བོད་བཙན་པོའི་རྒྱལ་རབས་དང་ཨ་རབ་བར་གྱི་འཐབ་བརྩོད།

བོད་བཙན་པོའི་རྒྱལ་རབས་དང་ཨ་རབ་བར་གྱི་འཐབ་བརྩོད།

མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ཙམ་ལ། བོད་ཀྱི་དྲག་པོའི་སྟོབས་ཤུགས་ནི་ཤར་ནུབ་གཉིས་ཀར་ཐག་རིང་པོའི་སར་སླེབས་ཀྱི་ཡོད་པ་སྟེ། ཆུ་འབྲུག་༦༩༢ལོར་རྒྱའི་རྒྱལ་སྲས་ཝའི་ཞེས་པས་དམག་དཔུང་ཆེན་པོ་ཞིག་འཁྲིད་དེ་རྔན་ཤིའི་(ཨན་ཤིའི་)ནང་བོད་པའི་དམག་ས་བཞི་འཕྲོགས་པ་དེ་རྣམས་ལྩགས་རྟ་༧༩༠ནང་སླར་ཡང་བོད་པས་ཚུར་བླངས་པ་དང་། དེ་བཞིན་བོད་པའི་དྲག་ཤུགས་ཁག་ཅིག་ནུབ་ཕྱོགས་སྤ་མིར་ངོས་ལ་ཕྱིན་ནས། ཨ་རབ་ཡུལ་གྱི་ཨོག་སོ་གཙང་བོ་ཡང་ཕར་བརྒལ་ཞིང་། བོད་དམག་འབྱོར་བའི་རྟགས་སུ་ཨོག་སོ་གཙང་བོའི་བྱང་ངོས་ཨ་རབ་པའི་སྐད་དུ་ཨལ་ཏུ་སྦག་(བོད་ཀྱི་མཚོ་ཆུང་)ཅེས་མིང་འཐོགས་[①]པའི་མཚོ་ཞིག་ཡོད། དེང་དུས་ཀྱང་མཚོ་ཆུང་དེའི་མིང་ལ་ཨལ་ཏུ་སྦག་ཅེས་འབོད་མུས་མ་ཟད། ས་བཀྲ་རྙིང་བ་ཚོའི་ནང་ལའང་གསལ་འདུག །

 

དེ་ནས་ལོ་ཤས་ཀྱི་རྗེས་སུ་ཨ་རབ་ཀྱི་ཀ་ལིབ་ཧ་ཧོན། ཨལ་ར་ཞིག་ནས་བོད་ཀྱི་སྟོབས་ཤུགས་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད་པ་རྟོགས་ཏེ།བོད་དམག་འགོག་ཐབས་སུ་རྒྱ་ནག་དང་མཉམ་དུ་དྲག་པོའི་མཐུན་ཕྱོགས་ཤིག་བཟོས་འདུག །[②] དེ་རྗེས་ཨ་རབ་དང་། རྒྱ་ནག་མཉམ་སྦྲེལ་ཐོག་ནས་བོད་པར་བོད་པར་ཚུར་རྒོལ་བྱས་ཏེ་བོད་དམག་ལ་ཕམ་ཉེས་གང་འཚམས་བྱུང་བར་བརྟེན།ལག་ཡོད་ས་ཆ་རྣམས་མ་ཤོར་བ་བྱ་རྒྱུ་ཙམ་ལས། སླར་རྒྱ་བསྐྱེད་མི་བྱེད་པར་ཐག་བཅད།

 

སྤི་ཊ་ཅེ་(Petech)ཞེས་པས་དུས་རབས་ཀྱི་དཀྱིལ་ཙམ་ལ་སྟོབས་ཤུགས་ཧ་ཅང་ཆེ་བའི་རྒྱལ་ཁབ་གཉིས་མཐུན་ཕྱོགས་བཟོས་ཏེ་བོད་ལ་འཐབ་རྒོལ་བྱས་པ་དེས་ས་ཁད་མཐོན་པོར་མངའ་དབང་སྒྱུར་མཁན་བོད་ཀྱི་རྒྱལ་པོའི་མཁྱེན་རླབས་དང་། དྲག་པོའི་སྟོབས་ཤུགས་ཇི་ཙམ་ཡོད་པ་གསལ་པོར་ཤེས་ཐུབ་ཀྱི་ཡོད་པ་རེད་ཅེས་བྲིས་འདུག །[③]

ཡང་བྷི་རི་ཆི་ནའི་ཌས་བརྗོད་གསལ།བོད་དམག་གི་ཤིང་བྱི་༧༨༤ནས་ཤིང་བྱ་༨༠༥བར་ཤར་ཕྱོགས་སུ་ཕར་རྒོལ་ཡང་ཡང་བྱས་ཀྱང་། དུས་དེ་སྐབས་ནས་བཟུང་དམག་གི་ཁ་ཕྱོགས་ནུབ་ངོས་སུ་གཅུས་པ་ལྟ་བུ་ཞིག་མངོན་གྱི་འདུག ། གང་ཡིན་ཟེར་ན། ས་མཚམས་སུ་ཡོད་པའི་རྒྱ་ནག་གི་ཞིང་ཆེན་ཁག་ནང་དཀའ་ངལ་ཆུང་དུ་ཕྱིན་འདུག་པ་དང་། བོད་པའི་ཡིག་ཆའི་ནང་དེ་ཚོའི་སྐོར་གསལ་པོ་མ་བསྟན་པ་མ་གཏོགས། ནུབ་ཕྱོགས་སུ་བོད་པའི་དྲག་ཤུགས་ཤིན་ཏུ་ཆེ་བ་སླེབས་འདུག་ཅེས་བྲིས་འདུག།[④]

བོད་ཀྱི་ཡིག་ཆའི་ནང་ཨ་རབ་ཁུལ་ལ་བོད་དམག་དྲངས་པའི་ལོ་རྒྱུས་གསལ་བ་ཞིག་མ་རྙེད་ཀྱང་། བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཕྱི་རྒྱལ་རྣམས་མཐུན་ཕྱོགས་བྱས་ཏེ་བོད་ལ་དམག་གྲ་བསྒྲིགས་པའི་སྐོར་ཞིག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཤིག་གྲངས་༣༧༡ནང་། དགྲ་སྲིའི་མནན་པའི་སྐབས་ཀྱི་ལོ་རྒྱུས་སུ། རྒྱ་དཀར་ནག་གི་ས་ཆ་མང་པོ་ཞིག་དང་། བལ་པོ། ཁ་ཆེ། ཏ་ཟིག་སོགས་མང་པོ་དབང་དུ་འདུས།ཡབ་མེས་ཀྱི་མངའ་ཐང་ལས་བདུན་འགྱུར་དུ་འཕེལ་བ་སོགས་བཀོད་ཡོད་དོ།།

 

[①] Hitti, Philip K., Hietory of the Arabs,P.208-209.

[②] Georgo N.Roerich, Trails to Inmost Asla, p. 100.

[③] Chronicles, p. 73-74

[④] E, Bretschneider, on the Knowledge Possessed by th Ancient Chineseof the Arabs(London, 1871)P.10

ཡོང་ཁུངས།《བོད་ཀྱི་སྲིད་དོན་རྒྱལ་རབས།》
རྩོམ་པ་པོ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།

བརྒྱུད་སྐུལ།

མཆན་སྤེལ།