བོད་ཀྱི་བརྡ་དག་བྱིས་པའི་ལམ་མཁན་ཞེས་བྱ་བ་བཞུགས་སོ།།

༄༅། །བོད་ཀྱི་བརྡ་དག་བྱིས་པའི་ལམ་མཁན་ཞེས་བྱ་བ་བཞུགས་སོ།།

བསྟན་འཛིན་རྣམ་རྒྱལ།(༡༩༣༣-༢༠༠༥)

༄༅། །རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི། །རང་གཟུགས་རྗེ་བཙུན་མཁྱེན་པའི་གཏེར། །དྲན་པ་ཁོ་ནས་རྨོངས་པའི་དཔུང༌། །མཐར་བྱེད་འཇམ་དཔལ་དཔའ་བོས་སྐྱོངས། །ཤེས་བྱའི་མིང་ཚིག་མཐའ་ཡས་པས། །ཀུན་ཀྱང་བརྗོད་པར་མི་ནུས་མོད། །བྱིས་པའི་བློ་དང་འཚམས་པ་ཡི། །སྡེབ་སྦྱོར་ཉེར་མཁོ་བཤད་པར་བྱ། །བརྗོད་དོན་ཀཱ་ལི་སུམ་ཅུ་ལ། །རྐྱང་པ་འཕུལ་དང་མགོ་ཅན་དང༌། །དབྱངས་བཞི་ཡ་ར་ལ་ཝའི་འདོགས། །རྗེས་འཇུག་ལ་སོགས་རིམ་གྱིས་བསྟན། །
༼ཀ༽
ཀ་བ་ཀ་རུ་ཀ་དག་སོགས། །ཀ་རྐྱང་ཡིན་པས་ཤེས་པར་བྱ། །རྒྱལ་བའི་བཀའ་ནི་བ་བཀའ་ལ། ། ངལ་བའི་དཀའ་བ་ད་དཀའ་ཡིན། །དུས་ཀྱི་སྐ་ཅིག་ས་སྐ་ལ། །ཆུ་ཡི་རྐ་ནི་ར་རྐ་ཡིན། །ལོ་སྐག་ས་སྐག་ཀག་ཀྱང་རུང༌། །ལམ་སོགས་བཀག་པ་བ་བཀག་ཡིན། །མདའ་སྣོད་བཀང་བ་བ་བཀང་ལ། །ཐུགས་དམ་བསྐང་བ་བ་སའི་བསྐང༌། །ལག་པ་བཀན་པ་བ་བཀན་ལ། །ཁ་དཀན་དཀན་གཟར་ད་དཀན་ཡིན། །མེ་ཉིར་བསྐམ་པ་བ་སའི་བསྐམ། །འདོད་ལ་བརྐམ་པ་བ་རའི་བརྐམ། །ཁ་ཡི་རྐན་ནི་ར་རྐན་ཀྱང༌། །བྱེད་རེ་སྐན་ལ་ས་སྐན་ནོ། །ཁ་དོག་དཀར་བ་ད་དཀར་ལ། །དམིགས་སུ་བཀར་བ་བ་བཀར་ཏེ། །གནམ་གྱི་སྐར་མ་ས་སྐར་རོ། །དཔྱ་སོགས་བཀལ་ནི་བ་བཀལ་ལ། །དུས་ཀྱི་བསྐལ་པ་བ་སའི་བསྐལ། །ཐང་སོགས་བཀུ་བ་བ་བཀུ་ལ། །བྱུག་པ་བསྐུ་བ་བ་སའི་བསྐུ། །ངག་སོགས་ལྐུགས་པ་ལ་ལྐུགས་ལ། །རྒྱན་འགྱེད་སྐུགས་ནི་ས་སྐུགས་ཏེ། །མདུན་དུ་བཀུག་པ་བ་བཀུག་གོ །བསད་པའི་བཀུམ་ནི་བ་བཀུམ་ལ། །རྐང་ལག་བསྐུམ་པ་བ་སའི་བསྐུམ། །བསྙེན་བཀུར་བཀུར་སྟི་བ་བཀུར་ལ། །དབང་འཕྲིན་བསྐུར་བྱ་བ་སའི་བསྐུར། །སྐུར་འདེབས་སོགས་ལ་བས་འཕུལ་སྤོངས། །རྐུན་མ་རྐུ་བ་ར་རྐུ་ལ། །སངས་རྒྱས་སྐུ་ནི་ས་སྐུ་ཡིན། །པར་སོགས་བརྐོ་བྱ་བ་རའི་བརྐོ། །རྒྱལ་སར་བསྐོ་བ་བ་སའི་བསྐོ། །མགྱོགས་པའི་སྐྱེན་ནི་ས་སྐྱེན་ལ༑ ༑འཕྲལ་རྐྱེན་རྒྱུ་རྐྱེན་ར་རྐྱེན་ནོ། །རྐང་ལག་བརྐྱང་བྱ་བ་རའི་བརྐྱང༌། །དྲིན་གྱིས་བསྐྱང་བ་བ་སའི་བསྐྱང༌། །དབུས་ཀྱི་དཀྱིལ་ནི་ད་དཀྱིལ་ལ། །ཆུ་སོགས་བསྐྱིལ་བྱ་བ་སའི་བསྐྱིལ། །བཀའ་བཀྱོན་གནང་བ་བ་བཀྱོན་ལ། །རྟ་ལ་བསྐྱོན་བྱ་བ་སའི་བསྐྱོན། །ཞོ་སོགས་དཀྲོགས་པ་ད་དཀྲོགས་ལ། །ཌཱ་རུ་བསྐྲོགས་ཟིན་བ་སའི་བསྐྲོགས། །མགོ་བོའི་སྐྲ་ནི་ས་སྐྲ་ལ། །བཀྲ་ཤིས་བཀྲ་ནི་བ་བཀྲ་ཡིན། །སྣལ་མ་དཀྲི་བ་ད་དཀྲི་ལ། །ལམ་དུ་བཀྲི་བ་བ་བཀྲི་ཡིན། །རོལ་མོ་དཀྲོལ་བ་ད་དཀྲོལ་ལ། །མདུད་པ་བཀྲོལ་བ་བ་བཀྲོལ་ལོ༑ ༑དྲི་མ་བཀྲུ་བ་བ་བཀྲུ་ལ། །སློང་མོས་བསྐྲུ་བྱ་བ་སའི་བསྐྲུ། །ནགས་ཀླུང་ཆུ་ཀླུང་ཀ་ཀླུང་དང༌། །ཀློང་གྱུར་ལ་སོགས་ཀ་སྡེ་བསྡུས། །
༼ཁ༽
ལུས་ཀྱི་ཁ་ནི་ཁ་རྐྱང་ལ། །ནམ་མཁའི་མཁའ་ནི་མ་མཁའ་ཡིན། །བྱ་མཁན་མཁན་པོ་མ་མཁན་ལ། །སྔོ་ཡི་མཁན་པ་འ་ཡང་རུང༌། །ཁང་པའི་མཁར་ནི་མ་མཁར་ལ། །རྟེན་པའི་འཁར་བ་འ་འཁར་རོ། །ལུས་ཀྱི་མཁལ་མ་མ་མཁལ་ལ། །སྐུད་པ་འཁལ་བ་འ་འཁལ་ཡིན། །ཁས་ལེན་ཁས་ལ་འཕུལ་མེད་ཅིང༌། །མཁས་པའི་དབང་པོ་མ་མཁས་སོ། །སྡང་འགྲན་འཁུ་བ་འ་འཁུ་ལ། །ཀོ་ལོང་མཁུ་ལྡོག་མ་མཁུ་འོ། །སྣུམ་གྱི་འཁུར་ར་འ་འཁུར་ལ། །མདན་པའི་མཁུར་ཚོས་མ་མཁུར་ཡིན། །བདེ་བར་མཁོས་ཕབ་མ་མཁོས་ལ། །ཁ་ཐབས་འཁོས་ཀ་འ་འཁོས་སོ། །ལུས་ལ་འཁྱུད་པ་འ་འཁྱུད་ལ། །སེར་སྣའི་དཔེ་མཁྱུད་མ་མཁྱུད་ཡིན། །ལག་གི་མཁྲིག་མ་མ་མཁྲིག་ལ། །ཕོ་མོའི་འཁྲིག་པ་འ་འཁྲིག་གོ །ནད་ཀྱི་མཁྲིས་པ་མ་མཁྲིས་ལ། །ཉེ་བའི་འཁྲིས་སོགས་འ་འཁྲིས་ཡིན། །ཁ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ག༽
ན་ཚོད་རྒས་པ་ར་རྒས་ལ། །སྨན་གྱི་སྒ་དང་རྟ་ཡི་སྒ། །ས་སྒ་ཡིན་པས་ཤེས་པར་བྱ། །སྟེང་གི་སྒང་ནི་ས་སྒང་ལ། །གཅིན་སྣོད་ལྒང་པ་ལ་ལྒང་ངོ༌། །སྣོད་སོགས་དགང་བྱ་ད་དགང་ལ། །བྱ་བའི་བསྒང་ནི་བ་སའི་བསྒང༌། །ལོགས་སུ་དགར་བ་ད་དགར་ལ། །ཆོས་སྒར་དམག་སྒར་ས་སྒར་རོ། །ལ་ཆུ་རྒལ་བ་ར་རྒལ་ལ། །ལུས་ཀྱི་སྒལ་པ་ས་སྒལ་ཡིན། །རི་དྭགས་དགོ༌བ་ད་དགོ་ལ། །བགོ༌བཤའ་གོས་བགོ་བ་བགོ་སྟེ། །བཀའ་སོགས་བསྒོ་བྱ་བ་སའི་བསྒོ། །འཇུག་པའི་སྒོ་ལ་འཕུལ་ཡིག་སྤོངས། །ལུས་ཀྱི་མགོ༌བོ་མ་མགོ༌ལ། །བྱ་བའི་འགོ་དང་རིམས་ནད་འགོ །འ་འགོ༌ཡིན་པས་ཤེས་པར་བྱ། །ལམ་ངན་དགག་བྱ་ད་དགག་ལ། །མནའ་བསྒག་པ་ནི་བ་སའི་བསྒག །བཟོ་བོའི་མགར་བ་མ་མགར་ལ། །སྐབས་འགར་ཞེས་པ་འ་འགར་རོ། །མགལ་མེ་མགལ་དུམ་མ་མགལ་ལ། །མི་མཐུན་འགལ་བ་འ་འགལ་ཡིན། ། སེམས་ལ་མགུ་བ་མ་མགུ་ལ། །སྐྱེ་དགུ་ར་རྒུ་གང་ཡང་རུང༌། །དྲུང་དུ་དགུག་བྱ་ད་དགུག་ལ། །ལམ་དུ་བསྒུག་པ་བ་སའི་བསྒུག །སྐེ་ཡི་མགུལ་ནི་མ་མགུལ་ལ། །གཡོ་བའི་འགུལ་བ་འ་འགུལ་ལོ། །སྟེང་ནས་བགོམ་པ་བ་བགོམ་ལ། །ལྷ་སོགས་བསྒོམ་བྱ་བ་སའི་བསྒོམ། །རྒྱ་སྐྱེད་རྒྱ་མཚོ་ར་རྒྱ་ལ། །གྲངས་ཀྱི་བརྒྱ་ནི་བ་རའི་བརྒྱ། །རྒྱུ་འབྲས་རྒྱུ་བ་ར་རྒྱུ་ལ། །གཡོ་སྒྱུ་སྒྱུ་མ་ས་སྒྱུ་འོ། །བར་མེད་བརྒྱུད་པ་བ་རའི་བརྒྱུད།། རྒྱུད་སྡེ་སོགས་ལ་བས་འཕུལ་སྤོངས། །མྱུར་ཞིང་མགྱོགས་པ་མ་མགྱོགས་ལ། །གྱེན་ལ་འགྱོགས་པ་འ་འགྱོགས་སོ། །ཕ་རོལ་དགྲ་བོ་ད་དགྲ་ལ། །རྣ་བའི་སྒྲ་ནི་ས་སྒྲ་ཡིན། །རྒས་ཤིང་བགྲེས་པ་བ་བགྲེས་ལ༑ ༑གལ་ཏ་མགོ་བསྒྲེས་བ་སའི་བསྒྲེས། །ཁ་ཡི་མཆུ་སྒྲོས་ཟེར་སྒྲོས་དང༌། །སྒྲོས་གཙང་སོགས་ལ་བས་འཕུལ་མེད། །གླ་བ་གླང་པོ་གཏམ་གླན་གླེན། །གླིང་བཞི་གླིང་བུ་ངར་གླུད་གླགས། །གླེགས་བམ་གློག་འགྱུ་བཅིངས་པ་གློད། །ག་ཡི་འཇུག་པ་མདོ་ཙམ་མོ། །
