བོ་དོང་པཎ་ཆེན་དང་མཁས་གྲུབ་རིན་པོ་ཆེ་གཉིས་ངམ་རིང་དུ་ཆོས་རྩོད་མཛད་པའི་ལོ་རྒྱུས།

བོ་དོང་པཎ་ཆེན་དང་མཁས་གྲུབ་རིན་པོ་ཆེ་གཉིས་ངམ་རིང་དུ་ཆོས་རྩོད་མཛད་པའི་ལོ་རྒྱུས།

༄༅། །བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་གཙང་སྟོད་བྱང་གི་ངམ་རིང་ཆོས་སྡེར་ཆོས་རྩོད་མཛད་པའི་ལོ་རྒྱུས་བློ་གསལ་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ།།

སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་བློ༵་བཟ༵ང་རྒྱལ་བའི་བསྟན།།
ལ་སྟོད་བྱང་གི་ཕྱོག༵ས་འདིར་ལེག༵ས་པར་གསལ་ལ་བསམ་བཞིན་དུ།།
སྐུ་ཡི་བཀོད་པ་གདུལ་བྱ་དང་མཚུངས་བྱོན་པའི་དགེ་བའི་བཤེས།།
ཞབས་སེན་རྡུལ་ལ་བདག་ཕྱག་བགྱིས་ཏེ་དད་པའི་མཁར་དུ་རོལ།།

ཅེས་མཆོད་པར་བརྗོད་པའི་ཚིག་གི་ཕྲེང་བས་སྔུན་བསུས་ཏེ་གང་གླེང་བར་བྱ་བ་ནི། རྒྱ་བོད་ཀྱི་འཛིན་མའི་ཁྱོན་ལ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞེས་མཁས་པའི་མཚན་སྙན་ཡོངས་སུ་གྲགས་པ་ཁོང་དང་།མཁས་པའི་མདུན་སར་རྩོད་པའི་ཁྲི་ལ་དབང་བ་ལུང་དང་རིགས་པའི་དབང་ཕྱུག་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ་གཉིས་རབ་བྱུང་བདུན་པའི་ལྕགས་སྦྲུལ་ལོར་གཙང་ལ་སྟོད་བྱང་གི་སའི་ཕྱོགས་ངམ་རིང་ཆོས་སྡེའི་ཆོས་ར་ཆེན་མོར་ཆོས་ཀྱི་རྩོད་པ་མཛད་པའི་ཚུལ་ཡིན།

དེ་ཡང་སྐབས་ཤིག་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གཙང་སྟོད་དེང་རི་ཤེལ་དཀར་ཕྱོགས་སུ་བཞུགས་པའི་དུས། བྱང་ཁྲི་སྐོར་གྱི་བདག་པོ་བྱང་པ་འཇམ་དབྱངས་ཀྱི་རྣ་བར་བོ་དོང་པཎ་ཆེན་གྱིས་རྗེ་ས་པཎ་གྱི་ཚད་མ་རིགས་གཏེར་འགོག་པར་མཛད་དོ་ཞེས་ཐོས་ནས་ངམ་རིང་ས་ཁུལ་གྱི་མཁས་པ་ཐམས་ཅད་བསྡུས་ཏེ་འདི་རྣམས་ཀྱི་སྙན་དུ་འདི་ལྟར་གསོལ་ཏེ།བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཚད་མ་རིགས་གཏེར་ལ་བགྲོ་གླེང་གི་ཚུལ་དུ་ངམ་རིང་ཆོས་སྡེ་རུ་ཕེབས་ཡོང་བར་ཡོད་པས།ཁྱེད་རྣམས་ཀྱིས་དེའི་ཆེད་དུ་གཞུང་ཆེན་དག་ལ་དཔེ་ཀློག་བྱོས། ལྷག་པར་དུ་ཚད་མ་རིགས་གཏེར་ལ་ཞིབ་ཏུ་རྟོག་དཔྱོད་གྱིས་ལ།བོ་དོང་པཎ་ཆེན་གྱི་དྲི་བ་མཛད་པ་དག་ལ་ལན་ཡང་དག་པར་འདེབས་ཐུབ་པའི་གྲ་སྒྲིག་གྱིས་ཤིག་བྱས་པས་མཁས་པ་འདི་དག་གིས་ཁས་བླངས་སོ།།དེ་ནས་ཉིན་ཤས་ཤིག་ནས་བོ་དོང་པཎ་ཆེན་ངམ་རིང་དུ་གདན་དྲངས་ནས་ཞབས་ཏོག་ལེགས་པར་ཞུས་པ་དང་སྦྲག་རྩོད་པའི་ཁྲི་ལ་བཞུགས་སུ་གསོལ་ཏེ། བཞུགས་ཁྲིའི་གཤམ་གྱི་གཡས་གཡོན་དུ་བྱང་པ་འཇམ་དབྱངས་ལ་སོགས་པའི་གཙོ་འཛིན་དུ་མ་དང་། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་། མཁས་པ་བསོད་ནམས་སྐྱབས་ལ་སོགས་པ་རིགས་སྨྲ་དུ་མ་ཚོགས་སུ་འཁོད། དེའི་ཉིན་མཁས་པ་བསོད་ནམས་སྐྱབས་ཡར་བཞེངས་ཏེ། འདི་ལྟར།
སྡེ་མདུན་རིགས་པའི་དེ་ཉིད་འདི་ཡིན་ཞེས།།
རྒན་པོའི་ལུགས་ངན་དོར་ནས་ངས་འདི་བྱས།།
རིགས་པ་མཁྱེན་པ་དེ་དག་འདི་བཞེད་མོད།།
ལན་མང་ཐོས་ཀྱང་བླུན་པོའི་སྤྱོད་ཡུལ་མིན།།

