བོད་ཀྱི་དགོན་པ་ཐོག་མ་བསམ་ཡས་གཙུག་ལག་ཁང་གི་རྟེན་རྙིང་དང་ལོ་རྒྱུས།

བོད་ཀྱི་དགོན་པ་ཐོག་མ་བསམ་ཡས་གཙུག་ལག་ཁང་གི་རྟེན་རྙིང་དང་ལོ་རྒྱུས།

བོད་ལྗོངས་ལྷོ་ཁ་གྲྭ་ནང་རྫོང་གི་ཁུལ་ཡར་ཀླུང་གཙང་པོའི་བྱང་འགྲམ་དུ་གནས་པའི་བསམ་ཡས་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ།༼སྤྱི་ལོ༧༤༠༽ལ་བོད་རྒྱལ་གདུང་རབས་སོ་བརྒྱད་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོན་སྦྱར་ནས་ཟ་ཧོར༼ བྷངྒ་ལ་སྡེ་བཞི༽རྒྱལ་བོ་གོ་མ་དེ་བྱིའི་སྲས་འདུལ་བ་འཛིན་པ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ་མཁན་སློབ་ཆོས་གསུམ་གྱི་མཛད་ཐབས་ལ་བརྟེན་ནས་རྒྱ་གར་ཨོ་ཏནྟ་པཱུ་རའི་གཙུག་ལག་ཁང་པ་དཔེ་མཛད་དེ་འདུལ་བའི་ལུགས་སུ་གཙུག་ལག་ཁང་དང་།མདོ་སྡེའི་ལུགས་སུ་དཀྱིལ་འཁོར་ཆེན་པོའི་ཚུལ།  མངོན་པའི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླས་བརྒྱད་པ་དང་བཅས་བཞེངས་པར་མཛད་ཅིང་།  གནའ་རབས་ཀྱི་འཛུགས་སྐྲུན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོ་མཚར་ལྡན་ཞིང་རྒྱ་གར་རྡོ་རྗེ་གདན་དང་ཆོས་མཚུངས་པའི་བོད་ཀྱི་དགོན་པ་དང་པོ་ཡིན་ལ་ད་བར་ལོ་ངོ་ ༡༢༥༠ ལྷག་ཙམ་ཕྱིན་པའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པའི་ཆུ་མགོ་དགེ་འདུན་གྱི་སྡེ་ཡི་ཐོག་མ།  རྒྱ་གར་འཕགས་པའི་ཡུལ་གྱི་བཀའ་བསྟན་བོད་ལ་བསྒྱུར་ས། འཕགས་བོད་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གདན་ས་།  བསྟན་པ་ཕྱི་དར་དུས་ལའང་བྷོ་ཌའི་ལྗོངས་ཀྱི་དཔལ་ལྡན་ས་སྐྱ་པ་དང་།བཀའ་བརྒྱུད་།  དགེ་ལུགས་བཅས་ཀྱི་ཆོས་སྲིད་གཉིས་ལྡན་བསྟན་བདག་རྣམས་ཀྱིས་ཉམས་གསོ་དང་།  འཛུགས་སྐྲུན་གནང་ནས་ནང་པའི་གྲུབ་མཐའ་ཁག་གི་གཞི་རྟེན་བཙུགས་པ་སོགས་གྲུབ་མཐའ་རིས་མེད་ཀྱི་གདན་ས་ཁྱད་པར་ཅན་ཡིན་པར་མ་ཟད།མདོ་སྔགས་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་ལུགས་དང་སྒྲ་དང་ཚད་མ། བཟོ་དང་གསོ་བ་དང་། ན་དང་རྩིས།སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་སོགས་ཐུན་མོང་གི་རིག་གནས་ལ་སོགས་པ་མདོར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཀུན་གྱི་འབྱུང་ཁུངས་གནས་ཆེན་ཁྱད་པར་ཅན་འདི་ཡིན་ཞིང་།  