བོད་ཀྱི་ཡི་གེའི་བྱུང་རིམ་དང་བཀས་བཅད་རྣམ་པ་གསུམ།

སྒང་རི་དར།

 

 ཐོག་མའི་ཡི་གེའི་བྱུང་བ།

 

དེ་ལ་སྤྱིར་གནའ་བོའི་ཡི་གེའི་ཆེས་ཐོག་མ་ནི་ཨེ་ཅིབ་ཀྱི་འདྲ་གཟུགས་ཡི་གེ་ཡིན་ཞིང་། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་༣༠༠༠ཡས་མས་སུ་བྱུང་། དེ་ནི་རྟགས་དང་རི་མོ་ངེས་ཅན་ཞིག་ལ་བརྟེན་ནས་བྱ་དངོས་གང་ཞིག་གི་ནང་དོན་གང་རུང་མཚོན་བྱེད་ཅིག་ལ་ཟེར། ཕྱིས་སུ་སྒྲ་ཚིག་མཚོན་པའི་རྟགས་མཚན་ཡང་བྱུང་བ་སྟེ། དཔེར་ན། ཨེ་ཅིབ་པས་བྱ་འུག་པ་ལ་མུའུ་ཞེས་འབོད་ཅིང་། དེ་མཚོན་པའི་རྟགས་ཀྱིས་ནི་བྱ་འུག་པ་མཚོན་པར་མ་ཟད། མུའུ་ཞེས་པའི་སྒྲའང་ཞོར་དུ་བརྗོད་དགོས་པ་ལྟ་བུའོ། །འདི་དག་ནི་དེང་སྐབས་ཨེ་ཅིབ་ཀྱི་ལྷ་ཡིག་ཟེར་བའི་འདྲ་གཟུགས་ཤིག་འདུག་པ་ལ་བལྟས་ན་ཡང་ཕལ་ཆེར་ཤེས་ནུས། ཡི་གེ་འདིའི་རྨང་གཞི་བྱས་ཐོག་གནའ་བོའི་རྒྱལ་རབས་ཀྱི་དུས་སྐབས་སུ་སླེབས་པ་ན་གསལ་བྱེད་ཡི་གེ་ཉེར་བཞིར་རིམ་འགྱུར་བྱུང་ཞིང་། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་ཐོག་མར་བྱུང་པའི་སྒྲ་སྦྱོར་ཡི་གེ་རེད་ལ། རྗེས་སོར་རྒྱ་གར་དང་ནུབ་ཕྱོགས་པའི་གསལ་བྱེད་ཡི་གེ་འབྱུང་བར་རྨང་གཞི་གལ་ཆེན་བཏིངས། རང་རེ་བོད་ཀྱི་ཡི་གེ་ཡང་འདི་ནས་བརྒྱུད་དེ་བྱུང་བར་འོག་ནས་འབྱུང་ངོ་། །

 

 