༼ང༽
གྲངས་ཀྱི་ལྔ་ནི་ལ་ལྔ་ལ། །མཇུག་མའི་རྔ་མ་རྔ་ཡབ་དང༌། །བརྡུང་བའི་རྔ་ལ་ར་རྔ་ཡིན། ། ཐུགས་ལ་མངའ་བ་མ་མངའ་ལ། །དུས་ལ་སྔ་བ་ས་སྔ་འོ། །ཕོ་ཉ་མངགས་པ་མ་མངགས་ལ། །རིག་འཛིན་སྔགས་པ་ས་སྔགས་དང༌། །བསྟོད་བསྔགས་བསྔགས་པ་བ་སའི་བསྔགས། །དངངས་སྐྲག་སྔངས་པ་གང་ཡང་རུང༌། །རོ་མངར་བ་ནི་མ་མངར་ལ། །ཚར་དུ་དངར་བ་ད་དངར་རོ། །སྐྱེ་བའི་མངལ་ནི་མ་མངལ་ལ། །སྡུག་བསྔལ་བ་ནི་བ་སའི་བསྔལ། །ལིང་པའི་རྔོན་པ་ར་རྔོན་ལ། །འདས་པའི་སྔོན་ནི་ས་སྔོན་དང༌། །མངོན་སུམ་མངོན་གྱུར་མ་མངོན་ནོ། །གྲི་ཡི་དངོ་ནི་ད་དངོ་ལ། །ཟ་ཕྲུག་རྔོ་ནི་ར་རྔོ་ཡིན།། ཁ་དོག་སྔོ་དང་སྔོ་ལོ་འཕྱར། །དགེ་བ་སྔོ་སོགས་ས་སྔོའོ། །ང་ཡི་འཇུག་པ་མདོ་ཙམ་མོ། །
༼ཅ༽
སུམ་དྲུག་བདུན་བརྒྱད་མཐའ་ལ་ཅུ། །བཞི་ལྔ་དགུ་མཐའི་བཅུ་ལ་བ། །ཐོབ་པ་རྗེས་འཇུག་ཡོད་མེད་ཁྱད། །ཡིད་ལ་གཅགས་པ་ག་གཅགས་ལ། །ཞབས་ཀྱིས་བཅགས་པ་བ་བཅགས་སོ། །ལྕང་ལོ་ཅན་དང་སྐྲའི་ལྕང་ལོ། །ལྕང་མ་ལ་སོགས་ལ་ལྕང་ཡིན། །གཅན་གཟན་སྒྲ་གཅན་ལ་གཅན་པ། །ག་ཡིས་འཕུལ་བས་ཤེས་པར་བྱ། །ཟོལ་ངག་གཅམ་བུ་ག་གཅམ་ལ། །ཆོས་སྐྱོང་ལྕམ་དྲལ་ལ་ལྕམ་ཡིན།། དྲི་ཆུའི་གཅི་བ་ག་གཅི་ལ། །དུད་འགྲོའི་ལྕི་བ་ལ་ལྕི་འོ། །རྟ་ལ་བཅིབ་བྱ་བ་བཅིབ་ལ། །ཉ་ལྕིབས་སྤྱན་ལྕིབས་ལ་ལྕིབས་སོ། །ཉེ་དུའི་གཅུང་པོ་ག་གཅུང་ལ། །ཅུང་ཟད་སོགས་ལ་འཕུལ་ཡིག་སྤོངས། ། བློ་མཐུན་ཡིད་གཅུགས་ག་གཅུགས་ལ། །ནང་དུ་བཅུག་པ་བ་བཅུག་གོ །གཅོང་ནད་གཅོང་རོང་ག་གཅོང་ལ། །སྲོག་ཆགས་སྦལ་ལྕོང་ལ་ལྕོང་ཡིན། །ལྕོགས་དང་མི་ལྕོགས་ལ་ལྕོགས་ལ། །ཅོག་བུ་ཅོག་ཙེ་ཡོད་དགུ་ཅོག །འཕུལ་མགོའི་སྦྱོར་བ་གཏན་དུ་སྤོངས། །ཅ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཆ༽
སྐྱབས་སུ་མཆི་བ་མ་མཆི་ལ། །མི་རྟག་འཆི་བ་འ་འཆི་ཡིན། །ནོར་བུའི་མཆིང་བུ་མ་མཆིང་ལ༑ ༑ཞགས་པས་འཆིང་བ་འ་འཆིང་ངོ༌། །སོ་རིང་མཆེ་བ་མ་མཆེ་ལ། །དོན་ལ་ཁས་འཆེ་འ་འཆེ་ཡིན། །ཉེས་པ་འཆབ་ལ་འས་འཕུལ་ཡོད། །ཆབ་འོག་ཆབ་ཤོག་སོགས་ལ་མེད། །འཛིན་པའི་འཆང་ལ་འས་འཕུལ་ཡོད། །ཆང་དང་ཆང་བུ་སོགས་ལ་མེད། །དཔུང་འོག་མཆན་ལ་མས་འཕུལ་ཡོད། །ཆན་པ་འབྲས་ཆན་སོགས་ལ་མེད། །གར་འཆམ་འཆམ་ལ་འས་འཕུལ་ཡོད། །ཆམ་ཕོབ་ཆམ་ནད་སོགས་ལ་མེད། །རབ་ཀྱི་མཆོག་ལ་མས་འཕུལ་ཡོད། །འདོད་ཆུང་ཆོག་ཤེས་སོགས་ལ་མེད། །དཀོན་མཆོག་མཆོད་ལ་མས་འཕུལ་ཡོད། །ཐག་ཆོད་ཆོད་ཅིག་སོགས་ལ་མེད། །རྒྱན་གྱིས་མཆོར་བ་མ་མཆོར་ལ།། ཆུ་སོགས་འཆོར་བ་འ་འཆོར་རོ། །ནོར་བུ་མཆོང་དང་རྩལ་གྱིས་མཆོང༌། །མ་ཡིས་འཕུལ་བས་ཤེས་པར་བྱ། །ཆ་ཡི་འཇུག་པ་མདོ་ཙམ་མོ། །
༼ཇ༽
ཐུགས་ལ་འཇགས་པ་འ་འཇགས་ལ། །ལྕེ་ཡི་ལྗགས་ནི་ལ་མགོའི་ལྗགས། །གོང་མ་མཇལ་བ་མ་མཇལ་ལ། །བུན་ཆད་འཇལ་བ་འ་འཇལ་ཡིན། །ལམ་དུ་འཇུག་པ་འ་འཇུག་ལ། །བྱ་མཇུག་མཇུག་མ་མ་མཇུག་གོ །ལྕི་བའི་ལྗིད་ནི་ལ་ལྗིད་ལ། །གཟི་བརྗིད་ཆེ་བ་བ་རའི་བརྗིད། །རྗེ་དཔོན་རྗེ་བོ་ར་རྗེ་ལ། ། དངོས་པོ་བརྗེ་ནི་བ་རའི་བརྗེ། །མི་མཇེད་ཞིང་ནི་མ་མཇེད་ལ། །མི་དྲན་བརྗེད་པ་བ་རའི་བརྗེད། །ལས་ཀ་འཇོན་པ་འ་འཇོན་ལ། །ཤིང་གི་ལྗོན་པ་ལ་མགོའི་ལྗོན། །ཇ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཉ༽
ས་བདག་གཉན་ནི་ག་གཉན་ལ། །རྣ་བར་མཉན་པ་མ་མཉན་ཏེ། །འགྲེང་བུའི་སྦྱོར་བ་གཏན་དུ་སྤོངས། །གཏམ་གྱིས་བསྙད་པ་བ་སའི་བསྙད། །ཐ་སྙད་སོགས་ལ་བས་འཕུལ་སྤོངས། །སྙན་གྲགས་སྙན་ངག་ས་སྙན་ལ། །སྣང་བརྙན་གློག་བརྙན་བ་རའི་བརྙན། །རིང་ཐུང་མཉམ་པ་མ་མཉམ་ལ། །ཡིན་ནམ་སྙམ་པ་ས་སྙམ་མོ། །ཆ་དཔང་གཉའ་བོ་ལྟག་པའི་གཉའ། །ག་གཉའ་ཡིན་པས་ཤེས་པར་བྱ། ། གསར་མིན་རྙིང་པ་ར་རྙིང་ལ། །ཁོག་པའི་སྙིང་ནི་ས་སྙིང་ངོ༌། །གཏི་མུག་གཉིད་ནི་ག་གཉིད་ལ། །ཚ་བས་སྐམ་རྙིད་ར་རྙིད་ཡིན། སྟོང་ཉིད་གཉུག་མ་ག་གཉུག་ལ། །བྱུག་པ་བསྙུག་བྱ་བ་སའི་བསྙུག །རེག་བྱ་མཉེན་པ་མ་མཉེན་ལ། །བཤེས་གཉེན་གཉེན་པོ་ག་གཉེན་ནོ། །བསྙེན་བཀུར་བསྙེན་པ་བསྙེན་པར་རྫོགས། །བ་སའི་བསྙེན་དུ་ཤེས་པར་བྱ། །ཀོ་བ་མཉེད་པ་མ་མཉེད་ལ། །ཞབས་ཏོག་རྙེད་བཀུར་ར་རྙེད་དོ། །རང་དབང་བརྙེས་པ་བ་རའི་བརྙེས། །སྔས་ལ་བསྙེས་པ་བ་སའི་བསྙེས། །སྐུ་མཉེལ་བ་ནི་མ་མཉེལ་ལ། །བརྗེད་པའི་བསྙེལ་ནི་བ་སའི་བསྙེལ། །སྲ་མིན་གཉོད་ཆུང་ག་གཉོད་ལ། །ཁ་ལ་བསྙོད་པ་བ་སའི་བསྙོད། །ཉ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཏ༽
