བོད་གནའ་རབས་གནུབས་ཀྱི་རུས་རྒྱུད་སྐོར་ལ་ཅུང་ཙམ་དཔྱད་པ།

བོད་གནའ་རབས་གནུབས་ཀྱི་རུས་རྒྱུད་སྐོར་ལ་ཅུང་ཙམ་དཔྱད་པ།

 

རིན་སྤུངས་ཉི་མ་དོན་གྲུབ།

༼ ད་ལྟའི་གཙང་རོང་རིན་སྤུངས་གནུབས་ཡུལ ༽

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་གནུབས་ཀྱི་རུས་པའི་འབྱུང་ཚུལ་དང་ལོ་རྒྱུས་ཁྲོད་ཀྱི་འཕེལ་གྲིབས། གནས་བབས། གནུབས་ཡུལ་གྱི་ས་ཆ་གང་དུ་ངོས་འཛིན་དགོས་མིན་སོགས་ཀྱི་སྐོར་ལ་དེབ་ཐེར་འགའ་བསྡུར་བ་བྱས་ནས་དཔྱད་པ་ཅུང་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ། གནུབས་ཡུལ། གནུབས་ཀྱི་རུས་རྒྱུད། གཙང་རོང་།

གླེང་གཞི།

ལོ་རྒྱུས་ཀྱི་ཆོས་འབྱུང་ཁག་ནང་གནུབས་ཀྱི་རུས་རྒྱུད་ནི་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྔ་རོལ་ནས་བོད་ཁ་བ་ཅན་གྱི་ཞིང་ཁམས་དེར་འཚོ་སྡོད་བྱེད་པའི་གདོད་མའི་རུས་རྒྱུད་ཚོ་པ་ཞིག་ཡིན་པ་དང་དེའང་བོད་གདོད་མའི་སྤྱི་ཚོགས་སུ་ཡུལ་དེར་ཁ་ལོ་བྱེད་པའི་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན། གཉའ་ཁྲི་བཙན་པོ་བོད་གཡག་དྲུག་གི་རྗེར་གཤེགས་པས་ན་གྲལ་རིམ་ཐོན་འགོ་ཚུགས་ཤིང་གནུབས་རུས་རྒྱུད་དེའང་བོད་ཀྱི་ཡབ་འབངས་རུས་དྲུག་གི་ཁོངས་སུ་གཏོགས་ཡོད། དེ་ནས་རིམ་བཞིན་སྤུ་རྒྱལ་གྱི་དུས་སུ་གནུབས་ཀྱི་རུས་ལས་མཆེད་པའི་མི་སྣས་བོད་ཀྱི་ཆབ་སྲིད་ཐོག་དང་ཆོས་ལུགས་ཐོག་གནས་བབས་ངེས་ཅན་བཟུང་ཡོད། དེ་ཡང་གནུབས་ཀྱི་རུས་རྒྱུད་ཀྱི་འཕེལ་གྲིབས་དང་ད་ལྟའི་གཙང་རོང་གནུབས་ཡུལ་གྱི་ངོས་འཛིན་བཅས་ཀྱི་ཐད་ནས་རང་བློས་གང་ཐུབ་ཀྱིས་ཅུང་ཙམ་གླེང་བར་བྱ།

དང་པོ། གནུབས་དང་སྣུབས་གཉིས་ཀྱི་ཐ་སྙད་དཔྱད་པ།

བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་གྲིབས་ཤུགས་ཆེ་བ་དང་ལྷག་པར་དུ་སྐད་བརྡ་རིག་པའི་འཕོ་འགྱུར་གྱི་གོམས་འགྲོས་དང་བསྟུན་ནས་བརྡ་ཆད་ཀྱི་འབྲི་ཚུལ་སོགས་ལ་འགྱུར་བ་ངེས་ཅན་བྱུང་བར་བརྟེན་ལོ་རྒྱུས་ཀྱི་རྣམ་བཞག་གཅིག་ལ་དཔྱད་པར་འབྲེལ་ཡོད་ཀྱི་ཐ་སྙད་ལ་གོ་རྟོགས་གསལ་པོ་མ་བྱུང་ན་ཡང་དག་པའི་དཔྱད་གཞི་ཞིག་ཐོབ་དཀའ། སྐབས་སུ་བབས་པའི་གནུབས་ཀྱི་རུས་རྒྱུད་ལ་དཔྱད་པར་ཐོག་མར་གནུབས་དང་སྣུབས་གཉིས་ཀྱི་ཐ་སྙད་ལ་དཔྱད་བསྡུར་ཞིག་བྱ་དགོས་པ་ནི་དོར་ཐབས་མེད་པའི་གནས་སུ་འགྱུར། དེའང་གནུབས་དང་སྣུབས་གཉིས་དོན་གཅིག་ཡིན་ནམ་ཞེས་ན་《དུང་དཀར་ཚིག་མཛོད་ཆེན་མོ་》ལས་གནུབས་ཡུལ་གླིང་དགུ་ཞེས་དང་《རྒྱ་བོད་ཚིག་མཛོད་ཆེན་མོ་》ལས་སྣུབས་མཚོ་གླིང་དགུའི་བླ་དོ་ཞེས་བྲིས་ཡོད་པ་དང་ཡང་《ལྡེའུ་རྒྱ་བོད་ཆོས་འབྱུང་》ལས་ཡུལ་སྣུབས་ཡུལ་གླིང་དགུ་ན། རྒྱལ་པོ་སྣུབས་རྗེ་སྲིད་པ། བློན་པོ་རྨེའུ་དང་འགྲོ་ཞེས་པ་དང་《ཏུན་ཧོང་གནའ་ཡིག་》ལས་ཡུལ་གནུབས་ཀྱི་གླིང་དགུའ་ན། རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས།ཡང་《ལོ་རྒྱུས་དང་རིག་གནས་ཞིབ་འཇུག་》ཞེས་པ་ལས།“དེ་ཡང་རྒྱལ་ཕྲན་དེ་དག་གི་རྒྱལ་པོ་དང་བློན་པོ་ཁག་ཅིག་གི་མཚན་རུས་འབྲི་སྲོལ་མ་འདྲ་བ་ཁག་གཅིག་མཚམས་སྦྱོར་ཞུ་བ་ལ། ལི་སྙ་ཤུར་དང་ལེགས་སྣ་ཤུར། ལིག་སྙ་ཤུར་ཞེས་པ།རྨ་ལ་སྨ་དང་། རྩང་ལ་གཙང་། སྣུབས་ལ་གནུབས་” ཞེས་པར་བལྟས་ཚེ་འདི་གཉིས་དོན་གཅིག་འབྲི་སྲོལ་མི་འདྲ་བ་གཉིས་ཙམ་ལས་གདོང་རུས་མི་འདྲ་བ་མཚོན་པ་མིན་པ་རྟོགས་ཐུབ།

 