ཨེ་ཅིབ་ཀྱི་ཡི་གེ་འདི་བྱུང་བའི་སྔ་གཞུག་ཏུ། སུའུ་མེར་པ་རྣམས་ཀྱིས་ཀྱང་ཡི་གེ་གསར་དུ་བཟོས་ཏེ་ཁོ་ཚོས་ཐོག་མར་རྡོའི་ཐོག་ཏུ་ཡི་གེ་བརྐོས་ཤིང་། རྗེས་སུ་འདམ་རྩྭའི་གཞུང་རྟ་བེད་སྤྱད་དེ་ཡིག་རིས་དེ་དག་ཕྱེད་མ་བསྐམས་ཀྱི་འདམ་གཞོང་དུ་སྦྱར་ཏེ་ཉི་མར་སྐེམ་པའམ་མེར་བསྲེགས་རྒྱག་པའི་སྲོལ་བཏོད་ཅིང་། དེའི་དབྱིབས་ཚུགས་ནི་ཤིང་གཟེར་དང་འདྲ་བས། ང་ཚོས་འཛེར་ཡིག་གམ་གཟེར་ཡིག་ཅེས་འབོད་པ་དེ་རེད། གཟེར་ཡིག་གསར་བཏོད་བྱས་རྗེས་སུ། གཙང་ཆེན་གཉིས་རྒྱུད་ཀྱི་ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཁྱབ་གདལ་དུ་གྱུར་ཅིང་རྒྱུད་འཛིན་དང་དར་སྤེལ་གནང་། ལྷག་ཏུ། ཡ་གླིང་ནུབ་མའི་ཁྱབ་ཁོངས་སུ་སུའུ་མེར་པ་ལྟེ་བར་བྱས་ཏེ་གཟེར་ཡིག་རིག་གནས་ཀྱི་ཁོར་ཡུག་ཁྱུད་མོར་ཆགས་པར་བཤད། དེར་མ་ཟད། གཟེར་ཡིག་གིས་ནི་གནའ་རབས་ཨེ་ཅིབ་དང་ཧྥེ་ཅི་ཉི་པ་རྣམས་ཀྱི་ཡི་གེ་གསར་བཟོ་ཐད་ལའང་ཤུགས་རྐྱེན་མི་ཉུང་བ་བཟོས་ཡོད་འདུག འདི་དག་ནི་ད་ལྟ་ཡང་ང་ཚོས་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་ནགས་ཤུལ་སྟོན་པའི་ཡི་གེ་དང་པྲཧྨའི་དབྱངས་གསལ་ཡི་གེ། རྒྱ་ནག་གི་བརྐོས་རིས་ཡི་གེ་དང་སུའུ་མེར་གྱི་འཛེར་ཡིག་སོགས་གནའ་བོའི་ཡི་གེ་འདི་དག་གོ། །དེ་ལྟར་བགྲང་བྱ་སུམ་སྟོང་ལྷག་གི་རིང་འཛམ་གླིང་ཤེས་རིག་གི་ལྗོན་པ་གོང་ནས་གོང་དུ་སྨིན་ནས་ཡིག་རིགས་ཇེ་མང་དུ་གྱུར་ཞིང་། གཟེར་ཡིག་དང་འདྲ་གཟུགས་ཡི་གེ་ལྟ་བུའི་བྱུང་སྔ་བའི་ཡི་གེ་དག་ལའང་འགྱུར་བ་ཆེན་པོ་བྱུང་སྟེ་སྤྱི་ལོ་ཚུགས་མ་ཐག་པའི་གཡས་གཡོན་དུ་དེ་ལས་ཀྱང་སྔོན་ཐོན་གྱི་སྒྲ་སྦྱོར་ཡི་གེས་འཐུས་པར་བྱས།

ད་ལྟ་འཛམ་གླིང་གི་སྐད་ཡིག་ཆེད་མཁས་པ་གང་མང་ལྷན་འཛོམས་ཀྱིས་སྐད་ཡིག་སྐོར་ལ་ཡུན་རིང་ཞིབ་འཇུག་བྱས་མཐར་སྐད་ཡིག་འཇིག་པའི་རྒྱུ་རྐྱེན་ལྔ་ངོས་འཛིན་བྱས། དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་འཛམ་གླིང་ན་སྐད་ཡིག་མི་འདྲ་བ༦༠༠༠ལྷག་ཡོད་པར་ཚོད་དཔག་བྱས་འདུག་ཅིང་། དུས་རབས་ཉེར་གཅིག་པའི་མགོར་སླེབས་སྐབས་སླར་ཡང་ཞིབ་འཇུག་བྱེད་སྐབས། སྐད་ཡིག༢༠༠༠ཡས་མས་ཤིག་ཉམས་ཚར་བ་དང་། མ་འོངས་པར་ཡང་འཇིག་ངེས་ཀྱི་སྐད་ཡིག་དང་། མི་རིང་བར་འཇིག་ཉེན་ཡོད་པའི་སྐད་ཡིག་གི་སྐོར། དུས་ཡུན་རིང་པོ་ཙམ་གྱི་རྗེས་ནས་ཉམས་རྒུད་དུ་འགྲོ་སྲིད་པའི་སྐད་ཡིག༤༠༠༠ཙམ་ངོས་འཛིན་བྱས་འདུག་གོ། །

 

བྱེ་བྲག་བོད་ཀྱི་ཡི་གེའི་བྱུང་བ།

 