བཞོན་པའི་རྟ་ནི་ར་རྟ་ལ། །གྲུབ་མཐའི་ལྟ་བ་ལ་ལྟ་སྟེ། །སྟ་ཟུར་སྟ་རེ་ས་སྟ་འོ། །མི་འགྱུར་རྟག་པ་ར་རྟག་ལ། །གྲི་ཡི་ལྟག་པ་ལ་ལྟག་སྟེ། །སྟག་གཟིག་ཤ་སྟག་ས་སྟག་གོ །བརྟག་ཅིང་དཔྱད་པ་བ་རའི་བརྟག །ལག་ཏུ་གཏད་པ་ག་གཏད་ལ། །གློ་བུར་བརྟད་པ་བ་རའི་བརྟད། །སྒ་བསྟད་སྣ་བསྟད་བ་སའི་བསྟད། །ཕུགས་ཀྱི་གཏན་ནི་ག་གཏན་ལ། །མི་འགྱུར་བརྟན་པ་བ་རའི་བརྟན། །ལུང་རྟོགས་བསྟན་པ་བ་སའི་བསྟན། །གོས་སོགས་བལྟབ་བྱ་ལ་བལྟབ་ལ། །བྱིན་ལེན་བསྟབ་པ་བ་སའི་བསྟབ། །ཁྲག་གཏར་བ་ནི་ག་གཏར་ལ། །ཉམས་སུ་བསྟར་བ་བ་སའི་བསྟར། །གཏི་མུག་གཏི་ནི་ག་གཏི་ལ། །བསྟི་སྟངས་བསྟི་བ་བ་སའི་བསྟི། །ཕྱི་སའི་རྟུག་པ་ར་རྟུག་ལ། །ནགས་ཚལ་སྟུག་པོ་ས་སྟུག་གོ །བརྩོན་འགྲུས་བརྟུན་པ་བ་རའི་བརྟུན། །དེ་དང་བསྟུན་པ་བ་སའི་བསྟུན། །རྟེན་ལ་བརྟེན་པ་བ་རའི་བརྟེན། །བླ་མ་བསྟེན་པ་བ་སའི་བསྟེན། །མི་ཟད་གཏེར་ནི་ག་གཏེར་ལ། །གཞན་ལ་སྟེར་བ་ས་སྟེར་རོ། །ཁོངས་སུ་གཏོགས་པ་ག་གཏོགས་ལ༑ ༑སྤུ་སོགས་བཏོགས་པ་བ་བཏོགས་ཡིན། །སྦྱིན་པ་གཏོང་བ་ག་གཏོང་ལ། །མདའ་ཡི་ལྟོང་ནི་ལ་ལྟོང་སྟེ༑ ༑སྟོང་ཉིད་སྟོང་ཕྲག་ས་སྟོང་ངོ༌། །ཡིད་རྟོན་འཕེར་བ་ར་རྟོན་ལ། །མིག་ལ་སྟོན་པ་ས་སྟོན་ནོ། །འབྱུང་གཏོར་གཏོར་མ་ག་གཏོར་ལ། །བརླག་སྟོར་སོང་བ་ས་སྟོར་རོ། །ཏ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཐ༽
ནུས་མཐུའི་མཐུ་ནི་མ་མཐུ་ལ། །ལེན་པའི་འཐུ་ནི་འ་འཐུ་འོ། །སྲབ་མིན་མཐུག་པོ་འཐུག་ཀྱང་འགྲིག །ཐུག་པ་མུར་ཐུག་འཕུལ་ཡིག་སྤོངས། །བར་མེད་མཐུད་པར་མས་འཕུལ་ཡོད། །མར་ཐུད་ཐུད་གདར་སོགས་ལ་མེད། །ཕན་ཚུན་མཐུན་པར་མས་འཕུལ་ཡོད། །ཐུན་མཚམས་སྨན་ཐུན་སོགས་ལ་མེད། །རྟ་ཡི་མཐུར་ལ་མས་འཕུལ་ཡོད། །བཞེས་ཐུར་གྱེན་ཐུར་སོགས་ལ་མེད། །རྐང་པ་ཞ་འཐེང་འས་འཕུལ་ཡོད། །ཐེངས་གཅིག་སོགས་ལ་མེད་པ་དང༌། །མཐོ་རིས་མཐོ་ལ་མས་འཕུལ་ཡོད། །ཐོ་རེངས་ཐོ་ལུམ་སོགས་ལ་མེད། །མིག་གིས་མཐོང་བ་མས་འཕུལ་ཡོད། །ཐོང་གཤོལ་ཐོང་ཁ་སོགས་ལ་མེད། །མང་ཞིང་མཐོས་པ་མས་འཕུལ་ཡོད། །རྣ་ཐོས་ཉན་ཐོས་སོགས་ལ་མེད། །ཐ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ད༽
མེ་རོའི་མདག་མ་མ་མདག་ལ། །འདག་འཆལ་ལྕེས་འདག་འ་འདག་གོ །ཐུན་ལས་ལྡང་བ་ལ་ལྡང་ལ། །ཁྲོ་བས་སྡང་བ་ས་སྡང་ངོ༌། །བསླབ་བྱའི་གདམས་པ་ག་གདམས་ལ། །སྒོ་གསུམ་བསྡམས་པ་བ་སའི་བསྡམས། །འཕེན་པའི་མདའ་དང་ལུང་པའི་མདའ། །ར་མདའ་སྦྲན་སོགས་མ་མདའ་སྟེ། །མྱ་ངན་འདའ་བ་འ་འདའ་ཡིན། །བདེན་པ་བདར་བ་བ་བདར་ལ། །གྲི་སོགས་བརྡར་བ་བ་རའི་བརྡར། །སྟན་གྱི་གདིང་བ་ག་གདིང་ལ། །མཁའ་ལ་ལྡིང་བ་ལ་ལྡིང་ངོ༌། །མ་རུངས་གདུག་ནི་ག་གདུག་ལ། །བསང་གི་བདུག་པ་བ་བདུག་ཡིན། །མདའ་གཞུ་བདུངས་པ་བ་བདུངས་ལ། །བརྡེག་ཅིང་བརྡུངས་པ་བ་རའི་བརྡུངས། །གྲོས་ཀྱི་མདུན་མ་མ་མདུན་ལ། །ཆོས་ལ་འདུན་པ་འ་འདུན་ནོ། །ལག་རྡུམ་ཤིང་རྡུམ་ར་རྡུམ་ལ༑ ༑རྩྭ་ཡི་ལྡུམ་བུ་ལ་ལྡུམ་ཡིན། །ལྡེ་མིག་ལྡེ་བཙན་ལ་ལྡེ་ལ། །ཡུལ་གྱི་སྡེ་པ་ས་སྡེ་འོ། །འཇིམ་པའི་ལྡེར་བཟོ་ལ་ལྡེར་ལ། །གཅན་གཟན་སྡེར་མོ་ས་སྡེར་རོ། །རྡོ་རྗེ་རྡོ་བ་ར་རྡོ་ལ། །སྙིགས་ལྔ་བདོ་བ་བ་བདོ་སྟེ། །སྲོག་དང་བསྡོ་བྱ་བ་སའི་བསྡོ། །མིག་ལྡོང་མདོངས་པ་གང་ཡང་རུང༌། །དང་པོའི་གདོད་མ་ག་གདོད་ལ། །གནས་སུ་སྡོད་པ་ས་སྡོད་ཡིན། །གདོན་མི་ཟ་བར་ག་གདོན་ལ། །གཏམ་ལན་ལྡོན་པ་ལ་ལྡོན་ནོ༑ ༑གྲུ་ཡི་གདོས་པ་ག་གདོས་ལ། །ཤ་རྡོས་ཆེ་བ་ར་རྡོས་ཡིན། །ད་ཡི་འཇུག་པ་མདོ་ཙམ་མོ། །
༼ན༽
སྒྲ་འཛིན་རྣ་བ་ར་རྣ་ལ། །སེར་སྣ་སྣ་བོ་གདོང་གི་སྣ། །ས་སྣ་ཡིན་པས་ཤེས་པར་བྱ། །གནག་ཕྱུགས་མདོག་གནག་ག་གནག་ལ། །ཁྲག་རུལ་རྣག་ནི་ར་རྣག་སྟེ། །སྣག་ཚ་སྣག་དབོན་ས་སྣག་གོ ། ལེགས་སྐྱེས་གནང་བ་ག་གནང་ལ། །མངོན་སུམ་སྣང་བ་ས་སྣང་ངོ༌། །དངོས་པོ་མནངས་ཆེ་མ་མནངས་ལ། །མགྲིན་པ་བརྣངས་ནི་བ་རའི་བརྣངས། །འོག་ཏུ་མནན་པ་མ་མནན་ལ། །མང་བའི་བསྣན་པ་བ་སའི་བསྣན། །དྲི་མ་མནམ་པ་མ་མནམ་ལ། །ཕྱག་ཏུ་བསྣམ་བྱ་བ་སའི་བསྣམ། །སྔོན་གྱི་གནའ་བོ་ག་གནའ་ལ། །མནའ་དང་མནའ་མ་མ་མནའ་ཡིན། །སྡུག་གིས་མནར་བ་མ་མནར་ལ༑ ༑མཇུག་མ་བསྣར་བ་བ་སའི་བསྣར། །གཉིད་དུ་མནལ་བ་མ་མནལ་ལ། རྣལ་འབྱོར་རྣལ་ནི་ར་རྣལ་ལོ། །གནུབས་རིགས་གནུབས་ནི་ག་གནུབས་ལ། །སྲོལ་ངན་བསྣུབས་ཟིན་བ་སའི་བསྣུབས། ། མཚོན་རྩེ་རྣོ་བ་ར་རྣོ་ལ། །བསམ་མནོ་གཞིགས་པ་མ་མནོ་ཡིན། །ཟན་སོགས་བསྣོ་བྱ་བ་སའི་བསྣོ། ། ན་ཡི་འཇུག་པ་མདོ་ཙམ་བསྡུས། །
༼པ༽
པ་སངས་པ་ཏྲ་པ་རྐྱང་ལ། །སྤ་དབྱུག་སྤ་མ་སྤ་བཀོང་བ། །རྒྱན་གྱིས་སྤུད་དང་སྤུས་ཀ་ལེགས། །མང་དུ་སྤེལ་དང་གནས་སོགས་སྤོས། །ས་ལ་པ་བཏགས་ཤེས་པར་བྱ། །སྟག་ལྤགས་སྟག་གི་པགས་པ་ལ། །གཞི་འབྲེལ་ཡོད་ན་པགས་རྐྱང་ངོ༌། །བདེན་དཔང་བྱེད་པ་ད་དཔང་ལ། །ཉོན་མོངས་སྤངས་པ་ས་སྤངས་ཡིན། །ལག་སོགས་པད་ཀོར་པ་རྐྱང་པད། །ཕ་སྤད་ཅེས་པ་ས་སྤད་དོ།། ཡི་གེ་པར་མ་པ་རྐྱང་པར། །གོང་དུ་སྤར་བ་ས་སྤར་རོ། །ལུས་ཀྱི་དཔུང་པ་ད་དཔུང་ལ། །དུ་མ་སྤུངས་པ་ས་སྤུངས་ཡིན། །སྟོབས་ལྡན་དཔའ་བོ་ཞུམ་མེད་དཔའ། །ད་དཔའ་ཡིན་པས་ཤེས་པར་བྱ༑ ༑པ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཕ༽
