བཀའ་བརྒྱུད་གྲུབ་མཐའི་སྲོལ་འབྱེད་མར་མི་དྭགས་གསུམ།

བཀའ་བརྒྱུད་གྲུབ་མཐའི་སྲོལ་འབྱེད་མར་མི་དྭགས་གསུམ།
མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས། ངོ་སྤྲོད་མདོར་བསྡུས།
མཚན། མར་བ་ལོ་ཙཱ་ཆོས་ཀྱི་བློ་གྲོས།
འཁྲུངས་ཡུལ། ལྷོ་བྲག་གྲོ་བོ་ལུང་།
འཁྲུངས་འདས། ༡༠༡༢-༡༠༩༧
ཐོབ་ཐང་། ལོ་ཙཱ་བ།
སློབ་སྦྱོང་། ཐོག་མར་ཡི་གེ་འབྲི་ཀློག་ཚུལ་བཞིན་བསླབས། དགུང་ལོ་བཅོ་ལྔའི་སྟེང་དུ་འབྲོག་མི་ལོ་ཙཱ་བའི་དྲུང་དུ་སཾ་སྐྲྀ་ཏ་དང་སྒྲ་རིག་པ་སྦྱངས།  རྒྱ་གར་དང་བལ་ཡུལ་སོགས་སུ་འབྱོན་བཞུད་མཛད་ནས་ནཱ་རོ་བ་དང་མེེ་ཏྲི་བ་ཡེ་ཤེས་སྙིང་བོ་སོགས་སློབ་དཔོན་དང་པཎྜི་ཏ་མང་དུ་བསྟེན་ནས་གསང་སྔགས་ཀྱི་ཆོས་སྐོར་དང་། གྲོང་འཇུག་གདམས་པ། དབང་དང་མན་ངག་མཐའ་ཡས་པ་གསན་ནས་ཚུལ་བཞིན་ཉམས་སུ་བླངས་ཏེ་ཕྱག་ཆེན་གྱི་རྟོག་པ་མཐར་ཐུག་པ་ཐུགས་ལ་འཁྲུངས།

གསུང་རྩོམ།
བཀའ་བསྟན་གྱི་ཁྲོད་དུ་རྒྱུད་ཀྱི་རྒྱལ་བོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་བོ་ལ་ལེའུ་བདུན་ཅུ་རྩ་བདུན་པ་དང་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་སོགས་འགྱུར་མ་མི་ཉུང་བ་བཞུགས།
མཛད་སྤྱོད།
ཆོས་དང་བླ་མ་འཚོལ་ཆེད་དཀའ་སྤྱོད་དཔག་མེད་མཛད་ནས་རྒྱ་གར་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞིར་ཕེབས། ཕྱིར་ཕེབས་སྐབས་ཆོས་དཔེ་མང་བོ་འཁྱེར་ནས་དེ་དག་བོད་སྐད་དུ་བསྒྱུར། ཀྱཻ་རྡོར་གྱི་ལྷ་མོ་དགུའི་སྦྱོར་བ་དང་མཐུན་པར་ཡུམ་བདག་མེད་མ་སོགས་བཙུན་མོ་དགུ་ཁབ་ཏུ་བཞེས། མི་ལ་རས་པ་སོགས་ཐུགས་སྲས་བུ་ཆེན་མང་དུ་བསྐྱངས་ནས་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཕྱེས། 