གཉིས་པ། གནུབས་ཀྱི་རུས་རྒྱུད་ཀྱི་ཐོག་མའི་འབྱུང་ཚུལ།

གནུབས་ཀྱི་རུས་རྒྱུད་ཀྱི་འབྱུང་ཁུངས་བརྗོད་དགོས་ཚེ་དེ་མཚོ་བོད་ས་མཐོར་འཚོ་སྡོད་བྱེད་པའི་ཆེས་ཐོག་མའི་བོད་ཀྱི་རུས་ཆེན་བཞི་ལ་འདེད་ནས་ཅི་ཞིག་ལས་གྱེས་མིན་དཔྱད་རྒྱུ་ནི་གནད་གཙོ་བོ་ཞིག་ཏུ་འགྱུར། དེའང་བོད་ཀྱི་རུས་ཆེན་བཞི་ནི་བསེ་རྨུ་ལྡོང་སྟོང་བཞི་རང་ལ་བཀར་ཡོད་པ་《བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ་》ལས་“དེ་ནས་སྤྲེའུ་ཕྲུག་རྣམས་འཛིང་འཐབ་ནས་མ་འཆམ་སྟེ། གཅིག་ལ་གཅིག་མི་འཇིགས་ཏེ་ཚན་པ་བཞིར་ཆད་དེ་གྱེས་སོ། དེར་མེས་པོ་སྤྲེའུ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་ལ་བརྟག་ཞིབ་བྱས་པས། ཚན་པ་གཅིག་ནི་སྣ་གདོང་ངེས་བྱས་པ་ཞིག་བྱུང་ནས། མིང་རུས་ལྡོང་བྱ་བར་བཏགས་ཏེ། ལྡོང་ལ་རུས་ཆེན་པོ་བཅོ་བརྒྱད་བྱ་བ་བྱུང་ངོ་། དེའི་འོག་མ་ནི་འགྲམ་ཤ་སྟོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སྟོང་བྱ་བར་བཏགས་ཏེ། སྟོང་ལ་རྗེ་བཞི་ཁོལ་བརྒྱད་བྱ་བ་བྱུང་ངོ་། དེའོ་འོག་མ་ནི་མགོ་སེ་ཡང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སེ་བྱ་བར་བཏགས་ཏེ། སེ་ལ་འཇུག་ལེ་སྤྱན་དགུ་བྱ་བ་བྱུང་ངོ་། དེའི་འོག་མ་ནི་འཚུལ་བ་སྨུག་སྒོ་རེ་བྱས་པ་ཅིག་བྱུང་ནས། མིང་རུས་སྨུ་བྱ་བར་བཏགས་ཏེ། སྨུ་ལ་ཀོ་ལེའི་འཕྲ་བརྒྱད་བྱ་བ་བྱུང་ངོ་། ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས་ཏེ།བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་ཡང་དེ་ཡིན་ནོ། ” ཅེས་འཁོད་ཡོད། བོད་ཀྱི་རུས་ཆེན་བཞི་ལས་གྱེས་པའི་མི་གྲངས་ཇེ་མང་དུ་སོང་ཞིང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གདུང་རྒྱུད་ཡང་ལྕང་མའི་ཡལ་ག་བཞིན་མང་དུ་འཕེལ་ནས་བྱེ་བྲག་དུ་མ་བྱུང་ཡོད། གོང་དུ་བརྗོད་པའི་མིང་རུས་ཞེས་པ་དེའང་མདོར་ནས་བརྗོད་ན་གདོད་མའི་དུས་མི་དང་མིའི་དབར་དབྱེ་འབྱེད་བྱེད་པའི་མཚོན་རྟགས་ཤིག་ཡིན་ཞིང་རུས་དེ་མིང་དང་མིང་དེ་ཡང་རུས་ཡིན་པ་གཅིག་ཏུ་གནས་པ་ཞིག་ཡིན། གནུབས་ཀྱི་རུས་རྒྱུད་དེ་ཡང་སྙིང་བོད་ཀྱི་རུས་རྒྱུད་ཆེན་མོ་བཞི་གང་ཞིག་ལས་གྱེས་མིན་གྱི་སྐོར་ལ་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་དཀོན་པའམ་ཐོབ་དཀའ་བས་ན་མང་པོ་ཞིག་བསྡུར་བ་བྱས་ནས་དཔྱད་པ་མཐར་ཕྱིན་པ་ཞིག་བྱེད་པའི་ནུས་པ་བྲལ་ཡང་《བཤད་མཛོད་》ལས།“ལྡོང་རུས་ཆེན་པོ་བཅིང་བརྒྱད་ཟེར་ཙ་ན།ཡབ་ལྡོང་ཆེན་པོ་སྤོས་དྲོ་ཡིན།དེ་ལ་རུས་རིགས་བཅོ་བརྒྱད་བྱུང་།འབྲོང་དང་ཁྱུང་པོ་ཟླ་བ་གསུམ།དཔྲལ་བའི་མིག་དང་འདྲ་བའི་བུ་གསུམ་ཡིན།ཉ་དང་ཚེ་སྤོང་ལུ་ནག་གསུམ།ལུས་ཁོག་པ་འདྲ་བའི་བུ་གསུམ་ཡིན།སྙིང་དང་ཕོ་གོང་ཕ་གུ་ཐག་བཟང་གསུམ།ཁོག་པའི་སྙིང་དང་འདྲ་བའི་བུ་གསུམ་ཡིན།རྨུ་ལ་ཀོ་ལོ་ཕྲ་བརྒྱད་བྱུང་།ངམ་དང་གནུབས་དང་གཞུང་དང་གསུམ།མགར་དང་དཀར་དང་སྨོན་དང་གསུམ།སྟོང་ལ་རྗེ་བཞི་ཁོལ་བརྒྱད་ཟེར་ཙ་ན།རྗེ་གཅིག་རྗེ་ཐོད་དཀར་རྗེ་འབངས་ནི།རྔོག་དང་ཁྲོག་གཉིས་ཡིན། རྗེ་གཅིག་སྙགས་རྗེ་ཐོགས་སྒོམ་རྗེ། འབངས་ནི་ཏོག་དང་སྦས་གཉིས་ཡིན།” ཞེས་པ་ལས་གནུབས་དང་མགར་དང་དཀར་པོ་སོགས་ནི་རྨུ་ལས་མཆེད་པ་ཡིན་པར་གསུངས་འདུག་པ་དེ་དོན་དངོས་སུ་ཡིན་མིན་གྱི་ཐག་ཆོད་མི་ཐུབ་ཀྱང་《བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ་》“དབུས་གཙང་གི་རུ་བཞི་འདི་ལྟ་སྟེ། གཡོ་རུ་དང་དབུ་རུ་གཉིས། གཙང་གཡས་རུ་དང་གཡོན་རུ་སྟེ་བཞིའོ། མིང་རུས་ཚན་པ་བཞིར་གྱེས་པ་ནི། ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་བཞིའོ། ལྡོང་ལ་གཡོ་རུ་བྱིན། སྟོང་ནི་གཙང་གཡས་རུར་བསྐོས། སེ་ལ་གཙང་གཡོན་རུ་བྱིན། སྨུ་ནི་དབུ་རུར་བསྐོས་སོ།” ཞེས་པར་བརྟག་ཚེ་རུ་བཞི་ཡི་ད་ལྟའི་ལོ་རྒྱུས་ཐོག་ས་ཁོངས་ཀྱི་རྩིས་སྲོལ་ལྟར་ན་དབུ་རུ་ནི་ལྟེ་བ་ལྷ་སའི་ར་མོ་ཆེ་ལ་བརྩིས། གཡོ་རུ་ནི་ལྟེ་བ་ཁྲ་འབུག་བརྩིས། གཡས་རུ་ནི་ལྟེ་བ་ཤངས་ཀྱི་གཞོང་པ་ཚལ་ལ་བརྩིས། རུ་ལག་ནི་ལྟེ་བ་བྲད་ཀྱི་དུར་བ་སྣ་ལ་བརྩིས་པ་བཞིན་དུ་མནོ་བསམ་བྱས་ཚེ་ད་ལྟའི་གཙང་རོང་གནུབས་ཡུལ་གྱི་གནས་ཡུལ་དང་ཐག་ཉེ་ཤོས་ནི་དབུ་རུ་ཡིན་པ་དང་གཞན་ཡང་བོད་སིལ་པོར་ཐོར་རྗེས་ཡུམ་བརྟན་གྱིས་དབུ་རུ་གཙོས་ལྷ་སའི་ཉེ་འཁོར་གྱི་ཡུལ་རྣམས་ཀྱི་སྲིད་བཟུང་ནས་བསྡད་ཅིང་མཐར་ཡབ་སྨད་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེའི་སྲས་བགྲེས་པ་ཕ་བ་ལྡེ་སེ་གཙང་དུ་བྱོན་ནས་གདུང་རྒྱུད་གཙང་རོང་གནུབས་ཡུལ་དང་མྱང་སྟོད་སོགས་སུ་ཡོད་པ་དེའང་《དུང་དཀར་ཚིག་མཛོད་ཆེན་མོ་》ལས།“ཡབ་སྨད་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེ་ལ་སྲས་བཞི་བྱུང་བའི་བགྲེས་པ་ཕ་ཝ་དེ་སི་དང་གཅུང་པོ་ཁྲི་ཆུང་གཉིས་ཀྱིས་སྔར་ཡུམ་བརྟན་ཁུལ་ལ་ཤོར་བའི་ནོར་སྣ་ཁྱད་པར་ཅན་དགུ་ཞེས་པ་སྟེ། ཕས་ཕོག་པའི་གསེར་ཁྲི་ཆུ་དེར་ཅན། གུད་པ་བང་སོ་ཅན། གསེར་སྐུ་ཆུ་རིས་ཅན་གསུམ་དང་། མས་ཕོག་པའི་ཟངས་ལྟེ་བ་ཅན། དངུལ་སྐྱོགས་ཤ་བ་ཅན། མེ་ཏོར་ཏི་ལིག་ཅན་གསུམ། སྤུན་ཟླས་ཕོག་པའི་མཚོན་བཤན་ཐུང་སྟེ་མིག་ཅན། སྲིང་མོས་རྟགས་ཕོག་པའི་མཆུར་གཡུ་འཆང་བ་ཅན། བེར་དམར་ཀེ་ཚེ་བྱི་སྐེད་ཅན་བཅས་ཅན་དགུ་ཚུར་བླངས་ནས་ཕ་ཝ་དེ་སིར་དངུལ་གཞོང་ཕོར་ཁ་ཅན་(ལ་ལས་དངུལ་སྐྱོགས་ཤ་བ་ཅན་དུ་བཞེད།)ཐོབ་སྟེ་གཙང་དུ་ཕྱིར་ཕེབས། ཕ་ཝ་དེ་སིའི་རྒྱུད་པས་སྣུབས་ཡུལ་རོང་དང་། གཡག་སྡེ། ཉང་སྟོད།སྟག་ཚལ་བཅས་ཀྱི་ཡུལ་རྣམས་ལ་མངའ་མཛད་དོ།” ཞེས་པ་ལྟར་ན་གནུབས་ཡུལ་དེ་དབུ་རུར་གཏོགས་ཡོད་པ་གསལ་པོ་རྟོགས་ཐུབ་པས་ན་རྨུ་ལས་གནུབས་གྱེས་ཞེས་པ་དེར་ཡང་རྒྱུ་མཚན་རྩ་བ་ནས་མེད་པ་ཞིག་མ་ཡིན་སྙམ།
གང་ལྟར་ཀྱང་གནུབས་ཀྱི་རུས་རྒྱུད་ནི་བོད་རྒྱལ་གཉའ་ཁྲི་བཙན་པོ་བོད་གཡག་དྲུག་གི་རྗེ་བོར་མ་གཤེགས་སྔོན་ནས་གནས་དེར་འཚོ་སྡོད་བྱེད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཚོ་པ་ཞིག་ཡིན་པ་ཆོས་འབྱུང་ཁག་ནས་གསལ་པོར་བསྟན་ཡོད།《དེབ་ཐེར་ཀུན་གསལ་མེ་ལོང་》 ལས། “དེ་ཚོ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། ཐ་མར་རྒྱལ་ཕྲན་བཞི་ཅུས་མངའ་དབང་བྱས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི་ ༡ མཆིམས་ཡུལ་གྲུ་ཤུལ་ན་མཆིམས་རྗེ་ནི་གུ་ཡོང་། བློན་པོ་སྣང་དང་དིང་། ༢ ཞང་ཞུང་ཡུལ་ལ་ནི་རྒྱལ་ལིག་སྙ་ཤུར། རྨ་དང་ར་སངས་བློན། ༣ དེ་བཞིན་དུ་མྱང་རོ་ཕྱེད་དཀར་ན་གཙང་རྗེ་ཅོད་དཀར་བློན་པོ་གནང་། ༤ གནུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། ༥ ཉང་རོ་ཤམ་བོར་ལོ་རྔམ་རྗེ་བློན་པོ་ཤེ་སུག་གཉིས། ༦ ཀྱེ་རི་ལྗོན་སྔོན་ན་ཀྱི་རྗེ་རྨང་པོ་བློན་པོ་ངམ་དང་འབྲོ། ༧ ངམ་ཤོང་ཁྲ་སྣར་ཟིངས་རྗེ་ཁྲི་འཕྲང་གསུམ་བློན་པོ་མགར་དང་གཉན། ༨ འོལ་ཕུ་སྤང་མཁར་དུ་ཟིང་རྗེ་གོང་ནམ་བློན་པོ་རྔོག་དང་སྦས། ༩ ཀྲིཥྣ་རོལ་མོ་གོང་དུ་བྲང་རྗེ་གོང་ནམ་བློན་པོ་སྤྲད་དང་ཞུགས། ༡༠ ཀོང་ཡུལ་བྲེ་སྣ་ན་ཀོང་རྗེ་དཀར་པོ་ཏུག་དང་མཁར་བ་བློན། ༡༡ ཉང་ཡུལ་རྣམ་གསུམ་ན་ཉང་བཙུན་གླང་རྒྱལ་བློན་པོ་བུ་དང་ངོ་རྗེ། ༡༢ དྭགས་ཡུལ་གྲུ་བཞི་ན་དྭགས་རྗེ་མང་པོ་རྒྱལ་བློན་པོ་རླངས་སྐམ་གཉིས།” ཞེས་པ་ལྟར་བོད་རྒྱལ་གཉའ་ཁྲི་བཙན་པོ་མ་བྱོན་སྔོན་དུ་བོད་ཀྱི་གདོད་མའི་སྤྱི་ཚོགས་འདི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་ཕྱིས་སུ་རྒྱལ་ཕྲན་བཞི་བཅུས་དབང་བྱས་ཡོད་ཅིང་དེ་རྗེས་གཉའ་ཁྲི་བཙན་པོས་དབང་དུ་འདུས། གཞན་ཡང་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་གནུབས་ཡུལ་གླིང་དགུ་དེ་བཙན་པོ་སྲོང་བཙན་གྱི་དུས་སུ་བཙན་པོའི་མངའ་ཁོངས་སུ་འདུས་པར་བརྗོད་འདུག་ཀྱང་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་གསལ་པོ་རེད། བཙན་པོ་སྲོང་བཙན་གྱི་དུས་སུ་བོད་ཁམས་གཅིག་ཏུ་བཟོས་པའི་མཛད་རྗེས་ནང་གནུབས་ཡུལ་གླིང་དགུ་མངའ་རིས་སུ་འགྱུར་བའི་སྐོར་ད་བར་མཐོང་མ་མྱོང་ལ་གནུབས་ཡུལ་གླིང་དགུ་དེ་བོད་རྒྱལ་གཉའ་ཁྲི་བཙན་པོས་དབང་དུ་འདུས་རྗེས་གནུབས་ཀྱི་རུས་རྒྱུད་དེ་ཡང་བཙན་པོའི་ཕ་རྒྱུད་ཀྱི་ཡབ་འབངས་རུས་དྲུག་གི་ཁོངས་སུ་གཏོགས་པ་ཞིག་ཡིན།གལ་ཏེ་རྒྱལ་པོ་གཉའ་ཁྲི་བཙན་པོའི་རིང་ལ་དབང་དུ་འདུས་མེད་ཚེ་རྒྱལ་ཕྲན་གཞན་ཞིག་གི་རྒྱལ་རྒྱུད་རིགས་རུས་གཉའ་ཁྲི་བཙན་པོའི་ཕ་རྒྱུད་ཀྱི་མི་སེར་ལ་བསྐོས་པ་དེའང་ཡིན་མི་སྲིད་པ་ཞིག་རེད། གཞན་ཡང་《དེབ་ཐེར་ཀུན་གསལ་མེ་ལོང་》ལས་“རྗེ་ཡི་རྒྱལ་ཆས་སྤྲད་པའི་སྲོལ་དེ་དར་བ་ཙམ་མ་ཟད།ཕ་ཤུལ་བུ་འཛིན་གྱི་རྒྱལ་རྒྱུད་འཛིན་པའི་སྲོལ་ཡང་དར།སྣུབས་རྗེ་སྲིད་པ་རྒྱལ་ཕྲན་དབང་དུ་འདུས།མི་རྗེ་ལྷས་མཛད་བོད་ཁམས་བདེ་ལ་འཁོད།མི་རྣམས་དམག་འཁྲུག་དང་མུ་གེའི་སྡུག་བསྔལ་ལས་སྐྱོབ།དཔལ་འབྱོར་གོང་དུ་འཕེལ།ཡུལ་ཡར་ལུང་དུ་ཕོ་བྲང་ལ་སྔ་བ་ཡུམ་བུ་གླ་མཁར་བཞེངས་” ཞེས་པ་ལས་གསལ་པོ་རྟོགས་ཐུབ།