དགྲ་བཅོམ་འཕགས་པ་འས་འཕུལ་ཡོད། །ཕག་ཏུ་ཕག་པ་སོགས་ལ་མེད། །ཆག་པའི་འཕན་ཟིལ་འས་འཕུལ་ཡོད། །གཞན་ཕན་ཕན་ཚུན་སོགས་ལ་མེད། །གོང་དུ་འཕར་བ་འས་འཕུལ་ཡོད།། ཕར་ཕྱིན་ཕར་ཕྱོགས་སོགས་ལ་མེད། །འཕལ་ཀ་འགྲིག་ལ་འས་འཕུལ་ཡོད། །ཕལ་པ་ཕལ་ཆེར་སོགས་ལ་མེད། །ངན་པའི་འཕུང་བྱེད་འས་འཕུལ་ཡོད། །ཕུང་ཀྲོལ་ཕུང་པོ་སོགས་ལ་མེད། །མཁའ་ལ་འཕུར་མཉེད་འས་འཕུལ་ཡོད། །ཕྱེ་ཕུར་ཕུར་པ་སོགས་ལ་མེད། །མི་ཚེ་འཕུད་ཐབས་འས་འཕུལ་ཡོད། །ཕུལ་ཕྱིན་ཕུལ་བ་སོགས་ལ་མེད། །གནས་སུ་འཕོ་བ་འས་འཕུལ་ཡོད། །ཕོ་ཉ་ཕོ་བྲང་སོགས་ལ་མེད། །ནོར་ཞིང་འཕྱུགས་པ་འས་འཕུལ་ཡོད། །སྒོ་ཕྱུགས་ཕྱུགས་རྫི་སོགས་ལ་མེད། །རྐང་མེད་འཕྱེ་བོ་འས་འཕུལ་འཕྱེ། །རྒྱགས་ཕྱེ་ཕྱེ་བ་སོགས་ལ་མེད། །མཁའ་ལ་འཕྱོ་དང་འཕྱོན་མ་དང༌། །དར་འཕྱོར་སོགས་ལ་འས་འཕུལ་ཡོད། །ཕ་ཡི་སྡེ་ཚན་མདོ་ཙམ་བསྡུས། །
༼བ༽
བ་དན་བ་བླ་བ་མོ་སོགས། །བ་རྐྱང་ཡིན་པས་ཤེས་པར་བྱ། །མགྲིན་པའི་ལྦ་བ་ལ་ལྦ་ལ། །ཆུ་ཡི་རྦ་རླབས་ར་རྦ་སྟེ། །མི་མངོན་སྦ་བ་ས་སྦ་འོ། །ཁྱི་རྦད་རྦད་དེ་ཁ་རྦད་ཆེ། །ར་ལ་བ་བཏགས་ཤེས་པར་བྱ༑ ༑ལག་པའི་སྦར་མོ་སྒྲོན་མེ་སྦར། །སྦུར་མ་ཁ་སྦུབས་ཕྱོགས་གཅིག་སྦམས། །ས་ལ་བ་བཏགས་ཤེས་པར་བྱ། །སྐྲ་འབལ་བ་ནི་ཆོས་ལ་འབུངས། །ཐོག་འབུབས་མེ་འབུད་བདེ་འབོལ་ལེ། །ཆུ་ལུང་འབོགས་དང་བརྒྱལ་འབོག་སོགས། །འ་ཡིས་འཕུལ་བའི་བ་ཉིད་དོ། །
༼མ༽
རྨ་བྱའི་ལུས་རྨ་ར་རྨ་ལ། །སྨ་འབེབས་སྨ་ར་ས་སྨ་ཡིན། །གཡུལ་གྱི་དམག་ནི་ད་དམག་ལ། ། མུན་པའི་སྨག་རུམ་ས་སྨག་གོ །ངོ་མཚར་རྨད་བྱུང་ར་རྨད་ལ། །བུ་སྨད་སྨད་ར་ས་སྨད་ཡིན། །འཚོ་བྱེད་སྨན་པ་ས་སྨན་ལ། །ཞན་ཅིང་དམན་པ་ད་དམན་ནོ། །ལག་དམར་ཁ་དམར་ད་དམར་ལ། །ཟོང་མིན་སྨར་རྐྱང་ས་སྨར་ཡིན། །ཁ་དོག་སྨུག་ནི་ས་སྨུག་ལ། །བྱིང་རྨུགས་ཁྱིས་རྨུགས་ར་རྨུགས་སོ། ། དམུས་ལོང་དམུས་བྱུང་ད་དམུས་ལ། །ཕྱི་མ་ར་རྨུས་བྱས་ཀྱང་འགྲིག །བཙོག་པའི་དམེ་ནི་ད་དམེ་ལ། ། སེར་སྣའི་སེར་རྨེ་ར་རྨེ་སྟེ། །ལུས་ཀྱི་སྨེ་བ་ས་སྨེ་ཡིན། །ཞིང་འདེབས་རྨོན་པ་ར་རྨོན་ལ། །སྨོན་ལམ་གདབ་པ་ས་སྨོན་ནོ། །མ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཙ༽
དོན་གྱི་རྩ་བ་ར་རྩ་ལ། །སྔོ་ཡི་རྩྭ་ལ་ཝ་ཟུར་ཡོད། །གཏར་བྱེད་གཙག་བུ་ག་གཙག་ལ། །ས་དམར་བཙག་ནི་བ་བཙག་གོ །དྲི་གཙང་གཙང་བ་ག་གཙང་ལ། །ནང་དུ་བཙང་བྱ་བ་བཙང་ངོ༌། །རྒྱལ་པོའི་བཙད་པོ་བ་བཙད་ལ། །རྩོད་པ་བརྩད་པ་བ་རའི་བརྩད། །ཅོ་འདྲིའི་མཐོ་བཙམ་བ་བཙམ་ལ། །བྱ་བ་བརྩམ་བྱ་བ་རའི་བརྩམ། །འདུད་ཕྱག་བཙལ་བ་བ་བཙལ་ལ། །སྦྱིན་སོགས་བསྩལ་བ་བ་སའི་བསྩལ། ། མཆེ་བ་གཙིགས་པ་ག་གཙིགས་ལ། །རྩིག་པ་བརྩིགས་པ་བ་རའི་བརྩིགས། །དབུ་ཡི་གཙུག་ཏོར་གཙུག་གི་ནོར། །ག་ཡིས་འཕུལ་བས་ཤེས་པར་བྱ། །ལུགས་རྩ་བཙུགས་པ་བ་བཙུགས་སོ། །གནོད་པས་གཙེ་བ་ག་གཙེ་ལ། །རྩེད་མོ་རྩེ་བ་ར་རྩེ་སྟེ། །སྙིང་ནས་བརྩེ་བ་བ་རའི་བརྩེ། །རྗེ་བོའི་གཙོ་བོ་ག་གཙོ་ལ། །བཙོ་མ་གསེར་ནི་བ་བཙོ་ཡིན། །བརྡེག་གཙོག་འབག་བཙོག་བ་བཙོག་ལ། །ཙོག་པུར་འདུག་སོགས་འཕུལ་ཡིག་སྤོངས། །བརྩོན་འགྲུས་རྩོམ་པ་བ་རའི་བརྩོན། །ཁྲི་མུན་བཙོན་ར་བ་བཙོན་ནོ། །འབད་ཅིང་རྩོལ་སྒྲུབ་ར་རྩོལ་ལ། །བཀའ་སོགས་སྩོལ་བ་ས་སྩོལ་ལོ། །ཙ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཚ༽
སྐྱོན་གྱི་མཚང་ནི་མ་མཚང་ལ། །མངོན་པར་འཚང་རྒྱ་འ་འཚང་ངོ༌། །བར་མཚམས་མཚམས་ནི་མ་མཚམས་ལ། །བློ་ལ་འཚམས་པ་འ་འཚམས་ཡིན། །ཡ་མཚན་ངོ་མཚར་མ་མཚར་ལ། །འཚར་ལོངས་འཚར་ནི་འ་འཚར་རོ། །མཚལ་ཀ་མཚལ་ལུ་མ་མཚལ་ལ། །ཕྱག་འཚལ་བ་ནི་འ་འཚལ་ཡིན། །ལྷན་སྐྱེས་མཚེ་མ་མ་མཚེ་ལ། །གནོད་པས་འཚེ་བ་འ་འཚེ་ཡིན། །རྟ་སྐད་འོད་འཚེར་འ་འཚེར་ལ། །ལས་ལ་འཚེར་བ་མཚེར་ཀྱང་སྣང༌། །ཆུ་གཏེར་མཚོ་ནི་མ་མཚོ་ལ། །སྐྱོང་ཞིང་འཚོ་བ་འ་འཚོ་ཡིན། །མགོ་བོའི་མཚོག་མ་མ་མཚོག་ལ། །བརྡེག་འཚོག་འཚོག་སོགས་འ་འཚོག་གོ །གྲི་མདུང་མཚོན་ཆ་མ་མཚོན་ལ། །ཚོན་རྩི་སོགས་ལ་མས་འཕུལ་སྤོངས། །བཀའ་བཀྱོན་དགོངས་འཚོམས་འ་འཚོམས་ལ། ། ཁང་པའི་ཚོམས་སོགས་འཕུལ་ཡིག་སྤོངས། །ཚ་ཡི་འཇུག་པ་མདོ་ཙམ་མོ། །
༼ཛ༽
མཁས་ཤིང་མཛངས་པ་མ་མཛངས་ལ། །དབུལ་པོ་ལག་འཛངས་འ་འཛངས་སོ། །བྱ་བ་མཛད་པ་མ་མཛད་ལ། །རྒུད་ཅིང་འཛད་པ་འ་འཛད་དོ། །མཐུན་པའི་མཛའ་བོ་མ་མཛའ་ལ། །ཆུད་འཛའ་བ་ནི་འ་འཛའ་ཡིན། །རྒྱགས་ཀྱི་མཛར་བ་མ་མཛར་ལ། །ཐུར་དུ་འཕྱང་འཛར་འ་འཛར་རོ། །ཤ་ཡི་མཛེར་པ་འཛེར་ཀྱང་སྣང༌། །གྲེ་བ་ལྕགས་འཛེར་འ་འཛེར་ཡིན། །ནོར་བའི་འཛོལ་ནི་འ་འཛོལ་ལ། །མཛོལ་བུ་མཛོད་སོགས་མ་ཡིས་འཕུལ། །ཛ་ཡི་འཇུག་པ་མདོ་ཙམ་མོ། །
༼ཝ༽
ཝ་ཁར་ཝ་རྒྱུ་ཝ་ལེར་གསལ། །ཕ་ཝང་པི་ཝཾ་འཛུམ་ཝང་ཝང༌། །ཝ་ལོང་ལ་སོགས་ཝ་སྡེ་བསྡུས། །
༼ཞ༽
