་ཤིང་བོད་མི་རིགས་ཀྱི་ལས་དོན་གྱི་ཆེད་དུ་དཀའ་སྡུག་གང་མང་ཞིག་མྱངས་པའི་སྐྱེས་ཆེན་ཞིག་ཡིན། པཎ་ཆེན་ནང་མ་སྒང་གིས་སྐུ་ཕྲེང་དགུ་བ་ཁྲིད་ནས་རྒྱ་ནག་ལ་བྲོས་པ་དེས་རང་ལ་ཕན་ཐོགས་མེད་ཅིང་བོད་ལ་ཡང་ཕན་ཐོགས་ཅི་ཡང་མ་བྱུང་ལ། མིག་རྒྱང་ཐུང་བའི་བྱེད་ཐབས་དེས་སྐུ་འདི་བ་ལའང་དབུས་ཕྱོགས་ནས་ཁས་མི་ལེན་པའི་ཤུགས་ཆེན་པོ་བྱུང་ན་ཡང་། ཁོང་གིས་ཡིག་འབྲུ་ཁྲི་བདུན་མ་བྲིས་ནས་བཙོན་ཁང་དུ་འགྲིམ་ཞིང་དེ་ནས་བཟང་བཙོན་ལྟ་བུར་བཞུགས་དུས་དམ་ཚིག་ཀྱང་ཉམས་མོད། ཁོང་གིས་དཀའ་སྡུག་གིས་ལོ་ཟླ་དེས་བོད་མི་རིགས་ཀྱི་དོན་དུ་མྱང་བའི་ལོ་ཟླ་ཡིན་པ་ལོ་རྒྱུས་ཀྱིས་ཁས་བླངས་ཤིང་། བདག་མོ་བཞེས་ཤིང་སྲས་མོ་འཁྲུངས་པའང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལས་དང་བོར་ཆགས་ནའང་ཁོང་ནི་རྒྱལ་བ་ཚངས་དབྱངས་པའི་མཛད་སྤྱོད་ལྟ་བུར་ལོ་རྒྱུས་ཀྱིས་ཁས་བླངས་མེད་ལ་བོད་མི་རིགས་ཀྱིས་ཀྱང་ཁས་བླངས་མེད་དེ་ཚངས་དབྱངས་པས་སྐྱིད་མ་ཐེག་པ་ཡིན་ལ་པཎ་ཆེན་རིན་པོ་ཆེས་སྡུག་མ་བཟོད་པ་ཡིན་ངེས་ཡིན།

ལྷག་པར་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་ནས་ཐོག་དང་བོར་བོད་ལ་ཕེབས་དུས་ཁོང་ཐུགས་ཐག་བཅད་ནས་བོད་དུ་ཕེབས་པ་དང་གཏན་ནས་མི་འདྲ་བར་སྐྱ་སེར་ཕོ་མོ་མཐའ་དག་གིས་རིང་ནས་བྲལ་བའི་མ་ལ་མཇལ་བ་ལྟ་བུར་སྐྱོ་གདུང་དང་ངུ་འབོད་ཀྱིས་འཚང་ཁ་ཤིག་ཤིག་གིས་མཇལ་བྱུང་།

ཁོང་གིས་ངས་མི་རིགས་འདིར་ཞབས་འདྲེན་བྱེད་པའི་དྲི་ཙམ་ཡང་ངའི་ལོ་རྒྱུས་སུ་མི་འཇོག་དམ་བཅའ་བྱས་ཡོད་ཅེས་གསུངས་པ་བཞིན་མི་ཚེ་ཡོད་ཚད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕུལ། དེ་ནི་ཁོང་གིས་གསུངས་པའི”ང་སྐྱེས་པ་བསྟན་འགྲོ་དོན་དུ་ཡིན་པ་ཁྱེད་ཅག་གིས་འདོད་པ་བཞིན་ད་ཤི་ན་ཡང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་དོན་དུ་སེམས་ཐག་རྦད་ཆོད་ཡིན་ལ་ངའི་བབ་ཀྱང་ཡིན”གསུངས་པ་བཞིན་དུ་གྲུབ།

ཁོང་གི་ཐུགས་བརྩེ་རེ་རེ། ཁོང་གི་ཤེས་རབ་རེ་རེ། ཁོང་གི་མཛད་པ་རེ་རེ། ཁོང་གི་ཡོད་ཚད་ནས་ཡོད་ཚད་མི་རིགས་འདིའི་ཆེད་དུ་ཕུལ། ངས་དེ་ལྟར་བསམ་བཞིན་དད་པ་དང་སྐྱོ་བ་གང་ཡིན་མི་ཤེས་པ་ཞིག་གིས་ཡ་ཆུང་སྨྲེང་བར་བྱས།

དེ་ལྟར་མཇལ་སྐོར་གྲུབ་ནས་བཀྲ་ཤིས་ལྷུན་པོའི་སྒོར་བུད། ཐང་ཆེན་ནས་ཕྱིར་དགོན་པ་ལྟ་དུས་རྒྱབ་རི་སྔོན་གྱི་རྒྱབ་རི་ཡིན་ལ་བཀྲ་ཤིས་ལྷུན་པོ་སྔོན་གྱི་བཀྲ་ཤིས་ལྷུན་པོ་དེ་ཡིན། འོན་ཀྱང་བཀྲ་ཤིས་ལྷུན་པོའི་ནང་གི་དགའ་སྐྱོའི་ལོ་རྒྱུས་དེ་དག་སུ་ཞིག་གིས་བདག་ལ་བརྗོད་དམ།

ངས་གནས་ཡིག་གི་ཁ་ཕྱེས་ནས་ལྟ་དུས་དགོན་པ་འདིར་ཤར་རྩེ་གྲྭ་ཚང་དང་།དཀྱིལ་ཁང་གྲྭ་ཚང་། ཐོས་བསམ་གླིང་གྲྭ་ཚང་། སྔགས་པ་གྲྭ་ཚང་གྲྭ་ཚང་བཞི་ཡོད་ཀྱང་ཐོས་བསམ་གླིང་དང་ཤར་རྩེ་གྲྭ་ཚང་། མི་ཚན་མང་བོ་ཞིག་ད་དུང་ཉམས་གསོ་འགྲུབ་མེད་ཅེས་ཡིག་འབྲུ་དེ་མཐོང་བྱུང་།

ངའི་འགྲམ་དུ་རྐྱང་ཕྱག་འཚལ་བཞིན་པའི་བུད་མེད་འདི་དག་གིས་ངའི་སེམས་པ་ཤེས་ག་ལ་ཐུབ། རྒྱགས་ནས་ཉལ་ཏེ་གཉིད་བཞིན་པའི་ཁྱི་རྒན་འདི་དག་ཁྲོད་དུ་རིག་གསར་སྐབས་སུ་དགོན་པར་རྒྱུགས་ནས་སྐུ་གསུང་ཐུགས་རྟེན་ལ་འཐབ་རྩོད་བྱེད་མཁན་རེ་ཡོད་ན་དེ་དག་གིས་ཕལ་ཆེར་ངའི་སེམས་པར་དྲན་པ་འདི་དག་མངོན་སུམ་དུ་མཐོང་ཡོད་ངེས།

བརྒྱུད་སྐུལ།

མཆན་སྤེལ།