བཟོ་བཀོད་ཡང་གཙུག་ལག་ཁང་གི་དབུ་རྩེ་རིགས་གསུམ་སྟེ་འོག་ཁང་ལྷ་དང་བཅས་པའི་བཟོ་དབྱིབས་བོད་ལུགས་དང་། བར་ཁང་བཟོ་དབྱིབས་རྒྱ་ནག་ལུགས། སྟེང་ཁང་བཟོ་དབྱིབས་རྒྱ་གར་ལུགས་དང་བཅས་རྒྱ་བོད་འཕགས་ཡུལ་གྱི་འཛུགས་སྐྲུན་ངོ་མཚར་ཁྱད་ཆོས་ལྡན་ཡོད་ཅིང་དེའི་གཡས་གཡོན་དུ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་ཀྱི་ལྷ་ཁང་ཡོད་ལ།ཕྱོགས་བཞིར་ངོ་མཚར་མཆོད་རྟེན་ཆུང་བ་ ༡༠༢༨ ཕྱི་རོལ་དུ་བཙུན་མོས་བཞེངས་པའི་ཁམས་གསུམ་ཟངས་ཁང་གླིང་༼ཞིག་རྭའི་འབྲུ་ཁང་དང་༽ དགེ་རྒྱས་ལི་མ་གླིང་།༼ རྩ་གཏོར་ཕྱིན་པ༽ དབུ་ཚལ་གསེར་ཁང་གླིང་། ༼ད་ལྟ་ཤང་གི་སློབ་ཆུང་༽བཅས་དང་།  བཙུག་ལག་ཁང་གི་ཤར་ལྷོའི་མཚམས་ངོས་སུ་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་ཧས་པོ་རི།   དེའི་རྒྱབ་ངོས་ལ་མཁན་ཆེན་ཞི་བ་འཚོའི་སྐུ་གདུང་མཆོད་རྟེན་དང་སྐར་ཆུང་ལྷ་ཁང་།  གཙུག་ལག་ཁང་གི་བྱང་ངོས་སུ་ཚེ་སྒྲུབ་གནས་གཡའ་མ་ལུང་དང་།  བྱང་ཤར་མཚམས་ལ་དབེན་པའི་རི་ཁྲོད་མཆིམས་ཕུ།  གཙུག་ལག་ཁང་གི་གཡས་གཡོན་དུ་གླིང་བཞི་གླིང་ཕྲན་ནང་མ་ཚུད་པའི་རྫོགས་ཆེན་ལྷ་ཁང་དང་། ངོ་མཚར་ཐུབ་ཆེན་གླིང་། རྫོགས་ཆེན་འཁོར་ཆེན་མ་ཎི་ལྷ་ཁང་སོགས་མདོར་ན་གཙུག་ལག་ཁང་དེ་རྣམས་ལ་རིག་དངོས་མང་ལ་བྱིན་རླབས་ཆེ་བ།  གང་སར་ནང་དོན་ཕུན་སུམ་ཚོགས་ལ་ལོ་རྒྱུས་ཀྱི་ལྡེབས་རིས་དང་ཐང་ག་བརྐོས་རིས་རྒྱུ་རྩལ་སོགས་རྩ་ཆེན་རིན་བྲལ་དངོས་རྫས་ཀྱིས་ཁེངས་བཞིན་ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི་བོད་ཀྱི་ཆོས་འཁོར་རྣམ་པ་གསུམ་གྱི་ཡ་གྱལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།   ༼ མིང་གཞན་ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་ངམ་བསམ་ཡས་རབ་བྱུང་གྲྭ་ཚང་།༽ ཞེས་སྙན་པའི་བ་དན་འཇིག་རྟེན་ཀུན་ཏུ་གྲགས་བཞིན་འགྱིང་ངེར་གནས་ལ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཞིག་ཀྱང་ཡིན།