 

གསུམ་པ། གནུབས་ཀྱི་རུས་རྒྱུད་དང་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་དབར་གྱི་འབྲེལ་བ་དང་གནས་བབས།

སྤྱིར་ན་གནུབས་ཀྱི་རུས་རྒྱུད་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་དེའང་རྒྱལ་རྒྱུད་དམ་མཐོ་རིགས་གི་རུས་རྒྱུད་ཞིག་ཡིན་པས་ན་ཆབ་སྲིད་སྲ་བརྟན་གྱི་དགོས་མཁོའི་དབང་གིས་གཉའ་ཁྲི་བཙན་པོས་དབང་དུ་འདུས་ཀྱང་དེས་སྤྱི་ཚོགས་གསར་པའི་ནང་གནས་བབས་ངེས་ཅན་བཟུང་བཞིན་ཡོད་པ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་ཏུ་འགྱུར་རྗེས་ཞང་ཞུང་དང་སུམ་པ་བཅས་ཀྱི་རྒྱལ་རིགས་ཀྱིས་བོད་ཀྱི་སྲིད་དབང་ནང་བཟུང་པའི་གནས་བབས་དང་འདྲ་བ་ཞིག་ཡིན། དེའང་ཡབ་འབངས་རུས་དྲུག་ལ་གཏོགས་པའི་རུས་དྲུག་ནི་ལྷོ། གཉགས། ཁྱུང་། སྣུབས། སེ། སྤོ་བཅས་ཡིན་ཞིང་དེ་དག་ལས་སེ་ནི་རུས་ཆེན་བཞི་ཡི་ཡ་གྱལ་དང་གཞན་རྣམས་ནི་རུས་ཆེན་བཞི་ལས་གྱེས་པའི་རུས་ཆུང་ཆེ་གྲས་ཤ་སྟག་ཡིན།དེས་ན་གནུབས་ཀྱི་རུས་རྒྱུད་ཀྱིས་སྤུ་རྒྱལ་བཙན་པོའི་དུས་སུའང་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ཐོག་གནས་བབས་ངེས་ཅན་བཟུང་ཞིང་རྒྱལ་པོའི་བཙུན་མོ་དང་།ཞང་བློན།སྐུ་གཤེན་དེ་བཞིན་གསང་སྔགས་ལ་མཁས་པའི་མི་སྣ་གྲགས་ཅན་ཤིན་ཏུ་མང་པོ་བྱུང་ཡོད། བཙན་ལྔའི་དུས་སྐབས་སུ་རྒྱལ་པོ་ཏོ་རེ་ལོངས་བསྩན་ལ་བཙུན་མོ་གནུབས་སྨོན་ཏོ་རེ་སྤུངས་བཙན།རྒྱལ་པོ་ཁྲི་བཙན་ལ་བཙུན་མོ་གནུབས་མཉེན་ཏོ་རེ་ངན་སྣང་།རྒྱལ་པོ་ཁྲི་ཐོག་བཙན་ལ་སྐུ་གཤེན་སྣུབས་སྐྱེ་ཐོག་རྗེ་མོར་བཙན།བོད་རྒྱལ་ཉེར་བཞི་པ་རྒྱལ་ཏོ་རེ་ལོངས་བཙན་གྱི་དུས་སྐབས་སུ་བློན་ཐོན་མི་འབྲིང་པོ་རྒྱལ་དང་སྣུབས་སྨན་ད་རེ་སྟོང་དར་རྗེ།བོད་རྒྱལ་ཉེར་ལྔ་པ་ཁྲི་བཙན་ནམ་གྱི་དུས་སུ་བློན་པོ་གནུབས་གཉའ་དོར་གཙུག་བློན་དང་ཁྲི་ཟུང་མོང་ཁོང་།།བོད་རྒྱལ་ཉི་ཤུ་རྩ་བདུན་པ་ཁྲི་ཐོག་རྗེ་ཐོག་བཙན་གྱི་དུས་སུ་རྒྱལ་པོའི་བློན་པོ་མགར་གཉའ་བཙན་ལྡོམ་བུ་དང་སྣུབས་སྐྱེ་ཐོག་རྗེ་མོར་བཙན།རྒྱལ་པོ་དེས་བོན་གྱི་བསྟན་པ་རྒྱས་པར་མཛད་ཅེས་གྲགས།རྒྱལ་པོ་འདིའི་གཅུང་པོ་གུང་མཐའ་དང་སྣུབས་མཐའ།འབྲིང་སྙ།སྙ་འབྲིང་བཞི།འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ་ཆབ་སྲིད་སྒྲུང་དང་མདེའུ་བོན་གྱིས་བསྐྱངས།བོད་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེ་རུའི་དུས་སྐབས་སུ་དེ་ཡི་བློན་པོ་གཉགས་ཐང་བ་ཡར་རྗེ་དང་གནུབས་ཁྲོ་དར་རེ་མཐོང་པོས་བྱས།བོད་རྒྱལ་སོ་བཞི་པ་གུང་རི་གུང་བཙན་གྱི་དུས་སུ་དེའི་བློན་པོ་ཞང་མང་པོ་རྗེ་ཞང་སྣང་དང་སྣུབས་བཙན་ཏོ་རེས་བྱས།དེ་ནས་བོད་ལ་སངས་རྒྱས་ཀྱི་ཆོས་འགྱུར་བའི་དུས་སུ་གནུབས་ནམ་མཁའི་སྙིང་པོ་དང་གནུབས་ཆེན་སངས་རྒྱས་ཡི་ཤེས། སྣུབས་གླང་ཆེན་བྱ་སྙིང་། སྣུབས་ཁུ་ལུང་དཔལ་འབྱོར། སྣུབས་སྤ་ཤི་རྡ་ཆེན་པོ་དང་དེའི་སློབ་མ་སྣུབས་བྱང་ཆུབ་རྒྱལ་མཚན་སོགས་བྱུང་། དེ་ལས་གནུབས་ནམ་མཁའི་སྙིང་པོ་དང་གནུབས་ཆེན་སངས་རྒྱས་ཡི་ཤེས་ཅུང་རྒྱས་པར་ཞུས་ན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གསང་སྔགས་དང་ལོ་ཙྰར་མཁས་པའི་སློབ་དཔོན་གནུབས་ནམ་མཁའི་སྙིང་པོ་ཞུ་བ་ཁོང་ཆོས་བསྒྱུར་གྱི་བྱ་བར་ཞུགས་ཏེ་ལོ་རྒྱུས་ཐོག་གནས་བབས་གལ་ཆེན་ཟིན་ཡོད། དེའང་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས་“གནུབས་ནམ་མཁའི་སྙིང་པོ་ནི་བེེ་རོ་ཙ་ནའི་རོང་ཁ་གསུམ་གྱི་སློབ་མའི་གྲས་ཀྱི་མོན་མོ་ཚ་བ་རོང་གི་ཡིན་” ཞེས་དང་《པད་མའི་བཀའ་ཐང་ 》ལས་“གནུབས་ནམ་མཁའི་སྙིང་པོ་ནི་རྒྱལ་པོའི་མངའ་འོག་ཏུ་སད་མི་བདུན་དང་དགེ་སློང་ལྔ་རབ་ཏུ་བྱུང་ཞེས་པའི་དགེ་སློང་ལྔའི་གྲས་ཡིན་པ་དང་ཆོས་ལ་མཁས་པས་རྒྱལ་པོས་ཕྱག་འཚལ་ནས་བླ་མར་བཀུར་བར་འཁོད་པ་ན།དེ་ལྟར་ཕྱིན་ཚེ་གནུབས་ནམ་མཁའི་སྙིང་པོས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སློབ་དཔོན་ཡང་མཛད་མྱོང་བར་མངོན་” རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སྐབས་སུ་གནུབས་ཆེན་སངས་རྒྱས་ཡི་ཤེས་ཞེས་གསང་སྔགས་དང་ལོ་ཙྰའི་ཕྱོགས་ལ་ཁྱད་དུ་འཕགས་པའི་མཁས་དབང་ཞིག་བྱུང་བ།ཁོང་ནི་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས།“ཕ་སྣུབས་ནི་གུ མ་མོ་ཟ་ལྕམ་མེ། བུ་ཁྲི་སུམ་རྡོ་རྗེ། ཆོས་བྱས་པའི་མཚན་སངས་རྒྱས་ཡི་ཤེས་རིན་པོ་ཆེའོ།དེའི་རྩ་བའི་བླ་མ་སོག་པོ་དཔལ་གྱི་ཡི་ཤེས་ཡིན།” ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཁོང་ན་ཕྲ་བས་རྒྱ་གར་དང་བལ་པོ།བྲུ་ཤར་སོགས་ལ་སློབ་གཉེར་གྱི་བྱ་བར་ཞུགས། རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སྐབས་སུ་གནུབས་ཆེན་གྱི་བསྟན་པ་རྒྱ་ཆེར་སྤེལ་ཞིང་དགུང་ལོ་བརྒྱ་དང་བཅུ་གསུམ་བར་ཞུགས་པར་གྲགས། བོད་ཡུལ་དུ་གསང་སྔགས་བསྒྱུར་ཞིང་གསང་སྔགས་ཀྱི་འགྱུར་བཅུ་པ་ནི་ཁོང་གིས་གཏན་ལ་ཕབ་པར་གསུངས། རྒྱལ་པོ་གླང་དར་མའི་དུས་སྐབས་སུ་རྒྱལ་པོས་གནུབས་ཆེན་བཀུག་ནས་ངས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཟིན་པས་ཁྱོད་ལ་ནུས་པ་ཅི་ཡོད་བརྗོད་པར། འདིས་སྔགས་བཟླས་པའི་ནུས་པ་ལ་བརྟེན་ནས་རྒྱལ་པོར་འཇིགས་སྐུལ་བྱས་པར་རྒྱལ་པོ་སྐྲག་ཏེ་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་། དེ་ནས་ཁོང་གིས་ཡེར་པ་རུ་ཕྱིན་ནས་ལྷ་ལུང་དཔལ་རྡོར་ལ་ངས་རྒྱལ་པོ་སྡིགས་ཅན་དེ་སྐྲག་པར་བྱས་ཡོད་པས་ཁྱེད་སོང་ལས་འགྲོལ་ཞིག་ཟེར་ནས་བསྐུལ་དེ་བཀྲོངས། དེ་ལ་སློབ་མ་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་བྱུང་བ་དུང་དཀར་ཚིག་མཛོད་ཆེན་མོ་སོགས་ལས་གསལ་བར་འདུག་ཀྱང་ཁོང་རྣམ་གཉིས་གཅིག་ནི་བསྟན་པ་སྔ་དར་དུས་ཀྱི་མི་སྣ་དང་གཞན་ཞིག་ནི་བསྟན་པ་ཕྱི་དར་དུས་ཀྱི་མི་སྣ་གཉིས་ཡིན་པས་ན་ལོ་ཚད་ཐད་ཧེ་བག་ངེས་ཅན་ཡོད་པ་དེའང་《སངས་རྒྱས་ཡི་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ་བཞུགས་སོ་》ཞེས་པ་ལས་ཁྲི་སྲོང་ལྡེ་བཙན་སྤྱི་ལོ་797(མེ་གླང་ལོར་)སྐུ་གཤེགས་དུས་གནུབས་ཆེན་སངས་རྒྱས་ཡི་ཤེས་ལོ་བཅུ་གསུམ་ཙམ་ཡིན་ཞེས་པར་བརྩིས་ནས་ཁོང་དགུང་ལོ་བརྒྱ་དང་བཅུ་གསུམ་ཞུགས་པ་ལྟར་གནུབས་ཆེན་སངས་རྒྱས་ཡི་ཤེས་ཀྱི་འཁྲུངས་ལོ་ནི་784ཡིན་པ་དང་འདས་ལོ་ནི་897དུ་སླེབས་ཀྱི་ཡོད། ཡང་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ནི་རྗེ་བཙུན་མི་ལར་སེར་བ་མཛུབ་འཁྲིད་ཀྱི་གདམས་ངག་གནང་མཁན་སློབ་དཔོན་ཡིན་པ་བཤད་པ་དང་རྗེ་བཙུན་མི་ལའི་འཁྲུངས་དུས་ནི་1040ཡིན་པར་ཆ་བཞག་ན། རྗེ་བཙུན་མི་ལས་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོའི་དྲུང་ནས་སློབ་གཉེར་བྱེད་པའི་དུས་དང་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་དགུང་ལོ་ག་ཚོད་བར་བཞུགས་མིན་གསལ་པོ་མ་ཤེས་ཀྱང་《རྗེ་བཙུན་མི་ལའི་རྣམ་ཐར་》ལས་“དེ་ནས་ངས་ལོ་བཅོ་ལྔ་ཙམ་ལོན་པའི་ཚེ།ཨ་མ་ལ་ཕ་མས་བྱིན་པའི་ཞིང་སྐལ་བྲེ་པེ་སྟན་ཆུང་བྱ་བ་མིང་མི་སྙན་རུང་སྟོན་ཐོག་གཞུན་པོ་ཡོད་པ་ཞིག་ཡོད་པ་དེ།ཞང་པོས་སོ་ནམ་བྱས་པའི་ནས་སྐྱེ་འཕེལ་དུ་ཅི་འགྲོ་བྱས་ནས་ཕག་ཏུ་གསོག་གིན་ཡོད་པ་ཡང་མང་རབ་ཏུ་སོང་བ་ལ་ཤ་མང་པོ་ཉོས།” ཞེས་པ་དང་མི་ལ་རལ་པའི་རྣམ་ཐར་ནང་ཨ་ཁུ་ཨ་ནེས་སྡུག་སྣ་ཚོགས་བཏང་རྗེས་གཞི་ནས་མཐུ་སྔགས་ལ་འབད་ནས་དགྲ་ཤ་ལེན་རྩིས་བྱས་པ་ཞིག་ཡིན། འོན་ཀྱང་དགུང་ལོ་བཅོ་ལྔའི་ཐོག་ལའང་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་དང་མཇལ་མེད་པ་གོང་གི་དུམ་བུ་ལས་གསལ་ཐུབ་པས་ན་གནུབས་སངས་རྒྱས་ཡི་ཤེས་སྐུ་འདས་པའི་ལོ་897ནས་མི་ལ་རས་པ་དགུང་ལོ་བཅོ་ལྔའི་ལོ་སྟེ་1055བར་ལོ་གྲངས་158ཕྱིན་ཟིན་པས་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ནི་གནུབས་སངས་རྒྱས་སངས་རྒྱས་ཡི་ཤེས་ཀྱི་སློབ་མ་ཡིན་ཞེས་པའི་དོན་དེ་ཡང་མུ་མཐུད་ནས་དཔྱད་དགོས་པའི་གནས་སུ་འགྱུར་བ་ཞིག་རེད། དེ་མིན་ན་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ཁོང་ཡར་གནུབས་སངས་རྒྱས་ཡི་ཤེས་ཀྱི་སློབ་མ་དང་མར་རྗེ་བཙུན་མི་ལ་རས་པའི་སློབ་དཔོན་དུ་འགྱུར་དགོས་ཚེ་ཁོང་གི་འཚོ་ཞུགས་ཀྱི་ལོ་གྲངས་དེ་ཡང་མ་མཐར་ཡང་ལོ་158ཡན་ཡིན་དགོས།
བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྔོན་དུས་སུ་གནུབས་ཀྱི་རུས་རྒྱུད་ལས་མཆེད་པའི་བཙུན་མོ་དང་ཞང་བློན།སྐུ་གཤེན་སོགས་རྒྱལ་རྒྱུད་ནང་གནས་བབས་ངེས་ཅན་བཟུང་ཡོད་པ་དང་དེ་ནས་རྒྱལ་པོ་གུང་རི་གུང་བཙན་གྱི་དུས་སྐབས་སུ་བློན་པོ་གནུབས་བཙན་ཏོ་རེ་བྱུང་བའི་རྗེས་སྤུ་རྒྱལ་བཙན་པོའི་དུས་རབས་མཇུག་སྒྲིལ་བའི་བར་ལོ་ཉིས་བརྒྱ་ལྷག་ཙམ་རིང་རྒྱལ་རྒྱུད་ནང་གནུབས་ཀྱི་རུས་ལས་མཆེད་པའི་བློན་པོ་དང་བཙུན་མོ་ཡིག་ཐོག་ཏུ་འཁོད་པ་རིག་མི་ཐུབ་པ་དེའང་ད་ལྟའི་གནུབས་ཡུལ་ལ་བོན་ཆོས་རིག་གནས་ཀྱི་ཤུགས་རྐྱེན་གཙང་ཡུལ་གཞན་དང་བསྡུར་ན་ཧ་ཅང་ཆེ་བ་སོགས་དང་འབྲེལ་ནས་བསམ་གཞིགས་བྱས་ཚེ་སྤུ་རྒྱལ་བཙན་པོའི་དུས་སུ་གནུབས་ཀྱི་རུས་རྒྱུད་ཚོ་པ་རྣམས་ལ་གཏིང་ཟབ་པའི་བོན་ཆོས་རིག་གནས་ཤུགས་རྐྱེན་ཆེན་པོ་ཡོད་པར་སྙམ།ནང་པ་སངས་རྒྱས་ཀྱི་ཆོས་རྒྱལ་རྣམ་པའི་དུས་སུ་གནུབས་ཀྱི་རུས་ལས་མཆེད་པའི་གསང་སྔགས་ཀྱི་བླ་མ་རེ་གཉིས་མ་གཏོགས་ཆབ་སྲིད་དང་འབྲེལ་བའི་མི་སྣ་རྒྱལ་རྒྱུད་དུ་ཐོན་མེད་པ་དེའང་སྐབས་དེ་དུས་ཆོས་ལུགས་ཀྱི་འཐབ་རྩོད་ཁྲོད་གནུབས་ཀྱི་རུས་པ་བོན་ཆོས་དང་སྦྲགས་ཏེ་ཉམས་ཉེས་ཤུགས་ཆེན་བྱུང་བ་མིན་ནམ་སྙམ།

 

