བོད་ཀྱི་ལོ་རྒྱུས་སྟེང་མ་ཉེས་ཁ་གཡོག་ཐེབས་པའི་བློན་ཆེན་བཞི།

བོད་ཀྱི་ལོ་རྒྱུས་སྟེང་མ་ཉེས་ཁ་གཡོག་ཐེབས་པའི་བློན་ཆེན་བཞི།

བླ་ནག་པ་ཡེ་ཤེས་བཟང་པོས། ─བརྗེད་མི་རུང་བའི་ལོ་རྒྱུས་ཀྱི་བྱས་ཉེས།

 

ནང་དོན་གནད་བསྡུས། རྩོམ་འདིའི་ནང་སྤུ་རྒྱལ་བོད་ཀྱི་བཙན་པོ་སྐོར་ཞིག་བློན་པོ་གནག་སེམས་ཅན་དག་གི་ཕྲ་མའི་རྗེས་སུ་འབྲངས་ཏེ་བཙན་པོར་གློ་བ་ཉེ་བའི་བློན་པོ་བྱས་རྗེས་ཅན་སྐོར་ཞིག་ལ་ཉེས་མེད་དུ་བཀྱོན་ཕབ་པའི་སྐྱོ་གར་དང་།  དེའི་མཇུག་འབྲས་སོགས་ལ་རང་གི་ལྟ་ཚུལ་གསོང་བོར་བརྗོད་ཡོད།

ལོ་རྒྱུས་སྟེང་གི་སྤུ་རྒྱལ་བཙན་པོ་རྣམས་ནི། སྤྱིར་བཏང་དཔའ་ཞིང་མཛངས་ལ་དཀྱེལ་ཡངས་པ་དང་ཐུགས་སྒམ་པ་སོགས་སྐྱེ་བོ་ཕལ་བ་དག་ལས་རིང་དུ་འགོངས་པ་ཤ་སྟག་ཡིན་ན་ཡང་།  སྐབས་འགར་རང་ཤེད་དང་ཨུ་ཚུགས་ཅུང་ཆེ་ཞིང་གཞན་གྱི་གཡམ་ལ་རྒྱུགས་པར་དགའ་བ་སོགས་ཀྱི་སྐྱོན་དང་ར་རི་ཅུང་ཟད་རེ་ཡང་དགོངས་པའི་ཟླ་གཞོན་ངོས་ལ་ལྷམ་མེར་མངོན་ཡོང་གི་ཡོད་ལ། དེ་ལ་བརྟེན་ནས་ཕོ་བྲང་ནང་གི་ཆིག་སྒྲིལ་དང་ཕྱི་ཡི་སོ་ཁའི་འགོག་སྲུང་སོགས་ལ་ཡང་གསབ་ཐབས་བྲལ་བའི་གྱོང་གུད་དང་ཇུས་ཉེས་སྣ་ཚོགས་བསྟུད་མར་འབྱུང་བཞིན་ཡོད།

རྔམ་ཞིང་བརྗིད་པའི་བཙན་པོའི་ཕོ་བྲང་ནང་དུ།  སྤྱི་དོན་ཁ་ལ་འཁྱེར་ཞིང་རང་དོན་ཕུགས་སུ་འཆང་བའི་བློན་ཆེན་སྐོར་ཞིག་ཡོད་ཅིང་། དེ་དག་གི་ལྐོག་ཇུས་ཀྱི་རྒྱ་རུ་ཚུད་པའི་བཙན་པོ་དག་གིས་ནི། བཙན་པོར་གློ་བ་ཉེ་ཞིང་སྤུ་རྒྱལ་ལ་ལྷག་བསམ་དཀར་བའི་བློན་ཆེན་སྐོར་ཞིག་ལ་མ་བརྟག་ཉམས་དགའི་ངང་ཉེས་མེད་དུ་བཀྱོན་ཕབ་པས། བློན་ཆེན་དེ་དག་གི་ཁྱིམ་རྒྱུད་དུ་གཏོགས་པའི་འབངས་མི་མང་བོ་ཞིག་བཙན་པོའི་གཞུང་ལ་མཁོ་ཆད་པ་དང་། དེ་དག་དང་མཛའ་བཤེས་སུ་གྱུར་པའི་བློན་ཆེན་དང་དམག་དཔོན་མང་བོ་ཞིག་གི་རྒྱུད་ན་མངའ་བའི་བཙན་པོའི་གཞུང་གི་ཆེད་དུ་རང་གི་གཅེས་སྲོག་ཀྱང་འབུལ་ཐུབ་པའི་སེམས་ཤུགས་དང་ལྷག་བསམ་བཅས་རྩ་བ་ནས་ཉམས་པ་སོགས་ཀྱི་སྐྱོ་གར་ཡང་མུ་ནས་མུ་རུ་འཁྲབ་དགོས་བྱུང་ཡོད། གཤམ་དུ་བོད་ཀྱི་ལོ་རྒྱུས་སྟེང་མ་ཉེས་ཁ་གཡོག་ཐེབས་ཏེ་བཙན་པོས་ཉེས་མེད་དུ་བཀྱོན་ཕབ་པའི་བློན་ཆེན་དག་གི་ཁྲོད་ནས་བཙན་པོའི་གཞུང་ལ་བྱས་རྗེས་ཤིན་ཏུ་ཆེ་བའི་བློན་ཆེན་བཞི་ལོ་རྒྱུས་ལ་མོས་པའི་གྲོགས་པོ་དག་ལ་མཚམས་སྦྱར་བར་བྱ་སྟེ།

 

དང་བོ།      མྱང་མང་བོ་རྗེ་ཞང་སྣང་།

 

མྱང་མང་བོ་རྗེ་ཞང་སྣང་གི་རུས་མྱང་ཡིན་ཞིང་གནམ་རི་སྲོང་བཙན་གྱི་རིང་ནས་བློན་ཆེན་གྱི་འགན་ཁུར་པ་དང་།  སྲོང་བཙན་སྒམ་པོའི་རིང་ལ་སྤུ་རྒྱལ་ལ་ངོ་ལོག་པའི་གྲས་ཀྱི་བོད་ཀྱི་བྱང་ཕྱོགས་སུ་གནས་ཤིང་མངའ་ཁོངས་ཧ་ཅང་ཆེ་བའི་སུམ་པ་རྒྱལ་ཕྲན་དེ་མི་རྟ་གཅིག་ཀྱང་གྲོན་མ་དགོས་པར་མཁས་མཛངས་ཀྱི་ཐབས་ཇུས་ལ་བརྟེན་ནས་བདེ་བླག་ངང་ཕྱིར་དབང་དུ་བསྡུ་མཁན་གྱི་བློན་པོ་བྱས་རྗེས་ཅན་ཞིག་རེད།