རྟེན་གྱི་གཙོ་བོ་དུས་གསུམ་སངས་རྒྱས་ཀྱི་བྱིན་གྱིས་རླབས་པའི་ཇོ་བོ་བྱང་ཆུབ་ཆེན་མོ་རྡོ་སྐུ་རབ་བྱོན།

༼སྲས་མུ་ནེ་བཙན་པོས་བཞེངས་པའི་གུ་རུ་གསུང་བྱོན་ང་འདྲ་མ་བྱིན་ཅན།༽

མཁན་ཆེན་ཞི་བ་འཚོ།

གཙུག་ལག་ཁང་གི་དབུ་རྩེའི་མདུན་ངོས་རྒྱལ་སྒོའི་སྟེང་བོད་ཡིག་བཀོད་པའི་གནའ་བོའི་ཅོང་དེ་ནི་རྒྱལ་བའི་བསྟན་ལ་དད་ཞེན་ཆེ་བའི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་ཕུལ་བར་གྲགས།

བསམ་ཡས་གཙུག་ལག་ཁང་གི་དབུ་རྩེའི་མདུན་ངོས་སུ་ཡོད་པའི་གནའ་བོའི་རྡོ་རིང་།

སྐུ་རྒྱུ་ལི་ལས་གྲུབ་པའི་སྟོན་པ་ཤཱཀྱ་ཐུབ་པའི་བྱིན་ཅན།

སྐུ་རྒྱུ་ལི་ལས་གྲུབ་པའི་སངས་རྒྱས་ཚེ་དཔག་མེད་གསུང་བྱོན་བྱིན་ཅན།

མགོན་པོ་ཀླུ་སྒྲུབ་ཀྱི་ཐུགས་དམ་གྱི་རྟེན་སྟོན་པ་ཤཱཀྱ་ཐུབ་པ།

སྐུ་རྒྱུ་ལི་ལས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐུ་བརྙན།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཕྱག་ཐམ་དང་ཉིད་ཀྱིས་བསམ་ཡས་བཀའ་སྲུང་པེ་ཧར་རྒྱལ་པོར་བསྩལ་བའི་ཕྱག་ཐམ་བྱིན་ཅན།

ཡར་ཀླུང་ཤེལ་བྲག་ནས་གཏེར་དུ་བཞེས་པའི་ལྷ་འདྲེ་བཀའ་ཐམ།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྷ་ཏ་ཧོར་ནས་གདན་དྲངས་པའི་སྐུ་རྒྱུ་གཡུ་ལས་གྲུབ་པའི་ཐུབ་པ་བྱིན་ཅན།

སློབ་དཔོན་ཆན་པོ་པདྨ་འབྱུང་གནས་ཀྱིས་བྷ་ཏ་ཧོར་ནས་གདན་དྲངས་པའི་བསེ་འབག་སྨུག་ཆུང་།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྟོད་ལུང་གཞོང་པའི་གཏེར་ཆུ་བཞེས་པའི་ཕྱག་འཁར།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་པེ་ཧར་རྒྱལ་པོ་ལ་བསྩལ་བའི་ཉིད་ཀྱི་དབུ་སྐྲ་ཉག་མ་བདུན་བཞུགས་པའི་ཛམ་བུ་ཆུ་གསེར་ལས་གྲུབ་པའི་མགུལ་གའུ།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྲིན་པོའི་ཁ་གནོན་དུ་ཕེབས་ཁར་གུངཐང་ལ་ཐོག་ཏུ་འཇོག་གནག་མཛད་པའི་ཞབས་རྗེས་བྱིན་ཅན།