དེ་ཡང་སྤྱིར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཡིག་ཚང་རྙིང་མ་མང་ཆེ་བར་བོད་ཀྱི་ཡི་གེ་ནི་བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྐབས་སུ་བློན་པོ་ཐོན་མིས་མཛད་པར་གསུངས་ཡོད་ལ། རྒྱའི་ལོ་རྒྱུས་ཐང་ཡིག་གཉིས་དང་ཏུན་ཧོང་གཏེར་ཡིག་སོགས་སུ་ཡང་རྒྱལ་པོ་འདིའི་རིང་ལ་བོད་དུ་ཡི་གེ་བྱུང་ཚུལ་བཀོད་ཡོད་ཀྱང་། དེང་གི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་སྲོང་བཙན་གྱི་སྔ་རོལ་དུ་ཡང་བོད་ཡིག་ཡོད་པར་ཚོད་བགམ་བྱས་ཡོད་དེ། རྒྱལ་རབས་དང་ལོ་རྒྱུས་དེབ་ཐེར། མདོ་ལུང་ཚུན་ཆད་དྲངས་ཏེ་བོད་དུ་ཞང་ཞུང་ནས་བྱུང་བའི་ཏ་ཟིག་གམ་སྟག་གཟིག་གི་ཡི་གེ་ཞེས་བྱ་བ། བོན་སྟོན་གཤེན་རབས་ཀྱིས་བསྟན་པ་སྤེལ་བ་དང་མཉམ་དུ་འོལ་མོ་ལུང་རིང་ནས་གཏན་ལ་ཕབ་པའི་ད་ལྟའི་ཡི་གེ་འདི་དང་མི་འདྲ་བར་ཆོས་ཕྱོགས་རྐྱང་རྐྱང་ལས་སྤྱོད་སྒོ་མེད་པ་ལྟ་བུ་ཞིག་བཤད་ཀྱིན་འདུག་མོད། ཡོངས་གྲགས་ལ། སྤྱི་ལོའི་དུས་རབས་བདུན་པ་སྟེ། བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ། གང་གི་བཀའི་མདུན་ན་འདོན་རྣམས་ཀྱི་ནང་ནས་མཁྱེན་རབ་རྨད་དུ་བྱུང་བའི་བློན་ཆེན་ཐོན་མི་ཨ་ནུས་མཛད་པར་བཤད་དོ། །

 

ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་གནས་ཚུལ་འགལ་བ་དུ་མ་གཞི་གཅིག་ཏུ་གནས་ཐབས་ག་ལ་ཡོད། འོན་ཏེ་སྤྱིར་ལོ་རྒྱུས་ལ་དཔྱད་པ་ནི་ལ་ཕར་རྒྱབ་ཀྱི་རྩྭ་ལྡུམ་གྱི་བྲོ་བ་ལ་དཔྱད་པ་ཇི་བཞིན་རྟོགས་དཀའ་བའི་ཕྱིར་ཡིད་དཔྱོད་དུ་མའི་དྲྭ་གསེབ་ལ་ལུས་ཡོད་པ་སྟེ། འདིར་ཡང་བཤད་ཚུལ་གཅིག་ཏུ་ན་ཁོང་ནི་དུས་རབས་བདུན་པ་སྟེ་མི་ལོ་ཆིག་སྟོང་བཞི་བརྒྱའི་སྔ་རོལ་དུ་གདོང་དམར་བོད་ཀྱི་ཡུལ་ཁམས་ཡར་ཀླུང་གཙང་པོའི་ནུབ་རྒྱུད་དུ་ཆགས་པའི་ད་ལྟའི་སྙེ་མོ་རྫོང་གི་མངའ་ཁུངས་སུ་གྲགས་པའི་ཡུལ་ཐོན་ལུག་ར་ཁ་ཞེས་རིགས་མཐོ་བའི་བོན་གཤེན་ཡབ་ཐོན་པ་ཨ་ནུ་ར་ག་ཏ་ཞེས་བོན་པོའི་སྔགས་པ་ནུས་མཐུ་ཅན་དང་ཡུམ་ཨ་ཀླུ་ཞེས་པ་གཉིས་ཀྱི་སྲས་སུ་སྤྱི་ལོ༦༡༩ལོར་འཁྲུངས་པར་བཤད་འདུག