དྲུ་གུ་དང་འ་ཞ་དབང་དུ་བསྡུས་རྗེས། ཁྱུང་བོ་སྤུང་སད་སུ་ཙེས་སྲོང་བཙན་དང་མྱང་མང་བོ་རྗེ་ཞང་སྣང་གི་བར་དུ་ཕྲ་མ་བཅུག་སྟེ། སྲོང་བཙན་ལ་ལྐོག་ཏུ་མྱང་མང་བོ་ཞང་སྣང་ཁྱེད་ལ་ངོ་ལོག་གིན་འདུག་ཅེས་ཞུས་ཤིང་། ཡང་ཞང་སྣང་ལ་བཙན་པོ་སྲོང་བཙན་གྱིས་ཁྱོད་ལ་བཀའ་བཀྱོན་གནང་གིན་འདུག་ཅེས་བཤད་པ་རེད།  ཁྱུང་བོ་སྤུང་སད་ཀྱིས་སྲོང་བཙན་དང་ཞང་སྣང་བར་ལ་དབྱེན་བཅུག་པའི་རྒྱུ་རྐྱེན་ཐད།  གཅིག་ནས་ཁྱུང་བོ་སྤུང་སད་ཀྱིས་གཙང་བོད་དབང་དུ་བསྡུས་ཀྱང་གཙང་བོད་ལ་དུད་ཁྱིམ་ཉིས་ཁྲི་ལས་མེད་ཅིང་། བོད་ཀྱི་ཡིག་ཚང་ལྟར་ན་སུམ་པ་ལ་དུད་ཁྱིམ་སུམ་ཁྲི་ཡོད་པ་དང་། རྒྱའི་དེབ་ཐེར་«མ་ཧྰ་རུས་སྦལ་»ལྟར་ན་སུམ་པ་ལ་དུད་ཁྱིམ་བཞི་ཁྲི་དང་ཧྲག་དམག་ཆིག་ཁྲི་ཡོད་ལ།  ཞང་སྣང་གིས་སུམ་པ་དེ་ཐབས་ལ་བརྟེན་ནས་བདེ་བླག་ངང་དབང་དུ་བསྡུས་པས་སྲོང་བཙན་གྱིས་གཟིགས་མཐོང་ཆེན་པོ་གནང་བ་ལ་མ་དགའ་བ་དང་།  གཉིས་ནས་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས།  “མྱང་མང་བོ་རྗེ་ཞང་སྣང་གཙང་ཕན་ཆད་ཀྱི་བློན་པོར་བསྐོས་”1ཞེས་པ་ལྟར་“གཙང་ཕན་ཆད་”ཅེས་པའི་ནང་དུ་གཙང་ཡང་འདུས་པས། བཙན་པོས་ཁོ་ལ་ངལ་གསོས་ཏེ་ཉི་མ་འདེ་རུ་བསྩལ་ཅིང་ཞང་སྣང་གཙང་ཕན་ཆད་ཀྱི་བློན་པོར་བསྐོས་པ་ལ་ཤིན་ཏུ་མ་རངས་པ་དང་།  གསུམ་ནས་དྭགས་པོ་ངོ་ལོག་པ་དེ་ཆམ་ལ་ཕབ་པར་བཙན་པོས་ཁོ་རང་འགྲོ་རུ་མ་བཅུག་པར་སེང་གོ་མྱི་ཆེན་འགྲོ་རུ་བསྩལ་པས་ཁོས་ཡང་བསྐྱར་བཙན་པོའི་གཞུང་ལ་བྱས་རྗེས་འཇོག་པའི་གོ་སྐབས་ཤོར་དུ་བཅུག་པ་སོགས།   མདོར་ན། ཁོ་བཙན་པོ་དང་ཞང་སྣང་གཉིས་ལ་ཤིན་ཏུ་མ་རངས་པར་ད་གཟོད་ཞང་སྣང་དང་ཁོ་གཉིས་བར་གྱི་བརྩེ་བ་ཡང་ཕངས་མེད་དུ་དོར་ནས་བཙན་པོ་དང་ཞང་སྣང་བར་ཕྲ་མ་བཅུག་པ་རེད།  ཞང་སྣང་གི་སེམས་ལ་ཁྱུང་བོ་སྤུང་སད་ནི་བདག་གི་མཛའ་གཅུགས་ཀྱི་གྲོགས་པོ་ཡིན་པས་ཁོས་བདག་ལ་རྫུན་གཏམ་མི་སྲིད་སྙམ་ནས་ཡུན་རིང་ལ་བཙན་པོའི་དྲུང་དུ་མ་སོང་ཞིང་།  བཙན་པོས་ཁོ་འབོད་དུ་མི་མངགས་ན་ཡང་ཁོ་ན་འདུག་ཅེས་བཤད་ནས་མ་སོང་བས།  བཙན་པོས་ཀྱང་ཁྱུང་བོ་སྤུང་སད་ཀྱིས་བཤད་པ་ལྟར་ཞང་སྣང་གློ་བ་རིངས་པ་བདེན་པར་འདུག་དགོངས་ནས་དམག་མངགས་ཏེ་ཞང་སྣང་གི་མཁར་སྔུར་བ་བཤིགས་ཤིང་།  ཞང་སྣང་གི་བྲན་ཁོལ་རུས་པ་ཚབ་ཅན་ཞིག་ཡོད་པ་དེ་གཤེད་མར་བསྐོས་ནས་མཐའ་མཇུག་ཞང་སྣང་ཉེས་མེད་དུ་བརླགས་པ་རེད།

འདི་ནི་སྤུ་རྒྱལ་བཙན་པོའི་གཞུང་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཡིན་ཏེ།  འདི་ལས་ཞང་སྣང་གི་ཕྱོགས་གཏོགས་འབངས་མི་མང་བོ་ཞིག་གི་སེམས་ཤོར་བ་དང་། བཙན་པོའི་ཕོ་བྲང་ནང་གི་བརྟན་ཅིང་བརྗིད་པའི་ཀ་བ་ཆེན་པོ་ཞིག་འགྱེལ་སོང་ལ། མ་རུང་ཁོག་བཅུག་མཁན་གྱི་བློན་ངན་མང་བོ་ཞིག་གི་འདོད་ཐོག་ཏུ་རྟ་རྒྱུགས་པའང་ཡིན་ནོ།  །   ཕྱོགས་གཞན་ཞིག་ནས་བལྟས་ན།  འདི་ནི་ཁྱུང་བོ་སྤུང་སད་ཀྱིས་མ་འོངས་པར་སྲོང་བཙན་བགྲོང་རྒྱུའི་འཆར་གཞིའི་ཁྲོད་ཀྱི་ཆ་ཤས་ཤིག་ཀྱང་ཡིན་ཏེ། ཁོའི་བྱ་འགུལ་ཆེན་པོ་སྟེ་མ་འོངས་པར་སྲོང་བཙན་བགྲོངས་ཏེ་རང་ཉིད་སྤུ་རྒྱལ་བཙན་པོའི་གོ་སར་འདུག་རྒྱུའི་བྱ་བཞག་བསྒྲུབ་རྒྱུའི་ལམ་གྱི་བཀག་རྡོ་ཆེན་པོ་ཞིག་བསལ་བའང་ཡིན་ནོ་སྙམ།