མི་ལ་རས་པ། ངོ་སྤྲོད་མདོར་བསྡུས།

འཁྲུངས་འདས་ལོ་ཚིགས། སྤྱི་ལོ་ ༡༠༤༠-༡༡༢༣
མཚན་གཞན། ཐོས་པ་དགའ། གུང་ཐང་མི་ལ་རས་པ།
འཁྲུངས་ཡུལ། སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ། དེང་གི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་རྫོང་ཁོངས།
ཡབ། མི་ལ་ཤེས་རབ་རྒྱལ་མཚན།
ཡུམ། མྱང་ཚ་དཀར་རྒྱན།
མཛད་རྗེས་གཙོ་བོ། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས་པ་དང་།ལྷོ་བྲག་སྲས་མཁར་དགུ་ཐོག་བཞེངས་པ། ཉམས་མགུར་བརྩམས་པ་སོགས།            མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་བྱང་གི་ཀ་ཆེན་ཏེ། རྗེ་འདི་ཉིད་ནི་རབ་བྱུང་དང་པོའི་ལྕགས་འབྲུག་ (སྤྱི་ལོ་ ༡༠༤༠) ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ་རུ་སྐུ་འཁྲུངས། སྐུ་ཆུང་དུས་མཚན་ལ་ཐོས་པ་དགའ་ཞེས་ཞུ། སྔར་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་སངས་རྒྱས་པ་ཞིག་སྟེ། ཁོང་གིས་མར་པ་ལོ་ཙཱའི་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་ངག་རྫོགས་པར་གནང་། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་ནས་སྣོད་དུ་རུང་བ་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང་། ཉམས་མགུར་མང་དུ་བརྩམས། རས་ཆུང་པ་དང་། དྭགས་པོ་ལྷ་རྗེ་སོགས་སློབ་མ་མང་དུ་བསྐྱངས། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། དགུང་ལོ་གྱ་བཞི་པ་སྟེ་རབ་བྱུང་གཉིས་པའི་ཆུ་ཡོས་ (སྤྱི་ལོ་ ༡༡༢༣) ལོར་སྐུ་གཤེགས།

 

དྭགས་པོ་ལྷ་རྗེ། ངོ་སྤྲོད་མདོར་བསྡུས།

 