 

གཞན་གཅིག་ནི་སྔོན་གཡོར་པོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་འཁྲུངས་པས་ན་དེ་སྐད་དུ་སྨྲ་བ་སྟེ། གཡོར་པོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་ལ་ངོས་འཛིན།

 

ཡང་ཡིག་ཆ་འགར། འདི་ནི་ད་ལྟའི་སྙེ་མོ་རྫོང་ཁོངས་དང་སྔ་མ་ལྷོ་ཁར་བཤད་པ་ཡང་འདུག ད་དུང་ཐོན་མི་སཾ་བྷོ་ཊ་ཞེས་པ་ཡང་། ཐོན་མི་ནི་རུས་མིང་དང་སཾ་བྷོ་ཊ་ནི་བོད་བཟང་པོ་ཞེས་རྒྱ་གར་སློབ་དཔོན་གྱིས་ཁོང་ལ་བསྟོད་བསྔགས་བྱས་ནས་མཚན་གསོལ་བ་ཞིག་ཡིན་ཟེར་བ་སོགས་འདིར་ཡང་འདོད་པ་མི་འཐུན་པ་མང་།

གཞན་ཡང་ཁོང་གིས་ཡི་གེ་གསར་བཟོའི་ཐད། བོད་ཡིག་འདིའི་ཕྱི་མོ་གང་ལ་མཛད་པའི་སྐོར་ནས་ཀྱང་མཁས་པ་རྣམས་ཀྱི་བཞེད་པ་གཅིག་གྱུར་བྱུང་མེད་པ་སྟེ། དཔེར་ན། ཏཱ་ལིའི་སྐུ་ཕྲེང་ལྔ་པ་དང་། དཔའ་བོ་གཙུག་ལག་འཕྲེང་བ། གསེར་ཏོག་བཅས་ཀྱིས་ལཉྫ་ལ་དཔེར་བྱས་ཏེ་དབུ་ཅན་དང་། ཝརྟུ་ལ་དཔེར་བླངས་ནས་གཤར་མ་གསར་བཟོ་བྱས་པར་གསུངས་ཤིང་། སི་ཏུས་ན་ག་རའི་ཡི་གེར་དཔེར་བྱས་པ་དང་། དགེ་ཆོས་ཀྱིས་གུཔྟའི་ཡི་གེར་དཔེར་བྱས་པར་བཞེད་པ་སོགས་སྔར་བཞིན་དགོངས་པ་མི་མཐུན་པ་དུ་མ་ཞིག་སྣང་། དེས་ཕྱིར་ཕ་མེའི་རྒྱུད་ཀྱི་ལོ་རྒྱུས་དག་རང་རེ་ཚོའི་སྣང་ངོར་དགག་སྒྲུབ་ཀྱི་སང་རས་འབའ་ཞིག་གིས་བར་མཚམས་མེད་པར་གཡོགས་འདུག་ལ། བོད་ཡིག་དབྱངས་གསལ་སོ་བཞི་ཉིད་དུ་གཏན་ལ་ཕབ་པའི་ཚུལ་ལ་ཡང་མཁས་པ་ཚོའི་ཐུགས་བཞེད་མི་གཅིག་པའི་དྲྭ་བས་བཏུམས་འདུག འོན་ཀྱང་བོད་ཀྱི་ད་ལྟའི་དཔྱོད་ལྡན་ཚོས་ད་དུང་ཡང་དཔོག་མུས་སུ་མཆིས་ན། ཉམས་ཆུང་བདག་འདྲ་བས་ཇི་ཙམ་བཤད་ཀྱང་འདི་དག་གི་དོན་དངོས་གོ་བསྐོན་གསེད་གྲོལ་ཞིག་མི་ཡོང་ཞིང་། གང་ཡིན་ཁ་ཚོན་གཅོད་བྱེད་ཀྱི་སྨྲ་ལྕེ་འགུལ་བའི་ནུས་ཤུགས་དང་འོས་འགབ་ཀྱང་མེད་པའི་ཕྱིར་རེ་ཞིག་བཏང་སྙོམས་སུ་འཇོག་གོ། །