རྣམ་གཞག་མཉམ་གཞག་ག་གཞག་ལ། །ས་ལ་བཞག་ཟིན་བ་བཞག་གོ །འཇའ་འམ་གཞའ་ཚོན་ག་གཞའ་ལ། །རླན་གྱི་བཞའ་ནི་བ་བཞའ་ཡིན། །བློ་ཡིས་གཞལ་བྱ་གས་འཕུལ་ཡོད། །ཞལ་ལྕེ་ཞལ་དཀར་སོགས་ལ་མེད། །པགས་པའི་གཡང་གཞི་ག་གཞི་ལ། །ཞི་བདེ་ཞི་བ་སོགས་ལ་མེད། །བྲན་གཡོག་བཞུན་པ་བ་བཞུན་ལ། །གསེར་ཞུན་ཞུན་ཐར་སོགས་ལ་མེད། །ཐུགས་ཀྱི་བཞེད་པ་བ་བཞེད་ལ།། ཞེད་སྣང་སོགས་ལ་བས་འཕུལ་སྤོངས། །ཕན་པའི་གཞེན་བསྐུལ་ག་གཞེན་ལ། །ཞེན་ཆགས་སོགས་ལ་འཕུལ་ཡིག་སྤོངས། །འཚོ་ཞིང་གཞེས་པ་ག་གཞེས་ལ། །ཕྱག་བཞེས་བཞེས་སོགས་བ་བཞེས་སོ། །རྟ་ལ་བཞོན་པ་བ་བཞོན་ལ། །ན་ཕྲའི་གཞོན་ནུ་ག་གཞོན་ཡིན། །ཞ་ཡི་འཇུག་པ་མདོ་ཙམ་མོ། །
༼ཟ༽
རྣོ་ཞིང་གཟང་རིང་ག་གཟང་ལ། །གཤིས་བཟང་བཟང་པོ་བ་བཟང་ངོ༌། །ཁྲོ་བོ་མི་བཟད་བ་བཟད་ལ༑ ༑འཛད་པའི་ཟད་ལ་བས་འཕུལ་མེད། །སེམས་ལ་གཟན་དང་གྲྭ་གོས་གཟན། །གཅན་གཟན་སོགས་ལ་གས་འཕུལ་ཐོབ། །ནམ་མཁའི་གཟའ་ནི་ག་གཟའ་ལ། །བཟའ་མི་རྒྱ་བཟའ་བ་བཟའ་ཡིན། །ནོར་བུའི་གཟི་ནི་ག་གཟི་ལ། །ཆང་གིས་བཟི་བ་བ་བཟི་འོ། །དྲིན་ལན་གཟོ་བ་ག་གཟོ་ལ། །ལས་ཀ་བཟོ་བ་བ་བཟོ་ཡིན། །དང་པོའི་གཟོད་མ་ག་གཟོད་ལ། །ཁྲོ་མེད་བཟོད་པ་བ་བཟོད་དོ། །ཟླ་བ་ཟློ་བ་རྗེས་ཟློས་དང༌། །བཟླ་བྱ་བཟློག་པ་ཚོགས་སོགས་བཟླུམས། །ཟ་ལ་ལ་བཏགས་ཤེས་པར་བྱ། །ཟ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼འ༽
འོ་སྐོལ་ཤྭ་འོད་འོབས་སུ་ལྷུང༌། །འོལ་ཚོད་ལ་སོགས་འ་སྡེ་བསྡུས། །
༼ཡ༽
ལག་པས་གཡབ་གཡུགས་ག་གཡབ་ལ། །རྔ་ཡབ་རླུང་ཡབ་སྔོན་འཇུག་མེད། །གཡམ་རྒྱུག་རྡོ་གཡམ་སྐྱི་གཡའ་བ། །གཡར་དམ་ཁ་གཡལ་གཡུར་དུ་ཟ། །ལེ་ལོའི་རྣམ་གཡེང་ལོག་པར་གཡེམ། ། གཡེལ་མེད་གཡོ་སོགས་གས་འཕུལ་ལོ། །ཡ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ར༽
རྐང་པའི་བརླ་དང་ཡ་མ་བརླ། །བརླང་སོར་སྤྱོད་པ་ཆུ་ཡིས་བརླན། །གདོན་གྱིས་བརླམས་པ་མི་འགྱུར་བརླིང༌། །བས་འཕུལ་ར་ལ་ལ་བཏགས་སོ། །ར་ཡི་འཇུག་པ་མདོ་ཙམ་མོ། །
༼ལ༽
ལྭ་གོས་གྱོན་པ་ལ་ལ་དག །ལདྐའི་ལམ་དུ་ལར་རྒྱ་ལུད། །ལན་གཅིག་ལབ་པ་ལོས་ཡིན་ཏེ། །ལུ་མའི་ཆུ་སོགས་ལ་སྡེ་བསྡུས། །
༼ཤ༽
རྩོད་པའི་གཤགས་འབྱེད་ག་གཤགས་ལ། །ཉེས་ལྟུང་མཐོལ་བཤགས་བ་བཤགས་སོ། །བོན་པོའི་གཤང་དཀྲོལ་ག་གཤང་ལ། །མི་གཙང་བཤང་གཅི་བ་བཤང་ངོ༌། །རིམ་པ་གཤམ་ནི་ག་གཤམ་ལ༑ ༑གཡུལ་མཆོད་བཤམས་པ་བ་བཤམས་སོ། །བདེན་པའི་གཤའ་མ་ག་གཤའ་ལ། །ལུག་བཤའ་བགོ་བཤའ་བ་བཤའ་ཡིན། །རྨོ་བྱེད་ཐོང་གཤོལ་ག་གཤོལ་ལ། །བྱ་བ་ཕྱི་བཤོལ་བ་བཤོལ་ལོ། །ཤེ་སྦྱོར་ཤེ་མོང་ཤེ་རྐྱང་ལ། །གཤེ་གཤེ་གཏོང་བ་ག་གཤེ་ཡིན། །བརླན་གྱིས་གཤེར་བ་ག་གཤེར་ལ། །ཕན་ཚུན་གཏམ་བཤེར་བ་བཤེར་རོ། །ཤ་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ས༽
གཞན་ལ་གསང་བ་ག་གསང་ལ། །དྲི་མ་བསང་བྱ་བ་བསང་ངོ༌། །འོད་སེམས་གསལ་བ་ག་གསལ་ལ། །སྐྱོན་རྣམས་བསལ་བ་བ་བསལ་ཡིན། །དྲིལ་བུ་གསིལ་བ་ག་གསིལ་ལ། །དུམ་བུར་བསིལ་བ་བ་བསིལ་ལོ། །ངག་གི་གསུང་ནི་ག་གསུང་ལ། །དྲི་ངད་བསུང་བ་བ་བསུང་ངོ༌། །ཤིང་སོགས་གསེ་བྱ་ག་གསེ་ལ། །རི་དྭགས་བསེ་རུ་བ་བསེ་འོ། །ཀོ་བསེའི་བསེ་ཁྲབ་བ་བསེ་ཡིན། །གྲངས་ཀྱི་གསུམ་ནི་ག་གསུམ་ལ། །སྣོད་ཁ་བསུམ་བྱ་བ་བསུམ་མོ། །ལྟོ་བའི་གསུས་པ་ག་གསུས་ལ། །མགྲོན་པོ་བསུས་པ་བ་བསུས་ཡིན། །ཁ་གསག་མཁས་ནི་ག་གསག་ལ། །དགེ་བ་བསག་བྱ་བ་བསག་གོ །རྙིང་མིན་གསར་པ་ག་གསར་ལ། །གྲབས་ཀྱི་ཨང་བསར་བ་བསར་སྣང༌། །ནེ་འུ་གསིང་ནི་ག་གསིང་ལ། །ཆང་སོགས་བསིང་བྱ་བ་བསིང་ངོ༌། །རིན་ཆེན་གསེར་ནི་ག་གསེར་ལ། །འཇམ་རླུང་བསེར་བུ་བ་བསེར་ཡིན། ། གསོ་སྤྱད་ཀྱིས་གསོ་ག་གསོ་ལ། །ངལ་བ་བསོ་བ་བ་བསོ་འོ། །སྲོག་ཆགས་གསོད་པ་ག་གསོད་ལ། ། དགེ་བའི་བསོད་ནམས་བ་བསོད་ཡིན། །ཆོས་སྲུང་འོད་སྲུང་སྐུ་སྲུང་དང༌། །ཚུལ་ཁྲིམས་བསྲུང་བྱ་འོ་བསྲུབ་བྱ། །རིང་བསྲེལ་མཉམ་བསྲེ་མེར་བསྲོ་བསྲབ། །གྱེན་དུ་བསླང་བྱ་སྐྱོན་གྱིས་བསླད། །བསླབ་ལྡན་དགེ་སློང་ཆོས་ལ་སློབས། །ས་ཡི་འཇུག་པ་མདོ་ཙམ་བསྡུས། །
༼ཧ༽
དམར་ཧང་ཧང་ནི་མདོག་ཧར་པོ། །ཧད་ཀྱིས་ལངས་ནས་ཧུར་རེ་ལྟ། །ཧུར་ཀྱང་ཧྲིབ་ལ་ཧོལ་རྒྱུག་བྱེད། །ལྷག་པོ་མདུན་ལྷགས་གཡང་དུ་ལྷུང༌། །ལྷད་མེད་ལྷུར་ལེན་ལམ་དུ་ལྷོངས། །ཧ་ཡི་འཇུག་པ་མདོ་ཙམ་མོ། །
༼ཨ༽
ཨམ་ཕྲག་ཨེན་ཙམ་ཨི་ཐི་བ། །ཨོ་རྒྱན་ཨོལ་མདུད་ཨོཾ་སྭ་སྟི། །གསལ་བྱེད་ཀ་ནས་ཨ་བར་དུ། ། འཕུལ་དང་མིང་གཞི་བྱེ་བྲག་ཏུ། །བརྟགས་པས་རབ་དབྱེ་དང་པོ་བསྡུས། །