དགེ་སློང་ནམ་མཁའི་སྙིང་པོའི་ཕྱག་བཟོ་གུ་རུ་སྣང་སྲིད་ཟིལ་གནོན།

མཁན་ཆེན་ཞི་བ་འཚོའི་དབུ་ཐོད་བྱིན་ཅན།

པཎྚི་ཏ་ཀ་མ་ལ་ཤཱི་ལའི་ཕྱག་འཁར་བྱིན་ཅན།

བསམ་ཡས་མཆིམས་ཕུའི་རྟེན་གཙོ་འཇམ་དཔལ་གཤེན་རྗེ་གཤེད་གསུང་བྱོན།

སློབ་དཔོན་ཙནྡྲ་གོ་མའི་ཐུགས་དམ་གྱི་རྟེན་སྒྲོལ་མའི་སྐུ་བརྙན།

སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཤངས་ཕྱིས་ལས་གྲུབ་པའི་ཆོས་དུང་བྱིན་ཅན།

རཱ་ལོ་ཙཱ་བའི་ཐུགས་དམ་གྱི་རྟེན་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན།

སློབ་དཔོན་རིན་པོ་ཆེའི་གནམ་ལྕགས་རྡོ་རྗེ།

གླིང་ཆེན་བཞི་ལས་ཤར་གྱི་གླིང་ཆེན་འཇམ་དཔལ་གླིང་དེ་ནི་ཆོས་རྣམས་ཉན་བཤད་བྱེད་པའི་གླིང་ཡིན།

ནུབ་ཀྱི་དགའ་ལྡན་བྱམས་པ་གླིང་དེ་ནི་གང་ཟག་ཁྱད་པར་ཅན་རྣམས་ལ་ལུང་སྟོན་པའི་གླིང་ཡིན།

ལྷོ་ཨཱརྱ་པ་ལོའི་གླིང་ངམ་རྟ་མགྲིན་གླིང་དེ་ནི་གང་ཟག་སྡིག་པ་བཤགས་པར་བྱེད་པའི་གླིང་ཡིན།

བྱང་གི་སེམས་བསྐྱེད་གླིང་དེ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱེད་པའི་གླིང་ཡིན།

བདུད་འདུལ་སྔགས་པ་གླིང་ནི༼རིག་གསར་སྐབས་རྩ་གཏོར་ཕྱིན༽ཐོས་བསམ་སྒོམ་སོགས་རྣམ་དཀར་གྱི་བྱ་བ་བསྒྲུབ་པར་བར་ཆད་སྲུང་བའི་གནས་ཡིན།

བརྡ་སྦྱོར་ཚང་མང་གླིང་ནི་དགེ་འདུན་ཟས་ཀྱིས་འཚོ་བར་བྱེད་པའི་གནས་ཡིན།

གླིང་ཕྲན་བརྒྱད་ལས་སད་མི་མི་བདུན་རབ་ཏུ་བྱུང་བའི་གནས་རྣམ་དག་ཁྲིམས་ཁང་གླིང་ནི་དད་ལྡན་གང་ཟག་འདུལ་ཁྲིམས་སྡོམ་པ་ལེན་པའི་གནས་ཡིན།

སྒྲ་བསྒྱུར་རྒྱ་གར་གླིང་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་སྒྲ་སྒྱུར་བྱེད་པའི་གནས་ཡིན།

ལུང་བསྟན་བཻ་ཙ་གླིང་ནི༼གཙོ་བོ་ལྷ་ཁང་རིག་གསར་སྐབས་རྩ་གཏོར་ཕྱིན༽ཆོས་རྣམས་ཐེག་པ་རིམ་པར་འབྱེད་པའི་གནས་ཡིན།

མི་གཡོ་བསམ་གཏན་གླིང་ནི་ཏིང་འཛིན་བསམ་གཏན་སྒོམ་སྒྲུབ་བྱེད་པའི་གནས་ཡིན།

རིན་ཆེན་སྣ་ཚོགས་གླིང་ནི་བྱང་ཆུབ་སྨོན་པ་སེམས་བསྐྱེད་བྱེད་པའི་གནས་སུ་གྲགས།

པེ་ཧར་དཀོར་མཛོད་གླིང་ནི་རྒྱ་གར་་དང་། རྒྱ་ནག་བོད་སོགས་རྒྱ་བོད་ཧོར་གསུམ་གྱི་ལོ་རྒྱུས་དཔེ་ཆ་གྲངས་འདས་པའི་དཀོར་མཛོད་ལགས་སོ།