ལོ་རྒྱུས་བྱིངས་ལྟར་ན་ད་དུང་བློན་པོ་འདི་ནི། བྱིས་པའི་སྐབས་ནས་ཡབ་ཀྱི་དྲུང་དུ་ཡོན་ཏན་སྦྱངས་ཤིང་ཁོང་ཆུང་དུས་ནས་བརྩོན་འགྲུས་ཆེ་ལ་རིག་པ་རྣོ་བས་མཚན་སྙན་ཕྱོགས་བཅུར་ཁྱབ་པས་དགུང་ལོ་བཅུ་གསུམ་གྱི་སྐབས་ནས་རྒྱལ་པོས་བཀའ་བློན་ཞིག་གི་གོ་གནས་གནང་། དགུང་ལོ་བཅུ་བཞི་པ་སྤྱི་ལོ༦༣༣ལོར་རྒྱལ་པོའི་བཀའ་བཞིན་བོད་ཕྲུག་རིག་པ་རྣོ་བ་དག་དང་གཡོག་འཁོར་བཅུ་དྲུག་བཅས་གསེར་མང་པོ་བསྣམས་ནས་བལ་བོ་བརྒྱུད་དེ་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན། སྤྱིར་རྒྱ་གར་ཚ་བ་ཆེ་ཞིང་ཡུལ་ཐག་རིང་བ་སོགས་དེར་སོང་ཡང་གེགས་མེད་བདེ་བསྒྲོད་ཅིག་ཧ་ཅང་དཀའ་མོད། ཁོང་གིས་དཀའ་བ་ཁྱད་གསོད་དང་ངལ་བ་དང་བླང་གིས་ཡིག་རིགས་ལ་ཤིན་ཏུ་མཁས་པ་བྲམ་ཟེ་ལི་བྱིན་སོགས་སློབ་དཔོན་ལ་བསྟེན་ནས། སྒྲ་པཱ་ཎི་པ་དང་། ཀ་ལཱ་པ། ཙཎྜ་པ་སོགས་རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་གཅིག་དང་བཅས་པ་བསླབས། དེ་ཡང་ཁྲལ་མངོན་སླ་བཅོས་ཙམ་མིན་པར་མི་ལོ་བདུན་གྱི་རིང་ལ་འབད་པ་མཐའ་འཁྱོལ་གྱིས་སྦྱངས་ནས་མཁས་པའི་རྩེ་མོར་སོན། དེ་ནས་བོད་དུ་ཕྱིར་ལོག་སྐབས་སྒྲ་རིག་པའི་བསྟན་བཅོས་བསླབ་ཚད་ཀྱི་རྒྱ་དཔེ་མང་པོ་དང་། ཆོས་ཕྱོགས་ཀྱི་འདུས་པ་རིན་པོ་ཆེའི་ཏོག་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དགེ་བ་བཅུའི་མདོ་སོགས་དང་། རྒྱ་གར་དུ་གུཔྟའི་རྒྱལ་པོས་བོད་རྒྱལ་སྲོང་བཙན་སྒམ་པོར་སྐྱེས་ལན་དུ་བསྐུར་བའི་དམ་ཆོས་མདོ་སྡེ་དཀོན་མཆོག་སྤྲིན་དང་། དམ་ཆོས་པད་མ་དཀར་པོ། གཙུག་ཏོར་དྲི་མེད་ཀྱི་གཟུངས་ནོར་བུ་ཀེེ་ཏ་སོགས་བསྐུར་བ་བཅས་བསྣམས་ནས་བོད་དུ་བདེ་བར་འབྱོར། སྲོང་བཙན་རྒྱལ་བློན་འཁོར་བཅས་ཀྱིས་ཕེབས་བསུ་དང་དགའ་སྟོན་ཧ་ཅང་ཆེན་པོ་བྱས་འདུག ཁོང་གིས་རྒྱལ་པོ་ལ་བྱ་དཀའ་བའི་བསྟོད་པའི་སྙན་ཚིག་ཅིག་ཕུལ་ཡོད་པ་ནི། ཞལ་རས་གསལ་ལ་རང་མདངས་གང་བ་བཟང་། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། །ལས་ངན་བག་ཆགས་ཐམས་ཅད་གསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལ། །ཞེས་སོ། །ཕྱིས་སུ་ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱི་འཁྲུངས་ཡུལ་ཐོན་ལ་ཕེབས་ནས་ཆུ་ནང་དུ་ཉ་དང་སྲོག་ཆགས་སོགས་མེད་པར་སྨོན་ལམ་དང་བྱིན་རླབས་མཛད་ནས་ཤུག་པ་ཆུ་འཐག་གི་ཆུ་འཁོར་བཙུགས་ཤིང་ཐོན་མིའི་གནའ་སྤོས་ཐོག་མར་གསར་བཟོ་གནང་ནས་རྒྱལ་པོའི་ཕོ་བྲང་དུ་དམ་པའི་ཆོས་དང་བཙན་པོ་ལ་མཆོད་པ་བྱས། དེ་ནས་བཟུང་བོད་དུ་སྤོས་བཟོ་བའི་ལག་ཤེས་དར་རྒྱས་ཆེན་པོ་བྱུང་། དེ་རྗེས་བློན་ཚོགས་ཀྱིས་ཕྲག་དོག་ལ་ཡང་ཁོང་རང་གིས་སྤོབས་བརྟན་པོས། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔོན་མ་ལ། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་སོགས་གཞན་དག་ལ་སྙེམས་ཚིག་ཆོབ་ཚ་བོ་རེ་ཡང་གསུངས་འདུག སྐུ་ཚེ་སྨད་ལ་གཡོ་རུ་ཕྱོགས་ཀྱི་གཉལ་བསམ་འགྲུབ་ཕོ་བྲང་དཀར་པོར་བཞུགས་ཤིང་མཛད་པ་གཙོ་བོ་དམ་ཆོས་སྤེལ་བའི་བྱ་བ་རྒྱ་ཆེན་གནང་། དེ་ནས་དགུང་ལོ༥༡པ་ལྕགས་སྟག་སྤྱི་ལོ་༦༧༠ལ་ལྷོ་ཕྱོགས་ཀྱི་ཕོ་བྲང་དེར་སྐུ་གཤེགས་པར་བཤད་དོ། །