ཕོ་མོ་མ་ནིང་རང་རང་གི །ར་བཏགས་ཅན་རྣམས་སྒྲ་མཐུན་ལ། །མདངས་བཀྲ་རྣམ་བཀྲ་པྲ་ཕབ་པ། །མགོ་སྐྱེས་སྐྲ་དང་སྤྲ་ཆལ་སྤྲ། །སྦོས་ནས་སྐྲངས་པ་སྤྲང་པོ་མང༌། །གནོད་བྱེད་བསྐྲད་དང་ལག་ཏུ་སྤྲད། །དགོངས་དོན་བཀྲལ་དང་ངོའི་དཔྲལ་བ། །སྣལ་སྐུད་དཀྲིས་དང་ཞོའི་སྤྲིས་མ། །ཇ་ཞོ་དཀྲུགས་དང་རྡུལ་སོགས་སྤྲུགས། །ཁ་དོག་ཁྲ་བོ་ཕྲ་མེན་ཕྲ། །ཁྲག་ཐིགས་བརྒྱ་ཕྲག་ཕྲག་ལ་གཟར། །ཆགས་ཞེན་འཁྲི་བ་ཉུང་ངུར་འཕྲི། །ཁྲུ་གང་ཕྲུ་མ་རྫ་མའི་ཕྲུ། །ཁྲག་ཁྲུག་ནད་དང་ཟ་ཕྲུག་བྱེད། །འཁོར་བའི་འཁྲུལ་པ་ཐབས་འཕྲུལ་ཆེ། །ཞེ་ནས་ཁྲོས་དང་འོད་འཕྲོ་འཕྲོས། །དུར་ཁྲོད་རི་ཁྲོད་སྐུ་ཁམས་འཕྲོད། །ཁྲོམ་དུ་མེ་སྟག་དམར་ཕྲོམ་ཕྲོམ། །ནང་ཁྲོལ་ཤ་དང་སོ་སོར་ཕྲོལ། །ཆོས་གོས་གྲྭ་དང་དྲྭ་ཕད་འཛིན། །སྙེ་མའི་གྲ་མ་མི་དྲ་མ། །གྲགས་པ་ཆེ་དང་ཐལ་དྲགས་པ། །གྲངས་མེད་དྲང་པོའི་ལམ་དུ་དྲངས། །གྲལ་རིམ་དྲལ་པོས་ཁྲིམས་ལུགས་དྲལ། །སྤྱང་པོའི་གྲུང་དང་རྩ་བའི་དྲུང༌། །ལམ་གྱི་འགྲུལ་དང་རུལ་བའི་འདྲུལ། ། འགྲེ་ལྡོག་བྱེད་སར་འདྲེ་གདོན་མང༌། །གྲོངས་པའི་ཚེ་ན་ཞིང་དུ་དྲོངས། །ཟས་གྲོན་ཆེ་ཡང་དྲོན་མོར་ཟོས། །ཐོས་པའི་སྒྲ་དང་འབྲོག་པའི་སྦྲ། །གྲང་རེག་ཡིན་གྲང་བྲང་འགྲོའི་བྲང༌། །ཟས་ཀྱིས་འགྲངས་དང་རྗེས་སུ་འབྲངས། །སྟ་གོན་གྲབས་དང་ཐུན་རྡོས་བྲབས། །རྒྱ་གྲམ་གྲམ་ཐང་བྲམ་ཟེའི་རིགས། །ཤ་གྲིའི་དྲི་མ་ཉམས་པའི་བྲི། །བློ་རིག་གྲིམས་དང་ཟས་ཚོང་བྲིམས། །ཡུལ་གྲུའི་གྲུ་དང་བྲུ་བ་ཚ། །མགྲིན་པའི་གྲེ་བ་འཇལ་བྱེད་བྲེ། །དཀའ་འགྲེལ་རྩོམ་དང་འབྲེལ་ཆགས་པ། །གྲོ་ནས་དྲོ་སར་རྐང་བྲོ་སྐྲབ། །གྲོས་ལ་དབང་རྣམས་ཕྱི་ལ་བྲོས། །གྲི་ཡིས་དྲ་བ་སྐར་བྲ་ཉེ། །རྣམ་གྲངས་དྲུག་དང་ཆུ་བོ་བྲུག །ཚེམས་དྲུབས་བྱ་བྲུན་དོང་དུ་བྲུབས། །དྲེགས་པ་ཅན་གྱི་ཤ་ཡང་བྲེགས། །གཅན་གཟན་དྲེད་དང་འཇིགས་པའི་བྲེད། ། དྲེ་འུ་རྟ་དྲེལ་བྱ་བས་བྲེལ། །སྔ་དྲོ་དྲོ་ཞིང་རོ་བྲོ་བ། །བློ་འདྲོག་པ་དང་འབྲོག་དགོན་པ། །དེ་སོགས་ཕོ་མོ་མ་ནིང་གི །ར་བཏགས་ཅན་གྱི་སྒྲ་མཐུན་རྣམས། །ཉུང་ངུས་རབ་དབྱེ་གཉིས་པ་བསྡུས། །
ཕོ་མོ་འཁྲིག་དང་དུ་སྤྲིན་འཁྲིགས། །བུ་གའི་ཁུང་བུ་འབྱུང་བའི་ཁུངས། །ཁོང་དུ་ཆུད་དང་ཁོངས་སུ་གཏོགས། །མཐའ་འཁོབ་ཡུལ་དང་ཁྱབ་པའི་འཁོབས། །ཁམ་གང་ཟས་དང་འདོད་པའི་ཁམས། །ཤིང་ཐོག་ཁམ་བུ་ཡུལ་གྱི་ཁམས། །མཚོན་ཆས་འཁྲུག་དང་གོརིམ་འཁྲུགས། །དཔང་པོའི་ཁ་ཁྱག་ཆུའི་ཁྱགས་རོམ། །སྒོ་ཡི་ཁྱམས་སུ་དོན་མེད་འཁྱམས། །སྤྱི་སྒྲ་གང་དང་ཁ་བའི་གངས། །སྣོད་གང་བ་དང་གངས་ཅན་མཚོ། །དགོང་ཀའི་དུས་དང་ཐུགས་ཀྱིས་དགོངས། །ལྕགས་སྒྲོག་དང་ནི་སྐད་སྒྲ་སྒྲོགས། །མངག་གཞུག་པ་དང་ཕོ་ཉ་མངགས། །གཞན་ལ་ངོམ་དང་རང་ཉིད་ངོམས། །ལྕག་གིས་བྲབས་དང་ལྕགས་ཆ་མགར། །ཁང་པའི་ལྕོག་དང་བློ་ཡི་ལྕོགས། །ཤིང་གི་ལྕུག་ཕྲན་ཤ་སྤྱིན་ལྕུགས། ། རྡོ་སོགས་ཆག་དང་སྣོད་བཅུད་ཆགས། །ཆག་ཆག་གདབ་དང་འདོད་ཆགས་སྐྱེ། །ཆབ་འོག་ཆབ་ཤོག་ཆབས་ཅིག་འགྲོ། །སྒྲ་འོད་ཆེམ་ཆེམ་ཁ་ཆེམས་འཇོག །རྩྭ་ཡི་འཇག་སྤྱིལ་ཁྲིམས་སོགས་འཇགས། ། འཇིག་པའི་ཆོས་ལ་འཇིགས་ཤིང་སྐྲག །ཉམ་ཐག་ཉམ་ང་ཉམས་དགའ་མེད། །ཉམ་ཉེས་གྱུར་ཀྱང་ཉམས་རྟོགས་ཆ། །སྙོམ་ལས་མཁན་ནི་བཏང་སྙོམས་གནས། །རྟག་ཏུ་བདེ་བ་མིང་རྟགས་བཀོད། །རྟོག་དཔྱོད་གྱིས་དང་དོན་ཀུན་རྟོགས། །ཕན་པའི་སྟོང་གྲོགས་རྩ་བ་སྟོངས། །གཏམ་སྨྲ་བ་དང་བཅུད་ཀྱིས་གཏམས། །ཐབ་ཀ་བ་དང་ཐབས་ལ་མཁས། །ཐག་ཆོད་ཀྱིས་དང་ཐགས་བཟང་མཛེས། །ཐིག་ཚད་མཁས་དང་ཐིགས་པ་འཛགས། །མཐའ་ལ་ཐུག་པ་ཐུགས་ལ་མངའ། །རྒྱང་རིང་མཐོང་དང་རྒྱ་མཐོངས་ཆེ། །ཐོག་ཏུ་འཁེལ་ན་ཐོགས་རྡུགས་མེད། །ཐོག་སེར་མི་འབྱུང་སྲུང་བ་ཐོགས། །སྤྲོ་བས་དང་ལེན་རྙོག་མ་དྭངས། །ཡང་དག་བདེན་པ་དྭགས་པོས་མཐོང༌། །གཟར་ཐག་གདང་བུ་ང་རོའི་གདངས།། མདང་གི་དུས་སུ་འོད་མདངས་ཆེ། །འདབ་བརྒྱ་པ་དང་རི་ཡི་འདབས། །གདམ་ང་བྱེད་དང་གདམས་པ་སྩལ། །མ་རུང་གདུག་དང་དབུ་ཡི་གདུགས། །གདེང་ཐོབ་གྱུར་ན་མཚོན་ཆ་གདེངས། །གོསྐབས་དོག་དང་རེ་དོགས་ཆེ། །ཁ་དྲག་དྲག་པོ་ཐལ་དྲགས་པ། །དྲང་པོའི་མི་ལ་ཟས་སོགས་དྲངས། །གོས་ཀྱི་དྲེག་ནག་ང་རྒྱལ་དྲེགས། །ཁ་དྲོག་ཆེ་དང་ཁྲེས་པོ་དྲོགས། །ཁ་དོག་ནག་པོ་ནགས་ཀྱི་ཚལ། །སོ་ནམ་གདབ་དང་བསོད་ནམས་བསགས། །རྣམ་དཔྱོད་རྣམ་ཐར་རྣམས་སུ་གསལ། །ནང་དུ་སླེབས་དང་ནངས་པར་འགྲོ། །བདེན་པའི་དཔང་པོ་དཔངས་སུ་མཐོ། །འཕག་འཕག་བྱེད་དང་ས་ཐོབ་འཕགས།། ཕྱག་འཚལ་བ་དང་ཕྱགས་མས་འཕྱགས། །དབང་འབྱོར་ཕྱུག་དང་སྒོ་ཕྱུགས་འཚོ། །སྣམ་བུ་ཕྲུག་དང་ཕྱག་དགུ་ཕྲུགས། །བབ་ཅོལ་སྨྲ་དང་སྐས་ནས་བབས། །བོང་བ་གསེར་གཟིགས་ལུས་བོངས་ཆེ། ། དབུག་པར་བྱ་བ་དབུགས་སྣ་རིང༌། །ཚེགས་མེད་བདེ་བླག་རྣ་བར་བླགས། །བུ་གའི་དམིག་ཁུང་དོན་ལ་དམིགས། །ཚེར་མའི་རྩང་དང་འབུ་རྩངས་པ། །གོས་སོགས་རྩབ་ཧྲལ་མི་འགུལ་རྩབས། །ལུས་ཀྱི་རྩིབ་མ་གདུགས་འཁོར་རྩིབས། །དངོས་པོ་ཚང་དང་ལྷ་ཚངས་པ། །ཚང་ཚིང་ནགས་དང་ཚངས་ར་ལུས། །བརླང་པོའི་ཚིག་དང་ཚིགས་སུ་བཅད། །མེ་ཡིས་ཚིག་དང་ས་ཚིགས་འདི། །རྗོད་བྱེད་ཚིག་དང་རུས་པའི་ཚིགས། །ཡི་གེའི་བར་ཚེག་དཀའ་བའི་ཚེགས། །རྒྱན་གྱི་ཁྲ་ཚོམ་ཁང་པའི་ཚོམས། །ཚོམ་བུ་གྱ་ཚོམ་སྙན་ངག་ཚོམས། །མཁར་རྫོང་འཛིན་དང་སྐལ་རྫོངས་སྤྲད། །ཞག་བརྒྱ་སོང་དང་ཞགས་པ་ཐོགས། །གཞུང་ལུགས་གཞུང་དང་ཡིད་གཞུངས་པ། །སྣོད་ཀྱི་མཁར་གཞོང་ལྗོངས་སམ་གཞོངས།། ཟང་ཟིང་ནོར་དང་རིན་ཆེན་ཟངས། །ཟབ་མོའི་དོན་དང་ཟབས་སུ་རིང༌། །གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས། །ཤ་ཡི་གཟུག་དང་གཟུགས་བརྙན་གཟུགས། །ཟུང་དུ་འབྲེལ་དང་ལུས་ཟུངས་ཟད། །གཟུང་འཛིན་གཉིས་དང་གཟུངས་སྤོབས་མཐོ། །འགྲོ་འོང་བྱ་དང་མ་འོངས་པ། །རེག་བྱ་ཡང་དང་རྒྱ་ཡངས་པ། །ཡོང་ཡེ་མི་མངའ་ཡོངས་སུ་དག །རག་གི་སྐུད་པ་རགས་དང་ཕྲ། །གཏང་རག་འབུལ་དང་ཆུ་རགས་རྩིག །རང་གཞན་ཡི་རང་ཐོ་རངས་ལངས། །མཆོག་གི་རབ་དང་ཚེ་རབས་གཏན། །རིག་བྱེད་རིག་འཛིན་འཐད་པའི་རིགས། །དོན་བཞིན་རིག་དང་རིགས་རྒྱུད་སྤེལ། །རིང་པོར་གནས་ཀྱང་རིངས་པར་ཁུག །རེང་བུ་བཞིན་དུ་གཉའ་རེངས་པ། །རིམ་པ་བཞིན་ལ་རིམས་ནད་འགོ །བྱ་བ་རུང་དང་མ་རུངས་བདུད། །བྱ་རོག་རོག་པོ་རོགས་སུ་སྦྲན། །དམའ་བའི་རོང་དུ་རོངས་སེ་རོངས། །ལག་བྲིས་བཟང་དང་བདེན་པ་ལགས། །ཡན་ལག་ཚང་དང་ཞེ་སའི་ལགས། ། ལང་ཚོ་ལང་ལིང་ཧད་ཀྱིས་ལངས། །གཡང་དཀར་ལུག་དང་ལུགས་ཀྱི་ཆོས། །ལོག་པར་གོ་དང་གྱང་གི་ལོགས།། ཕྱིན་ཅི་ལོག་དང་ལོགས་སུ་དགར། །འདར་ཤིག་ཤིག་དང་མི་ཤིགས་པ། །ཤུབ་བུར་སྨྲ་དང་སྣོད་ཀྱི་ཤུབས། །སང་གི་དུས་དང་ཉོན་མོངས་སངས། །གསང་གྲོས་བྱེད་དང་སྐད་གསངས་མཐོ། །སོམ་ཉིར་སོམས་ཤིག་ལས་ལ་སོམས། །དགྲ་བཅོམ་ལྷག་བཅས་མདུན་དུ་ལྷགས། །ལྷག་མའི་ཟས་དང་རླུང་གི་ལྷགས། །དེ་སོགས་མིང་གཞི་རྗེས་ཡང་ལ། །བརྟགས་ཤིང་སྔ་མ་རྗེས་འཇུག་དང༌། །ཕྱི་མ་ཡང་འཇུག་དང་བཅས་པ། །བསྟན་པས་རབ་དབྱེ་གསུམ་པ་རྫོགས།། །།
སླར་སྨྲས་པ། གསུང་རབ་དགོངས་འགྲེལ་མ་ལུས་དང༌། །འཇིག་རྟེན་ལུགས་ལའང་འདི་ཀོ་ནི། །སྙིང་གི་བདུད་རྩིར་ངེས་པས་ན། །བྱིས་པའི་སླད་དུ་གོ༌བདེར་སྦྱར། །གལ་ཏེ་བློ་ནོར་དམན་པ་ཡིས། །ནོངས་པ་མཆིས་ན་མཁས་མདུན་འཆགས། །དགེ་བས་རང་རིགས་གཞོན་ནུ་རྣམས། ། མཁས་པའི་མཁས་པར་དབང་བྱེད་སྨོན། །ཅེས་པ་བོད་ཀྱི་བརྡ་དག་བྱིས་པའི་ལམ་མཁན་འདི་ཉིད་རང་ལྟོས་གསར་བུ་འགའི་ཆེད་དུ། སྔོན་བྱོན་མཁས་པ་ཞ་ལུ་ཆོས་བཟང་གི་ཟ་མ་ཏོག སྐྱོགས་སྟོན་གྱི་ལི་ཤིའི་གུར་ཁང༌། དཔལ་ཁང་པའི་ངག་སྒྲོན། དེའི་འགྲེལ་པ་ཚིག་གསལ་སོགས་ལ་གཞི་བཅོལ་ཏེ། འབྲས་ལྗོངས་རུམ་བཏེགས་ཆོས་སྒར་དུ། ཤཱཀྱའི་དགེ་བསྙེན་པ་དྲུང་ཡིག་བསྟན་འཛིན་རྣམ་རྒྱལ་གྱིས་སྦྱར་བའོ།། །།མངྒལཾ།།

མཆན། ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ནས་དཔར་འགྲེམས་བྱས་པའི་དེབ་གཟུགས་གཞིར་བཟུང་སྟེ་བསྒྲིགས་པའོ།།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཞྭ་ནག་མཛོད་པ་བསྟན་འཛིན་རྣམ་རྒྱལ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་རྒྱུད་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཕྱི་ལོ་༡༩༣༣ བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོར་རྒུ་རུམ་ཁ་སྟོད་གྲོང་ཚོ། སྣ་མཁར་ཤར་དུ་ཁང་གསར་ཞེས་པ་དཔལ་རྒྱལ་དབང་ྋཀརྨ་པ་སྐུ་ཕྲེང་བཅུ་བཞི་པའི་ཡབ་གཞིས་ཀྱི་སྐུ་རྒྱུད་དུ་འཁྲུངས། སྐུ་ན་ཆུང་དུས་ནས་གདན་ས་དཔལ་གྱི་འོག་མིན་མཚུར་མདོ་བོ་ལུང་དུ་སྒྲིག་ཞུགས་ཐོག མཚུར་ཕུ་སློབ་དཔོན་ཆེན་མོ་འོད་ཟེར་དབང་ཕྱུག་དགེ་བའི་བཤེས་གཉེན་དུ་བསྟེན་ནས་བློ་འཛིན་དང༌། འདོན་རྟ་དབྱངས། མཚུར་ཕུའི་རང་ལུགས་ཀྱི་ཆོ་ག་ཕྱག་ལེན་སོགས་སྦྱངས། དེ་བཞིན་མཁས་དབང་སྐར་རྩིས་པ་འོད་ཟེར་རབ་བརྟན་གྱི་སྐུ་དྲུང་ནས་དག་ཡིག སུམ་རྟགས། སྙན་ངག་གི་གཞུང་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན། རྒྱལ་དབང་ྋཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནས་རིག་གནས་སློབ་གྲྭ་གསར་འཛུགས་གནང་སྐབས་སྒྲིབ་མེད་ཡེ་ཤེས་ཀྱིས་རྒན་བདག་དང༌། དྲུང་ཡིག་ཏུ་བསྐོ་གཞག་མཛད་དེ་ཆོས་སྡེ་ཁག་དང༌། གཞུང་ས་མཆོག་ལ་སྙན་ཞུའི་ཕྱག་འཕྲིན་གྱི་ཞབས་ཞུ། དེ་རྗེས་འཕྲལ་རྐྱེན་ལ་བརྟེན་སྐྱ་བབས་ནས་དགོན་པར་ཞུ་བཤགས་སོགས་སྒྲིག་ལམ་དང་མཐུན་པར་གཙང་དག་ཞུས།
ཕྱི་ལོ་༡༩༥༦ ལོའི་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་ཆེན་ལ་རྒྱ་གར་སངས་རྒྱས་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གདན་ཞུ་ཕུལ་བ་ལྟར་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་སྐབས་རྒྱལ་དབང་ྋཀརྨ་པ་བཅུ་དྲུག་པ་མཆོག་ཀྱང་སྟོན་འཁོར་ལྷན་རྒྱས་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་སྟབས་ཆིབས་ཞབས་སུ་བཅར་ནས་གཟེངས་སུ་ཐོན་པའི་ཞབས་ཞུ་གང་ལེགས་བསྒྲུབས། ྋརྒྱལ་དབང་མཆོག་ནས་འབྲས་ལྗོངས་སུ་དྲུང་ཡིག་བསྟན་འཛིན་རྣམ་རྒྱལ་དང་ཀརྨ་འཕྲིན་ལས་ཡོངས་འདུས་གཉིས་འབྲས་ལྗོངས་སུ་སྣུམ་འཁོར་སློབ་སྦྱོང་གི་ཆེད་དུ་འཇོག་གནང་མཛད་པས་སྣུམ་འཁོར་ལྷུ་སྒྲིག་དང༌། གཏོང་རྒྱུ་སོགས་བསླབས་སྦྱངས་ལེགས་ཐོན་གྱི་ཕྱག་ཁྱེར་བླངས་ཏེ་ཕྱིར་བོད་དུ་ལོག་ནས་ྋརྒྱལ་དབང་མཆོག་གི་ཆིབས་འཕྲུལ་ཁ་ལོ་པ་དང༌། དྲུང་ཡིག་གི་ཕྱག་འགན་སྔར་མུས་བཞིན་གཅིག་ལྕོགས་རྐང་བཞེས་མཛད།