བཞི་པ། ད་ལྟའི་གནུབས་ཡུལ་གྱི་ངོས་འཛིན་དང་དེར་སྟར་ཆགས་ཀྱི་བང་སོ་ཐོན་ཚུལ།
(གཅིག)ད་ལྟའི་གནུབས་ཡུལ་གྱི་ངོས་འཛིན་བྱེད་སྟངས།

 

དུང་དཀར་ཚིག་མཛོད་ཆེན་མོ་ལས་གནུབས་ཡུལ་གླིང་དགུ་ནི་གཙང་གི་རོང་རིན་སྤུངས་ས་ཁུལ་དུ་ཡིན་ཞེས་དང་སྣུབས་རྗེ་སྲིས་པ་ནི་སྣུབས་ཡུལ་གླིང་དགུ་ཞེས་གཙང་རོང་ཁུལ་གྱི་རྒྱལ་ཕྲན་ཞིག་གི་རྒྱལ་པོ་ཡིན་ཞེས་འཁོད་ཡོད། ལོ་རྒྱུས་ཐོག་གི་གནུབས་ཡུལ་གླིང་དགུ་ཞེས་པ་དེའང་《བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་》ལས།“སྣུབས་ཡུལ་གླིང་དགུ་ཞེས་བྱ་བའི་རྒྱལ་ཕྲན་འདིའི་མངའ་འོག་ཏུ་ཚོ་སྐོར་རམ་གླིང་དགུ་ཡོད་ཅིང་། དེའི་རྒྱལ་པོ་སྣུབས་རྗེ་སྲིད་པ་ཡིན་པ་དང་བློན་པོ་རྨེའུ་དང་འབྲོ་གཉིས་ཀྱིས་བྱས་ཏེ་རྒྱལ་ཕྲན་ཕྱི་ནང་གི་བྱ་བ་སྣ་ཚོགས་བྱེད། དབང་འོག་ཏུ་བྲན་གཡོག་མང་ཞིང་། ལོ་རེའི་དུས་ཚིགས་རེའི་ནང་དུ་ཁྲལ་རེ་བསྡུ་བ་དང་།ཤ་ཁྲག་གི་འབྲེལ་བ་ཡོད་པ་རྣམས་ཕན་ཚུན་གཉེན་མི་བསྡེབས།དགྲ་བྱུང་དུས་དབང་འོག་གི་ཚོ་བའི་སྐྱེས་པ་རྣམས་དམག་དུ་འགྲོ་ཞིང་།ཚོ་བའི་རྗེ་བོ་རྣམས་དམག་ལ་འགྲོ་དུས་དམག་དཔོན་ཡིན་པ་དང་།དགྲ་ལས་རྒྱལ་ན་གཡུལ་ལས་ཐོབ་པའི་དངོས་པོ་རྣམས་རྒྱལ་ཕྲན་གྱི་རྗེ་བོར་འབུལ།རྒྱལ་ཕྲན་གྱི་རྗེ་བོས་གཡུལ་ལས་དཔའ་བ་རྣམས་ལ་དཔའ་དར་འཐེན་ནས་གཟེངས་བསྟོད་བྱེད་ཅིང་།དམག་དཔོན་ལ་བཟུང་དམག་རྣམས་བྲན་གཡོག་ཏུ་སྟེར་བ་དང་དམག་མི་རྣམས་ལ་ཕྱུག་དང་གོ་མཚོན་གོས་གསུམ་གྱི་བྱ་དགའ་སྟེར།དུས་ཆེན་གྱི་དུས་སུ་དམར་མཆོད་སྣ་ཚོགས་བྱས་ཏེ་ཡབ་མེས་ལ་རྗེས་དྲན་བྱེད་ཅིང་།སྐྱེས་པ་དང་བུད་མེད་རྣམས་ལྷན་དུ་འཛོམས་ཏེ་རྟ་རྒྱུགས་འགྲན་རྩལ་དང་གླུ་ལེན་གར་རྩེ་བཅས་བྱེད་བཞིན་ཉིན་ཞག་གཅིག་འཁྱོལ་བ་ནི་རྒྱལ་ཕྲན་དེའི་སྲོལ་ཡིན་པར་བཤད།” ཅེས་བཤད། གཙང་རོང་གནུབས་དེ་ད་ལྟ་རིན་སྤུངས་རྫོང་བྱེ་བ་ཤང་གནུབས་གྲོང་ཚོས་ལྟེ་བར་བྱས་པའི་གཙང་རོང་གི་ས་ཆར་ཡིན་པ་གདོན་ཟ་མི་དགོས་པ་ཞིག་འདུག་མོད་ཞིབ་པར་དཔྱད་ཚེ་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “སྣུབས་མཚོ་ནི་(ཡར་འབྲོག་གཡུ་མཚོ་)བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་དཔལ་དི་ཆུས་ཡར་འབྲོག་གྲོང་ཚོའི་ཉེ་འདབས་སུ་ཡོད།སྔར་བོད་ཀྱི་རུས་རྒྱུད་ཁོངས་གནུབས་ཀྱི་རུས་རྒྱུད་ཚོ་པ་རྣམས་ས་གནས་དེར་སྡོད་ཀྱི་ཡོད་སྟབས་རུས་ཀྱི་མིང་ལ་ཡུལ་བཏགས་ཏེ་གནུབས་ཡུལ་གླིང་དགུ་ཞེས་ཆགས་པ་དང་།སྣུབས་ཀྱི་རིགས་རུས་ལས་བྱུང་བའི་སྔགས་པ་དང་མཁས་པ་མང་པོ་ཞིག་རོང་གི་སྣུབས་སུ་འཁྲུངས་བའི་ལོ་རྒྱུས་ཡོད།” ཅེས་པ་ལྟར་ན་གནུབས་ཀྱི་རུས་རྒྱུད་ཀྱི་ཆེས་ཐོག་མ་འཚོ་སྡོད་བྱེད་ས་ནི་ད་ལྟའི་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཡར་འབྲོག་གི་ཉེ་འདབས་སུ་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ནང་གི་རུས་རྒྱུད་ཚོ་པ་གནས་སྤོ་བའམ་ཡུལ་གཞན་དུ་འགྲོ་བའི་གནས་ཚུལ་མང་དུ་ཡོད་པའི་དོན་དངོས་ལ་གཞིགས་ན།གནུབས་ཀྱི་རུས་རྒྱུད་དེའང་ཕྱིས་སུ་ཆོས་ལུགས་དང་ཆབ་སྲིད་གང་རུང་གིས་རྐྱེན་བྱས་ནས་མི་ཕལ་ཆེ་བ་ཤར་ཕྱོགས་ཀྱི་ད་ལྟའི་རིན་སྤུངས་རྫོང་ཕྱོགས་སུ་རིམ་གྱིས་གནས་སྤོས་བྱུང་ནས་གཙང་རོང་གནུབས་ཡུལ་ཞེས་ཡུལ་ལའང་རུས་ཀྱི་མིང་ཐོགས་པའི་གནས་སྤོ་ཤུགས་ཆེན་པོ་ཞིག་བྱུང་བར་སྙམ། ལོ་རྒྱུས་ཐོག་གནུབས་ཀྱི་རུས་ལས་མཆེད་པའི་རྒྱུད་པ་རྣམས་འཚོ་སྡོད་བྱེད་ཡུལ་ལ་“གཙང་རོང་གནུབས་”སམ་“གནུབས་ཡུལ་རོང་”ཞེས་འཁོད་ཡོད། དེ་ལྟར་ཡིན་ཚེ་ང་ཚོས་ཐོག་མར་“རོང་”ཞེས་པའི་ཐ་སྙད་དེར་དཔྱད་པ་ཞིག་བྱས་ན་དེ་ནི་དམའ་སའི་གཤོངས་ཀྱི་མིང་ངམ་ཡང་ན་ཞིང་ལས་ས་ཁུལ་གྱི་མིང་།ཡང་ན་ལུང་པ་ཁ་དབྲག་དོག་པོ་སོགས་ལ་གོ་བ་ཡིན། གཞན་ཡང་གཙང་ཁུལ་གྱི་དམངས་ཁྲོད་དུ་རོང་ཞེས་པ་ནི་རིན་སྤུངས་རྫོང་ལ་གོ་བ་ཞིག་ཡིན་པ་དེ་གར་འཚོ་་སྡོད་བྱེད་བཞིན་པའི་མི་སེར་ཀུན་གྱིས་ཤེས་བཞིན་ཡོད། དེང་སྐབས་རིན་སྤུངས་བྱམས་ཆེན་དགོན་ལ་ཡང་རོང་བྱམས་ཆེན་དགོན་ཞེས་བརྗོད་བཞིན་ཡོད། ད་ལྟའི་རིན་སྤུངས་རྫོང་ལ་རོང་སྟོད་དང་རོང་སྨད་ཞེས་དབྱེ་ཞིང་རོང་སྟོད་ནི་སྣ་དཀར་རྩེ་རྫོང་ཁོངས་ཀྱི་མཐའ་མཚམས་སུ་གནས་པའི་རན་པ་ཤང་དང་།དེ་ནས་བྲག་པ་ཤང་། བདེ་སྐྱིད་གླིང་ཤང་བཅས་ཀྱི་གཙོས་ས་ཆ་རྣམས་དང་རོང་སྨད་ནི་རིན་སྤུངས་ཤང་དང་ད་ལྟའི་གནུབས་ཡུལ་གནས་སའི་བྱེ་བ་ཤང་།སྨོན་ཤང་བཅས་ཀྱིས་གཙོས་པའི་ས་ཆར་བརྗོད་ཀྱི་ཡོད།དེས་ན་གནུབས་ཀྱི་རུས་རྒྱུད་རྣམས་འཚོ་སྡོད་བྱེད་པའི་ས་ཆ་དེ་ནི་ད་ལྟའི་གནུབས་གྲོང་ཚོ་གནས་སའི་བྱེ་བ་ཤང་ཙམ་མིན་པར་སྣ་དཀར་རྩེ་རྫོང་ཡ་འབྲོག་ཉེ་འདབས་ནས་རིམ་བཞིན་ཕྱོགས་ཤར་ལ་གནས་སྤོ་བྱུང་ནས་ད་ལྟའི་རོང་སྟོད་རན་པ་ཤང་དང་། བྲག་པ་ཤང་།བདེ་སྐྱིད་གླིང་ཤང་། རོང་སྨད་རིན་སྤུངས་ཤང་། སྨོན་ཤང་། བྱེ་བ་ཤང་ཀྱི་གནུབས་གྲོང་ཚོ་བར་མཆེད་པ་ཞིག་མིན་ནམ་སྙམ། ཡུལ་ལུང་དེ་དག་ད་ལྟའི་སྣ་དཀར་རྩེ་རྫོང་ཡར་འབྲོག་ཁུལ་ནས་རིན་སྤུངས་རྫོང་གནུབས་གྲོང་ཚོ་བར་གཡས་གཡོན་རི་ལས་གྲུབ་ཅིང་ལུང་ཤུར་རོང་སར་སྟར་ཆགས་ཀྱི་གནས་ཡོད་པ་ཞིག་ཡིན།འོན་ཀྱང་དེའི་ནང་ད་ལྟའི་རིན་སྤུངས་རྫོང་གི་བར་ཐང་ཤང་དང་ཕུ་གསུམ་ཤང་སོགས་ཚུད་མེད་པ་ཞིག་ཡིན་པ་དེའང་ཤང་དེ་གཉིས་ཀྱི་ས་ཁོངས་ཕལ་ཆེ་བར་ལོ་རྒྱུས་ཐོག་གཡག་སྡེ་ཞེས་འཁོད་ཡོད་པ་ལས་གཙང་རོང་ངམ་གནུབས་ཡུལ་རོང་ཞེས་མིན། དེ་ལྟར་གནུབས་ཀྱི་རུས་རྒྱུད་རྣམས་གཙོ་བོ་འཚོ་སྡོད་བྱེད་ཁུལ་ནི་གོང་གི་ས་ཆ་དག་ཡིན་ཞིང་གཞན་ཡང་《གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་》ལས།“སྐྱོ་སྟོན་བྱང་ཆུབ་རིན་ཆེན་འདི་ཉིད་རབ་བྱུང་གཉིས་པའི་མེ་རྟ་(སྤྱི་ལོ་1126)ལོར་གྲོག་གི་མདའི་སྐྱོ་གྲོང་དུ་སྐུ་འཁྲུངས།དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་ཁྲོམ་བཞེར་རིན་ཆེན་སེང་གེ་དང་མཇལ།དགུང་ལོ་ཉེར་གཅིག་ལ་ཕེབས་སྐབས་བྱ་འདུལ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།སྙུག་རུམ་པ།འོད་འཇོ་བ།བྱ་ཡུལ་གྱི་སྣུབས་མཆོད་གནས་རྣམས་བརྟེན།དགུང་