མདོར་ན་བོད་ཁ་བ་ཅན་གྱི་མི་རྣམས་ཀྱི་མ་རིག་པའི་རྨོངས་པའི་དྲི་མ་སེལ་བར་མཛད་ཅིང་། རིག་པའི་གནས་ལྔ་དང་བཅུ་སོགས་ལ་མཁས་པའི་སློབ་དཔོན་ཆེན་མོ་མང་དུ་བྱོན་པའི་ནང་གི་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་རིག་གནས་དང་བཅས་པ་བོད་དུ་སྒྱུར་མཁན་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་དང་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དབུ་བླའམ་སློབ་དཔོན་དང་བོད་ཀྱི་མཛངས་བློན་བཞི་པ། ད་དུང་བོད་ཀྱི་ལོ་རྒྱུས་ནང་གི་སྤྱི་འབྲེལ་བ་ཆེན་མོ་སློབ་དཔོན་ཐོན་མི་སམ་བྷོ་ཊའི་རྣམ་གཞག་ཀྱང་འདི་ཙམ་གྱིས་འཐུས་པར་བྱས་སོ། །

 

བཀས་བཅད་ཆེན་པོ་གསུམ།

 

བོད་ཀྱི་སྐད་ཡིག་སྟེང་ལ་བཀས་བཅད་ཆེན་པོ་གསུམ་ཟེར་བ་ཞིག་བྱུང་མྱོང་སྟེ། དེ་ནི་དུས་རབས་སོ་སོའི་ལོ་ཙཱ་བ་རྣམས་ཀྱིས་སྐད་ཡིག་གཅིག་མཐུན་ཡོང་ཆེད་བརྡ་རྙིང་རྣམས་སྐད་གསར་དང་བསྟུན་ནས་བཟོ་བཅོས་བྱས་རྗེས་རྒྱལ་པོས་དེ་ལྟར་བཀས་བཅད་དེ་ཐེངས་གསུམ་ལ་ཁྱབ་བསྒྲགས་བྱས་པའི་དོན་ཡིན།