ཕྱི་ལོ་༡༩༥༧ ལོར། ལྷ་ལྡན་རྒྱལ་ཁབ་ཆེན་པོ་ནས་ཆེད་དུ་བང་མི་འབྱོར་ཏེ་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གི་དམིགས་བསལ་བཀའ་འབྲེལ་ཕེབས་དགོངས་ལྟར་ྋརྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གི་སྐུ་ཚབ་ཏུ་མངགས་ཏེ་ཀོང་པོ་བརྒྱུད་ཆབ་མདོ་དང་དེ་རྗེས་མདོ་ཁམས་ཀྱི་ས་ཆ་ཕལ་མོ་ཆེར་བཀའ་བློན་ས་དབང་ང་ཕོད་ངག་དབང་འཇིགས་མེད་དང་ལྷན་དུ་གཞུང་དོན་ཆིབས་བསྒྱུར་སྐབས་བསྟན་འཛིན་རྣམ་རྒྱལ་དྲུང་ཡིག་ཞབས་ཞུར་བཅར་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་རྙོག་འཛིང་ཆེ་བའི་དུས་བབ་དེའི་ནང་དུ་གཟེངས་སུ་ཐོན་པའི་སྲི་ཞུ་གང་ལེགས་ཞུས།
ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་སྐབས་ཁྱིམ་གཞིས་དང༌། ནང་མི་སོགས་བློས་བཏང་གིས་སྐྱབས་གཅིག་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཕྱྭའི་བརྟན་སྲུང་ཆེད་ཆིབས་ཞབས་སུ་བཅར་ནས་སྤྱི་མཐུན་བསོད་ནམས་ཀྱི་དབང་གིས་རྒྱལ་དབང་ྋཀརྨ་པ་མཆོག་འབྲས་ལྗོངས་སུ་ཞབས་སོར་བདེ་འཁོད་ཐུབ་པ་བྱུང་ཡོད། འབྲས་ལྗོངས་སུ་ཞབས་སོར་འཁོད་གྲུབ་རྗེས་སྐུ་སྒེར་དྲུང་ཡིག་ཏུ་ཕྱག་རྟགས་ཕེབས་པ་བཞིན་ཞབས་ཞུ་དང༌། རྒྱལ་དབང་ྋཀརྨ་པ་མཆོག་དང༌། ཕྱག་མཛོད་དམ་ཆོས་ཡོངས་འདུས་ཕྱོགས་གཞན་དུ་ཆིབས་བསྒྱུར་མཛད་སྐབས་ཕྱག་ཚབ་ཀྱི་ཐུགས་འགན་བཞེས་མྱོང་བ་དང༌། འབྲས་ལྗོངས་གདན་ས་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་དགོན་པ་གསར་བཞེངས་སྐབས་ཞྭ་ནག་མཛོད་པ་དམ་ཆོས་ཡོངས་འདུས་ཀྱི་ཕྱག་སྦྲེལ་སྐུ་ངལ་འཛེམས་མེད་ཐོག་ཞབས་ཞུ་ཧུར་ཐག་ཞུས། དེ་རྗེས་རྒྱལ་དབང་ྋཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་མཆོག་སྤྲུལ་རྣམ་པའི་རིག་གནས་དགེ་རྒན་དུ་བསྐོ་གཞག་གིས་མཆོག་སྤྲུལ་རྣམ་པར་སྙན་སུམ་བརྡ་དག་སོགས་སྐུ་ཡོན་ཕུལ་ཞིང་ཞོར་དུ་བོད་ཀྱི་རིག་གནས་ལ་འཇུག་པ་བདེ་ཕྱིར། [བརྡ་དག་བྱིས་པའི་ལམ་མཁན] རྒྱས་བསྡུས་གཉིས་དང༌། [བརྡ་སྤྲོད་ཤེས་བྱའི་སྒྲོན་མེ་]རྩ་འགྲེལ་གཉིས་ཀ [བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང༌། རྟགས་ཀྱི་འཇུག་པའི་རྣམ་འགྲེལ་ལྷག་བསམ་དཀར་པོ་] ལ་སོགས་པ་ལྗགས་རྩོམ་ཇི་སྙེད་ཅིག་འཇོག་གནང་མཛད།
ཕྱི་ལོ་༡༩༨༡ ལོའི་ཟླ་༢ པའི་ཚེས་༢༧ ཉིན། རྒྱལ་དབང་ྋཀརྨ་པ་བཅུ་དྲུག་པ་མཆོག་ནས་རྒྱལ་ཡོངས་བཀའ་བརྒྱུད་དབུས་རྒྱུན་ལས་ཁང་དབུ་འཛུགས་སྐྱོང་སྐབས་དྲུང་ཆེ་རུ་དམིགས་བསལ་ཕྱག་རྟགས་བསྐོ་གཞག་བསྩལ། བླ་ཕྱག་གཉིས་ཀ་དགོངས་པ་རྫོགས་རྗེས་གདན་འཛིན་རྣམ་པ་ཐུགས་མཐུན་ཐོག་ཞྭ་ནག་མཛོད་པ་སྐུ་གཞོན་གྱི་ཕྱག་འགན་ཕུལ་བ་བཞིན་གདན་ས་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་གི་བཤད་གྲྭ་གསར་པ་གསར་བཞེངས་ཀྱི་ཐུགས་འགན་རྐང་བཞེས་མཛད་ནས་ཀརྨ་ཤྲིའ་ཎཱ་ལནྜའི་བཤད་གྲྭ་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་པར་གྲུབ་སྟེ་ད་ལྟའི་ཆར་ཡང་བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་༡༩༩༢ ལོར་བཀའ་བརྒྱུད་དབུས་རྒྱུན་ལས་ཚོགས་ཐོག་ཏུ་ཞྭ་ནག་མཛོད་པ་སྐུ་བགྲེས་སུ་མང་མོས་ཀྱི་ཐོག་ནས་བསྐོ་གཞག་བསྩལ།
ྋསྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་ནས་མཛད་པའི། ཆོས་རྗེ་ྋཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་དཔག་བསམ་འཁྲི་ཤིང་ཞེས་བྱ་བའི་ལྗགས་རྩོམ་ཕྱོགས་བསྒྲིགས་ཀྱི་ཡིག་འབྲིའི་ངལ་བ་མཐའ་དག་དང་དུ་བཞེས། བལ་ཡུལ་དུ་གནས་ཆེན་སྟག་མོ་ལུས་སྦྱིན་ཁྲ་འགུ་དགོན་པ་དང༌། བལ་ཡུལ་ཁྲ་འགུ་སློབ་གྲྭའི་སྤྱི་ཁྱབ་སློབ་སྟོན་པ་དང་རིག་གནས་ཀྱི་དགེ་རྒན། ཝཱ་ཎ་ཁྲ་འགུ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་གི་ས་ཆ་ཉོ་རྒྱུས་མཚོན་གསར་བཞེངས་སྐབས་ྋསྐྱབས་རྗེ་ལ་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་ལྷོད་མེད་ཀྱང་ཞུས།
ཕྱི་ལོ་༡༩༩༩ ལོའི་ཟླ་༡༢ པའི་ཚེས་༢༨ ཉིན་སྒྲུབ་བརྒྱུད་བསྟན་པ་ཡོངས་ཀྱི་མངའ་བདག་དཔལ་རྒྱལ་དབང་ྋཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་ྋབསྟན་འཛིན་ཀུན་ཁྱབ་དབང་གི་རྡོ་རྗེ་དཔལ་བཟང་པོ་མཆོག་རྒྱ་གར་འཕགས་ཡུལ་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ཞྭ་ནག་མཛོད་པའི་ཕྱག་ལས་རྐང་འགན་བཞེས།
ཕྱི་ལོ་༢༠༠༥ ལོའི་ཟླ་༦ པའི་ཚེས་༨ ཉིན་གྱི་དགོང་དྲོ་བལ་ཡུལ་དུ་སྐུ་ཞི་ལྷོད་ངང་དགོངས་པ་རྫོགས། མདོར་ན་ཁོང་སྐུ་ཚེ་ཧྲིལ་པོར་རྒྱལ་དབང་ྋཀརྨ་སྐུ་ཕྲེང་བཅུ་དྲུག་དང༌། རྒྱལ་དབང་ྋཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་གཉིས་དབུས་རྒྱལ་བསྟན་སྤྱི་དང༌། བཀའ་བརྒྱུད་ཀྱི་བསྟན་པར་ལྷག་བསམ་ཟོལ་མེད་ཀྱི་སྲི་ཞུ་རྣམ་དག་ཞུས་ཤིང༌། བོད་ཀྱིབརྡ་སྤྲོད་རིག་གནས་སྙན་སུམ། ལོ་རྒྱུས། སྐར་རྩིས་བཅས་གང་ལའང་མཁྱེན་པའི་ཡོན་ཏན་འཛད་མཐའ་མེད་པ་ཞིག་ཡིན་ཡང་འདིར་མཛད་རྗེས་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཀྱི་རྡོག་པོ་ཙམ་དུ་དམ་པ་གང་དེའི་ལོ་རྒྱུས་སྙིང་བསྡུས་སུ་རྒྱུད་སྟོད་མཚུར་སྒར་བླ་བྲང་ནས་བཀྲས་ཁང་ངག་དབང་འཕྲིན་ལས་ཀྱིས་ཕུལ།

བརྒྱུད་སྐུལ།

མཆན་སྤེལ།