ལོ་ཞེ་དྲུག་པ་རབ་བྱུང་གསུམ་པའི་ལྩགས་ཡོས་(སྤྱི་ལོ་1171)ལོར་ཀམ་ཀམ་གྱི་གདན་སར་བྱོན།ཚོགས་པ་ཤས་ཆེ་བའི་སྐབས་བཙུན་པ་ལྔ་བརྒྱ་ཙམ་དུ་འཕེལ།རྒྱལ་ལྷ་ཁང་གི་གདན་ས་དང་སྦྲགས་ནས་མཛད།མཐར་དགུང་ལོ་དོན་ལྔ་པ་རབ་བྱུང་གསུམ་པའི་ལྩགས་སྤྲེལ་(སྤྱི་ལོ་1200)ལོར་སྐུ་གཤེགས།” ཡང་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས་“གནུབས་ནམ་མཁའི་སྙིང་པོ་ནི་བེེ་རོ་ཙ་ནའི་རོང་ཁ་གསུམ་གྱི་སློབ་མའི་གྲས་ཀྱི་མོན་མོ་ཚ་བ་རོང་གི་ཡིན་” ཡང་《གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་》ལས། “གླང་ལུང་པ་བརྩོན་གྲུས་གཞོན་ནུ་འདི་ཉིད་ཡབ་སྣུབས་རྡོ་རྗེ་བཙན་གྲགས་དང་ཡུམ་ཧོར་གཟའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ་1123ལོར་སྟོད་ལུང་ཚུར་གྱི་སྒང་རར་སྐུ་འཁྲུངས།” ཞེས་པ་དང་མདོ་སྨད་གཅན་ཚ་རྫོང་ཁོངས་སུ་ཡང་གནུབས་ཀྱི་རུས་རྒྱུད་ཀྱི་སྡེ་བ་ཞིག་ཡོད་པ་དེའི་མི་སེར་རྣམས་ཀྱིས་ཁོང་ཚོ་གནུབས་སངས་རྒྱས་ཡི་ཤེས་ཀྱི་རྒྱུད་པ་ཡིན་པར་བརྗོད་ཀྱི་ཡོད་པ་སོགས་ལ་བལྟས་ཚེ་གནུབས་ཀྱི་རུས་རྒྱུད་རྣམས་གཙང་རོང་གནུབས་ཙམ་མིན་པར་མཚོ་བོད་ས་མཐོའི་ཡུལ་གཞན་དུའང་མཆེད་ཡོད་པར་སྙམ།
ད་ལྟའི་རིན་སྤུངས་རྫོང་གནུབས་གྲོང་ཚོ་ནི་ལྷ་ས་ནས་རྒྱལ་ལམ་318བརྒྱུད་ནུབ་ཕྱོགས་སྤྱི་ལེ་185ཙམ་དང་གཞིས་རྩེ་ནས་རྒྱལ་ལམ་318བརྒྱུད་ཤར་ཕྱོགས་སྤྱི་ལེ་85ཙམ་གྱི་མཚམས་སུ་གནས་ཡོད།གནས་དེའི་བྱང་ཕྱོགས་མཚམས་སུ་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོའི་འཁྲུངས་ཡུལ་ཡིན།དེའང་ད་ལྟའི་གནུབས་གྲོང་ཚོ་དང་ཆུ་མོ་ཡར་ཀླུང་གཙང་པོས་བཅད་པ་ཙམ་ལས་དོན་དངོས་ཐོག་གཅིག་ཏུ་སྦྲེལ་བ་ཡིན། ད་ལྟའི་གནུབས་གྲོང་ཚོ་དེ་རིན་སྤུངས་རྫོང་གི་ས་གནས་གཞན་དང་བསྡུར་ན་ཆུ་སྣ་དང་ཤིང་སྣ་འཛོམས་པ།ཡུལ་ལུང་གི་ཕུ་ལ་སྨན་ཆུ་དང་ནགས་ཀྱིས་ཁེངས་པ།ཕྱོགས་བཞིའི་རི་ཡི་འདབས་སུ་གྱང་རྙིང་དང་བརྩིགས་ཤུལ་རྙིང་པ་ཡང་མང་དུ་མཐོང་རྒྱུ་ཡོད་པས་ན་དེ་ཁུལ་ལ་སྔོན་ཆད་རྒྱལ་ཕྲན་ཞིག་ཆགས་པར་སོམས་ཀྱང་འཚོ་སྡོད་ཀྱི་ཁོར་ཡུག་བཟང་བ་ཞིག་ཏུ་གྲུབ་ནས་ཡོད། ལྷག་པར་དུ་ལོ་རྒྱུས་ཀྱི་དེབ་ཐེར་ནང་གནུབས་ཡུལ་གླིང་དགུ་རུ་གྲགས་པའི་གླིང་དགུ་དེ་ཡང་སྙིང་ཅི་ཞིག་དུ་ཡིན་མིན་གསལ་པོ་ཞིག་མ་རྟོགས་ཀྱང་ཡུལ་དེའི་རྒན་རབས་ཚང་མས་ད་ལྟའི་གནུབས་ཡུལ་ལ་ལུང་དགུ་ཡོད་པར་བརྗོད་ཀྱི་འདུག་པ་དེའང།ཆོ་ལུང་དང་ཐ་ལུང་། གྲ་ལུང་། གཡའ་ལུང་། བདུད་ལུང་། འཚོ་བ་ལུང་། སྐྱ་ལུང་། ཚ་རི་ལུང་། སྐམ་ལུང་བཅས་ཡིན་པ་གནས་དེའི་མི་ཚང་མས་ཤེས་བཞིན་འདུག གཞན་ཡང་བོད་ཀྱི་ལོ་རྒྱུས་རྣམས་བཞེད་པ་གཅིག་མཐུན་དུ་རྨུ་ཚ་སྒའི་མི་རྒྱུད་ནི་ཕྱུགས་སྐྱོང་བར་མཁས་ཤིང་ཕྱུགས་ལས་གཙོ་བོར་གཉེར་གྱི་ཡོད་པ་བཤད་ཡོད་པས་ན་གོང་གི་ད་ལྟའི་གནུབས་ཡུལ་གྱི་ལུང་དགུ་དེ་རྣམས་ཚང་མ་འབྲོག་སར་གནས་པ་དང་ཅུང་མཐུན་པ་ཞིག་འདུག ད་ལྟའི་གནུབས་ཡུལ་དུ་སྤྱིར་མི་རྣམས་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་གཙང་གི་ཡུལ་གཞན་དང་འདྲ་བར་གནས་ཀྱང་གནས་དེར་བོན་པོའི་རིག་གནས་ཀྱི་ཤུགས་རྐྱེན་ད་དུང་ཡང་ཤུགས་ཆེན་པོ་ཡོད་པ་དེ་ད་ལྟའི་གནུབས་ཀྱི་ཡུལ་མི་རྣམས་ཀྱིས་ལྷ་གསོལ་སྐབས་ཡིན་གཅིག་མིན་གཅིག་དམར་རྒྱན་ཞེས་ཤའམ་རྒྱུ་མ་འཁྱེར་ནས་ལྷ་གསོལ་སར་ཟ་བ་དང་མེར་བཀྲགས་པ་སོགས་བྱེད་དགོས་ཀྱི་ཡོད། གལ་ཏེ་ཁྱིམ་ཚང་རེ་གཉིས་ལ་ཆ་རྐྱེན་གྱིས་དབང་གིས་དམར་རྒྱན་མེད་པས་ན་གཞན་ནས་གཡར་བ་སོགས་མ་བྱས་ཚེ་ཀུན་གྱིས་འཕྱ་བའི་གནས་སུ་འགྱུར་གྱི་ཡོད་འདུག ད་ལྟ་གནུབས་མདའ་གྲོང་ཚོར་སྨན་ད་ཞེས་པའི་དུད་ཁྱིམ་ཞིག་ཡོད་པ་དེ་ནི་ཡུལ་དེའི་བོན་པོ་བརྟེན་མཁན་ཁོ་ན་ཡིན་པ་དེའང་སྔོན་གྱི་ཤོད་སྲོལ་ལྟར་ན་སྔོན་དུས་དུད་ཁྱིམ་དེར་བོན་པོའི་བླ་མ་དགའ་ལྡན་ཁྲོ་རྒྱལ་ཞེས་བྱ་བ་ཞིག་འཁྲུངས་མྱོང་བར་གྲགས་ཤིང་ད་ལྟའི་རིན་སྤུངས་རྫོང་རྫོང་དཀར་གྲོང་ཚོའི་ཁུལ་དུ་ཁོང་གི་སྒྲུབ་ཕུག་ཡང་མཇལ་རྒྱུ་ཡོད་སྐད། སྤྱིར་ད་ལྟའི་རིན་སྤུངས་རྫོང་གི་ས་ཆའི་ཐོག་བོན་གྱི་ཆོས་ལ་དད་པ་རྩེ་གཅིག་ཏུ་བྱས་ནས་ནང་ཆོས་གྱི་བྱ་ལུགས་དང་བསྲེས་ནས་མི་བྱེད་མཁན་དུད་ཁྱིམ་དེ་མ་གཏོགས་མེད་པ་ཡིན་འདུག ད་ལྟའི་གནུབས་མདའ་གྲོང་ཚོ་དང་ཉེ་བའི་ནུབ་ཕྱོགས་སུ་རུ་ལག་གཡུང་དྲུང་གླིང་ཞེས་བོན་གྱི་དགོན་ཞིག་ཡོད། 《གངས་ཅན་གྱི་གནས་བཤད་ལམ་ཡིག་གསར་མ་》ལས།“དགོན་དེ་ནི་སྟོན་པ་ཤེས་རབ་བོད་ལ་ཕེབས་སྐབས་ཞབས་བཅགས་སའི་གནས་ཡིན་པ་དང་བོད་རྒྱལ་མུ་ཁྲི་བཙན་པོའི་སྐབས་ལ་བོད་ལ་འདུལ་བའི་བསྟན་པ་དར་སའི་གནས་ཁྱད་པར་ཅན་ཡིན་པ།གཡུང་དྲུང་བོན་གྱི་གདན་ས་གོང་འོག་གསུམ་དུ་གྲགས་པའི་གདན་ས་འོག་ཅེས་པ་དེ་ཡིན།” ཞེས་འཁོད་པར་བལྟས་ན་དགོན་དེ་ད་ལྟ་རྣམ་གླིང་རྫོང་ཁོངས་སུ་མངའ་ཡོད་ཀྱང་གནུབས་གྲོང་ཚོར་སྦྲེལ་ནས་ཡོད་པར་གཞིགས་ཚེ་ས་གནས་དེ་ཁུལ་ལ་སྔོན་བཙན་པོའི་དུས་ནས་བོན་ཆོས་གཞན་དང་མི་འདྲ་བའི་དར་ཁྱབ་ཆེ་བ་ཡོད་པ་མངོན་ཐུབ། དགོན་དེ་ནས་གནུབས་སྨན་དའི་ཁང་ཁྱིམ་མདུན་གྱི་སྦྱར་སྡོང་ཆེན་པོ་ཞིག་ཡོད་པ་དེར་སྨན་བཟོ་ཆེད་ཀྱི་ཤིང་ལྤགས་འཐུ་བར་ཡོང་གི་ཡོད་པ་དང་ཉེ་རབས་མདོ་ཁམས་བོན་ཆོས་གྱི་སེར་སྐྱ་རྣམས་ཀྱང་དབུས་གཙང་དུ་ཕེབས་སྐབས་ཆེད་མངགས་གནུབས་སྨན་ད་ཞེས་པའི་དུད་ཁྱིམ་དེ་འཚོལ་ཞིང་ཡོང་ནས་ཁྱིམ་ཚང་གི་ཐབ་རྙིང་པར་མཇལ་ཁ་ཞུ་བཞིན་ཡོད་པ་དེའང་ཡུལ་མི་ཀུན་གྱི་ཁས་ལེན་པ་ཞིག་ཡིན་འདུག ཡང་《རྦ་བཞེད་》ལས། “སྣུབས་རྗེ་སྲིབས་པོས་ལྷ་སྙིང་རྗེ་མེད་པའི་གནུབས་ལྷ་ཐོན་དྲུག་ནི་གསོལ།བྱར་མི་བཏུབ་པའི་བོན་ཤིད་ནག་པོ་བཏང་བས།སྣུབས་ཀྱི་རྒྱལ་གཞིས་རླག་སྟེ་སྣུབས་འཁར་སྐྱ་མོ་དང་ཆས་ཏེ་བོད་ཀྱི་མངའ་རིས་སུ་འདུས་པ་ལགས་སོ།”ཞེས་འཁོད་པར་ལྟར་ན་ད་ལྟའི་གནུབས་ཡུལ་གྱི་ཕུ་རུ་གནུབས་ལྷ་སྙིང་པོ་ཞེས་བྱ་བའི་ལྷ་ཞིག་ཡོད་པ་དང་དེའི་མི་རིང་བའི་སར་བོན་པོའི་དགོན་དུ་གྲགས་པའི་གྱང་ཤུལ་རྙིང་མ་ཞིག་ཡོད་པས་ན་གནུབས་ལྷ་སྙིང་པོ་དེ་རྦ་བཞེད་ནང་འཁོད་པའི་གནུབས་ལྷ་ཐོན་དྲུག་ཡིན་མིན་གྱི་དོགས་གཞི་ཞིག་ཀྱང་བྱུང་།