ཞེས་གསུངས་པ་ལྟར། རིགས་གཏེར་ལ་ནང་འགལ་ཡོད་ཅེས་འགོག་པ་ཐོས་ཏེ།རྗེ་བཙུན་འཇམ་དཔལ་དབྱངས་ལ་ནང་འགལ་འཛིན་པ་དེ་འཆལ་པ་རང་ཡིན་ཞེས་སྐད་ཤུགས་ཆེན་པོའི་སྒོ་ནས་སྨྲས་སོ།།དེའི་ཚེ་བོ་དོང་པཎ་ཆེན་གྱིས་ཁྱེད་ཀྱིས་སྨྲས་པ་འདི་ཁོ་བོ་ལ་ཡིན་ནམ། ཡང་ན་གཞན་ལ་ཡིན་གསུངས་པས།མཁས་པ་བསོད་ནམས་སྐྱབས་ཀྱིས་ཁྱེད་ལ་ཟེར་བ་ཡིན་ཞེས་གསུངས། དེ་ནས་རྩོད་པའི་དངོས་གཞི་འགོ་ཚུགས་ཏེ་བོ་དོང་པཎ་ཆེན་གྱིས་འོ་ན་རིགས་གཏེར་རང་འགྲེལ་དེ་རྗེ་ས་པཎ་གྱིས་མཛད་པ་ཡིན་ནམ་མ་ཡིན་གསུངས་པས།མཁས་པ་བསོད་ནམས་སྐྱབས་ཀྱིས་དེའི་ལན་ལ་མ་ཡིན། རིགས་གཏེར་རང་འགྲེལ་དུ་གྲགས་པ་དེ་ལ་ནང་འགལ་མང་པོ་ཡོད་ཅེས་སོགས་བརྗོད། དེ་ལ་བོ་དོང་པཎ་ཆེན་གྱིས། འོ་ན་རིགས་གཏེར་རྩ་བ་ཡང་རྗེ་ས་པཎ་གྱིས་མ་མཛད་པར་ཐལ། དེ་ལ་ཡང་འགལ་བ་དུ་མ་ཡོད་པོའི་ཕྱིར་ཏེ། ཡུལ་གྱི་མཚན་ཉིད་བློས་རིག་བྱ།།བློ་ཡི་མཚན་ཉིད་རིག་པ་ཡིན། །ཞེས་སོགས་ལ་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་འཇུག་པ་སོགས།ཚད་མ་རིགས་གཏེར་ལ་ནང་འགལ་ཉེར་ལྔ་ཙམ་བཏང་བས། འདི་དག་གི་དོན་ལ་ལན་འདེབས་མ་ཐུབ་པར་མཁས་པ་བསོད་ནམས་སྐྱབས་དེའི་ཉིན་རྩོད་པ་ཕམ། དེའི་སང་ཉིན་དེར་སླར་ཡང་བྱང་པ་འཇམ་དབྱངས་ཀྱིས།ངམ་རིང་གི་རིགས་སྨྲ་དག་གི་དབུས་སུ་བློ་ཕམ་པའི་ཚུལ་གྱི་ཁ་ས་མཁས་པ་བསོད་ནམས་སྐྱབས་ཀྱི་ཕོ་མ་བྱས་ཞེས་སྨྲེ་སྔགས་བསྒྲགས། དེ་རིང་ཁྱེད་རྣམས་ཀྱིས་བོ་དོང་པཎ་ཆེན་གྱི་གཞུང་ག་ས་ག་ནས་དྲི་བ་རྣམས་ལ་ལན་མ་འདེབས་པར།གཞུང་རྣམ་འགྲེལ་གཅིག་པུར་འགྲིལ་ནས་བགྲོ་གླེང་བྱས་ཏེ་རྩོད་པ་ལས་རྒྱལ་བར་བྱ་དགོས་པའི་སྐོར་མང་དུ་གསུངས། དེ་ནས་རིགས་སྨྲ་དག་ལྐོག་ཏུ་འཛོམས་ཏེ་དེ་རིང་བོ་དོང་པཎ་ཆེན་གྱི་རྩོད་ཡ་རུ་སུ་ལངས་མིན་གྲོས་བསྡུར་བྱེད་པའི་ཚེ།ངམ་རིང་གི་མཁས་པ་གཞན་རྣམས་དཔའ་གོང་སྟེ་ཅང་མི་སྨྲ་བའི་ཚུལ་དུ་བཞུགས། དེའི་སྐབས་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་དེ་རིང་ངས་ལན་བྱེད་གསུངས།སླར་ཡང་དེའི