 

གཉིས་པ།    མགར་ཁྲི་འབྲིང་བཙན་བྲོད།

 

མགར་ཁྲི་འབྲིང་བཙན་བྲོད་ནི་བློན་ཆེན་མགར་སྟོང་བཙན་གྱི་བུ་གཉིས་པ་ཡིན་ཞིང་།  〔ཐང་ཡིག་ལྟར་ན་མགར་ཁྲི་འབྲིང་དང་བཙན་བྲོད་གཉིས་སོ་སོར་བགྲང་ཡང་ཏུན་ཧོང་ཡིག་རྙིང་དུ་དེ་གཉིས་གང་ཟག་གཅིག་ཏུ་བཤད་པས་འདིར་དེ་དང་བསྟུན་པའོ། །〕 སྤུ་རྒྱལ་བཙན་པོའི་གཞུང་ལ་བྱས་རྗེས་ཆེས་ཆེ་བའི་བློན་ཆེན་ཞིག་ཀྱང་ཡིན།

《ཐང་ཡིག་》ལྟར་ན། དབྱི་ཧྥིན་ཁྲི་ལོ་བཞི་བ་སྟེ་སྤྱི་ལོ་༦༧༩ལོ་ནས་བཟུང་ཕོ་བྲང་ནང་དུ་སྲིད་བསྐྱངས་པར་བཤད་ཀྱང་། དོན་ལ་སྤྱི་ལོ་༡༦༦༧ལོ་ནས་བཟུང་སྲིད་ཀྱི་བྱ་བར་ཞུགས་པ་དང་། དམག་ཇུས་ལ་ཤིན་ཏུ་མཁས་པས་སྤུ་རྒྱལ་བའི་བློན་པོ་ན་རིམ་ཁྲོད་དེ་ལྟ་བུ་ནི་བྱུང་མ་མྱོང་བའི་ཚོད་དུ་གདའ། རང་གི་གཅེན་བློན་ཆེན་མགར་བཙན་སྙ་ལྡོམ་བུ་དང་ལྷན་དུ་འདུན་མ་བསྡུ་བ་དང་ནོར་བརྩི་བ་ལ་སོགས་པའི་སྲིད་དོན་གྱི་བྱ་བཞག་མང་དུ་བསྐྱངས།  སྤྱི་ལོ་༦༨༥ལོར་མགར་བཙན་སྙ་དང་མང་ཉེན་སྟག་ཙབ་གཉིས་ཀྱི་བར་དམེ་བྱུང་སྟེ་མགར་བཙན་སྙ་བཀྲོངས་རྗེས།  ཁྲི་འབྲིང་ད་གཟོད་བློན་ཆེན་པོའི་གོ་སར་འཁོད་དེ་འདུས་སྲོང་མང་བོ་རྗེ་བཙན་པོའི་གསེར་ཁྲིར་མངའ་གསོལ་ཞིང་སྲི་ཞུ་གང་ལེགས་བགྱིས།

སྤྱི་ལོ་༦༧༠ལོར་བོད་ཀྱི་དམག་སྤྱི་ཆེན་མོ་མགར་ཁྲི་འབྲིང་གིས་རྒྱའི་སྐད་དུ་ཏ་ཧྥེ་ཁྲོན་〔大非川〕ཞེས་འབོད་ཅིང《ཏུན་ཧོང་ཡིག་ཡིག་རྙིང་》ལས་ཇི་མ་ཁོལ་ཞེས་འབོད་པའི་ཡུལ་གྲུ་སྟེ་དེང་གི་གསེར་ཆེན་རྫོང་གི་ཆོས་རྗེ་རྩྭ་ཐང་དུ།  ཀོ་ལི་དང་དྲུ་གུ་སོགས་ལ་མདའ་རྩལ་ངོམས་ཏེ་སྤ་བཀོང་བར་བྱས་མྱོང་བའི་ཐང་གི་དམག་སྤྱི་ཆེན་མོ་ཞའེ་རིན་ཀོས་〔薛仁贵〕ཞེས་པ་དེ་དང་ཐག་གཅོད་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་བྱས་ཏེ་ཞའེ་རིན་ཀོས་ཕམ་པར་བརྒྱབ་ཅིང་། ཐང་གི་དམག་མི་གྲངས་ལས་འདས་པ་རྐྱེན་ལམ་དུ་བཏང་།  འདི་ནི་ཧ་ཅང་གལ་ཆེ་བའི་དམག་འཁྲུག་ཅིག་སྟེ། ཐང་གིས་ཞའེ་རིན་ཀོས་ར་ས་ཏའོ་〔逻娑道〕ཡི་སྤྱི་ཁྱབ་དམག་དཔོན་དུ་བསྐོས་ཏེ་ཐད་ཀར་ལྷ་སར་དཔུང་འཇུག་བྱས་ཏེ་བོད་ཀྱི་རྒྱལ་ས་ལེན་པའི་དམག་དོན་གྱི་འཆར་གཞི་གལ་ཆེན་ཞིག་ཡིན་ན་ཡང་།  ཁྲི་འབྲིང་གིས་བྱང་རྩལ་ལྡན་པའི་དམག་ཇུས་ལ་བརྟེན་ནས་ཞའེ་རིན་ཀོས་ཀྱི་དཔུང་ཆེན་རྡུལ་དུ་བརླགས་ཏེ་བོད་ཀྱི་ཆེས་ཆེ་བའི་ཉེན་ཁ་དེ་ལས་སླ་མོའི་ངང་བཟློག་པར་བྱས་པའོ།  །

གཞན་ཡང་དབྱི་ཧྥིན་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ་༦༧༨ལོར་ཤར་ཕྱོགས་ཐང་གི་དམག་དཔོན་ལི་ཅིན་ཞོན་〔李敬玄〕གྱིས་དམག་ཆིག་འབུམ་བརྒྱད་ཁྲིའི་དཔུང་ཆེན་ཁྲིད་དེ་མཚོ་སྔོན་པོའི་ཕྱོགས་ནས་མགར་ཁྲི་འབྲིང་གི་རུ་དཔུང་དང་གཡུལ་བཀྱེས་པ་ལས་ལི་ཅིན་ཞོན་གྱི་དམག་དཔུང་ཡོངས་སུ་ཕམ་ཞིང་། གཡས་རུའི་དམག་དཔོན་ཆེན་མོའི་ཐབས་ཡོད་པ་ལིག་ཧྲིན་ལིས་〔刘审礼〕བྱ་བའང་གསོན་བཟུང་བྱས་པ་རེད།

སྤྱི་ལོ་༦༨༧ནས་སྤྱི་ལོ་༦༨༩ལོ་བར་དྲུ་གུ་ཡུལ་དུ་བཞུགས་ཤིང་དྲུ་གུའི་རྒྱལ་ཁམས་བདེ་ལ་བཀོད།

