བོད་ཀྱི་བུད་མེད་རྟེན་ཅན་གྱི་སྤྲུལ་སྐུ་ཐོག་མ། བསམ་སྡིང་རྡོ་རྗེ་ཕག་མོ།

བོད་ཀྱི་བུད་མེད་རྟེན་ཅན་གྱི་སྤྲུལ་སྐུ་ཐོག་མ། བསམ་སྡིང་རྡོ་རྗེ་ཕག་མོ།

གཅིག  བསམ་སྡིངས་རྡོ་རྗེ་ཕག་མོ།

བོད་དུ་ནང་བསྟན་དར་བ་དང་ཁྱད་པར་དུ་གསང་སྔགས་ཀྱི་གཞུང་དང་གདམས་ངག་མང་དུ་དར་བ་དང་བསྟུན་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་སླེབས་པའི་བུད་མེད་ཀྱི་སྐྱེས་བུ་དམ་པའང་མང་དུ་བྱུང་བ་ཡིན་ཏེ། དཔེར་ན། དུས་རབས་བརྒྱད་པའི་ནང་བྱོན་པ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།(འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་བུད་མེད་ཀྱི་རྟེན་ལ་གྲུབ་པ་ཐོབ་པའི་མཁའ་འགྲོ་མ་ཐོག་མ་ཡིན་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་ངག་གི་སྤྲུལ་བར་བཞེད་པའི་བཤད་སྲོལ་ཡོད།)

གཅོད་ཀྱི་གདམས་པའི་སྲོལ་འབྱེད་མ་གཅིག་ལབ་སྒྲོན་1103-1201མ་གཅིག་ཞ་མ(གསང་སྔགས་བརྟེན་པ་རྣམས་ཀྱི་མིག་གཅིག་ཏུ་གྲགས་1062-1149མཁའ་འགྲོ་མ་བསོད་ནམས་འདྲེན་ལྟ་བུ། དེ་དག་ནི་ཕྱིས་སུ་བུད་མེད་ཀྱི་སྤྲུལ་སྐུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།

བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོར་གྲགས་པ་ཆོས་ཀྱི་སྒྲོན་མེ་(1424-1458)ནི། བོད་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་རྒྱུད་དུ་མངའ་རིས་གུང་ཐང་གི་རྒྱལ་པོའི་ཕོ་བྲང་ནས་སྐུ་འཁྲུངས། དོང་ཕྱོགས་ལས་རྣམ་རྒྱལ་(1375-1451)་ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་རྒྱལ་མོར་གསོལ། སྡེ་སྣོད་མང་པོའི་ལུང་དང་། སྨིན་གྲོལ་གྱི་ཁྲིད། མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། དབུས་གཙང་ཀུན་ལ་ཕྱག་ཕྱིར་བྱོན་པས་གྲུབ་ཐོབ་ཐང་སྟོང་དང་མཇལ་ཏེ་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན། དེ་ནས་གྲུབ་ཐོབ་ཀྱི་བཀའ་ལྟར་ཙ་རིར་སྒྲུབ་པ་ཡུན་རིང་མཛད། ཡར་ལམ་མི་དབང་གྲགས་པ་རྒྱལ་མཚན་གྱི་བསུ་བའི་བཀོད་པ་དང་བཅས་ཆོས་རྒྱལ་ཉིད་ཀྱི་དཀོར་མཛོད་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་ལོ་ཆ་ཚང་དང་། སྙན་གཡུ། སྐུ་རྒྱན་བཅས་ཕུལ་ནས་བསྟན་འགྲོའི་དཔལ་ཡོན་དམ་པ་བསོད་ནམས་ཀྱི་ཞིང་དུ་བདག་གིར་མཛད་དུ་གསོལ་ཞེས་ཞུས། དེ་ནས་མཁའ་འགྲོ་སེང་གདོང་མའི་ལུང་བསྟན་དང་། མཁའ་འགྲོ་སེང་གདོང་མ་ད་ལྟའི་དགོན་དེ་ཆགས་ཡུལ་དུ་ཐིམ་པའི་གཟིགས་སྣང་བྱུང་བས་ཡར་འབྲོག་ཏུ་བྱོན། ཡར་འབྲོག་ཁྲི་དཔོན་ནམ་མཁའ་རྒྱལ་མཚན་གྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་སྤྱི་ལོ་༡༤༤༠ལོར་བླ་མ་གཅིག་དང་གྲྭ་པ་དྲུག་ལས་གྲུབ་པའི་སྒྲུབ་སྡེ་ཆུང་ངུ་སྟེ་ད་ལྟའི་བསམ་སྡིངས་དགོན་པའི་གནས་གཞི་བཟུང་། ཐང་སྟོང་རྒྱལ་པོའི་(1361-1485)རྣམ་ཐར་དུ། “དུས་དེར་རྡོ་རྗེ་ཕག་མོ་མིའི་ཟོལ་གྱི་སྐྱེ་རབས་ཕྲེང་བས་འགྲོ་བའི་དོན་མཛད་པ།  མཁའ་འགྲོ་མ་བསོད་ནམས་འདྲེན་མའི་སྐྱེ་བ་གསུམ་པ་བོད་རྗེའི་སྲས་སུ་སྐུ་འཁྲུངས་པ། རྗེ་བཙུན་མ་ཆོས་ཀྱི་སྒྲོན་མེ་བྱོན། ” ①ཞེས་པ་དང་། བོ་དོང་པཎ་ཆེན་གྱི་རྣམ་ཐར་དུ། “བདག་ཉིད་ཆེན་པོ་འདིའི་ཞབས་པད་བསྟེན་པ་ལ་ནི། ཆོས་ཀྱི་སྒྲོན་མེ་ཞེས་སྤྲུལ་བའི་སྐུ་འཛིན་པའི་རྣལ་འབྱོར་དབང་མོ་རྡོ་རྗེ་ཕག་མོ་ཉིད་ཡིན་ནོ། །②ཞེས་གསུངས་པ་དག་ལས་ཀྱང་སྐབས་དེ་ནས་བཟུང་རྣལ་འབྱོར་མ་ཆོས་ཀྱི་སྒྲོན་མེ་ནི་རྡོ་རྗེ་ཕག་མོའི་སྤྲུལ་བ་ཡིན་པའི་བཤད་རྒྱུན་ཆགས་ཡོད་པ་ཤེས་ཐུབ། གྲུབ་མཐའ་བོ་དོང་གི་ལུགས་སུ་གྲགས་མོད་ཡོངས་སུ་གྲགས་པ་ནི་བཀའ་བརྒྱུད་པའི་གྲུབ་མཐའ་ཡིན་ལ། ས་དགེ་བཀའ་རྙིང་རིས་མེད་ཕྱག་བཞེས་གནང་གི་ཡོད།