འདིར་བཀས་བཅད་དང་པོ་ནི། ཐོན་མི་ཉིད་ཀྱི་དུས་ཏེ། དེ་དུས་ཡི་གེ་གསར་དུ་བཟོས་སྟབས། ཐ་སྙད་མི་ཉུང་བ་ཞིག་ལ་བསྒྱུར་བཅོས་མི་བྱེད་ཐབས་མེད་བྱུང་། སྤྱིར་བོད་སྐད་ནི་ས་ཆ་གང་ཡིན་ན་རྩ་བའི་ཐད་སྙད་དེ། འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་ཕལ་ཆེ་བ་དང་། མིང་ཚིག་དེ་དག་གི་བརྡ་སྤྲོད་ཚུལ་རྣམས་བསྐལ་བ་ཡ་ཐོག་ནས་ད་ལྟའི་བར་སྤྱིའི་ཆ་ནས་འགྱུར་ཆེར་མ་བྱུང་ཡང་། ས་ཆ་ལ་ལའི་སྒྲ་སྐད་ལ་འགྱུར་བ་ཆེན་པོ་བྱུང་ཞིང་། བཀས་བཅད་དང་པོའི་སྔོན་གྱི་སྐད་ཆ་དང་། ད་ལྟའི་སྐད་ཆ་གཉིས་བསྡུར་ན་མགོ་ལོག་ས་ཆ་དང་ཁམས་ཀྱི་འབྲོག་ཕྱོགས་ལྟ་བུར་འགྱུར་བ་དེ་ཙམ་མི་ཆེ་ཡང་། དབུས་གཙང་ཕྱོགས་ཀྱི་སྐད་ཆ་ནི། བཀས་བཅད་དང་པོའི་བརྡ་ཆད་དང་བསྡུར་ན། འགྱུར་བ་ཆེ་ཡང་། ཨ་མདོའི་སྐད་ཆ་དེ་དང་བསྡུར་ན་འགྱུར་བ་དེ་ཙམ་ཆེན་པོ་མི་འདུག་པར་བཤད། དེས་ན་དབུས་གཙང་ཕྱོགས་ཀྱི་སྐད་ཆ་ལ་ལྟོས་ན་ཨ་མདོའི་སྐད་ཀྱི་འགྱུར་བ་དང་། དེ་ལས་ཀྱང་རོང་ཕྱོགས་ལས་འབྲོག་ཕྱོགས་ཀྱི་སྐད་ཆའི་འགྱུར་བ་དལ་འདུག་པར་ཡང་བཤད་དོ། །ད་ལྟའི་ཆར་ཡང་ཨ་མདོའི་སྐད་ནང་སྲོང་བཙན་སྔོན་གྱི་བརྡ་ཆད་ནི། དཔེར་ན། མི་ལ་མྱི་དང་། མིག་ལ་མྱིག མེ་ལ་མྱེ། དམིགས་ལ་དམྱིགས། རལ་གྲི་ལ་རལ་གྱི། གྲོ་ལ་གྱོ། གྲང་ལ་གྱང་། གྲགས་ལ་གྱགས། སྒྲོག་ལ་སྒྱོག སླངས་ལ་རྩངས། སློབ་ལ་སྩོབ། ཁྲུང་ལ་ཁྱུང་སོགས་ཡོད།

 