རྗེ་མི་ལའི་སློབ་མ་ཉི་མ་ལྟ་བུའི་མཉམ་མེད་དྭགས་པོ་ལྷ་རྗེ་ཞེས་པ་དེ་ཡིན། གཞོན་ནུའི་དུས་སྨན་བསླབས་ནས་མཁས་པར་གྱུར་པས་ལྷ་རྗེར་གྲགས་ལ《ལམ་རིམ་ཐར་རྒྱན་》མཛད་པ་པོ་ཡང་ཡིན། འདིའི་རྗེས་འབྲང་རྣམས་ལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས། ནང་གསེས་ཕྱེ་ན་བརྒྱད་ཡོད་དོ། །
རྗེ་བཙུན་མི་ལའི་སློབ་མའི་ནང་གི་མཆོག་ཏུ་གྱུར་པ། དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུའམ། སྒམ་པོ་བ་བློ་གྲོས་གྲགས་པའམ།བསོད་ནམས་རིན་ཆེན་ཞེས་མཚན་གྱི་རྣམས་གྲངས་སུ་འཛིན་པའི་སྐྱེས་མཆོག་འདི་ཉིད་རབ་བྱུང་དང་པོའི་ས་ལུག་ (སྤྱི་ལོ་༡༠༧༩) ལོར་ཡབ་སྙི་བ་རྒྱལ་པོ་དང་།ཡུམ་ཤོ་མོ་བཟའ་ཆེ་ལྕམ་གཉིས་ལ་སྲས་གསུམ་མངའ་བའི་འབྲིང་པོར་ཡུལ་གཉལ་སྙིར་སྐུ་བལྟམས།ཆུང་དུས་སྨན་བསླབས་ཏེ་སྨན་དཔྱད་ཀྱིས་ནད་པའི་འགྲོ་དོན་མཛད་པས་ལྷ་རྗེར་གྲགས།ཇོ་མོ་ཞིག་ཀྱང་བཞེས་པ་དེ་གཞོན་ནུར་འདས་པས་ཐུགས་སྐྱོ་སྟེ་དགུང་ལོ་ཉེར་དྲུག་ལ་དགེ་བའི་བཤེས་གཉེན་ཤབ་པ་གླིང་པ་ལ་ཚིག་རྫོགས་མཛད།དྭགས་པོ་སྨད་དུ་མར་ཡུལ་བློ་ལྡན་ལ་བདེ་མཆོག་དང་རིན་ཆེན་རྒྱན་དྲུག་མ་ལ་སོགས་པའི་དབང་་མང་པོ་གསན།དེ་རྗེས་དབུ་རུ་བྱང་ཕྱོགས་སུ་བྱོན་ནས་བྱ་ཡུལ་བ་དང་།སྙུག་རུམ་པ།ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་དུ་གསན།དེ་ནས་སློབ་དཔོན་བྱང་ཆུབ་སེམས་པ་ལ་སྒོམ་པའི་མན་ངག་ཞུས་ནས་བསྒོམས་པས་ཞག་བཅུ་གསུམ་ཙམ་དུ་མི་འཆོར་བའི་ཏིང་ངེ་འཛིན་ཡང་འཁྲུངས།དགུང་ལོ་སོ་གཉིས་པ་ལྕགས་སྟག་ (སྤྱི་ལོ་ ༡༡༡༠) ལོར་རྗེ་བཙུན་མི་ལའི་སྙན་པ་གསན་ནས་སྟོད་ཕྱོགས་སུ་བྱོན།གདམས་ངག་གསན་ཏེ་ཉམས་མྱོང་གི་རྩལ་ཐོན།མི་ལའི་ཞབས་དྲུང་དུ་ཟླ་བ་བཅུ་གསུམ་སོང་རྗེས་མི་ལས་ད་དབུས་པ་སྟོན་པ་རང་དབུས་སུ་བཞུད་་་གསུངས་ཤིང་།ཟམ་སྣ་གཅིག་གི་བར་དུ་བསྐྱལ་ནས་བསླབ་བྱ་མང་པོ་གནང་།དབུས་སུ་ཕེབས་རྗེས་ལོ་གསུམ་སྟན་དང་མ་བྲལ་བར་སྒོམ་པའི་བརྩོན་འགྲུས་བསྐྱེད་པས་གཟོད་སེམས་ཀྱི་ངོ་བོ་མཐོང་།ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན།དེ་ནས་དབེན་པའི་གནས་མང་པོར་སྒྲུབ་པ་ལ་གཅིག་ཏུ་གཞོལ།དེ་དུས་རྗེ་བཙུན་གྱིས་ཐོན་ཁར་ལོ་བཅུ་གཉིས་སོང་བ་ན་བྲིན་གྱི་རི་ལ་ཤོག་ཅེས་གསུངས་པ་དྲན་ནས་སླར་རྗེ་བཙུན་མཇལ་བར་བསྐྱོད་པའི་ལམ་བར་དུ་རྗེ་བཙུན་སྐུ་གཤེགས་པའི་གཏམ་ཐོས་ཤིང་།ཁྱོད་ཀྱི་སྐལ་བ་ཡིན་ཟེར་བའི་རྟེན་ཡང་ཕྱག་ཏུ་སོན།དེ་རྗེས་སྒམ་པོར་ཕེབས་ཏེ་རབ་བྱུང་གཉིས་པའི་ལྕགས་གླང་ (སྤྱི་ལོ་༡༡༢༡) ལོར་དྭགས་ལྷ་སྒམ་པོར་དགོན་པ་བཏབ་སྟེ་བཞུགས།བཀའ་གདམས་པའི་ལམ་རིམ་དང་།མི་ལའི་ཕྱག་རྒྱ་ཆེན་པོའི་གདམས་པ་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་རྒྱན་མཛད།དེ་ནས་བཟུང་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་གཞན་ལས་ཁྱད་པར་འཕགས་པའི་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་ལ།དྭགས་པོ་བཀའ་རྒྱུད་ཅེས་པའི་གྲུབ་མཐའ་ཡང་དེ་ནས་བྱུང་།མཐར་དགུང་ལོ་བདུན་ཅུ་རྩ་ལྔ་པ་རབ་བྱུང་གསུམ་པའི་ཆུ་བྱ་ (སྤྱི་ལོ་༡༡༥༣) ལོར་སྐུ་གཤེགས།

ཡོང་ཁུངས་བཙན་པོའི་རིག་གནས་དྲ་བ།

 

བརྒྱུད་སྐུལ།

མཆན་སྤེལ།