(གཉིས།)ད་ལྟའི་གནུབས་གྲོང་ཚོ་ལས་སྟར་ཆགས་ཀྱི་བང་སོ་ཐོན་པ།

དེའང་2010ལོར་གནུབས་ཀྱི་གླིང་སྨད་སྒ་དགུ་ཞེས་པའི་ས་ཆར་ཡུལ་དེའི་མི་རྣམས་ཀྱིས་བང་སོ་སྟར་ཆགས་སུ་གནས་པ་མང་དུ་མཐོང་ཞིང་དེ་དག་ནི་རྡོའི་སྐྱོར་དང་ཁེབས་བྱས་ཞིང་སྐུ་ཕུང་ཇི་ལྟར་བཞག་ཚུལ་རུས་པའི་་གནས་སྟངས་ལས་ཧ་ཅང་གི་གསལ་པོ་ཡོད་འདུག་ཀྱང་མང་ཚོགས་ལ་རིག་དངོས་ཀྱི་འདུ་ཤེས་དབེན་པས་ན་གོང་རིམ་ལ་སྙན་ཞུ་སོགས་མ་བྱས་པར་ལམ་བཟོའི་ཞོར་དུ་གཏོར་སྐྱོན་ཤུགས་ཆེན་བྱུང་ནས་རང་ཉིད་དེར་ཉམས་ཞིབ་ཏུ་འགྲོ་སྐབས་རུས་པ་ཙག་ཙིག་དང་བྲེད་ལྟར་སྐྱོར་བའི་རྡོ་ཕྲན་བུ་ལས་མཐོང་རྒྱུ་མིན་འདུག དེ་དོན་ལ་གནུབས་གྲོང་ཚོའི་གྲོང་དཔོན་དོན་གྲུབ་ལགས་ལ་བཅའ་འདྲི་བྱ་སྐབས་ཁོང་གིས་གསུངས་དོན་ལ་བང་སོ་ཁ་གྲངས་སུམ་ཅུ་ལ་ཉེ་བ་ཞིག་སྟར་ཆགས་སུ་མུ་སྦྲེལ་ནས་ཡོད་པ་དག་ལམ་བཟོ་བྱེད་པའི་ཁུལ་དུ་ཐོན་པ་ཞིག་ཡིན་པ་ལས་མི་རྣམས་ཀྱིས་ཆེད་མངགས་བརྔོག་པ་ཞིག་མིན་ཀྱང་སྐབས་དེའི་མཐོང་ཐོས་བྱུང་བའི་ཚོད་དཔག་ལྟར་ན་ས་གནས་དེ་གའི་སྟེང་འོག་ཀུན་ལ་འདི་ལྟ་བུ་མང་པོ་ཡོད་པའི་ཡིད་ཆེས་བྱེད་བཞིན་འདུག བང་སོ་དེ་རྣམས་ཀྱི་རྣམ་པ་ནི་རྡོ་གྲུ་བཞི་ནར་མོའི་དབྱིབས་ཀྱིས་དཀྱུས་ལ་རྡོ་རེའི་རིང་ཚད་ལ་རྨིད་0.6ནས་0.7བར་བྱས་པའི་རྡོ་བཞི་ནས་ལྔའི་བར་གྱིས་གྲུབ་པ་དང་ཞེང་ལ་རིང་ཚད་རྨིད་0.3ནས་0.4བྱས་པའི་རྡོ་གཅིག་ནས་གཉིས་ཀྱིས་གྲུབ་ཡོད་པ་དེ་དག་གི་ཐོག་ཚང་མ་རྡོ་ལེབ་ཀྱིས་ཁེབས་བྱས་པ་ཤ་སྟག་ཡིན་འདུག དེའི་ནང་གི་རུས་པའི་གནས་སྟངས་ལ་ཆ་བཞག་ན་འགའ་ཞིག་བཙོག་བུར་གནས་པ་དང་འགའ་ཞིག་ཁ་གནམ་ལ་བལྟས་ནས་ཉལ་བའི་ཚུལ་དུ་གནས་ཡོད་པར་གསུངས་བྱུང་། ཡང་དེ་ལས་སྤྱི་ལེ་ཕྱེད་ཙམ་གྱི་གླིང་བ་གྲོང་ཚོར་ལྩང་འཛུགས་བྱེད་སྐབས་ཀྱང་དེ་ལྟ་བུའི་བང་སོ་མི་ཉུང་བ་ཞིག་ཐོན་འདུག་པ་དེ་དག་གི་ནང་དུ་རྡོ་ཀྱོང་ཀྱོང་དང་རྫ་ཆས་མང་པོ་ཡོད་པ་ད་ལྟའི་གནུབས་རྒྱལ་གཞོང་གྲོང་ཚོའི་མང་ཚོགས་ཀྱིས་མཐོང་ཐོས་བྱུང་འདུག་ཀྱང་རང་ཉིད་གནས་དེར་འགྲོ་སྐབས་རུས་པ་རྩག་རྩིག་ལས་དུར་རྫས་རྩ་བ་ནས་བརྙེད་མ་བྱུང་། གོང་གི་བང་སོ་ཐོན་སའི་ཡུལ་དེའི་ས་མིང་“གླིང་སྨད་” “གླིང་བ་”ཞེས་པ་དེ་དག་ལ་“གླིང་”གི་སྐོར་འབྲེལ་ཡོད་པ་དེའང་ལོ་རྒྱུས་ཐོག་གི་གནུབས་ཡུལ་གླིང་དགུ་ཞེས་པ་དང་ཅུང་མཐུན་ལ་དེ་ནི་སྟབས་འཁེལ་བ་ཞིག་མིན་པར་ལོ་རྒྱུས་ཞིབ་འཇུག་བྱེད་པའི་དོན་སྙིང་ཆེན་པོ་ཡོད་པར་སྙམ། དེ་དོན་ལ་རང་ཉིད་ནས་བང་སོ་ཐོན་སའི་ས་གནས་དངོས་ཀྱི་འདྲ་པར་དང་དེ་བཞིན་བང་སོ་གནས་སྟངས་ཀྱི་རྣམ་པ་དང་བཅས་ཆེད་ལས་གནའ་རྫས་ཞིབ་འཇུག་མི་སྣར་འདྲི་ཞིབ་བྱེད་སྐབས་བང་སོ་དེ་རིགས་ཀྱི་དུས་ཚིགས་ནི་ཧ་ལམ་སྤྱི་ལོའི་སྔོན་ནས་དུས་རབས་དྲུག་པའི་བར་གྱི་དུར་རྡོ་སྒམ་མ་ཞེས་པ་དེའི་ཁོངས་སུ་གཏོགས་ཆོག་པ་དང་ཞིབ་ཕྲའི་ལོ་ཚིགས་རྫ་ཆས་ཀྱི་རིགས་དབྱེ་དང་ཚན་རྩལ་གྱི་བརྟག་དཔྱད་ལ་གཞིགས་དགོས་གསུངས་བྱུང་། འོན་ཀྱང་གནུབས་ཡུལ་གྱི་བང་སོ་དེ་དག་མང་ཚོགས་ཀྱིས་གཏོར་སྐྱོན་བྱས་པས་ན་ད་བར་གོང་རིམ་གྱིས་ཤེས་རྟོགས་མ་བྱུང་ཞིང་དེར་བརྟག་དཔྱད་གནང་མ་མྱོང་བ་ཞིག་ཡིན་འདུག