བཀས་བཅད་གཉིས་པ་ནི། མངའ་བདག་ཁྲི་རལ་གྱི་དུས་སུ་བྱུང་བ་སྟེ། འདི་དུས་སུ་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་ཀྱིས་སྐད་གསར་བཅད་མང་པོ་བྱས་ཡོད་དེ། སྔོན་དུས་རྒྱ་གར་དང་རྒྱ་ནག བལ་ཡུལ་སོགས་ནས་བསྒྱུར་བའི་ཆོས་དང་དཔེ་ཆ་རྣམས་བརྡ་རྙིང་པ་དང་སྦྱར་ཡོད་པ་དང་། སྐད་རིགས་དུ་མའི་སྟེང་ནས་བསྒྱུར་སྟབས་འགྱུར་མི་བདེ་བ་དང་། ཀློག་དཀའ་བ་དང་། དེ་དུས་ཀྱི་བོད་སྐད་ལ་འགྱུར་བ་བྱུང་ནས་ཡི་གེ་དང་ཐག་རིང་བ་སོགས་བྱུང་། དེའི་ཕྱིར་ཐོན་མིས་བྷོ་ཊའི་སྒྲ་རིག་པ་ལ་བརྟེན་ནས་དོན་འགྱུར་གཙོ་བོར་བྱས་ཏེ་བསྒྱུར་བཅོས་ཆེ་ཙམ་བྱས་ཡོད་དེ། དཔེར་ན། གསོལ་བའ་དང་གཤེགས་པའ་བཀྲའ་དང་བརྡའ་སོགས་ཀྱི་རྗེས་འཇུག་འ་མཐའ་དོར་བ་དང་། ད་དྲག་གི་ཡང་འཇུག་དང་། ནམ་མཁའའི་ལྟ་བའི་འ་སྒྲ་ཉིས་བརྩེགས་དང་། སྩོགས་ཀྱི་ཙ་སོགས་བླངས། ད་དུང་གཉིས་བཅུ་ལ་ཉི་ཤུ། གསུམ་བརྒྱ་ལ་སུམ་བརྒྱ། སྐད་གཅིག་ལ་སྐད་ཅིག་སོགས་ཡིག་ཚོགས་མང་པོ་བསྐུངས་ནས་སྟབས་བདེར་བཅོས། དེས་ན་དབུས་གཙང་ཕྱོགས་ལ་བཀས་བཅད་བར་བ་ཨ་མདོའི་ཕྱོགས་སུ་བཀས་བཅད་དང་པོའི་བརྡ་ཆད་མང་པོ་འདུག

 

བཀས་བཅད་གསུམ་པ་ནི། མངའ་རིས་ཀྱི་རྒྱལ་པོ་བྱང་ཆུབ་འོད་ཀྱི་དུས་སུ། ལོ་ཆེན་རིན་ཆེན་བཟང་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་བྱས། འདི་དུས་སུ་རྒྱལ་པོ་གླང་དར་མས་བོད་ཀྱི་ཆོས་དང་རིག་གཞུང་དག་བསྣུབས་པ་དང་། ལོ་མང་པོར་འཆད་སྤེལ་མེད་ཕྱིར། འདི་སྐབས་སླར་ཡང་བཅོས་དགོས་བྱུང་། དེ་དུས་ཀྱི་བརྡ་ཆད་ནི། དཔེར་ན། འོད་གཟེར་ལ་འོད་ཟེར་དང་། འཛེར་ལ་ཟེར། སྐྱིལ་འཁོར་ལ་དཀྱིལ་འཁོར། འཁོར་ཡུག་ལ་ཁོར་ཡུག གཉི་ཟླ་ལ་ཉི་ཟླ། རྒྱ་ཁྲམ་ལ་རྒྱ་གྲམ། སྨེ་སྔགས་ལ་སྨེ་ངག སྙན་དངགས་ལ་སྙན་ངག བཅའ་ལག་ཅ་ལག་སོགས་སུ་བཅོས་ཏེ་ད་ལྟ་སྤྱོད་བཞིན་པ་ལྟར་རོ། །དེ་ལྟར་ལོ་ཆེན་འདི་དག་གི་རྗེས་སུ། དུས་རབས་བཅུ་གཉིས་པའི་ནང་སྣར་ཐང་པར་ཁང་བཙུགས་ནས་དཔེ་ཆ་ཚང་མ་ཤིང་དཔར་དུ་བཀོད་པ་ནས་བཟུང་། ཡིག་ཐོག་གི་བརྡ་ཆད་ལ་འགྱུར་བ་ཆེར་མ་ཤོང་ཡང་། མི་དམངས་ཀྱི་ཁ་སྐད་ལ་འགྱུར་བ་མངོན་གསལ་ཅན་སོང་བ་ཡིན་ནོ། །

 

 

 

བརྒྱུད་སྐུལ།

མཆན་སྤེལ།