རྡོ་རྗེ་ཕག་མོ་སྐུ་ཕྲེང་གཉིས་པ། རྗེ་བཙུན་ཀུན་དགའ་བཟང་མོ་(1459-1533)ནི། བོད་ལྗོངས་ཀོང་པོ་ཉིང་ཁྲི་རུ་སྐུ་འཁྲུངས། འདི་ནི་བོད་ཀྱི་བུད་མེད་རྟེན་ཅན་གྱི་སྤྲུལ་སྐུ་ངོས་བཟུང་བ་ཐོག་ཡིན། ངོས་འཛིན་མཁན་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡིན་ཏེ། ཁོང་གི་རྣམ་ཐར་དུ། “དེ་ནས་རྗེ་བཙུན་ཆོས་ཀྱི་སྒྲོན་མེ་ཀོང་པོར་སྐུ་གཤེགས་པའི་ཐུགས་དམ་འདོགས་ཞུ་འབུལ་བ་ལ། ཉེ་གནས་དཔོན་བཙུན་མ་བདེ་ལེགས་ཆོས་འདྲེན་གྲུབ་ཆེན་པོའི་དྲུང་དུ་སླེབས་ནས། སྐུ་སྐྱེ་ཨེ་འབྱོན་ཞུས་པ་ན་བུ་མོ་འུ་རང་ཁ་རོག་སྡོད། ཁོང་གིས་མི་བསླུ་གསུངས། སྤྲུལ་བའི་སྐུ་ཅན་མ་གསར་བ་མྱུར་དུ་འབྱོན་པར་ལུང་བསྟན། ས་མོ་ཡོས་ལོ་ཤར་ཀོང་པོའི་ཡུལ་དུ་རྗེ་བཙུན་ཀུན་དགའ་བཟང་མོ་སྐུ་འཕྲུངས། གྲུབ་ཐོབ་ཆེན་པོའི་མདུན་དུ་སླར་ཡང་བདེ་ལེགས་ཆོས་འདྲེན་སླེབས། སྐུའི་སྐྱེ་བ་ཡིན་མིན་གྱི་ཐག་གཅོད་འདི་ནས་གནང་དགོས་ཞུས་པས། ཡིན་ཐག་གཅོད་ཀྱི་ལུང་བསྟན་མཛད། སྤྲུལ་ལོ་ལ་ཁོ་རང་གི་ཁ་གྲོལ་ཡོང་གསུངས” ①ཞེས་དང་། “གུང་ཐང་དུ་ཁྱེད་རང་གི་སྐྱེ་བ་སྔོན་མའི་ཡུམ་མདོ་སྡེ་ལ་འཕོ་བ་མཛད་པར་ཅིས་ཀྱང་བྱོན། དེ་ནས་རིམ་པར་གྲོས་བྱེད་གསུངས། མངའ་རིས་རྫོང་དཀར་དུ་ཕེབས། ང་ཀོང་པོར་འགྲོ་སྐབས་ཨ་མས་སྐྱེལ་མ་ལ་བྱོན་པའི་དུས། ངས་ཨ་མ་འགྲོངས་པའི་དབུ་སྔས་སུ་ཅིས་ཀྱང་སླེབ་པ་བྱེད་ཞུས་པ་མ་བསྙེལ་ཡོད་ལགས་སམ་གསུངས་པ་སོགས། སྐུའི་སྐྱེ་བ་སྔ་མའི་ལོ་རྒྱུས་མནལ་སད་པ་ལྟར་གསུངས་པས་གདུལ་བྱ་འུར་ལངས། ” ②ཞེས་སོགས་གསུངས་པ་ལས། བོད་ཀྱི་ལོ་རྒྱུས་སྟེང་གི་བུད་མེད་རྟེན་ཅན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་ཐོག་མ་ནི་རྗེ་བཙུན་ཀུན་དགའ་བཟང་མོ་ཡིན་མོད། སྐུ་ཕྲེང་དང་པོར་རྣལ་འབྱོར་མ་ཆོས་ཀྱི་སྒྲོན་མེ་འཇོག་པ་ནི། རྒྱལ་ཡུམ་རྡོ་རྗེ་ཕག་མོའི་སྤྲུལ་སྐུ་འདི་ཡང་བོད་ཀྱི་སྤྲུལ་སྐུ་ཕལ་མོ་ཆེ་ནང་བཞིན། སྤྲུལ་སྐུ་ཡར་འདེད་བྱས་པ་ལས་བྱུང་པ་ཡིན། ད་ལྟའི་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་བར་སྐུ་ཕྲེང་བཅུ་གཉིས་བྱུང་ཡོད།

 

བརྒྱུད་སྐུལ།

མཆན་སྤེལ།