སྤྱི་ལོ་༦༩༣ལོར་འ་ཞའི་ཡུལ་དུ་ཕེབས་ཤིང་།  སྤྱི་ལོ་༦༩༥ལོར་འ་ཞའི་ཡུལ་གྱི་སྟག་ལ་རྒྱ་དུར་〔དེང་གི་ཁྲི་གའི་སྒོ་མེ་སྟག་ལུང་ཞེས་པ་དེ་ཡིན་སྙམ〕དུ་ཐང་རྒྱལ་རབས་ཀྱི་དམག་སྤྱི་ཆེན་པོའམ་སུའུ་པེན་ཏའོ་〔苏边道〕ཡི་སྤྱི་ཁྱབ་དམག་དཔོན་ཝང་ཞའོ་ཅེ་〔王孝杰〕དམག་དཔུང་དང་གཡུལ་བཀྱེས་ཏེ་བོད་ཀྱི་དམག་སྟོང་ཕྲག་འགས་ཐང་གི་དམག་འབུམ་ལྷག་ཕམ་པར་བཏང་བས་མགར་ཁྲི་འབྲིང་གི་སྙན་པའི་བ་དན་དགུང་དུ་བསྐྱོད་ཅིང་ཝང་ཞའོ་ཅེ་ཐང་གི་གོང་མས་གོ་གནས་ལས་དབྱུང་བ་རེད། ཝང་ཞའོ་ཅེ་ནི་ཐང་གི་དམག་དཔོན་སྐད་གྲགས་ཅན་ཞིག་ཡིན་ལ།  སྤྱི་ལོ་༦༩༢ལོར་ནུབ་ལྗོངས་སུ་དམག་དྲངས་ཏེ་བོད་དམག་ཕམ་པར་བཏང་ཞིང་ཨན་ཞི་སྡེ་བཞི་བོད་ཀྱི་ལག་ནས་ཕྲོགས་ཏེ་དབང་དུ་སྡུད་མཁན་ཡང་ཡིན་པས།  བློན་ཆེན་པོ་ཁྲི་འབྲིང་གིས་ཐེངས་འདིར་མཁས་མཛངས་ཀྱི་ཐབས་ཇུས་ལ་བརྟེན་ནས་ཁོའི་ང་རྒྱལ་གྱི་མགོ་འཕང་ཆེས་ཆེར་དུད་པར་བྱས་པ་རེད།

དེ་ལྟར་ཐང་གི་དམག་དཔོན་དཔའ་མཛངས་ལྡན་ཞིང་སྐད་གྲགས་ཅན་མང་བོ་ཞིག་མགར་ཁྲི་འབྲིང་གི་ལག་ནས་བསྟུད་མར་ཕམ་པས།  ཐང་རྒྱལ་རབས་ཀྱི་རྒྱལ་བློན་རྣམས་རེ་ཞིག་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་།  མཐའ་མཇུག་དྲག་པོ་གཡུལ་གྱི་སྦྱོར་བ་ལ་བརྟེན་ན་རྒྱལ་ཁ་མི་ལོན་པ་གསལ་བོར་ཤེས་ནས་དེ་མ་ཡིན་པའི་ཐབས་ལམ་གཞན་ཞིག་ལ་བསམ་བློ་བཏང་བ་རེད།  ཐང་གི་བློན་པོ་ཀོ་ཡོན་ཀྲིན་〔郭元振〕གྱིས་རྒྱལ་མོ་ཝུའུ་ཙེ་ཐེན་ལ་ཕུལ་པའི་《ཁྲི་འབྲིང་ལ་ཕྲ་མ་འཇུག་པའི་ཞུ་ཡིག་》〔«离间钦陵疏»〕ལས།  “གལ་སྲིད་རྒྱལ་ཁབ་〔ཐང་〕ནས་ལོ་རེར་འགྲིག་མཐུན་གྱི་ཕོ་ཉ་བཏང་བར། ཁྲི་འབྲིང་གིས་བཟློག་པར་གྱུར་ན།  བོད་མི་རྣམས་ཀྱིས་ཁྲི་འབྲིང་ལ་སྡང་སེམས་ཇེ་ཆེར་འགྲོ་བ་དང་།  རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཆེར་འཕེལ་སྲིད།  དེང་དཔུང་ཆེན་པོ་བོད་ཁུལ་དུ་བསྐྱོད་པར་འདོད་པ་ནི་ཤིན་ཏུ་ཁག་པའི་གནས་སུ་མཐོང་བས།  རིམ་གྱིས་ཕྲ་མ་བཅུག་ན།  ཁོ་ཚོའི་རྗེ་བློན་མཐོ་དམན་བར་དུ་ཐེ་ཚོམ་སྐྱེས་ནས་རང་དགག་ཏུ་འགྲོ་བར་ངེས་སོ། །”ཞེས་ཞུས་པར།  རྒྱལ་མོ་ཝུའུ་ཙེ་ཐེན་ཐབས་དེ་ལ་ཤིན་ཏུ་དགྱེས་ནས་རིམ་གྱིས་ལག་ལེན་དུ་བསྟར་དུ་བཅུག་པ་རེད།  ཏག་ཏག་སྐབས་དེར་འདུས་སྲོང་མང་བོ་རྗེ་སྐུ་གཞོན་ནུ་ལས་ཆེར་སྐྱེས་ཏེ་རང་ཉིད་ཀྱིས་དབང་བཟུང་བར་འདོད་པ་དང་།  མགར་ཁྲི་འབྲིང་ཡང་དབང་ཤུགས་ཆེན་པོ་ཡོད་ཅིང་།  བཙན་པོས་སྐུ་མདུན་དུ་བོས་པ་ན་དུས་ལྟར་དུ་འགྲོ་མ་ཐུབ་པ་སོགས་ཀྱིས་བཙན་པོའི་ཐུགས་ལ་ཡང་ཁྲི་འབྲིང་རང་ཉིད་ལ་གློ་བ་མི་དཀར་ཞིང་སྤུ་རྒྱལ་གྱི་དབང་ཆ་ཡོངས་སུ་འཛིན་འདོད་ཀྱི་བསམ་འདུན་ཡོད་པའི་དོགས་པ་ཆེས་ཆེར་ལངས་པ་རེད།  དེ་ནི་སྐབས་དེར་བཙན་པོས་ཁྲི་འབྲིང་ལ་བཀྱོན་ཕབ་པའི་མགུར་ལས་ཀྱང་གསལ་བོར་ཤེས་ཐུབ།      སྐབས་དེ་འདྲ་ཞིག་ལ།  ཐང་གི་ཕོ་ཉས་གླགས་དང་བསྟུན་ནས་བཙན་པོའི་སྙན་དུ་ཁྲི་འབྲིང་གི་སྐྱོན་མང་དུ་བགྲང་ཞིང་།  ཁྲི་འབྲིང་གིས་བཙན་པོའི་གོ་ས་འཕྲོག་རྩིས་ཡོད་པ་སོགས་ཕྲ་མ་མང་དུ་བཅུག་པས་མེ་ཐོག་ལ་སྣུམ་བླུགས་པ་ལྟར་བཙན་པོའི་ཐུགས་དོགས་ཆེ་རུ་ཕྱིན་ཅིང་མྱུར་དུ་ཁྲི་འབྲིང་ཚར་གཅད་དགོས་དགོངས་ནས་རི་དྭགས་རྔོན་པར་ལྗགས་གཡར་ནས་དམག་མང་བོ་བསྡུས་ཤིང་།  ཁྲི་འབྲིང་གིས་མཉམ་མི་འཇོག་པའི་གོ་སྐབས་དང་བསྟུན་ནས་འཇབ་རྒོལ་བྱས་ཏེ་ཁྲི་འབྲིང་ལ་གློ་བ་ཉེ་བ་ཉིས་སྟོང་བསད་པ་སོགས་ཀྱིས།  མཐའ་མཇུག་ཁྲི་འབྲིང་ཡང་ཐབས་ཟད་དེ་རང་སྲོག་བཅད་པ་རེད། 《ཐང་ཡིག་》ཏུ་“གཡུལ་མ་སྤྲད་པར་ཁྲི་འབྲིང་གི་དཔུང་འཐོར་”2ཞེས་བྱུང་བ་ནི།  ཁྲི་འབྲིང་གིས་བསམ་བཞིན་དུ་གཡུལ་མ་སྤྲད་པ་མ་གཏོགས།  གཡུལ་སྤྲད་པའི་ནུས་པ་མེད་པར་དཔུང་འཐོར་བ་ནི་ལར་ནས་མ་ཡིན་ཏེ།  སྐབས་དེར་ཁྲི་འབྲིང་གི་དྲག་པོའི་སྟོབས་ཤུགས་དར་བའི་རྩེ་མོར་སོན་ཡོད་པས།  མི་ཉིས་སྟོང་ཤི་བ་ཙམ་གྱིས་དེ་འདྲའི་གྱོང་ཆེན་པོ་ནི་རག་མི་སྲིད་དོ། ། ཁྲི་འབྲིང་གིས་རང་སྲོག་བཅད་པ་དེས་ནི་ཁྲི་འབྲིང་བཙན་པོར་གློ་བ་རིངས་མེད་པ་མཚོན་ཡོད་དེ།  གལ་ཏེ་དེ་ལྟ་མིན་ན་ཁྲི་འབྲིང་གིས་ཐང་རྒྱལ་རབས་ལ་སྐྱབས་བཅོལ་རྗེས་ཐང་གི་དམག་དཔུང་ཁྲིད་དེ་སྤུ་རྒྱལ་ལ་དགྲ་ཤ་བླངས་ཀྱང་ཆོག་པའི་ཕྱིར་རོ།  །