་ཉིན་བོ་དོང་པཎ་ཆེན་རྩོད་པའི་ཁྲི་ལ་བཞུགས་སུ་གསོལ་ཏེ་བོ་དོང་པཎ་ཆེན་གྱིས།རིག་གཏེར་ནང་འགལ་གྱི་ཕུང་པོ་འདི་ངས་མགོ་ནས་མཐར་ཆགས་སུ་དགག་པར་བྱེད་པ་ཡིན་པས་ཁྱེད་ས་སྐྱ་པ་རྣམས་གྲོས་གྱིས་ལ་ལན་ཐོབ་གསུངས།དེ་ནས་མཁས་གྲུབ་རིན་པོ་ཆེ་བོ་དོང་པཎ་ཆེན་གྱི་རྩོད་པའི་དོ་ཡ་རུ་བཞེངས་ཏེ། དོམ་དམ་དོན་བྱེད་ནུས་གང་།།དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད།།ཅེས་མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་བཞག་འཇོག་ཚུལ་ལས་འཕྲོས་ནས་བོ་དོང་པཎ་ཆེན་དང་རྩོད་པ་ཤིན་ཏུ་རྒྱས་པར་བྱས། རྩོད་པའི་མཐར་མཁས་གྲུབ་རིན་པོ་ཆེས་མདོ་སྡེ་པའི་མཐར་ཐུག་གི་གྲུབ་མཐའ་ལ་གྲུབ་མཐའ་གོང་མའི་ངོས་ནས་ནང་འགལ་ཡོད་པའི་རྟགས་གསལ་མང་དུ་འཕངས་པ་ན།རྣལ་མར་བརྗོད་པའི་ལན་འདེབས་མ་ནུས་པས་བོ་དོང་པཎ་ཆེན་ཕམ་མོ། །དེ་ལྟར་ཡང་བླ་མ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས།
མཁས་མཆོག་མཁའ་ལྡིང་དབང་པོའི་ཕྲུག་གུ་ཡིས།།
འཇིགས་མེད་སྨྲ་བའི་སེང་གེ་ཕམ་བྱས་ཚེ།།
རིགས་གཏེར་རྗེ་འབྲང་གླང་པོའི་ཚོགས་དག་ཀྱང་།།
འཇིགས་དང་བྲལ་བ་བཞིན་དུ་ཅི་དགར་རྒྱུ།།
སྡེ་དཔོན་དེ་ཡང་དགའ་བ་རབ་རྒྱས་ཏེ། །
གང་ན་འདི་ལྟའི་མཁས་པ་བཞུགས་པ་ཡི། །
ས་ཕྱོགས་དེ་ནི་ཀུན་གྱི་ཕྱག་གི་གནས།།
སྙམ་ནས་མགོན་དེའི་ཞབས་ལ་བཀུར་སྟི་བགྱིས།།
ཞེས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་།བོ་དོང་པཎ་ཆེན་གྱིས་མཁས་གྲུབ་རིན་པོ་ཆེ་ལ་ལན་དོན་མཐུན་འདེབས་མ་ནུས་པར་ཞལ་རྒྱན་ནོམ་ཞིང་བཞུགས་དགོས་པའི་ལོ་རྒྱུས་ཡོད་ལ།མཁས་གྲུབ་རྗེའི་རྣམ་ཐར་མཁས་པའི་ཡིད་འཕྲོག་ཏུའང་། མཁས་པའི་མདུན་སར་རྩོད་པའི་དབང་དུ་བྱས་ན། ཕྱོགས་གླང་ཆོས་གྲགས་མུ་སྟེགས་ཀྱི་སྟོན་པ་འདུལ་བ་ལ་ཆས་པ་ལྟ་བུ་སྟེ། པཎ་ཆེན་འཇིགས་མེད་གྲགས་པ་ལྟ་བུ་ཡང་དངོས་སྟོབས་ཀྱི་རིགས་པས་ཚར་བཅད།ཀུན་མཁྱེན་རོང་པོའང་རྩོད་པ་བྱེད་འཕྲོ་ལས་བཤོལ་ནས་མ་ནུས་པ་སོགས་ཀྱི་ལོ་རྒྱུས་ཀྱང་ཡོད།