 

ལྔ་པ། བསྟན་པ་ཕྱི་དར་དུས་སུ་གནུབས་ཀྱི་རུས་རྒྱུད་སྐོར།

 

བསྟན་པ་ཕྱི་དར་གྱི་དུས་སུ་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོས་རྗེ་བཙུན་མི་ལ་རས་པར་སེ་ར་མཛུབ་འཁྲིད་ཀྱི་གདམས་ངག་མཛད་པ་སོགས་གནུབས་ཀྱི་རུས་ལས་མཆེད་པའི་གསང་སྔགས་ཀྱི་མཁས་པ་མང་དུ་བྱུང་། དུས་རབས་བཅུ་གཅིག་པའི་དུས་སུ་གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ་ནི་ཡབ་སྣུབས་ཨ་ལ་ལ་ཞེས་པའི་སྔགས་པ་ཆེན་པོ་ཞིག་དང་ཡུམ་རལ་རྒྱགས་ཟ་ལྩམ་མི་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་མེ་སྤྲེལ་ལོ་སྟེ་1077ལོར་གཙང་གི་གནུབས་ཡུལ་རོང་དུ་སྐུ་འཁྲུངས།རྔོག་ལོ་དང་གཉན་ལོ།བ་རི་ལོ་ཙྰ།ར་ལོ།བཙན་ཁ་བོ་ཆེ་སྟེ་བླ་མ་ལྔ་ཙམ་གྱི་ཞབས་ལ་གཏུགས།བཙན་ཁ་བོ་ཆེ་ལས་མདོ་སྡེ་རྒྱན་གསན་པས་ཚར་གཅིག་ལ་མཁྱེན། དེ་ནས་ཐུགས་དགོངས་སུ་རྒྱ་གར་དུ་བྱོན་ནས་མཁས་པ་གཅིག་གཉིས་ལ་གཏུགས་དགོས་སྙམ་ནས་བྱོན་པས་དིང་རིར་དམ་པ་དང་མཇལ།དམ་པ་བཞེངས་པ་དང་སྐབས་འཁེལ་བས་ཀུན་གྱིས་མི་དེ་བསོད་ནམས་ཆེ་ཟེར། དེ་ནས་བལ་ཡུལ་དུ་མུ་གེ་ཆེ་ནས་ཕྱིར་ལོག་ནས་སྐྱིད་ཤོད་དུ་བྱོན། ཡང་ཆོས་སྒོ་བ་རྡོ་རྗེ་ཡི་ཤེས་སྟེ་འབྲི་གུང་གི་གདན་རབས་བདུན་པ་འདི་ཉིད་སྣུབས་ནམ་མཁའི་སྙིང་པོ་དང་གནུབས་སངས་རྒྱས་ཡི་ཤེས་ཀྱི་རྒྱུད་ལས་རབ་བྱུང་བཞི་པའི་ཆུ་ལུག་སྟེ་སྤྱི་ལོ་1223ལོར་བལྟམས།གཅུང་རྡོ་རྗེ་གྲགས་པ་ལས་རབ་ཏུ་བྱུང་། འདི་ཉིད་དང་ཐོག་ཁ་བ་ལས་འབྲི་གུང་གི་ཆོས་རྣམས་གསན།མཚམས་བཅད་པ་རིན་པོ་ཆེ་དག་ཞིང་དུ་ཕེབས་ནས་བཅུ་གཉིས་རིན་པོ་ཆེ་དགུང་ལོ་ཕྲ་སྟབས།རྗེ་ཉིད་དགུང་ལོ་རེ་དྲུག་ལ་ཕེབས་པས་ན་ས་བྱི་སྤྱི་ལོ་1288ལོར་འབྲི་གུང་གདན་སར་མངའ་གསོལ། དེ་ནས་ས་འབྲི་མ་མཐུན་པར་རབ་བྱུང་ལྔ་པའི་ལྕགས་སྟག་ལོ་སྟེ་སྤྱི་1290ལོར་ས་སྐྱས་འབྲི་གུང་བཅོམས་པས་འབྲི་གུང་གླིང་ལོག་ཅེས་པ་བྱུང་། དེ་སྐབས་གླིང་རིན་པོ་ཆེ་སྐྱོབ་པས་བཞེངས་པ་བཀྲ་ཤིས་སྒོ་མང་།དབོན་དང་སྤྱན་སྔ་གྲགས་འབྱུང་གིས་བཞེངས་པ་སྒོ་མང་དང་རྟེན་གསུམ་བསམ་གྱི་མི་ཁྱབ་པ། གཅུང་རིན་པོ་ཆེས་བཞེངས་པའི་ལྷ་ཁང་ཆེན་མོ་སོགས་རྟེན་གྲངས་ལས་འདས་པ་མེར་བསྲེགས། དགེ་འདུན་མང་པོ་བཀྲོངས། ཆོས་སྐུ་རྡོ་རྗེ་ཡི་ཤེས་མཆོག་གིས་བཅུ་གཉིས་པ་རིན་པོ་ཆེའི་སྐུ་མཆེད་དང་། འབྲི་གུང་གི་ནང་རྟེན་ཁྱད་འཕགས་ཅན་འགའ་ཞིག་དང་བཅས་ཀོང་པོའི་ཕྱོགས་སུ་ཕེབས། སྐབས་དེར་འབྲི་གུང་གི་མི་སྡེ་ཕལ་ཆེར་ཡུལ་འཁྱར། ཁང་པ་ཐམས་ཅད་ཞིག་རལ་དུ་འགྱུར། ས་ཞིང་ཐམས་ཅད་འཇག་སྐྱར་སོང་བ་སོགས་དུས་མི་བདེ་བ་ཆེན་པོ་བྱུང་། དེ་ནི་བོད་དུ་བླ་མ་སྐྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པ་ཐོག་མ་ཡིན་པར་གྲགས། དུས་རབས་བཅུ་གཅིག་པའི་ནང་དུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་མཆོག་དྲུག་གི་ཡ་གྱལ་བསྣུབས་ལབ་ཤི་དཔལ་གྱི་དབང་ཕྱུག་བྱུང་། དུས་རབས་བཅུ་གཉིས་པའི་ནང་གཡའ་བཟང་དགོན་ཕྱག་བཏབ་མཁན་དང་གཡའ་བཟང་བཀའ་རྒྱུད་ཀྱི་སྲོལ་གཏོད་པ་བླ་མ་གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་མམ་གནུབས་འདུལ་འཛིན་པ་བྱུང་བ་སོགས་གནུབས་ཀྱི་རུས་ལས་མཆེད་པའི་གདོང་རུས་ཀྱིས་བསྟན་པ་ཕྱི་དར་གྱི་དུས་སུའང་མེས་པོའི་སྲོལ་བཟང་མ་ཉམས་གོང་འཕེལ་གྱིས་ཡོན་ཏན་ཀུན་ལ་ལེགས་པར་སྦྱངས་ནས་ཆོས་ཀྱི་རྗེས་འཇུག་པ་མཛད་བཞིན་ཡོད་པ་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ནང་གསལ།

 

མཇུག་བསྡུ་བའི་གཏམ།

བོད་གནའ་རབས་གནུབས་ཀྱི་རུས་རྒྱུད་ནི་བོད་ཀྱི་རུས་ཆེན་བཞི་ཡི་ཡ་གྱལ་རྨུ་ལས་གྱེས་ཤིང་བོད་གདོད་མའི་དུས་ནས་མཚོ་བོད་ས་མཐོར་འཚོ་སྡོད་བྱེད་པའི་རྒྱལ་ཕྲན་ཞིག་ཡིན་པ་དང་ཕྱིས་སུ་གཉའ་ཁྲི་བཙན་པོས་དབང་དུ་འདུས་ནས་ཡབ་འབངས་རུས་དྲུག་ལ་བསྐོས་པ་ཞིག་ཡིན། གནུབས་ཀྱི་རུས་རྒྱུད་རྣམས་ཀྱིས་སྤུ་རྒྱལ་བཙན་པོའི་དུས་རིམ་དང་ལྷག་ཏུ་སངས་རྒྱས་བསྟན་པ་བོད་དུ་དར་རྗེས་གསང་སྔགས་ཀྱི་རྒྱུན་ལ་ཤིན་ཏུ་མཁས་པར་འགྱུར་ནས་རུས་རྒྱུད་ནང་ཡོན་ཏན་སྤེལ་བའི་སྲོལ་ཆགས་ནས་གནུབས་ཀྱི་རུས་ལས་མཆེད་པའི་ཆོས་ཀྱི་རྗེས་འཇུག་པ་མང་པོ་བྱུང་ཡོད། གང་ལྟར་ཀྱང་གནུབས་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རུས་རྒྱུད་ཞིག་ཡིན་པ་མ་ཟད་རུས་ཆེན་བཞི་ཡི་གྱེས་མ་རུས་ཆུང་ཆེ་གྲས་འགའ་ཞིག་གི་ཁོངས་སུ་གཏོགས་པ་དང་དེ་ལས་མཆེད་པའི་གནུབས་ཀྱི་རུས་རྒྱུད་མཚོ་བོད་ས་མཐོའི་ས་ཕྱོགས་གང་སར་ཁྱབ་ཡོད་ལ་ད་ལྟའང་གནུབས་ཡུལ་ངོས་འཛིན་བྱ་རྒྱུ་ཡོད་པ་ཞིག་ཡིན།

《ཀྲུང་གོ་བོད་རིག་པ་ཞིབ་འཇུག》2016ལོའི་དུས་དེབ་བཞི་པ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།