འདི་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་གོད་ཆག་བླ་ན་མེད་པ་ཞིག་ཡིན་ཏེ།  འདི་ལས་བཙན་པོའི་སྲིད་གཞུང་ནང་གི་གནམ་འདེགས་ཀ་བ་ལྟ་བུའི་བློན་ཆེན་ཞིག་མེད་སོང་ལ།  བོད་ཆེན་པོའི་མཐའ་མཚམས་སུ་ཀྲོང་ངེར་འགྱིངས་པའི་ལྕགས་རི་བཙན་པོ་ཞིག་ཀྱང་འགྱེལ་སོང་བས།  ཐང་རྒྱལ་རབས་ལ་མཚོན་ན་སྐབས་དེར་འདི་ལས་ལྷག་པའི་རྒྱལ་ཁ་ཆེན་པོ་ཞིག་ནི་ཡོད་རེ་སྐན།  ཡང་གཅིག་བཤད་ན།  གལ་ཏེ་བཙན་པོ་འདུས་སྲོང་གིས་ཁྲི་འབྲིང་ལ་བཀྱོན་ཕབ་མེད་ཚེ་འཇང་ཡུལ་དུ་དམག་འདྲེན་ན་ཡང་བཙན་པོ་རང་གིས་དངོས་སུ་འདྲེན་མི་དགོས་པར་མགར་ཁྲི་འབྲིང་ལ་འདྲེན་དུ་བཅུག་ཆོག་ལ།  དེ་ལྟར་བྱས་ཚེ་བཙན་པོ་རང་གི་སྐུ་ཚེའི་འདུ་བྱེད་ཀྱང་འཇང་གི་གཡུལ་ཐོག་ནས་བསྡུ་མི་དགོས་ཀྱང་སྲིད་དོ།།

 

གསུམ་པ།    དབའས་སྟག་སྒྲ་ཁོང་ལོད།

 

དབའས་སྟག་སྒྲ་ཁོང་ལོད་ནི་ཁྲི་ལྡེ་གཙུག་བཙན་ནམ་མེས་ཨག་ཚོམ་རིང་གི་བློན་ཆེན་ཞིག་ཡིན་ལ།  ཁོང་གི་རིགས་རུས་ནི་དབའས་ཡིན།  དབའས་ཀྱི་རུས་རྒྱུད་ཚོ་བའི་ཁོང་ནས་རྒྱལ་ཕྲན་བཅུ་གཉིས་ཀྱི་དུས་ནས་བཟུང་ཆབ་སྲིད་ཀྱི་ལས་གཉེར་བའི་བློན་པོ་བྱུང་མྱོང་ལ།  གནམ་རི་སྲོང་བཙན་རིང་ལ་དབའས་དབྱི་ཚབ་དང་དབའས་མྱེས་སྣང་།  དབའས་པུ་ཚབ་བཅས་ཀྱིས་བོད་ཁམས་གཅིག་གྱུར་གྱི་མཛད་བྱུས་རླབས་ཆེན་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཅིང་།  མང་སྲོང་གི་རིང་ལ་དབའས་སུམ་སྣང་གིས་བློན་ཆེན་གྱི་ལུགས་སློབ་པའི་འོག་དཔོན་གྱི་འགན་ཁུར་དང་ལེན་མཛད་པ་སོགས་ཁྱིམ་རྒྱུད་འདིས་བཙན་པོའི་ཆབ་སྲིད་ལ་ནུས་པ་མི་དམན་པ་བཏོན་ཡོད།  སྟག་གི་ལོ་སྟེ་སྤྱི་ལོ་༧༢༦ལོར་དབའས་སྟག་སྒྲ་ཁོང་ལོད་ཀྱིས་མདོ་སྨད་ཀྱི་དགུན་འདུན་གཙེ་ནམ་ཡོར་〔དེང་གི་གཙོས་ཡིན་ནམ་དཔྱད་〕བྱ་བའི་ཡུལ་དུ་བསྡུས།  ཐེངས་འདིར་ཁོང་གིས་མདོ་སྨད་ཀྱི་འདུན་མ་བསྡུ་བ་ལྟ་བུའི་མཛད་ཆེན་བསྐྱངས་ལུགས་ལ་བསྟས་ན།  འདིའི་ཡར་སྔོན་ནས་བཟུང་ཁོང་སྤུ་རྒྱལ་ཚང་གི་ཆབ་སྲིད་ཀྱི་ལས་སྒོར་ཞུགས་དང་ཞུགས་བཞིན་ཡོད་པ་ཤེས་ཐུབ།