གང་ལྟར་ན་ཡང་དེའི་ཉིན་མཁས་མཆོག་བོ་དོང་པཎ་ཆེན་གྱི་འཁོར་རྣམས་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་དྲི་མ་མེད་པའི་ལུང་རིགས་ལ་ཐུགས་ཡིད་ཕྲོགས་ཏེ་དབང་མེད་ངག་ནས་བསྟོད་པའི་ཚུལ་གྱི་ཚིག་འདི་ལྟར།
ང་ཡི་བླ་མ་བོ་དོང་པཎ་ཆེན་འདི། །
གང་གྰ་ཚུར་ལ་ཁོང་ལས་མཁས་མེད་ཀྱང་། །
ལྕང་ར་ཆོས་རྗེ་པ་དང་རྩོད་པའི་ཚེ།།
ཆོས་ཅན་མི་གཅིག་གསུངས་ལ་གསོལ་བ་འདེབས། །
ཞེས་གསུངས་པར་མ་ཟད། ཆོས་རྗེ་ས་པན་གྱིས། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་འཁུར།།ཞེས་པ་དང་། ལེགས་བཤད་མཁས་པའི་བློ་གྲོས་ཀྱི། །གོ་ཡི་བླུན་པོས་དེ་ལྟར་མིན། །ཞེས་གསུངས་པ་བཞིན།ཕྱིས་སུ་བོ་དོང་པཎ་ཆེན་གྱིས་ཀྱང་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་བུང་བ་རྣམ་པར་རྩེན་པའི་རྒྱུད་མང་ཞེས་བྱ་བ་ཞིག་ཀྱང་བརྩམས་པར་མཛད།འོན་ཀྱང་བོ་དོང་པཎ་ཆེན་གྱི་རྣམ་ཐར་རུ། དེ་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་ཞེས་ཁོ་བོས་སྔོན་ལ་སྨྲས་ཟིན་མོད།ཁྱོད་ཀྱིས་གསར་དུ་རྙེད་པ་མ་ཡིན་གྱི། དེ་ལྟར་ན་ཁོ་བོ་ཅག་ལ་ཉེས་པ་ནི་ཅི་ཞིག་ཡོད། དེ་ལས་གཞན་པའི་གནོད་བྱེད་ཡོད་ན་ནི་སྨྲོས། མེད་ན་རང་གི་སྟན་ལ་འཁོད་ཅིག། ལར་ཁོ་བོའི་ལེགས་བཤད་འདི་ལྟ་བུ་ལ་དཔལ་ཆོས་ཀྱི་གྲགས་པ་དངོས་སུ་བྱོན་ཡང་ལན་དོན་མཐུན་འདེབས་མི་ནུས་ན་ཉིད་རང་སྤོབས་པ་རེ་ཆེ་ཡིན། མདོར་ན་རིགས་པ་མཁྱེན་པ་རྣམས་ཀྱིས་དགོངས་པར་འགྱུར་བས།རྩོད་ཡིག་ལ་ཕྱག་རྒྱས་ཐོབ་ཅིག་གསུངས་ནས་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ཡང་ལན་འདེབས་མ་ནུས་པར་རང་གནས་སུ་ཕེབས་ནས་ངམ་རིང་གི་མཁས་པ་རྣམས་ཀྱི་དབུས་སུ་འདི་སྐད་སྨྲས།རིགས་ལམ་རང་ཉིད་ཀྱིས་ཉམས་སུ་མྱོང་ནས་གཞན་ལ་གསལ་པར་སྟོན་པའི་ཤིང་རྟ་ཆེན་པོ་དེ་ནི། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཁོ་ནའོ་ཞེས་བསྔགས་པ་མཛད། ནམ་ཞིག་གི་ཚེ་བྱང་བདག་པོས་ཕོ་ཉ་མངགས་ཏེ། བོ་དོང་པཎ་ཆེན་དང་མཁས་གྲུས་དགེ་ལེགས་དཔལ་བཟང་གཉིས་ངམ་རིང་ཆོས་སྡེའི་ཆོས་ར་ཆེན་མོར་རྩོད་པ་མཛད་པའི་རྩོད་ཡིག་དེ་ངམ་རིང་གི་སའི་ཆར་གཏོགས་གངས་བུ་ལེ་རུ་བཞུགས་པའི་རྗེ་རེ་མདའ་བ་གཞོན་ནུ་བློ་གྲོས་ལ་ཕུལ་བས།ཁོང་ཉིད་ཀྱང་བོ་དོང་པཎ་ཆེན་གྱིས་བདེན་གཉིས་ཀྱི་རྣམ་གཞག་འཇོག་ལུགས་ལ་ཡི་རང་བའི་ལོ་རྒྱུས་སོགས་ཀྱང་ཡོད་པས་མཁྱེན་པར་མཛོད་ཅིག།ལྷག་པར་དུ་མཚན་ཉིད་པ་ཀུན་གྱི་མཁྱེན་དགོས་པའི་གནད་གཅིག་སྟེ། ཚད་མའི་བསྟན་བཅོས་ཆེན་མོ་《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་》ཞེས་བྱ་བ་འདི་ཉིད་བོ་དོང་པཎ་ཆེན་དང་མཁས་གྲུབ་རིན་པོ་ཆེ་གཉིས་ངམ་རིང་དུ་ཆོས་རྩོད་མཛད་པའི་ཚིག་རྣམས་ལ་གཞིར་བཟུང་སྟེ་དགུང་ལོ་ཉེ་དགུའི་ཐོག་གཙང་ཉང་སྟོད་ལྕང་ར་དགོན་དུ་མཁས་གྲུབ་རིན་པོ་ཆེ་ཉིད་ཀྱིས་བརྩམས་གནང་མཛད་དོ།། མདོར་ན། ང་ཚོ་སུ་ཞིག་ཡིན་རུང་ལོ་རྒྱུས་གླེང་བའི་ཚེ་གཡག་ཞར་བས་རྩྭ་བཟའ་བ་ལྟར་ཕྱོགས་གཅིག་ཁོ་ནར་གླེང་བ་ནི་ཆེས་མི་འོས་པའི་གནས་སུ་ཤེས་དགོས། ངམ་རིང་ཞེས་པའི་ཡུལ་དེ་སྟོད་སྨད་ཤར་ལྷོ་གང་དུ་ཡོད་མེད་ཙམ་ཡང་མི་ཤེས་ཀྱང་ལོ་རྒྱུས་སྨྲ་བ་ལ་དཔའ་ཆེ་བ་འགའ་ཞིག་གིས་མཁས་གྲུབ་རིན་པོ་ཆེ་དང་བོ་དོང་པཎ་ཆེན་གཉིས་ངམ་རིང་དུ་རྩོད་པ་མཛད་ཅེས་པའི་ཚིག་ཙམ་ལ་འཁྲིས་ཏེ།རང་རང་གི་རྣམ་རྟོག་ཡོད་ཚད་ཡིག་ཐོག་ཏུ་ཕབ་ནས་ཁོང་གཉིས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་མཛད་པ་མཐོང་བར་བརྟེན། ཁོ་བོས་བོ་དོང་པཎ་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་གཉིས་ངམ་རིང་ཆོས་སྡེའི་ཆོས་ར་ཆེན་མོར་རྩོད་པ་མཛད་པའི་ལོ་རྒྱུས་མདོར་བསྡུས་ཤིག་བྲིས་པར་ཐལ་སོང་བས་རང་ཚུགས་ཡོད་པའི་དཔྱོད་ལྡན་རྣམས་ཀྱི་སྤྱན་སྔར་འབུལ་ལོ།། །།

 

ཞེས་ངམ་རིང་ཆོས་སྡེའི་རིགས་པ་སྨྲ་བ་ཀུན་གྱི་གྲལ་མཐའ་བ་དགེ་འདུན་ཆོས་འཕེལ་ལམ་དྲྭ་མིང་ཞེན་པ་དཀར་པོ་རུ་འབོད་པ་ཁོས་རང་ཤག་ཆུ་ཁུ་ཁམས་ཚན་དུ་གཟའ་ཉི་མའི་གོ་སྐབས་དང་བསྟུན་ཏེ་བྲིས།

 

བརྒྱུད་སྐུལ།

མཆན་སྤེལ།