ཉི་མ་དང་ཟླ་བ་ལྷ་ཁང་གཉིས་ཀྱི་རྟེན་གཙོ་བོ་ནི་ཇོ་བོ་བྱང་ཆུབ་ཆེན་པོ་དང་།སེམས་དཔའ་བཞི་སྟེ་གཙོ་འཁོར་ལྔ་རེ་བཞུགས་པ་དང་།རི་མོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་བྲིས།

གཙུག་ལག་ཁང་གི་ཕྱོགས་བཞིའི་ངོ་མཚར་མཆོད་རྟེན་དཀར་པོ། བྱང་ཆུབ་ཆེན་པོའི་མཆོད་རྟེན་ཉན་ཐོས་ཀྱི་ལུགས་སུ་བཞེངས། རྒྱལ་པོའི་བློན་པོ་ཤུད་བུ་དཔལ་གྱི་སེང་གེས་ལས་དཔོན་བྱས། སེང་གེ་བརྒྱད་ཀྱིས་ལེགས་པར་བརྒྱད་པའོ།།

ངོ་མཚར་མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བྱང་ཆུབ་ཆེན་པོའི་ལུགས་སུ་བཞེངས། བློན་པོ་སྣ་སྣམ་རྒྱལ་ཚ་ལྷ་སྣང་གིས་ལས་དཔོན་བྱས། པདྨ་སྟོང་གིས་ལེགས་པར་བརྒྱན་པའོ།།

ངོ་མཚར་མཆོད་རྟེན་ནག་པོ་མྱང་འདས་མཆོད་རྟེན་སངས་རྒྱས་ཀྱི་ལུགས་སུ་བཞེངས། བློན་པོ་སྟག་ར་ཀླུ་གོང་གིས་ལས་དཔོན་བྱས། དེ་བཞིན་གཤེགས་པའི་སྐུ་གདུང་དག་གིས་ལེགས་པར་བརྒྱན་པའོ།།

ངོ་མཚར་མཆོད་རྟེན་སྔོན་པོ་བཀྲ་ཤིས་སྒོ་མང་འདི་ལྷ་ལས་བབས་དེ་བཞིན་བཤེགས་པའི་ལུགས་སུ་བཞེངས། བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ལས་དཔོན་བྱས། ལྷ་ཁང་སྒོ་མོ་བཅུ་དྲུག་གིས་བརྒྱན་པའོ།

བསམ་ཡས་གཙུག་ལག་ཁང་གི་ཤར་ལྷོའི་མཚམས་སུ་གནས་པའི་ཧས་པོ་རི་ནི་ས་དཔྱད་ཀྱི་ཚུལ་ཡང་དུང་གི་སེང་གེ་གནམ་ལ་མཆོངས་པ་འདྲ་བ། གླང་ཆེན་ས་ལ་རབ་བརྟན་ས་ལ་ཉལ་བའི་ཚུལ་དང་མཚུངས་པར་མ་ཟད་མདུན་ནས་བལྟས་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་མངོན་སུམ་དུ་ཡོད་པ་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་ཞིག་ཡིན་ལ། བསྐལ་བཟང་སངས་རྒྱས་སྟོང་གི་ཕོ་བྲང་། དུས་གསུམ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཤིང་བསམ་ཡས་རྟེན་གཙོར་གདན་དྲངས་པའི་ཇོ་བོ་བྱང་ཆུབ་ཆེན་པོའི་ཕོ་བྲང་ཡང་ཡིན་ནོ།།

 

 

 

བརྒྱུད་སྐུལ།

མཆན་སྤེལ།