ཡོས་བུའི་ལོ་སྟེ་སྤྱི་ལོ་༧༢༧ལོའི་ལོ་སྟོད་དུ་དབའས་སྟག་སྒྲ་ཁོང་ལོད་ཀྱིས་དཔུང་ཆེན་དྲངས་ཏེ་རྨ་ནུབ་དོག་ལམ་དུ་ཡོད་པའི་ཀམ་ཅུའམ་ཀན་ཀྲིག་〔甘州〕མཁར་དབང་དུ་བསྡུས།  ཀན་ཀྲིག་ནི་སྐབས་དེའི་རྨ་ནུབ་དོག་ལམ་དང་དར་གོས་ཚོང་ལམ་སྟེང་གི་དཔལ་འབྱོར་དང་དམག་དོན་གྱི་གནད་ས་ཞིག་ཡིན།  ཐང་གི་དམག་སྤྱི་ཆེན་མོ་ཝང་ཅུན་ཁྲོ་ཟེར་བ་དེ་སྟག་སྒྲ་ཁོང་ལོད་ཀྱི་དམག་གི་ཟིལ་ཤུགས་ལ་སྐྲག་ནས་གཡུལ་འགྱེད་མ་ཐུབ།  ལོ་དེའི་ཟླ་དགུ་བར་དམག་དཔོན་ཆེན་པོ་སྟག་སྒྲ་ཁོང་ལོད་དང་འབྲོ་ལུང་མང་བོ་རྗེ་གཉིས་ཀྱིས་དཔུང་ཆེན་དྲངས་ཏེ་ཀྭ་ཆུའམ་བཀའ་ཀྲིག་ཕབ་པ་དང་།  ཝང་ཅིན་ཁྲོའི་ཕ་རྒན་ཝང་ཧྲིག་དང་དེ་གའི་ཚི་ཧྲི་ཐེན་ཡོན་ཞན་གཉིས་བཟུང་།  《ཏུན་ཧོང་ཡིག་རྙིང་》ལས།  “བློན་ཆེ་སྟག་སྒྲ་ཁོང་ལོད་དང་།  རྗེ་བློན་མོལ་ནས།།  རྒྱལ་པོ་ཞབས་ཀྱྀས་བཙུགས་ཏེ།།རྒྱ་ལ་ཆབ་སྲིད་མཛད་ན།། རྒྱ་འི་མཁར་ཀྭ་ཅུ་ལ་སྩོགས་པ་ཕབ་སྟེ།།  ་་་་་་་ རྒྱ་འྀ་ནོར་མང་བོ་སྟོད་པྱོགས་སུ་འདོན་པ་རྣམས།།  ཀྭ་ཅུ་ན་ཚོགས་བྱས་པ་ལས།། ཐམས་ཅད་བོད་ཀྱིས་ཕབ་སྟེ་བཞེས་པས།  བླར་ཡང་དཀོར་མང་པོ་བརྙེས།།  འབངས་མགོ་ནག་པོ་ཀྱང་།། རྒྱ་དར་བཟང་བོ་ཁྱབ་པར་ཐོབ་བོ།། ”○3ཞེས་པ་ལྟར།  ཐེངས་འདིར་སྟག་སྒྲ་ཁོང་ལོད་ཀྱིས་བཙན་པོ་དང་གྲོས་མོལ་བྱས་རྗེས་དམག་དྲངས་ཏེ་བཀའ་ཀྲིག་ཕབ་ཅིང་།  དེ་ན་ཡོད་པའི་རྒྱའི་དར་གོས་འཚོང་མཁན་གྱི་ཚོང་བ་མང་པོ་བཅོམས་པས་བླ་སྟེ་བཙན་པོའི་བང་མཛོད་ཕྱུག་པོར་གྱུར་ཅིང་།  བོད་འབངས་རྣམས་ཀྱིས་ཀྱང་རྒྱའི་དར་ཟབ་གང་འདོད་དུ་གྱོན་ཐུབ་པ་བྱུང་། བཀྭའ་ཀྲིག་ནི་དར་གོས་ཚོང་ལམ(丝绸之路)སྟེང་གི་ས་ཚིགས་གལ་ཆེན་ཞིག་དང་ནུབ་ལྗོངས(西域)སུ་བགྲོད་པའི་འགག་སྒོ་གལ་ཆེན་ཞིག་ཀྱང་ཡིན་པས།  ལོ་འདིའི་ཡས་མས་ནས་བཟུང་བོད་ཀྱིས་དར་གོས་ཚོང་ལམ་དང་རྨ་ནུབ་དོག་ལམ་བཅས་ལ་དབང་བསྒྱུར་མགོ་བརྩམས་ཏེ།  སྤྱི་ལོ༨༤༨ལོ་བར་ཏེ་ལོ་བརྒྱ་ལྷག་ལ་དབང་བསྒྱུར་པ་རེད།

ལོ་འདིར་བཀྭའ་ཀྲིག་ཕབ་པ་སོགས་ཀྱི་བྱས་རྗེས་ལ་བརྟེན་ནས་དབའས་སྟག་སྒྲ་ཁོང་ལོད་བློན་ཆེན་པོར་བསྐོས་ཤིང་། འ་ཞའི་མི་སྡེ་ཕལ་ཆེར་ཁོང་ལ་བྱ་དགར་བསྩལ་པ་རེད།   ཡིན་ནའང་།  ཡིད་སྐྱོ་བ་ཞིག་ལ་དེའི་ཕྱི་ལོར་བཙན་པོས་ཁོང་ལ་ཉེས་མེད་དུ་བཀྱོན་ཕབ་པ་རེད།  དེའི་རྒྱུ་རྐྱེན་ནི་《ཏུན་ཧོང་ཡིག་རྙིང》དུ“དབའས་སྟག་སྒྲ་ཁོང་ལོད་ལ་བཀྱོན་ཕབ”4ཅེས་པ་ཙམ་ལས་མ་བཤད་ཀྱང་།  《ཐང་ཡིག་》ཏུ་དེའི་རྒྱུ་རྐྱེན་གསལ་བོར་བཤད་ཡོད་དེ། “དེ་དུས་སྟག་སྒྲ་ཁོང་ལོད་ཀྱི་སྙན་གྲགས་ཤིན་ཏུ་ཆེ་བས།  ཞོ་སུང་གིས་གཡོ་ཐབས་ལ་བརྟེན་ནས་སྟག་སྒྲ་ཁོང་ལོད་ཐང་དང་ཁོག་འབྲེལ་འདུག་ཅེས་བསྒྲགས་པས། བཙན་པོས་སྟག་སྒྲ་ཁོང་ལོད་སྐུ་མདུན་དུ་བོས་ཤིང་། བཀྱོན་ཕབ་ནས་བསད་དོ། །”5 ཞེས་སོ། །དེ་ལྟར་བཙན་པོ་ཁྲི་ལྡེ་གཙུག་བརྟན་ཁོང་ཐང་གི་ཧི་ཞིའི་ཅེ་ཏུའུ་ཧྲི་ཞོ་སུང་ཞེས་པ་དེའི་གཡོ་ཇུས་ཀྱི་རྒྱ་རུ་ཚུད་དེ་བརྟག་དཔྱད་ཞིབ་མོ་མ་བཏང་བར་བློན་ཆེན་པོ་སྟག་སྒྲ་ཁོང་ལོད་ཉེས་མེད་དུ་བཀྱོན་ཕབ་ནས་བཀྲོངས་པ་ནི་ཆེས་ཆེ་བའི་ནོར་འཁྲུལ་ཞིག་ཡིན་ཏེ།  སྐབས་དེའི་སྤུ་རྒྱལ་ནི་རྩལ་དྲུག་ཡོངས་སུ་རྫོགས་པའི་སྟག་རྒོད་ཅིག་ཡིན་པའི་དབང་དུ་བཏང་ན། དབའས་སྟག་སྒྲ་ཁོང་ལོད་ནི་དེའི་ཁ་ནང་གི་ཆེས་རྣོ་ངར་ལྡན་པའི་མཆེ་བ་དེ་ཡིན་ལ།  མཆེ་བ་དེ་བལ་བའི་གྱོང་གུད་ནི་སུས་ཀྱང་གསབ་ཐབས་བྲལ་བ་ཞིག་ཡིན་ནོ། །  དེ་རྗེས་བོད་ཀྱིས་ཐང་དམག་དང་གཡུལ་འཐབ་པ་ལས་བསྟུད་མར་ཕམ་ཁ་ཉོས་ཤིང་། མཁར་ལྕགས་རྩེ་ཡང་དགྲ་ལག་ཏུ་ཤོར་བ་སོགས་ཇུས་ཉེས་སྣ་ཚོགས་བྱུང་བ་དང་།  ལོ་ཉི་ཤུའི་རྗེས་སུ་ལུང་ཡུག་གི་ཅེ་ཏུའུ་ཧྲི་ཀི་ཧྲུའུ་ཧན་ (哥舒翰)ཞེས་པ་དེས་ཚུར་རྒོལ་བྱས་ཏེ་རྨ་ཆུའི་ལྷོ་ངོས་ཀྱི་བོད་ཀྱི་ས་ཆ་མང་པོ་འཕྲོག་དུས་དེ་ལ་ཁ་གཏད་གཅོག་ཐུབ་མཁན་གྱི་བོད་ཀྱི་དམག་དཔོན་སུ་ཡང་མ་བྱུང་བ་ཡང་སྟག་སྒྲ་ཁོང་ལོད་ལྟ་བུ་ཉེས་མེད་དུ་བཀྱོན་ཕབ་ནས་བསད་པས་ལན་པ་ཡིན་ནོ།།

 

བཞི་བ།  བན་དེ་ཆེན་པོ་བྲན་ཀ་དཔལ་ཡོན། 

 

བློན་ཆེན་བྲན་ཀ་དཔལ་ཡོན་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་བློན་པོ་ཞིག་ཡིན་ལ།  རྟེན་ནི་རབ་བྱུང་ཡིན།  ཁོང་བོད་ཀྱི་སྲིད་དོན་ཐད་ལ་མཛད་རྗེས་ཤིན་ཏུ་ཆེ་བ་ནི་《ཐང་ཡིག་གསར་མ》ལས“བན་དེ་ཆེན་པོ་ནི་བཙན་པོའི་གཡས་སུ་འགྲེངས། བློན་རྣམས་ནི་ཁྲི་ཡི་གཤམ་དུ་འཁོད།”6ཅེས་དང་།  སྐབས་དེའི་བོད་ཐང་བར་གྱི་དོན་ཆེན་ཏེ་མཇལ་དུམ་མཛད་པའི་རྡོ་རིང་ཡི་གེ་〔བྱང་ངོས་〕ལས། “བོད་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་གཙིགས་འཛིན་པ་ལ་གཏོགས་པའི་ཐབས་དང་མྱྀང་རུས་ལ།།་་་་་་༄།། བོད་ཆེན་པོའྀ་ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བཀའ་ལ་གཏོགས་པའྀ་ཐབས་དང་མྱྀང་རུས།།  ༄།།  བཀའ་ཆེན་པོ་ལ་གཏོགས་ཏེ་ཕྱྀ་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་བན་དེ་ཆེན་པོ་དཔལ་ཆེན་པོ་ཡོན་ཏན་་་་་་”7ཞེས་ཁོང་གི་མཚན་མིང་བློན་པོ་ཀུན་གྱི་མིང་གི་ཐོག་མར་འཁོད་པ་ལས་བློན་ཆེན་བྲན་ཀ་དཔལ་ཡོན་གྱི་ཆབ་སྲིད་ཀྱི་འཇོན་ནུས་དང་དབང་ཐང་། མཛད་རྗེས་སོགས་ཀྱང་ང་ཚོས་དངོས་ཤུགས་ཅི་རིགས་ནས་བདེ་བླག་ཏུ་རྟོགས་ཐུབ། བོད་ཐང་མཇལ་དུམ་དང་ས་མཚམས་གཏན་འཁེལ་མཛད་པ་ནི་བོད་རྒྱ་ཕྱོགས་གཉིས་ཀར་ཕན་རླབས་ཆེ་བའི་བྱ་བཞག་རླབས་ཆེན་ཞིག་ཡིན་ལ། ཁོང་གིས་གཙོ་འགན་བཞེས་ཏེ་བྱ་བཞག་དེ་བསྒྲུབས་པ་ནི་བྱས་རྗེས་ཆུང་ཆུང་ཞིག་ལར་ནས་མ་ཡིན་ནོ། །ཡིན་ན་ཡང་རྗེས་སུ་བློན་པོ་སྦས་སྟག་སྣས་བཙན་པོ་ལ་ཕྲ་མ་གསོལ་ཏེ་བློན་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་དང་བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་གཉིས་ལྐོག་ཏུ་ལུས་འབྲེལ་བྱས་སོང་ཞེས་ཞུས་པས། བཙན་པོས་ཀྱང་ཞིབ་ཏུ་རྟོག་དཔྱོད་དང་རྩད་གཅོད་མ་བྱས་པར་དེ་མ་ཐག་བཀྱོན་ཕབ་པ་དང་།  ཕྱིས་སུ་སྦས་སྟག་སྣ་སོགས་དང་མཉམ་འབྲེལ་གྱིས་ཐབས་ལམ་སྣ་ཚོགས་སྤྱད་དེ་འཇུ་བཟུང་བྱས་ནས་བསད་པ་རེད།  བློན་པོ་སྦས་སྟག་སྣས་གང་ནུས་ཅི་ཡོད་ཀྱིས་བློན་ཆེན་བྲན་ཀ་དཔལ་ཡོན་བཀྲོངས་དོན་གྱི་རྒྱུ་རྐྱེན་ནི།  གཅིག་ནས་བྲན་ཀ་དཔལ་ཡོན་དང་སྦས་སྟག་སྣ་གཉིས་ཆུང་དུས་རྟ་རྫི་བྱེད་སྐབས་ནས་ཕན་ཚུན་ཞེ་འཁོན་གྱི་ས་བོན་བཏབ་ཡོད་པ་དང་།  གཉིས་ནས་བློན་ཆེན་བྲན་ཀ་དཔལ་ཡོན་གྱི་ཆབ་སྲིད་ཀྱི་འཇོན་ནུས་ཀྱིས་སྦས་སྟག་སྣ་སོགས་སྤ་བཀོང་བར་བྱས་ཤིང་། བཙན་པོས་ཀྱང་བྲན་ཀ་དཔལ་ཡོན་ལ་ཐུགས་གཙིགས་ཆེན་པོ་གནང་བ་ལ་མ་རངས་པ་དང་།  གསུམ་ནས་བྲན་ཀ་དཔལ་ཡོན་ནི་ནང་བའི་ཆོས་ལུགས་ལ་ཤིན་ཏུ་དད་ཅིང་སྲུང་སྐྱོབ་དང་དར་སྤེལ་རྒྱ་ཆེན་པོ་གནང་བ་དང་།  སྦས་སྟག་སྣ་ནི་ཡབ་མེས་ཀྱི་ཆོས་ལུགས་ཏེ་བོན་ལ་དད་ཅིང་ཞེན་ཁོག་ཆེན་པོ་ཡོད་མཁན་ཞིག་ཡིན་པས། ཁོ་གཉིས་བར་གྱི་ཆོས་ལུགས་དད་མོས་ཐད་ཀྱི་འགལ་བ་དེའང་འཕེལ་བའི་རྩེ་མོར་སོན་ཏེ་ཕན་ཚུན་ཁྱོད་ཤི་ང་གསོན་གྱི་འཐབ་མོ་བྱེད་པའི་མཚམས་སུ་སླེབས་པ་སོགས་ཀྱིས་ཡིན་སྙམ།  བློན་པོ་བྲན་ཀ་དཔལ་ཡོན་གྲོངས་ཁའི་ཞལ་ཆེམས་སུ“ང་གསོད་པ་ལ་མདུང་ཤིང་བྱ་བལ་མ་གཅིག་དགོས། ལུག་གྲོ་མོ།  ར་རྒྱ་མོ། དར་ཚག་གཅིག་དགོས་པ་ཡིན། དེ་ཚོ་མེད་ན་ཁྱེད་ལ་ཡང་དགའ་བ་མི་ཡོང་། ”8ཞེས་བྱུང་བ་ལས་“མདུང་ཤིང་བྱ་བལ་མ་དགོས”ཞེས་པ་ནི་ཁོང་གི་སེམས་མདུང་ཤིང་ལས་ཀྱང་དྲང་ཞིང་བཙན་པོ་ལ་གློ་བ་དཀར་བས་ཁོང་ལ་ཉེས་པ་མེད་པའི་རྟགས་དང་།  དེའི་དོན་ལྡེའུའི་ལམ་ནས་གཞན་ལ་གོ་བརྡ་སྤྲད་པ་ཡིན་ནོ། ། དེ་ལྟར་བཙན་པོ་ཁོང་ཡང་གཞན་གྱི་ཁ་ཕྱིར་བརྒྱུགས་ཏེ་ཆབ་སྲིད་ཀྱི་འཇོན་ཐང་ཆེ་ཞིང་སྤུ་རྒྱལ་ལ་གློ་བ་ཉེ་བའི་བློན་པོ་བྲན་ཀ་དཔལ་ཡོན་སོགས་ཉེས་མེད་དུ་བསད་ཅིང་། རང་དོན་རྐྱང་རྐྱང་ལ་རེམ་པའི་བློན་པོ་སྦས་སྟག་སྣ་སོགས་ལ་གང་དྲན་ཅི་འདོད་བྱ་རུ་བཅུག་པ་དེས་བོད་བཙན་པོའི་རྒྱལ་རབས་མྱུར་དུ་འཇིག་པའི་ནང་རྐྱེན་གྲུབ་པ་ཡིན་ལ། བློན་ཆེན་བྲན་ཀ་དཔལ་ཡོན་བཙན་པོའི་གཞུང་ལ་ཡིད་ཆད་ཅིང་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ་འཆི་ཁར་“གནམ་མཐིང་བས་སྔོ་བར་ཤོག། ས་བྱ་བས་དམར་བར་ཤོག། རྗེ་ཁེང་ལོག་པར་ཤོག། རྒྱལ་པོའི་གདུང་ཆད་པར་ཤོག།”9ཅེས་ཐབས་རྡུགས་པའི་དམོད་མོ་བོར་བ་སོགས་ལས་ནི་སྤུ་རྒྱལ་རྒྱལ་རབས་རྨང་ནས་འཇིག་པའི་གསང་རྐྱེན་ཕུན་སུམ་ཚོགས་པ་དག་གྲུབ་པར་སྙམ་མོ། །

མདོར་ན།  སྤུ་རྒྱལ་བཙན་པོ་དག་གིས་གོང་གསལ་བློན་པོ་འདི་དག་ལ་ཉེས་མེད་དུ་བཀྱོན་ཕབ་པ་ནི།  རང་ལག་རང་གིས་བཅད་ཅིང་རང་ནོར་རང་གིས་བརླགས་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་མ་ཟད།  དགྲ་བོས་རྒྱལ་རྔ་རྡུང་ཞིང་གཉེན་གྱི་མིག་ཆུ་འཆོར་བའི་སྐྱོ་གར་ཆེན་པོ་ཞིག་ཀྱང་རེད། སྤྱིར་བོད་བཙན་པོའི་ལོ་རྒྱུས་སྟེང་ཉེས་མེད་དུ་བཀྱོན་ཕབ་པའི་བློན་པོ་དུ་མ་ཞིག་ཡོད་ཀྱང་གོང་གསལ་འདི་དག་ནི་སྤུ་རྒྱལ་ཚང་ལ་བསྒྲུན་དུ་མེད་པའི་མཛད་རྗེས་བཞག་པའི་བློན་ཆེན་ཤ་སྟག་སྟེ། ཕྱི་རབས་པ་དག་གིས་ཁོང་རྣམ་པའི་བྱས་རྗེས་ཁས་ལེན་དང་དྲང་བདེན་གྱི་གདེང་འཇོག་བགྱིད་པའི་སླད་དུ་རྩོམ་ཐུང་འདི་ཆེད་དུ་བྲིས་པ་ལགས་སོ།།

ཡོང་ཁུངས། ནང་ཆོས་རིག་པའི་འཕྲིན་སྟེགས།

 

 

 

 

 

 

 

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།